Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  expand section
   
   
   
   
   
   
   
  collapse section
རྒྱུན་ཁྱེར་གྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་དངོས་གྲུབ་བདུད་རྩིའི་གཏེར་མཛོད།
   
   
   
   
   
   
   
   
  expand section
   
  expand section
   
   
   
   
   
   
   


 
previousརྒྱུན་ཁྱེར་གྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་དངོས་གྲུབ་བདུད་རྩིའི་གཏེར་མཛོད། next

རྒྱུན་ཁྱེར་གྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་དངོས་གྲུབ་བདུད་རྩིའི་གཏེར་མཛོད།


SPN001_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་ཁྱེར་གྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་དངོས་གྲུབ་བདུད་རྩིའི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། །


SPN001_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་ཐ་མལ་སྤྱི་བོ་རུ། །ཧཱུྃ་དཀར་ལས་བྱུང་པད་ཟླའི་སྟེང་། །རྡོར་སེམས་དཀར་པོ་ཕྱག་གཉིས་ཀྱི། །གཡས་པས་རྡོ་རྗེ་གཡོན་དྲིལ་བསྣམས། །སྐྱིལ་ཀྲུང་ལོངས་སྤྱོད་རྫོགས་སྐུའི་ཆས། །སྣང་ལ་རང་བཞིན་མེད་པར་གྱུར། །སྤྱི་མགྲིན་སྙིང་གར་ༀ་ཨཱཿཧཱུྃ། །ཧཱུྃ་ལས་འོད་འཕྲོས་ཡེ་ཤེས་སེམས། །སྤྱན་དྲངས་དབྱེར་མེད་གཅིག་འདྲེས་གྱུར། །ཐུགས་ཀར་ཟླ་སྟེང་ཧཱུྃ་དཀར་མཐར། །ཡི་གེ་བརྒྱ་པ་གཡས་བསྐོར་གསལ། །ༀ་བཛྲ་སཏྭ་སོགས་བརྗོད། ཕྱི་ནང་སྐུ་གསུང་ཐུགས་ལ་སོགས། །རྩ་བ་ཡན་ལག་དམ་འགལ་རྣམས། །གནོང་འགྱོད་དྲག་པོས་བཟོད་པར་གསོལ། །སྐུ་ཡི་ཆ་ལས་བདུད་རྩི་བབས། །སྒྲིབ་གཉིས་བག་ཆགས་དུད་ཁུ་ལྟར། །


SPN001_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ནག་ཉིལ་ཕྱིར་ཐོན་ལྷ་འོད་ཞུ། །རང་དང་དབྱེར་མེད་ཆུ་བཞག་ལྟར། །བདེ་གསལ་མི་རྟོག་ངང་ལ་བཞག །དགེ་བ་འདི་ཡིས་སོགས། ཀརྨ་མངོན་དགའི་ངོར་སྤེལ།། །།ཧྲཱིཿགཟུང་འཛིན་ཆོས་རྣམས་སྟོང་པའི་ངང་ཉིད་ལས། །རང་ཉིད་ཐ་མལ་སྤྱི་བོར་པད་ཟླའི་སྟེང་། །ཧྲཱིཿདཀར་འོད་ཀྱི་འཕྲོ་འདུས་དོན་གཉིས་བྱས། །ཡོངས་གྱུར་རིགས་འདུས་ཁྱབ་བདག་ཧེ་རུ་ཀ། བཛྲ་ས་ཏྭ་དུང་དང་ཀུནྡའི་མདོག །གསལ་ཞིང་འཚེར་ལ་འོད་དང་འོད་ཟེར་འབར། །དབུ་ལ་རིགས་ལྔའི་པྲོག་ཞུ་དར་དཔྱངས་བརྒྱན། །འགྱིང་བག་ཚུལ་གྱིས་རྡ་ོརྗེ་དྲིལ་བུ་འཛིན། །ལྷ་རྫས་དར་གྱི་སྟོད་གཡོགས་སྨད་གཡོགས་བཀླུབས། །རིན་ཆེན་སྙན་ཆ་མགུལ་རྒྱན་ལ་སོགས་པ། །


SPN001_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྐུའི་ཆས་རྫོགས་ཞབས་གཉིས་སེམས་སྐྱིལ་བཞུགས། །གཞན་ཡང་རྩ་གསུམ་ལྷ་ཚོགས་སྤྲིན་ལྟར་གཏིབས། །གནས་གསུམ་འབྲུ་གསུམ་ཐུགས་ཀྱི་ཧཱུྃ་འོད་ཀྱིས། །བསྐུལ་བས་སངས་རྒྱས་བྱང་སེམས་སྤྱན་དྲངས་ཐིམ། །རྒྱལ་བ་རབ་འབྱམས་དཀྱིལ་འཁོར་ཀུན་འདུས་པའི། །བདག་ཉིད་ཆེན་པོར་མངོན་སུམ་ལྷམ་མེར་གསལ། །བདེར་གཤེགས་འདུས་པ་བླ་མ་ཧེ་རུ་ཀ། ཆོས་ཀུན་འབྱུང་གནས་གསང་སྔགས་སྟོན་པ་ཆེ། །ཚོགས་མཆོག་རང་བཞིན་དཔལ་ལྡན་རྡོ་རྗེ་འཛིན། །གསོལ་འདེབས་སྐལ་ལྡན་རྒྱུད་བྱིན་བརླབ་དུ་གསོལ། །ཅེས་པའི་གསོལ་འདེབས་ལན་ཁ་ཤས་དང་། བླ་མའི་ཐུགས་ཀར་ཟླ་སྟེང་ཧཱུྃ་མཐར་སྔགས། །ཡིག་བརྒྱས་བསྐོར་བ་དེ་ལས་འོད་འཕྲོས་པས། །འཕགས་མཆོད་འགྲོ་བའི་སྒྲིབ་སྦྱོང་ཁྱད་པར་དུ། །སྐུ་ལས་བདུད་རྩིའི་རྒྱུན་བབས་བདག་ལུས་གང་། །ཐོག་མེད་ནས་བསགས་སྡིག་སྒྲིབ་བྱང་ཞིང་དག །རྣམ་སྨིན་ལུས་སྦྱོང་དྲི་མེད་ཤེལ་ལྟར་གྱུར། །དེ་ནས་ཡིག་བརྒྱ་ཅི་ནུས་བཟླས་ཤིང་། ཡིག་དྲུག་ཀྱང་བཟླའོ། །དེ་ནས་སྤྲོ་ན་བརྗོད་མེད་དོན་བཤགས་བཏོན་ལ་རྒྱལ་གསུང་ཚད་མ་ཉིད་དེ་ལྷག་པར་ཕན་ཡོན་ཆེ་ཞིང་། བསྡུས་པར་ན། ཀྱཻ་ཧོ་རྒྱལ་ཀུན་འདུས་པ་དགོངས། །བདག་ཅག་མ་རིག་ནོངས་པ་ཡིས། །སོ་ཐར་བྱང་སེམས་གསང་སྔགས་ཀྱི། །དམ་ཚིག་ཉེས་ལྟུང་འགལ་འཁྲུལ་རྣམས། །མི་འཆབ་མི་སྦེད་མཐོལ་ཞིང་བཤགས། །ཕྱིན་ཆད་སྡོམ་ལ་


SPN001_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པར་བགྱི། །མགོན་པོའི་གསུང་ལས་བུ་ཁྱོད་ཀྱི། །སྡིག་སྒྲིབ་དག་ཅེས་དབུགས་དབྱུང་གྱུར། །རྗེས་རིམ་ནི། ལྷ་སྐུ་འོད་ཞུ་རང་ཐིམ་གཉིས་མེད་ངང་། །སྤྲོས་བྲལ་བདེ་བ་ཆེན་པོའི་ཀློང་དུ་བཞག །མཐར་དགེ་རྩ་བྱང་ཆུབ་ཏུ་བསྔོ་བ་སྤྱི་ལྟར་བྱའོ། །ཅེས་པའང་ཀརྨ་ཆགས་མེད་དངོས་སྤྲུལ་ཀརྨ་བསྟན་འཛིན་ཕྲིན་ལས་བཀའི་བསྐུལ་ལྟར་སི་ཏུས་སྤེལ།། །།

