Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  expand section
   
   
   
   
   
   
   
གུ་རུ་རྗེ་འབངས་ཉེར་ལྔའི་ལས་བྱང་ལ་ཅུང་ཟད་རྒྱས་པར་སྤྲོ་བའི་སྐབས་ཟུར་རྒྱན།
  expand section
   
   
  expand section
   
  expand section
   
   
   
   
   
   
   


 
previousགུ་རུ་རྗེ་འབངས་ཉེར་ལྔའི་ལས་བྱང་ལ་ཅུང་ཟད་རྒྱས་པར་སྤྲོ་བའི་སྐབས་ཟུར་རྒྱན། next

གུ་རུ་རྗེ་འབངས་ཉེར་ལྔའི་ལས་བྱང་ལ་ཅུང་ཟད་རྒྱས་པར་སྤྲོ་བའི་སྐབས་ཟུར་རྒྱན།


SPN001_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

སྭསྟི། འདིར་གུ་རུ་རྗེ་འབངས་ཉེར་ལྔའི་ལས་བྱང་ལ་ཅུང་ཟད་རྒྱས་པར་སྤྲོ་བའི་སྐབས་ཟུར་རྒྱན་འདི་ལྟར་དང་པོ་ལྷ་བསྐྱེད་ལ། ཞབས་གཉིས་རྡོར་སྐྱིལ་ཟླ་ཉི་པད་སྟེང་བཞུགས། །དེ་ཕྱིར་བུདྡྷ་བཛྲ་རཏྣ་དང་། །པདྨ་ཀརྨ་ཐོད་ཕྲེང་རྩལ་ལྔ་གསལ། །པདྨ་འབྱུང་གནས་པདྨ་སམྦྷ་ཝ། །བློ་ལྡན་མཆོག་སྲེད་པདྨ་རཱ་ཛ་དང་། །སཱུཪྱ་འོད་ཟེར་ཤཱཀ་སེང་གྲོ་བོ་ལོད། །སེང་ཧ་སྒྲ་སྒྲོགས་ལ་སོགས་རང་རང་གི། །ཆ་ལུགས་མ་ངེས་སྣ་ཚོགས་ཅིར་ཡང་བསྒྱུར། །ཡེ་ཤེས་ལྔ་ལྡན་སོགས་གཞུང་ལྟར་དང་། གཉིས་པ་སྤྱན་འདྲེན་སྐབས། དཔལ་རི་པདྨ་འོད་ཀྱི་ཕོ་བྲང་ནས། །ཨོ་རྒྱན་ཆེན་པོ་སྐུ་ལྔ་མཚན་བརྒྱད་དང་། །རྗེ་འབངས་ཉེར་ལྔ་སངས་རྒྱས་བྱང་སེམས་ཚོགས། །སྤྲུལ་དང་ཡང་སྤྲུལ་སོགས་གཞུང་ལྟར་དང་། གསུམ་པ་ཕྱག་འཚལ་ལ། མཚོ་སྐྱེས་རྡོ་རྗེ་འཆང་ཆེན་པོ། །སྐུ་ལྔ་མཚན་བརྒྱད་རྗེ་འབངས་བཅས། །དད་མོས་གདུང་བས་གུས་ཕྱག་འཚལ། །བཞི་པ་བསྟོད་པའི་སྐབས། སྲིད་པའི་དུ་ཁཿམཐར་བྱེད་དཔའ་བོ་ཆེ། །གང་འདུལ་ཚུལ་གྱི་རྣལ་འབྱོར་སྤྱོད་པ་འཆང་། །ཅེས་དང་། ལྔ་པ་ཚོགས་འབུལ་དང་བསྐང་བཤགས་བསྒྲལ་བསྟབ་ཀྱི་རིམ་པ་ལ། གཞུང་གི་ཚོགས་བྱིན་རླབས་དང་སྔགས་ཀྱི་མཐར། ཧཱུྃ། ཆོས་དབྱིངས་མཐའ་བྲལ་ཀློང་ཡངས་ནས། །སྣང་སྟོང་ཟུང་འཇུག་བདེ་བ་ཆེ། །རིག་རྩལ་མ་འགགས་