འཇམ་དཔལ་དམར་སེར་ཤེས་རབ་བློ་འཕེལ།


SPN001_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་དམར་སེར་ཤེས་རབ་བློ་འཕེལ་བཞུགས། ན་མཿསརྦ་ཛྙ་དྷརྨཱ་ཀཱ་ར་ཡ། འདིར་བཅོམ་ལྡན་འདས་འཇམ་དཔལ་དཔའ་བོ་དམར་སེར་གྱི་སྒོ་ནས་ཤེས་རབ་བློ་འཕེལ་སྒྲུབ་པར་འདོད་པའི་གང་ཟག་རྣམས་ལ་ཕན་བདེའི་དཔྱིིད་དུ་འདི་ལྟར་སྤེལ་བར་བྱ་སྟེ། བསླུ་མེད་སྐྱབས་གནས་མཆོག་གསུམ་ལ། །བྱང་ཆུབ་བར་དུ་སྐྱབས་སུ་ུམཆི། །བདག་གིས་ཤེས་རབ་བསླབ་པ་ཡིས། །ཀུན་ཀྱང་ཐམས་ཅད་མཁྱེན་ཐོབ་ཤོག །ༀ་སྭ་བྷཱ་ཝ་སོགས་ཀྱིས་སྟོང་པར་སྦྱངས། ཆོས་རྣམས་དམིགས་མེད་སྟོང་ཆེན་ངང་། །སྣ་ཚོགས་པདྨ་འདབ་རྒྱས་དབུས། །ཨ་ལས་བསིལ་ཟེར་བྱེད་པ་ཡི། །དཀྱིལ་འཁོར་དྲི་མེད་ཉ་གང་སྟེང་། །རང་རིག་ངོ་བོ་དྷཱིཿདམར་སེར། །འོད་འཕྲོས་རྒྱལ་ཀུན་མཆོད་པས་མཉེས། །འགྲོ་བའི་སྒྲིབ་ཚོགས་མུན་པ་བསལ། །སླར་ཡང་འོད་ཟེར་འདུས་པ་ལས། །རང་ཉིད་རྗེ་བཙུན་འཇམ་དཔལ་དབྱངས། །ཉིན་བྱེད་འཆར་ཀའི་མདངས་ཟེར་ལས། །ཆེས་ཆེར་ལྷག་པའི་ཁ་དོག་


SPN001_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་། །རལ་བའི་ཅོད་པན་སྤྱི་གཙུག་ཏུ། །བཅིང་ཞིང་ཟུར་ཕུད་གཡོན་ངོས་འཕྱངས། །ཞལ་གཅིག་ཕྱག་གཉིས་ཞི་འཛུམ་བརྗིད། །ཕྱག་གཡས་ཤེས་རབ་རལ་གྲི་མཆོག །མི་ཤེས་དྲྭ་བ་གཅོད་པར་བྱེད། །གཡོན་པས་ཨུཏྤལ་སྔོན་པོ་ནི། །འདབ་རྒྱས་སྟེང་དུ་པུསྟི་ཀཿ། རབ་ཏུ་སྒེག་བའི་ཉམས་དང་ལྡན། །ཞབས་གཉིས་རྡ་ོརྗེ་སྐྱིལ་མོ་ཀྲུང་། །རིན་ཆེན་སྣ་ཚོགས་ལྷ་རྫས་ཀྱི། །རྒྱན་དང་ན་བཟའ་མཛེས་པར་བཀླུབས། །བརྒྱད་གཉིས་ལང་ཚོའི་ཆ་གང་ཞིང་། །རི་བོང་འཛིན་པའི་རྒྱབ་ཡོལ་ཅན། །དབང་གཞུ་ལྟ་བུའི་འོད་འོད་ཟེར། །རབ་ཏུ་འཕྲོ་བའི་དབུས་ཉིད་དུ། །སྣང་ལ་རང་བཞིན་མེད་པ་ཡི། །གསལ་སྟོང་ལྷུན་གྱིས་གྲུབ་པར་གསལ། །གནས་གསུམ་འབྲུ་གསུམ་ས་བོན་མཚན། །དེ་ལས་འོད་འཕྲོས་རང་བཞིན་གྱི། །གནས་ནས་བསྒོམ་པ་དང་འདྲ་བའི། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས། །ཛཿཧཱུྃྃ་བྃ་ཧོཿགཉིས་མེད་བསྟིམ། །སླར་ཡང་ཐུགས་ལས་འོད་འཕྲོས་པས། །རིགས་ལྔ་ཡབ་ཡུམ་སྤྱན་དྲངས་ནས། །མཆོད་ཅིང་ཕྱག་འཚལ་དབང་བསྐུར་གསོལ། །བདུད་རྩིས་ལུས་གང་ཆུ་ལྷག་མ། །ཡར་བརྟེན་མི་བསྐྱོད་རྒྱས་གདབ་གྱུར། །རང་ཉིད་ལྷར་གསལ་སྙིང་གར་ནི། །པད་ཟླའི་སྟེང་དུ་ཡི་གེ་དྷཱིཿ། དེ་མཐར་ཡིག་བདུན་གཡས་སུ་བསྐོར། །དེ་ལས་འོད་འཕྲོས་རང་གཞན་གྱི། །རྨོངས་པའི་གཏི་མུག་བག་ཉལ་བཅོམ། །ཤེས་རབ་བློ་གྲོས་སྣང་བྱེད་ཀྱི། །ཡོན་ཏན་འོད་


SPN001_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཕུན་སུམ་ཚོགས། །འཇིག་རྟེན་མ་ལུས་གསལ་བར་གྱུར། །ༀ་ཨ་ར་པ་ཙ་ན་དྷཱིཿཅི་ནུས་སུ་བཟླས་ལ་མཐར། ༀ་ཨཱཪྱ་མཉྫུ་ཤྲཱི་ཨརྒྷཾ་ནས། ཤབྡ་བར་བརྗོད་ཅིང་མཆོད་ལ། རྒྱལ་བའི་ཐུགས་རྗེ་མི་མངོན་ཀློང་ཡངས་ནས། །རྒྱལ་ཀུན་མཁྱེན་བརྩེའི་ཉི་མ་འབུམ་བརྡལ་ཞིང་། །རྒྱལ་ལ་མོས་ལྡན་ཡིད་ཀྱི་དགའ་ཚལ་དུ། །རྒྱལ་བའི་གོ་འཕང་སྣང་བྱེད་བསྟན་དུ་གསོལ། །རྒྱལ་མཆོག་ཇི་བཞིན་བློ་གྲོས་ཐོགས་མེད་ཀྱིས། །རྒྱལ་བ་མ་ལུས་མཆོད་པའི་འདབ་སྟོང་རྒྱས། །རྒྱལ་བསྟན་འགྲོ་བའི་ཕུན་ཚོགས་རྒྱན་གྱུར་ནས། །རྒྱལ་བས་རྗེས་སུ་འཛིན་པར་བྱིན་གྱིས་རློབས། །བཅོམ་ལྡན་མགོན་པོ་ཤེས་རབ་གཉེན། །འཇམ་དཔལ་དཔའ་བོ་སྒྲུབ་པའི་མཐུས། །བདག་བློའི་མུན་པ་ཀུན་བསལ་ནས་། །ཐམས་ཅད་མཁྱེན་ཉིད་ཐོབ་པར་ཤོག །དགེ་བ་འདི་ཡིས་སོགས་དང་། བསྔོ་སྨོན་དཀྱུས་ལྟར་བྱའོ། །དེ་ལྟར་འཚོ་བྱེད་པ་གུ་རུ་ཚེ་དབང་གིས་བསྩལ་བའི་ངོར། སི་ཏུ་པདྨ་ཉིན་མོར་བྱེད་པས་རྒྱལ་ཟླའི་དགའ་བ་དང་པོ་ལ་སྤེལ་བ་སརྦ་མངྒ་ལཾ།། །།ཆོས་ཀུན་སྟོང་པའི་ངང་ཉིད་ལས། །པད་དཀར་ཟླ་བའི་སྟེང་དུ་ཧྲཱིཿ། །ཡོངས་གྱུར་རང་ཉིད་སྤྱན་རས་གཟིགས། །དཀར་གསལ་ཞལ་གཅིག་ཕྱག་བཞི་པ། །དང་པོ་ཐལ་སྦྱར་གཡས་འོག་གི། །ཤེལ་ཕྲེང་གཡོན་འོག་པདྨ་དཀར། །དར་དང་རིན་ཆེན་རྒྱན་གྱིས་སྤྲས། །ལོངས་སྤྱོད་རྫོགས་སྐུ་ཞབས་རྡོར་སྐྱིལ། །གནས་གསུམ་