SPN001_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཅིར་ཡང་ཤར། །རྒྱལ་དང་རྒྱལ་སྲས་རྒྱ་མཚོ་རྣམས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ག་ན་ཙཀྲ་པཱུ་ཛ་ཁཱ་ཧི། ཅེས་ཚོགས་ཀྱི་མཆོད་པ་ཕུལ་ལ། དེ་ནས་བསྐང་བ་བྱ་བ་ནི། ཧཱུྃ་ཧྲཱིཿསྐུ་གསུམ་ཡེ་རྫོགས་པད་འབྱུང་ཐོད་ཕྲེང་རྩལ། །སྐུ་ལྔ་རྒྱལ་བ་དགོངས་བརྒྱུད་ཐུགས་དམ་བསྐང་། །གུ་རུ་སྤྲུལ་པའི་མཚན་བརྒྱད་ལ་སོགས་པ། །རིག་འཛིན་བརྡའ་ཡི་བརྒྱུད་པའི་ཐུགས་དམ་བསྐང་། །མངའ་བདག་མཚོ་རྒྱལ་རྗེ་འབངས་ཉི་ཤུ་ལྔ་། །གང་ཟག་སྙན་བརྒྱུད་བླ་མའི༴ མཐིང་དམར་ཅོད་པན་འཆང་བ་བཀའ་བརྒྱུད་ཀྱི། །བྱིན་རླབས་དོན་གྱི་བརྒྱུད་པའི༴ རཏྣ་གླིང་སོགས་གཏེར་ཆེན་གཏེར་ཕྲན་བདག །མཁའ་འགྲོ་གཏད་བརྒྱུད་བླ་མའི༴ ཀརྨ་ཆགས་མེད་བཀའ་གཏེར་ཡོངས་ཀྱི་བདག །ཤོག་སེར་ཆོས་སྤེལ་བརྒྱུད་པའི༴ ཐུགས་ཀྱི་རྡོ་རྗེའི་དགོངས་གཏད་ལས་ཅན་རྣམས། །སྨིན་གྲོལ་ལམ་ཟབ་བརྒྱུད་རིམ༴ འབྲེལ་ཚད་ཐར་པའི་གོ་འཕང་འགོད་ནུས་པའི། །སྐྱེ་བདུན་མྱོང་གྲོལ་བརྒྱུད་པའི༴ མཐོང་ཐོས་དྲན་པས་འགྲོ་བ་སྒྲོལ་བའི་མགོན། །དྲིན་ཆེན་རྩ་བརྒྱུད་བླ་མའི༴ མཆོག་དང་ཐུན་མོང་དངོས་གྲུབ་ཆར་ལྟར་འབེབས། །ཡི་དམ་རྒྱུད་སྡེའི་ལྷ་ཚོགས་ཐུགས་དམ་བསྐང་། །ས་ལམ་བར་ཆད་སེལ་ཞིང་ཕྲིན་ལས་སྒྲུབ། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཐུགས་དམ་བསྐང་། །ཧཱུྃ་ཧྲཱིཿརང་བྱུང་གདོད་ནས་ཧེ་རུ་ཀ་ཡི་གནས། །གཞལ་ཡས་ཚོགས་ཁང་འབར་