SPN001_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་གསུམ་ཡི་གེས་མཚན། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་ནས། །དམ་ཚིག་པ་ལ་གཉིས་མེད་ཐིམ། །དབང་ལྷས་དབང་བསྐུར་ཆུ་ལྷག་མ། །ཡར་ལུད་སྣང་མཐས་རྒྱས་བཏབ་གྱུར། །ཐུགས་ཀར་ཧྲཱིཿམཐར་སྔགས་ཕྲེང་ལས། །འོད་འཕྲོས་འཕགས་མཆོད་རིགས་དྲུག་གི། །སྡུག་བསྔལ་རྒྱུ་བཅས་དག་པར་བསྒོམ། །ༀ་མ་ཎི་པདྨེ་ཧཱུྃ། ཅི་ནུས་བཟླས་མཐར། ཨརྒྷཾ་སོགས་ཀྱིས་མཆོད། སྐྱོན་གྱིས་མ་གོས་སོགས་ཀྱིས་བསྟོད། སྣོད་བཅུད་ལྷ་ཡི་དཀྱིལ་འཁོར་པ། །འོད་ཞུ་རང་ལ་ཐིམ་པར་གྱུར། །དར་ཅིག་མཉམ་པར་བཞག །སླར་ཡང་རང་ཉིད་སྤྱན་རས་གཟིགས། །ཡོངས་གྱུར་སྣང་གྲག་རྟོག་པའི་ཆོས། །ཀུན་ཀྱང་རྒྱལ་བའི་ཞིང་དུ་མོས། །དགེ་རྩ་རྫོགས་བྱང་དུ་བསྔོ་བར་བྱ། ཅེས་དབུ་མཛད་ཚུལ་ལྡན་ངོར་སྤེལ།། །།དཀོན་མཆོག་གསུམ་ལ་སྐྱབས་མཆི་ཞིང་། །འགྲོ་བའི་དོན་དུ་སེམས་བསྐྱེད་དོ། །སྭ་བྷཱ་ཝས་སྦྱངས། སྟོང་ལས་པད་དཀར་ཟླ་བའི་སྟེང་། །རང་སེམས་ཧྲཱིཿཡིག་ཡོངས་གྱུར་ལས། །སྤྱན་རས་གཟིགས་དབང་སྐུ་མདོག་དཀར། །ཞལ་གཅིག་ཕྱག་བཞི་དང་པོ་གཉིས། །ཐལ་སྦྱར་གཡས་འོག་ཤེལ་ཕྲེང་དང་། །གཡོན་འོག་པདྨ་རིན་ཆེན་གྱི། །དབུ་རྒྱན་སྙན་ཆ་མགུལ་རྒྱན་དང་། །ཕྱག་གདུབ་ཞབས་གདུབ་སེ་མོ་དོ། །རི་དྭགས་པགས་པས་ནུ་གཡོན་བཀབ། །ལྷ་རྫས་དར་གྱི་སྟོད་


SPN001_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

གཡོགས་དང་། །སྨད་གཡོགས་ལོངས་སྤྱོད་རྫོགས་པའི་ཆས། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །གནས་གསུམ་འབྲུ་གསུམ་འོད་འཕྲོས་པས། །ཡེ་ཤེས་སྤྱན་དྲངས་དབང་བསྐུར་ཞིང་། །འོད་དཔག་མེད་ཀྱིས་རྒྱས་གདབ་གྱུར། །ཨརྒྷཾ་སོགས་ཀྱིས་མཆོད། སྐྱོན་གྱིས་མ་གོས་སོགས་ཀྱིས་བསྟོད། རང་གི་སྙིང་གར་ཟླ་སྟེང་ཧྲཱིཿ། མཐའ་མར་ཡིག་དྲུག་གཡས་སུ་འཁོར། །འོད་འཕྲོས་རྒྱལ་བའི་བྱིན་རླབས་བསྡུས། །འགྲོ་བའི་སྡིག་སྒྲིབ་ཀུན་སྦྱང་གྱུར། །ཡིག་དྲུག་ཅི་ནུས་བཟླས་ལ། ཐུན་མཚམས་སུ་གཏོར་འབུལ་སྤྲོ་ན། ཨ་མྲྀཏས་བསངས། སྭ་བྷཱ་ཝས་སྦྱངས། བྷཱུྃ་ལས་རིན་ཆེན་སྣོད་དུ་ༀ་འོད་ཞུ། །གཏོར་མ་བདུད་རྩིའི་རང་བཞིན་ཟག་མེད་གྱུར། །རང་གི་སྙིང་གའི་འོད་ཀྱིས་འཇིག་རྟེན་མགོན། །སྤྱན་དྲངས་མཆོད་འབུལ་བདག་རྒྱུད་སྨིན་གྲོལ་མཛོད། །ཨ་ཀཱ་རོ་ཚར་གསུམ་གྱིས་གཏོར་མ་འབུལ། རང་ཉིད་ལྷར་གསལ་འོད་ཞུ་ནས། །ཐུགས་ཀའི་ཧྲཱིཿཡིག་ལ་ཐིམ་གྱུར། །དེ་ཡི་ངང་ལ་མཉམ་པར་བཞག །སླར་ཡང་སྐད་ཅིག་དྲན་རྫོགས་སུ། །སྤྱན་རས་གཟིགས་དབང་གསལ་བའི་ངང་། །ཁྱེར་སོ་གསུམ་ལྡན་སྤྱོད་པ་བསྐྱང་། །མཐར་བསྔོ་སྨོན་གྱིས་རྒྱས་གདབ་བྱའོ། །ཡོ་ཆུང་མའི་ངོར་སྤེལ།། །།

བཅོམ་ལྡན་འདས་འོད་དཔག་མེད་ཀྱི་སྒོམ་བཟླས་ཉུང་འདུས་སུ་བཀོད་པ།


SPN001_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་འོད་དཔག་མེད་ཀྱི་སྒོམ་བཟླས་ཉུང་འདུས་སུ་བཀོད་པ་བཞུགས་སོ། །སྭསྟི། འདིར་བཅོམ་ལྡན་འདས་འོད་དཔག་མེད་


SPN001_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་ནས་རང་གཞན་གྱི་དོན་བྱ་བར་འདོད་ན། སངས་རྒྱས་ཆོས་ཚོགས་དང་ཚད་མེད་བཞི་བཅས་སྔོན་དུ་བཏང་ནས། སྭ་བྷཱ་ཝ་སོགས། སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན། །གཟུང་འཛིན་བྲལ་བའི་སྟོང་བར་གྱུར། །དེ་ཡི་ངང་ལས་རང་རྩལ་མདངས། །རྨ་བྱས་བཏེགས་པའི་རིན་ཆེན་ཁྲིར། །སྣ་ཚོགས་པདྨ་ཟླ་བའི་སྟེང་། །རང་སེམས་ཧྲཱིཿཡིག་འོད་འཕྲོ་འདུས། །དོན་གཉིས་བྱས་ཏེ་ཡོངས་གྱུར་ལས། །བཅོམ་ལྡན་འོད་མི་འགྱུར་བའི་སྐུ། །པདྨ་རཱ་གའི་རི་བོ་ལྟར། །དམར་གསལ་ཞལ་གཅིག་ཕྱག་མཉམ་བཞག །ལྷུང་བཟེད་བདུད་རྩིས་བཀང་བ་འཛིན། །ཆོས་གོས་རྣམ་གསུམ་ཞབས་རྡོར་སྐྱིལ། །མཚན་དཔེའི་འོད་ཀྱི་དཀྱིལ་འཁོར་གསལ། །གཡས་གཡོན་པདྨ་ཟླ་བའི་སྟེང་། །ཕྱག་ན་པདྨ་རྡོ་རྗེ་འཛིན། །རྒྱལ་སྲས་ཐུ་བོ་མཆོག་བརྒྱད་དང་། །གཞན་ཡང་སངས་རྒྱས་བྱང་ཆུབ་སེམས། །ཉན་ཐོས་རང་རྒྱལ་ཚོགས་ཀྱིས་བསྐོར། །གཙོ་བོའི་གནས་གསུམ་ༀ་ཨཱ་ཧཱུྃ། །ཐུགས་ཀར་པད་ཟླར་ཧྲཱིཿཡིག་ལས། །འོད་འཕྲོས་བདེ་ཆེན་ཞིང་ཁམས་ནས། །བསྒོམ་པ་དང་འདྲའི་ཡེ་ཤེས་པ། །སྤྱན་དྲངས་དམ་ཡེ་གཉིས་མེད་གྱུར། །སླར་ཡང་འོད་འཕྲོས་དབང་ལྷ་བསྐུལ། །དབང་བསྐུར་སྐུ་གང་དྲི་མ་དག །ཚེ་དཔག་མེད་ཀྱིས་རྒྱས་གདབ་ཅིང་། །ཐུགས་ལས་སྤྲོས་པའི་ལྷ་མོས་མཆོད། །ༀ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པཱ་དྱཾ། ནས། ཤ་བྡའི་བར་གྱིས་