SPN001_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཉམས་རེ་དགའ། །བཀྲ་གསལ་ཡེ་ཤེས་དཀྱིལ་འཁོར་ལྷ་ཡི་ཚོགས། །ལྷུན་རེ་ཆགས་ཞིང་གཟི་བྱིན་འོད་དང་ལྡན། །ཕྱི་ནང་གསང་བ་ཡང་གསང་དེ་ཁོ་ནའི། །དམ་རྫས་མཆོད་པ་རྨད་བྱུང་དྭངས་རེ་སྤྲོ། །ལྟ་སྒོམ་རྣམ་དག་སྤྱོད་པའི་ངང་ཚུལ་གྱི། །སྒྲུབ་པའི་རྣལ་འབྱོར་མཆེད་ལྕམ་དམ་རེ་གཙང་། །ཧཱུྃ་ཧྲཱིཿཐུགས་དམ་གཉན་བསྐང་མཆོད་པའི་བྱེ་བྲག་ནི། །མཆོད་ཡོན་མེ་ཏོག་བདུག་སྤོས་སྣང་གསལ་དྲི། །ཞལ་ཟས་སྒྲ་སྙན་འདོད་ཡོན་ལྔ་ལ་སོགས། །ཕྱི་ཡི་མཆོད་པས་ཐུགས་དམ་བསྐང་གྱུར་ཅིག །རྨད་བྱུང་བརྗིད་ལྡན་མ་ཧཱ་བ་ལིང་ཏ། །འཆི་མེད་རྫས་མཆོག་པཉྩ་ཨ་མྲྀ་ཏ། །ཆགས་མེད་ཆགས་བྲལ་ཨརྒྷཾ་རཀྟ་དམར། །པདྨ་དུང་ཅན་ལ་སོགས་མཚན་ལྡན་གྱི། །བླ་མེད་ནང་གི་མཆོད་པས་ཐུགས་དམ་བསྐང་། །གཟུང་འཛིན་སྣང་བ་རང་གྲོལ་གཉིས་མེད་ངང་། །མཆོད་བྱ་མཆོད་བྱེད་ཆོས་ཉིད་དག་པའི་ཀློང་། །ཀུན་བཟང་བདེ་ཆེན་དབྱིངས་སུ་བསྐང་གྱུར་ཅིག །ཅེས་བསྐང་ངོ་། །དེ་ནས་བཤགས་པ་བྱ་བ་ནི། ཧཱུྃ་ཧྲཱིཿབླ་མ་དཀྱིལ་འཁོར་ལྷ་ཚོགས་དགོངས། །བདག་ནི་སྐྱེ་བ་ཐོག་མེད་ནས། །ད་ལྟའི་ལུས་འདི་ཡན་ཆད་དུ། །མ་རིག་རྨོངས་པའི་དབང་གྱུར་པས། །རྩ་བ་ཡན་ལག་ཉེས་ལྟུང་རྣམས། །ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས། །ༀ་བཛྲ་ས་ཏྭ་ས་མ་ཡ་སོགས་ཡིག་བརྒྱ་བརྗོད། དེ་ནས་བསྒྲལ་ལས་ནི། ཧཱུྃ། ང་ནི་ཡེ་ནས་ཆེ་བའི་མཆོག །དབང་


SPN001_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་འབར་བ་དྲག་པོ་རྩལ། །སྣང་སྲིད་དྲེགས་པ་སྡེ་བརྒྱད་རྣམས། །ཀུན་ཀྱང་བཀའ་ཉན་བྲན་ཁོལ་གྱུར། །ཧཱུྃ་ཧཱུྃ་ཧཱུྃ། འགུགས་པ་ནི། ཧཱུྃ། བདག་ཉིད་དཔལ་གྱི་ཐུགས་ཀ་ནས། །སྤྲུལ་པའི་ཁྲོ་ཆུང་སྐར་ལྟར་འཁྲུགས། །བསྟན་དགྲ་སྒོས་དགྲ་ལོག་འདྲེན་རྣམས། །ཁུག་ཅིག་ཛཿཧཱུྃ་བྃ་ཧོཿཕཊ། བསྒྲལ་ཞིང་བསྟབ་པ་ནི། ཧཱུྃ། ཆོས་ཉིད་ཞི་བའི་ངང་ལས་ཁྲོ་བོའི་སྐུ། །ཞིང་བཅུ་ཚང་བའི་བསྟན་དགྲ་བསྒྲལ་ཕྱིར་དུ། །ཡེ་ཤེས་མཚོན་གྱིས་དུག་ལྔའི་ཕུང་པོ་བཅོམ། །དག་པ་རྣམ་དག་བདུད་རྩིར་བསྒྱུར་བྱས་ནས། །དཀྱིལ་འཁོར་ལྷ་ཚོགས་དགྱེས་པ་བསྐང་གྱུར་ཅིག །དེ་ནས་ཚོགས་ལ་ལོངས་སྤྱོད་པ་སོགས་གཞུང་ལྟར་བྱའོ། །ཅེས་པའང་ཀརྨ་ཆགས་མེད་དངོས་སྤྲུལ་པདྨ་འཆི་མེད་གྲུབ་དབང་གིས་བཞེད་ལྟར་སི་ཏུ་པདྨ་ཉིན་བྱེད་དབང་པོས་སྤེལ་བ་མངྒ་ལམ།། །།


previousགུ་རུ་རྗེ་འབངས་ཉེར་ལྔའི་ལས་བྱང་ལ་ཅུང་ཟད་རྒྱས་པར་སྤྲོ་བའི་སྐབས་ཟུར་རྒྱན། next