SPN001_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད། ཐུགས་ཀའི་ཧྲཱི་མཐར་སྔགས་ཀྱི་ཕྲེང་། །གཡས་བསྐོར་འོད་ཀྱིས་རྒྱལ་རྣམས་མཆོད། །ཀུན་ཀྱང་སྣང་མཐའི་སྐུར་གྱུར་ནས། །རང་ཐིམ་སླར་ཡང་འོད་ཟེར་འཕྲོས། །རིགས་དྲུག་སེམས་ཅན་སྡིག་སྒྲིབ་སྦྱོང་། །སྣོད་བཅུད་ལྷ་ཡི་རང་བཞིན་གསལ། །སྒྲ་གྲགས་སྔགས་ལ་དྲན་རྟོག་ཐུགས། །དག་པ་རྣམ་པ་གསུམ་ལྡན་གྱུར། །ༀ་ཨ་མི་དྷེ་ཝ་ཧྲཱིཿཅི་ནུས་བཟླ་ཞིང་། དམིགས་བསལ་ཚེ་སྒྲུབ་སྐབས། སླར་ཡང་ལྔ་ལྡན་འོད་ཀློང་ནས། །སྤྲུལ་པའི་ལྷ་མོ་མགྱོགས་མའི་ཚོགས། །འཕྲོས་པས་ཚེ་ལྷ་རིག་པ་འཛིན། །དྲང་སྲོང་ལྷ་ཀླུ་མི་སོགས་ཀྱི། །ཚེ་བསོད་དཔལ་གྲགས་འབྱུང་བ་ལྔའི། །དྭངས་བཅུད་འོད་ཟེར་རྣམ་པར་བསྡུས། །རང་ཐིམ་རྟག་པའི་རྡོ་རྗེ་ཅན། །གཞོམ་བྲལ་མི་འགྱུར་ལྷུན་གྱིས་གྲུབ། །ༀ་ཨ་མི་དྷེ་ཝ་ཨཱ་ཡུཿསིདྡྷི་ཧཱུྃ། ཅི་ནུས་བཟླས་པའི་མཐར། སྦྱིན་པའི་སྟོབས་ཀྱིས་སོགས་ཕར་ཕྱིན་དྲུག་གི་བདེན་ཚིག་དང་། ཡང་སྒྲིབ་སྦྱོང་སོགས་ལ། བདེ་སྨོན་ཤེས་བྱ་མའམ། ངོ་མཚར་སངས་རྒྱས་གང་འོས་བྱ་ཞིང་། སྣོད་བཅུད་ལྷར་བསྡུ་དེ་ཉིད་ཀྱང་། །འོད་ཞུ་ཧྲཱིཿར་ཐིམ་མི་དམིགས་པ། །མ་བཅོས་སྤྲོས་བྲལ་ངང་དུ་བཞག །སླར་ཡང་ལྷ་སྐུར་ལམ་གྱིས་གསལ། །དགེ་བ་འདི་ཡིས་མྱུར་དུ་བདག །སོགས་དང་། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །སོགས་དང་བཀྲ་ཤིས་རིམ་པ་ཅི་རིགས་བརྗོད་པར་བྱའོ། །ཞེས་པ་འདི་སི་ཏུ་པདྨ་ཉིན་བྱེད་དབང་པོས་ཆོས་


SPN001_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་པ་ཀརྨ་ལྷས་སྐྱབས་ཀྱི་བཞེད་ལྟར་འདུས་སྡེའི་ཞལ་འདོན་རྒྱུར་སྤེལ་བ་དགེ་བར་གྱུར་ཅིག །སརྦ་མངྒ་ལཾ།། །།དཀོན་མཆོག་གསུམ་ལ་བྱང་ཆུབ་བར། །སྐྱབས་སུ་མཆི་ཞིང་འགྲོ་བ་རྣམས། །བདེ་ལྡན་སྡུག་བསྔལ་དང་བྲལ་ཞིང་། །བླ་མེད་གོ་འཕང་ཐོབ་གྱུར་ཅིག །དངོས་ཀུན་ཆོས་རྣམས་སྟོང་པའི་ངང་། །དེ་ལས་རང་ཉིད་པད་ཟླའི་སྟེང་། །ཧྲཱིཿདམར་འོད་ཀྱིས་འཕགས་པ་མཆོད། །སེམས་ཅན་དོན་བྱས་ཡོངས་གྱུར་ལས། །བཅོམ་ལྡན་སྣང་མཐའ་ཚེ་དཔག་མེད། །དམར་གསལ་པདྨ་རཱ་གའི་མདོག །ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི། ཕྱག་རྒྱས་ལྷུང་བཟེད་བཅུད་བཀང་ནང་། །ཚེ་བུམ་རིན་ཆེན་ཤིང་ལོས་བརྒྱན། །བསྣམས་ཤིང་ཆོས་གོས་རྣམ་གསུམ་བཀླུབས། །ཞབས་གཉིས་རྡོར་དཀྱིལ་མཚན་དཔེ་འབར། །ཟླ་བའི་རྒྱབ་ཡོལ་འོད་ལྔ་ཡི། །ཟེར་དང་ཟེར་ཐག་ཀུན་ཏུ་འཕྲོ། །གནས་གསུམ་ༀ་ཨཱཿཧཱུྃ་གིས་མཚན། །ཐུགས་ཀའི་དབུས་སུ་པད་ཟླར་ཧྲཱིཿ། དེ་ལས་འོད་འཕྲོས་རང་བཞིན་གྱི། །ཆོས་དབྱིངས་རྣམ་པར་དག་པའི་ཞིང་། །བདེ་ལྡན་པདྨོ་བཀོད་པ་ནས། །འོད་སྣང་མཐའ་ཡས་ཚེ་དཔག་མེད། །བསྒོམ་པ་དང་འདྲའི་ཡེ་ཤེས་པ། །ཕྱོགས་བཅུའི་རྒྱལ་དང་རྒྱལ་སྲས་ཚོགས། །བཙུན་མོ་བྱང་སེམས་ཉན་རང་གི། །འཁོར་ཚོགས་སྤྱན་དྲངས་མདུན་མཁར་བཞུགས། །རང་གི་ཐུགས་ཀའི་འོད་ཟེར་གྱིས། །བསྐུལ་བའི་མཆོད་ལྷས་མཉེས་


SPN001_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས། །ཛཿཧཱུྃ་བྃ་ཧོཿདམ་ཚིག་དང་། །ཡེ་ཤེས་གཉིས་མེད་སླར་ཡང་ནི། །ཐུགས་ཀའི་ས་བོན་ལས་འོད་འཕྲོས། །དབང་ལྷ་རིགས་ལྔ་ཡབ་ཡུམ་རྣམས། །སྤྱན་དྲངས་མཆོད་པས་དགྱེས་པ་བསྐྱེད། །དབང་བསྐུར་གསོལ་གདབ་མོད་ཉིད་ལ། །དགོངས་པ་མཛད་ཅིང་ལྷ་ཡི་ཆུ། །དྲི་མེད་དག་པས་ཁྲུས་གསོལ་ཞིང་། །སྐུ་གང་ཆུ་ཞབས་སྤྱི་བོར་བརྟན། །ཚེ་དཔག་མེད་པས་དབུ་རྒྱན་གྱུར། །རང་འོད་ལས་སྤྲུལ་མཆོད་ལྷ་མོ། །དུ་མ་སྤྲོས་པས་ཀུན་བཟང་གི། །སྨོན་ལམ་ཇི་བཞིན་མཆོད་པའི་སྤྲིན། །མཁའ་དབྱིངས་བཀང་བས་མཆོད་པར་གྱུར། །ༀ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པཱདྱཾ། པུཥྤེ་ཨཱཿཧཱུྃ། ནས། ཤབྡ་བར་གྱིས་མཆོད་ལ། བདེ་ཆེན་བདེ་བའི་རང་བཞིན་གྱི། །ལྷུན་གྲུབ་ཞིང་གི་སྟོན་པ་མཆོག །རྒྱལ་བ་རྒྱལ་བའི་འབྱུང་གནས་གཏེར། །འོད་སྣང་དཔག་མེད་ཕྱག་འཚལ་བསྟོད། །ཐུགས་ཀའི་པད་ཟླར་ཧྲཱིཿདམར་པོ། །དེ་མཐར་སྔགས་ཕྲེང་གཡས་སུ་བསྐོར། །འོད་འཕྲོས་ཕྱོགས་བཅུའི་བདེ་གཤེགས་མཆོད། །ཚུར་འདུས་བྱིན་རླབས་ཐུགས་རྗེའི་སྟོབས། །ལྷ་སྐུའི་རྣམ་པར་སྤྱན་དྲངས་ནས། །མཚོ་ལ་ཆར་བབས་བཞིན་དུ་ཐིམ། །མཆོག་ཐུན་དངོས་གྲུབ་ཐོབ་པར་བསམ། །སླར་ཡང་འོད་འཕྲོས་མ་གྱུར་འགྲོ། །རིགས་དྲུག་འཁོར་བའི་སྐྱེ་སྒོ་བཅད། །ཀུན་ཀྱང་ལྷ་ཡི་དཀྱིལ་འཁོར་དམིགས། །ཁྱེར་སོ་གསུམ་ལྡན་


SPN001_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་འཛིན་དང་། །ༀ་ཨ་མི་དྷེ་ཝ་ཧྲཱིཿསྙིང་པོ་ཅི་ནུས་སུ་བཟླས་ལ། ཉེ་སྙིང་། ཧྲཱིཿཅེས་པའང་བཟླས་ལ། མཐར། ཕྱི་སྣོད་ལྷ་ཡི་དཀྱིལ་འཁོར་པ། །རང་ལ་ཐིམ་ཞིང་རང་ཉིད་ཀྱང་། །ཐུགས་ཀའི་ས་བོན་ལ་ཐིམ་ནས། །དེའང་མི་དམིགས་འོད་གསལ་བ། །མ་བཅོས་སྤྲོས་བྲལ་ངང་ལ་བཞག །ཅེས་ཅི་གནས་རང་བབས་སུ་མཉམ་བཞག་གི་ངོ་བོ་བསྐྱངས་ལ། སླར་ཡང་ལྷ་སྐུར་གསལ་བ་ཡི། །གནས་གསུམ་འབྲུ་གསུམ་མཚན་པར་གྱུར། །སྣོད་བཅུད་ལྷ་ཡི་རང་བཞིན་སྐུ། །སྒྲ་གྲགས་སྔགས་ལ་དྲན་རྟོག་ཐུགས། །ཀུན་བཟང་ཀློང་ཡངས་ཆེན་པོར་གསལ། །དགེ་བ་འདི་ཡིས་སོགས་བརྗོད། སྐབས་སུ་གཏོར་མ་འབུལ་བར་སྤྲོ་ན། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་ལས་རིན་ཆེན་སྣོད་མཆོག་ཏུ། །ལྷ་ཡི་ཞལ་ཟས་གཙང་ཞིང་བཟང་། །འདོད་ཡོན་ལྔ་ལྡན་མཆོད་པའི་ཚོགས། །རྒྱ་ཆེན་རྒྱུན་མི་ཆད་པར་མོས། །རང་གི་སྙིང་གའི་འོད་ཟེར་གྱིས། །བསྐུལ་ལས་ཡེ་ཤེས་སྤྱན་དྲངས་གྱུར། །ༀ་ཨ་ཀཱ་རོས་ལན་གསུམ་བྱིན་བརླབས་ལ་འབུལ། ༀ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། གོང་བཞིན་བསྟོད་པ་དང་། འདོད་དོན་གསོལ་བ་ནི། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ནས། ཀུན་འགྲུབ་མཛོད་བར་བརྗོད། མ་འབྱོར་པ་སོགས་ཀྱིས་བཟོད་གསོལ་དང་། བཛྲ་མཱུས་ཡེ་ཤེས་གཤེགས་པའམ། སུ་པྲ་ཏིཥྛས་བརྟན་བཞུགས་བྱ་བའང་ལེགས། ཅེས་པའང་འཇང་ཡུལ་གྱི་སྒྲུབ་པ་ཀརྨ་ཐུགས་རྗེས་བསྐུལ་ལྟར་སི་ཏུ་པས་སྤེལ་བ་མངྒ་ལཾ།། །།

ཞིང་སྒྲུབ་དང་ཚེ་སྒྲུབ་ཉུང་བསྡུས་དངོས་གྲུབ་ཆུ་འཛིན་བི་ཧ་ར།


SPN001_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་སྒྲུབ་དང་ཚེ་སྒྲུབ་ཉུང་བསྡུས་དངོས་གྲུབ་ཆུ་འཛིན་བི་ཧ་ར་ཏིསྨ། མཆོག་གསུམ་རྒྱལ་ལ་སྐྱབས་མཆི་ཞིང་། །འགྲོ་དོན་བྱང་ཆུབ་སེམས་བསྐྱེད་དོ། །རང་སེམས་ཧྲཱིཿཡིག་ཡོངས་གྱུར་ལས། །སྤྱན་རས་གཟིགས་དབང་སྐུ་མདོག་དཀར། །ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན། །གཡོན་པས་པད་དཀར་ཞབས་སྐྱིལ་ཀྲུང་། །ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཅན། །གནས་གསུམ་འབྲུ་གསུམ་མཚན་པར་གྱུར། །མདུན་མཁར་པད་ཟླའི་སྟེང་དུ་ཧྲཱིཿ། ཡོངས་གྱུར་བདེ་ཆེན་པདྨོ་བཀོད། །ཞིང་མགོན་སངས་རྒྱས་འོད་དཔག་མེད། །དམར་གསལ་ཞལ་གཅིག་ཕྱག་གཉིས་ཀྱིས། །མཉམ་བཞག་ལྷུང་བཟེད་སྤྲུལ་པའི་སྐུ། །མཚན་དཔེ་གཟི་འབར་ཆས་རྫོགས་གསལ། །སྐུ་གསུམ་ངོ་བོ་འབྲུ་གསུམ་མཚན། །སླར་ཡང་འོད་འཕྲོས་རྣམ་དག་ཞིང་། །རྒྱ་མཚོར་མངའ་བའི་བཅོམ་ལྡན་འདས། །ལྷ་ཚོགས་འཁོར་བཅས་ཐུགས་རྒྱུད་བསྐུལ། །སྤྱན་དྲངས་བདག་མདུན་ལ་ཐིམ་གྱུར། །ༀ་ཨ་མི་དྷེ་ཝ་ཛྙཱ་ན་སརྦ་ཨཱ་བེ་ཤ་ཡ་ཧཱུྃ། ཛཿཧཱུྃ་བྃ་ཧོཿ་གཉིས་མེད་གྱུར། །བདག་མདུན་ཐུགས་ཀའི་ཧཱུྃ་ཡིག་ལས། །མཆོད་པའི་ཚོགས་སྤྲོས་དགྱེས་བསྐྱེད་གྱུར། །དབང་ལྷས་དབང་བསྐུར་སྐུ་ཁྲུས་གསོལ། །ཆུ་ལྷག་ཡར་


SPN001_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་རིགས་ལྔ་ཡིས། །རྒྱས་གདབ་ཐུགས་ཀར་ཟླ་སྟེང་ཧྲཱིཿ། དེ་མཐར་སྔགས་བསྐོར་ཕྲེང་བ་ལས། །འོད་འཕྲོས་འཕགས་མཆོད་འགྲོ་སྒྲིབ་སྦྱངས། །བདག་རྒྱུད་ཡེ་ཤེས་སྨིན་གྲོལ་གྱུར། །དེ་ནས་ལྷ་ཡི་རིགས་སྔགས་བཟླས་ལ། སླར་ཡང་མདུན་བསྐྱེད་ཐུགས་ལས་འོད། །ལྔ་ལྡན་ཕྱོགས་བཅུར་འཕྲོས་པ་ལས། །ཚེ་ཉམས་ཡལ་བ་ཆད་པ་སོགས། །ཐམས་ཅད་ཐིག་ལེ་འོད་ཟེར་དང་། ནྲྀ་ཡིག་རྣམ་པར་བསྡུས་ནས་སུ། །རང་ཐིམ་ཚེ་དབང་དཔལ་འབྱོར་པ། །རབ་རྒྱས་འཆི་མེད་མཆོག་ཐོབ་གྱུར། །སྐབས་འདིར། ༀ་ཨཱཿཧཱུྃ་ཨ་མི་དྷེ་ཝ་ཨཱ་ཡུཿསིདྡྷི་ཧཱུྃ་ཧྲཱིཿཅི་ནུས་བཟླས་མཐར། མདུན་བསྐྱེད་འོད་ཞུ་དགྱེས་མདངས་བཅས། །རང་གི་སྤྱི་བོར་ཐིམ་ནས་སུ། །དབྱེར་མེད་གཅིག་འདྲེས་མ་བཅོས་པ། །རང་རིག་རང་གསལ་ཆོས་དབྱིངས་ཀྱི། །རྩལ་གདངས་ཀློང་ཡངས་ཆེན་པོའི་ངང་། །འཁོར་འདས་དཀྱིལ་འཁོ༷ར་གཅིག་ཏུ་ཤར། །དར་ཅིག་ལྟ་བའི་ངང་ལ་མཉམ་པར་བཞག །མཐར་དགེ་བསྔོ་སོགས་སྤྱི་འགྲོ་ལྟར་བྱའོ། །ཞེས་པའང་ཞེ་འཛོང་བླ་སྤྲུལ་ཀརྨ་ཨ་མཱ་རའི་བཞེད་ངོར་སྤེལ་བ་ཛ་ག་ཏཾ། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དྲུག་ཤོག །དགེའོ། །དགེའོ། །དགེའོ།། །།

རྒྱལ་བ་རྒྱ་མཚོའི་ལྷ་དགུའི་བདག་བསྐྱེད་རྒྱུན་ཁྱེར་ངེས་ལམ་སྙིང་པོའི་དོན་སྟོན།


SPN001_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

༈ རྒྱལ་བ་རྒྱ་མཚོའི་ལྷ་དགུའི་བདག་བསྐྱེད་རྒྱུན་ཁྱེར་ངེས་ལམ་སྙིང་པོའི་དོན་སྟོན་བཞུགས་སོ། །ན་མོ་ལོ་ཀི་ཤྭ་ར་ཡེ། འདིར་དཔལ་འཇིག་རྟེན་དབང་ཕྱུག་གི་བདག་བསྐྱེད་རྒྱུན་ཁྱེར་འདོད་པས་མཆོད་པ་དངོས་བཤམས་སམ། ཡིད་སྤྲུལ་དམིགས་པས་ཁྱབ་པར་བྱས་ལ། དང་པོ་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་ནི། བདག་དང་མ་གྱུར་མཁའ་ཁྱབ་འགྲོ་བ་རྣམས། །ཕྱོགས་བཅུ་དུས་གསུམ་སངས་རྒྱས་ངོ་བོ་ཉིད། །དཀོན་མཆོག་གསུམ་དང་རྩ་གསུམ་འདུས་པའི་དཔལ། །རྒྱལ་བ་རྒྱ་མཚོའི་ལྷ་ལ་སྐྱབས་སུ་མཆི། །འཁོར་བ་དུཿཁའི་མུན་པར་བྱིངས་པ་རྣམས། །དེང་འདིར་བདག་གི་སེམས་བསྐྱེད་འོད་སྣང་གིས། །མྱ་ངན་འདས་པའི་ལམ་ལ་འཇུག་པ་ཡི། །ཡང་དག་ཡེ་ཤེས་ཕྱིར་མི་ལྡོག་ཕྱིར་བསྔོ། །སེམས་ཅན་ཐམས་ཅད་བདེ་ལྡན་སྡུག་བསྔལ་བྲལ། །བདེ་དང་མི་འབྲལ་མཉམ་ཉིད་ངང་གནས་ཤོག །དེ་ནས་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྒོམ་པ་ནི། ༀ་སྭ་བྷཱ་ཝས་སྟོང་པར་སྦྱངས། ཆོས་རྣམས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། །དེ་ཡི་ངང་ལས་རང་སེམས་ཡི་གེ་ཧྲཱིཿ། །དམར་གསལ་ཡེ་ཤེས་ལྔ་ལྡན་འོད་ལྔའི་ཟེར། །འོག་གི་ཕྱོགས་འཕྲོས་འོད་ཟེར་ལས་གྲུབ་པའི། །ཞིང་ཁམས་རྒྱ་ཁྱོན་ཆོས་དབྱིངས་ཚད་མཉམ་དབུས། །སྣ་ཚོགས་རྡོ་རྗེའི་ལྟེ་བར་བྱང་ཆུབ་ཤིང་། །ལོ་འབྲས་ནོར་བུ་རིན་ཆེན་བཀྲ་ཤིས་བརྒྱན། །དེ་སྟེང་པྃ་ལས་པདྨ་འདབ་མ་འབུམ།


SPN001_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བར་བྷྲུྃ་ལས་གཞལ་ཡས་ཁང་གྲུ་བཞི། །སྒོ་བཞི་རྟ་བབས་བཞི་ལྡན་ཀ་བརྒྱད་སོགས། །མཚན་ཉིད་ཡོངས་རྫོགས་དཀྱིལ་འཁོར་ཆེན་པོར་གསལ། །ཕྱི་རོལ་དུར་ཁྲོད་བརྒྱད་དང་མཐའ་སྐོར་དུ། །རྡོ་རྗེ་ར་གུར་མེ་རི་འབར་པའོ། །དཀྱིལ་འཁོར་དབུས་སུ་སྣ་ཚོགས་པད་འདབ་བརྒྱད། །ལྟེ་བར་ཉི་དཀྱིལ་སྟེང་དུ་ཧྲཱིཿཡིག་འོད། །འཕྲོས་པས་རྒྱལ་མཆོད་འགྲོ་བའི་སྡིག་སྒྲིབ་སྦྱངས། །ཀུན་ཀྱང་ཐུགས་རྗེ་ཆེན་པོར་སྣང་བར་བྱས། །འོད་ཟེར་ཚུར་འདུས་རང་ཐིམ་ཡོངས་གྱུར་ལས། །བཅོམ་ལྡན་སྤྱན་རས་གཟིགས་དབང་སྐུ་མདོག་དམར། །ཞལ་གཅིག་ཕྱག་བཞི་རྩ་ཕྱག་ཐལ་སྦྱར་གྱིས། །ཡུམ་འཁྱུད་གཡས་འོག་རྡོ་རྗེ་རྩེ་ལྔ་དང་། །གཡོན་འོག་པདྨ་དམར་པོ་འདབ་བརྒྱད་འཛིན། །དབུ་སྐྲ་ཐོར་ཚུགས་དར་གྱི་ཅོད་པན་དང་། །རིན་ཆེན་རྩེ་བྲན་ལྔས་བརྒྱན་ཞབས་རྡོར་སྐྱིལ། །པང་དུ་ཡུམ་མཆོག་རྡོ་རྗེ་ཕག་མོ་དམར། །ཞལ་གཉིས་སྤྱི་གཙུག་ཕག་ཞལ་ཕེཾ་སྒྲ་ངུར། །རྩ་ཞལ་ཁྲོ་གཉེར་སྤྱན་གསུམ་མཆེ་བ་གཙིགས་། །ཕྱག་གཉིས་གཡས་པ་རྡོ་རྗེ་གྲི་གུག་འཕྱར། །གཡོན་ཐོད་ཁྲག་བཀང་ཡབ་ལ་སྟོབ་བཞིན་འཁྱུད། །སྐྲ་གྲོལ་ཐོད་སྐམ་ལྔས་བརྒྱན་ཐོད་རློན་གྱི། །དོ་ཤལ་རུས་པའི་ཕྱག་རྒྱ་ལྔས་བརྒྱན་ཞིང་། །ཞབས་གཉིས་ཐབས་ཀྱི་སྐུ་ུལ་འཁྲིལ་ཚུལ་གྱིས། །སྐྱིལ་མོ་ཀྲུང་བཅས་བཞུགས་པ་གསལ་བར་གྱུར། །ཕྱོགས་བཞིར་པད་ཉིའི་སྟེང་དུ་ཧྲཱིཿཡིག་བཞི། །འོད་འཕྲོས་དོན་གཉིས་བྱས་ནས་ཧྲཱིཿལ་ཐིམ། །


SPN001_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་གྱུར་ཤར་དུ་མི་བསྐྱོད་སྤྱན་རས་གཟིགས། །དམར་གསལ་སྤྱན་མ་སྔོན་མོ་གཉིས་མེད་སྦྱོར། །ལྷོ་རུ་རིན་ཆེན་སྤྱན་རས་གཟིགས་དམར་པོ། །མཱ་ཀི་སེར་མོ་མཉམ་སྤྱོར་ནུབ་ཏུ་ནི། །སྣང་མཐའ་སྤྱན་རས་གཟིགས་དམར་གོས་དཀར་མོ། །དཀར་དམར་མདངས་ཅན་མཉམ་སྦྱོར་བྱང་དོན་གྲུབ། །སྤྱན་རས་གཟིགས་དམར་དམ་ཚིག་སྒྲོལ་ལྗང་སྦྱོར། །ཀུན་ཀྱང་ཞལ་གཅིག་ཕྱག་བཞི་ཡབ་རྣམས་ཀྱི། །རྩ་ཕྱག་ཡུམ་འཁྱུད་ཐལ་སྦྱར་གཡས་འོག་མས། །མུ་ཏིག་ཕྲེང་འཛིན་གཡོན་འོག་པདྨ་བསྣམས། །ཞབས་གཉིས་སྐྱིལ་ཀྲུང་ཡུམ་རྣམས་ཕྱག་དང་པོ། །ཐལ་སྦྱར་ཡབ་འཁྱུད་གཡས་འོག་རིམ་བཞིན་དུ། །འཁོར་ལོ་རིན་ཆེན་པདྨ་ཨུཏྤལ་འཛིན། །གཡོན་འོག་རྣམས་ཀྱིས་པདྨ་དམར་པོ་བསྣམས། །ཞབས་གཉིས་བདག་པོར་འཁྲིལ་ཚུལ་སྐྱིལ་ཀྲུང་བཞུགས། །དབུ་སྐྲ་ཐོར་ཚུགས་ཅོད་པན་རྩེ་བྲན་སོགས། །རིན་ཆེན་དར་དང་རུས་པའི་རྒྱན་རྣམས་རྫོགས། །མཚམས་བཞིར་ཧ་རི་ནི་ས་ཡོངས་གྱུར་ལས། །རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས། །ཌཱ་ཀི་སྔོ་སེར་དམར་ལྗང་སྐུ་མདོག་ཅན། །ཕྱག་གཡས་རྡོ་རྗེ་ནོར་བུ་བུམ་པ་དང་། །རལ་གྲི་འཕྱར་ཞིང་གཡོན་རྣམས་པདྨ་འཛིན། །རུས་རྒྱན་རིན་ཆེན་དར་གྱིས་མཛེས་པའོ། །ཕྱི་རོལ་འདོད་སྣམ་ལྷ་མོ་གཟུགས་སྒྲ་དྲི། །རོ་དང་རེག་བྱ་སོ་སོའི་བརྡ་ཆོས་འབུལ། །ལྷ་ཚོགས་ཀུན་གྱི་སྤྱི་བོར་ཟླ་ལ་ༀ། །མགྲིན་པར་ཉི་སྟེང་ཨཱཿདམར་


SPN001_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀ་རུ། །པདྨར་ཧཱུྃ་སྔོན་དང་ནི་ཧྲཱིཿདམར་གསལ། །ཡབ་ཡུམ་ཐུགས་སྲོག་ཧྲཱིཿལ་སྔགས་ཕྲེང་བ། །གཡས་དང་གཡོན་བསྐོར་མཁའ་འགྲོ་བཞིའི་ཐུགས་ཀར། །རང་མདོག་ཧ་རི་ནི་ས་གསལ་བར་གྱུར། །རང་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས། །བསྐྱེད་པ་དང་འདྲའི་ཡེ་ཤེས་དཀྱིལ་འཁོར་གྱི། །རྟེན་དང་བརྟེན་པར་བཅས་པ་སངས་རྒྱས་དང་། །བྱང་སེམས་སྲས་དང་བཙུན་མོའི་ཚོགས་བསྐོར་བ། །མདུན་མཁར་སྤྱན་དྲངས་བཛྲ་མཱ་ཛཿཞེས་རྡོ་རྗེ་བསྡུ་བའི་རྒྱས་སྤྱན་དྲངས་ལ་མཆོད་པ་ནི། ༀ། ཉེར་སྤྱོད་བདུན་དང་ཤ་ལྔ་བདུད་རྩི་ལྔ། །ཟག་མེད་བདེ་ཆེན་མཆོད་འབུལ་བྱིན་གྱིས་རློབས། །ༀ་བཛྲ་ཨརྒྷཾ། དྷཱུ་པེ། པུཥྤེ་སོགས་ཀྱིས་མཆོད། ཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་གྱུར། མདུན་མཁར་ཡེ་ཤེས་དཀྱིལ་འཁོར་ལྷ་ཚོགས་རྣམས། །རྒྱུད་བསྐུལ་ཐུགས་ལས་མཁའ་འགྲོ་མ་ཚོགས་སྤྲོས། །མཚམས་བསྲུང་ཤིས་བརྗོད་བུམ་པས་དབང་བསྐུར་གྱུར། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཆུ་ཞབས་ཡར་ལུད་གཙོ་བོར་སྣང་མཐའ་ཡས། །ཡུམ་ལ་རྣམ་སྣང་འཁོར་རྣམས་མི་བསྐྱོད་པ། །རིན་འབྱུང་འོད་དཔག་དོན་གྲུབ་རྒྱས་གདབ་གྱུར། །བདག་ཉིད་ཐུགས་ཀར་པདྨ་ལ་གནས་བའི། །ཧྲཱིཿདང་ཡུམ་གྱི་ཐུགས་ཀར་ཆོས་འབྱུང་དབུས། །ཧྲཱིཿལས་འོད་ཟེར་དཀར་སེར་དམར་ལྗང་འཕྲོས། །འཕགས་མཆོད་ཀུན་ཀྱང་ཐུགས་རྗེ་ཆེན་


SPN001_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་སྐུ། །ཆར་བབས་རང་ཐིམ་སླར་ཡང་ཧྲཱིཿཡིག་འོད། །ཞལ་ནས་ཐོན་ཅིང་རིགས་བཞི་ཡབ་ཡུམ་དང་། །མཁའ་འགྲོ་བཞི་ཡི་ཐུགས་ཀར་ཐིམ་སོ་སོའི། །ཐུགས་ལས་འོད་འཕྲོས་ཞལ་བརྒྱུད་བདག་ཡབ་ཡུམ། །ཐུགས་ཀའི་ཧྲཱིཿར་ཐིམ་ལས་བཞི་འགྲུབ་པར་གྱུར། །ༀ་ཨཱཿཧཱུྃ་ཧྲཱིཿༀ་མ་ཎི་པདྨེ་ཧཱུྃ། ཞེས་ཡི་གེ་བཅུ་པ་ཅི་ནུས་བཟླས། དྷུ་མ་གྷ་ཡེ་ན་མ་སྭཱ་ཧཱ། ཧ་རི་ནི་ས་ར་ཙ་ཧྲི་ཡ་ཧཱུྃ་ཛཿཞེས་དཔའ་བོ་མཁའ་འགྲོ་ཡོངས་ཀྱི་སྙིང་པོ་ཅི་རིགས་སུ་བཟླའོ། །དེ་ནས་ཐུན་མཐར་རྫོགས་རིམ་ནི། སླར་ཡང་རང་གི་ཐུགས་ལས་འོད་ཟེར་འཕྲོས། །འཁོར་འདས་ལྷར་གསལ་ལ་ཐིམ་དེ་དག་ཀྱང་། །འོད་ཞུ་སྲུང་བའི་གུར་ཐིམ་རང་ལ་བསྡུ། །རང་ཡང་ཐུགས་ཀའི་ཧྲཱིཿཡིག་ལ་ཐིམ་པས། །ཧྲཱིཿཡང་འོད་ཞུ་གོང་བུ་ནཱ་ཱད་ལས། །མི་དམིགས་འོད་གསལ་སྤྲོས་བྲལ་ངང་དུ་བཞག །ཅེས་ཅི་གནས་སུ་བཞག །སླར་ཡང་རང་ཉིད་ཞལ་གཅིག་ཕྱག་གཉིས་པ། །སྤྱན་རས་གཟིགས་གསལ་ཕྱི་སྣོད་གཞལ་ཡས་ཁང་། །ནང་བཅུད་ལྷ་དང་སྒྲ་གྲགས་སྔགས་ཀྱི་གདངས། །དྲན་རྟོག་ཏིང་འཛིན་ངང་ལ་ངོ་བོ་སྐྱོང་། །སྤྱན་རས་གཟིགས་དབང་འཇིག་རྟེན་མགོན། །ཚད་མེད་ཐུགས་རྗེའི་རབ་བགྲོད་ཀྱིས། །དེང་འདིར་འགྲོ་དྲུག་སེམས་ཅན་རྣམས། །ཀུན་ཀྱང་མངོན་སངས་རྒྱས་གྱུར་ཅིག །ཅེས་དང་། བསྔོ་བ་སྨོན་ལམ་ཅི་བདེར་བྱའོ། །ཞེས་པའང་རྒྱལ་རོང་ཁྲོ་ཆུ་ཤུ་བྷཾ་ཆོས་གྲྭའི་སྒྲུབ་ཆེན་བླ་མ་བཛྲ་ལཀྵའི་གཡར་ངོར། སི་ཏུ་པདྨ་ཉིན་བྱེད་དབང་པོས་བཀོད་པ་དགེ་བར་གྱུར་ཅིག །སརྦ་མངྒ་ལཾ།། །།

རྡོ་རྗེ་རྣམ་འབྱོར་མའི་བདག་བསྐྱེད་རྒྱུན་ཁྱེར་མཁའ་སྤྱོད་འཛུམ་ཞལ།


SPN001_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

༈ རྡོ་རྗེ་རྣམ་འབྱོར་མའི་བདག་བསྐྱེད་རྒྱུན་ཁྱེར་མཁའ་སྤྱོད་འཛུམ་ཞལ་བཞུགས། སྭ་བྷཱ་ཝས་སྦྱངས། སྟོང་ལས་ཁམས་གསུམ་ཆོས་འབྱུང་གཞལ་ཡས་དབུས། །པདྨ་རོ་ཉིའི་སྟེང་དུ་རང་སེམས་ཧྲཱིཿ། དམར་པོའི་འོད་ཀྱིས་དོན་གཉིས་བྱས་ཡོངས་གྱུར། །བདག་ཉིད་རྡོ་རྗེ་རྣལ་འབྱོར་མ་དམར་མོ། །ཞལ་གཅིག་ཁྲོ་གཉེར་སྤྱན་གསུམ་དམར་ལ་ཟླུམ། །དབུ་སྐྲ་ཁམ་ནག་འབར་འཕྱང་ཐོད་སྐམ་བརྒྱན། །མཆེ་གཙིགས་ཚེམས་ཀྱིས་མ་མཆུ་མནན་ཕྱག་གཉིས། །གྲི་གུག་ཐོད་ཁྲག་གྲུ་མོར་ཁ་ཊྭཱྃ་བརྟེན། །ཐོད་རློན་དོ་ཤལ་མེ་ཏོག་དྲིལ་གཡེར་དང་། །ཕྱག་རྒྱ་ལྔས་བརྒྱན་གཡོན་བརྐྱང་གར་གྱིས་རོལ། །སྟོང་གསུམ་ཁྱབ་ཅིང་གཟི་འབར་གནས་གསུམ་དུ། །འབྲུ་གསུམ་མཚན་ལས་འོད་འཕྲོས་ཨོ་རྒྱན་ནས། །ཡེ་ཤེས་སྤྱན་དྲངས་དབང་བསྐུར་རྒྱས་གདབ་གྱུར། །གསང་བར་ཆོས་འབྱུང་པད་འདབ་བཞིར་ཧ་རི། །ནི་ས་དབུས་སུ་ཧྲཱིཿམཐར་སྔགས་ཕྲེང་གཡོན། །འཁོར་བས་མཆོག་ཐུན་དངོས་གྲུབ་ཐོབ་པར་གྱུར། །ༀ་བཛྲ་བཻ་རོ་ཙ་ནི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་སྭཱཧཱ། ཅི་ནུས་མཐར། སྣོད་བཅུད་འོད་ཞུ་བདག་ཐིམ་དེ་ཡང་ཧྲཱིཿ། ཐིག་ལེ་ནཱ་ད་མི་དམིགས་འོད་གསལ་ངང་། །སླར་ཡང་བཅོམ་ལྡན་འདས་མའི་སྐུ་རུ་གསལ། །སྣང་གྲགས་ལྷ་ཡི་དཀྱིལ་འཁོར་ཉིད་དུ་ཤར། །དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་ཕག་མོ་སོགས་ནས་དགེ་བསྔོ་བྱ། དེ་ལྟར་བུ་རྒྱལ་


SPN001_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བསྐུལ་ལྟར་སྤེལ་བ་དགེ། །།རང་ཉིད་ལྷར་གསལ་ཐུགས་ལས་རྃ་ཡྃ་ཁྃ། །ཚོགས་རྫས་ལ་ཐིམ་གཉིས་འཛིན་དྲི་མ་སྦྱངས། །ༀ་ཨཱཿཧཱུྃ་གིས་ཡེ་ཤེས་བདུད་རྩིར་སྤེལ། །འདོད་ཡོན་ཟག་མེད་བདེ་ཆེན་མཆོད་སྤྲིན་གྱུར། །ཅེས་པས་བྱིན་བརླབས་ལ། ཧཱུྃ། དཀོན་མཆོག་ཀུན་འདུས་པདྨ་འབྱུང་གནས་མཆོག །རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་གནས་འདིར་གཤེགས། །དམ་ཚིག་རྫས་མཆོག་པཉྩ་ཨ་མྲྀ་ཏ། །ག་ཎ་ཙཀྲའི་མཆོད་པ་ཆེན་པོ་འབུལ། །ཐུགས་དམ་བསྐང་ངོ་ནོངས་བཤགས་བར་ཆད་བགེགས། །དབྱིངས་སུ་དག་ཅིང་མཆོག་ཐུན་དངོས་གྲུབ་སྩོལ། །ཅེས་ཚོགས་ཀྱི་མཆོད་པ་འབུལ་ནས་ལྷག་གཏོར་བསྔོ་བ་ནི། བཀའ་ཡི་ལྷག་གཏོར་དབང་རྣམས་འདིར་བྱོན་ལ། །ཚོགས་ལྷག་བཤལ་ཆུའི་དམ་བསྐང་ཕྲིན་ལས་མཛོད། །ཅེས་པའང་ཚོགས་མཆོད་ཁྱེར་བདེར་ཨཱནནྡ་ཤཱ་ས་ནའི་བཞེད་ལྟར། སི་ཏུ་པདྨ་དེ་ཝེནྡྲའི་ལི་ཁི་ཏཾ། སརྦ་ཐཱ་མངྒ་ཀུརྦནྟུ།། །།

རྒྱལ་ཡུམ་འཆི་མེད་མཆོག་སྟེར་འཕགས་མ་ཡིད་བཞིན་འཁོར་ལོའི་སྒོམ་བཟླས་ནི།


SPN001_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཡུམ་འཆི་མེད་མཆོག་སྟེར་འཕགས་མ་ཡིད་བཞིན་འཁོར་ལོའི་སྒོམ་བཟླས་ནི། སྐྱབས་ཡུལ་དཀོན་མཆོག་རྣམས་ལ་ཕྱག་འཚལ་ཞིང་། །འགྲོ་བའི་དུཿཁ་སྒྲོལ་ཕྱིར་སེམས་བསྐྱེད་དོ། །ༀ་སྭ་བྷཱ་ཝ་སོགས་ཀྱིས་སྦྱངས་ལ། སྟོང་པའི་རང་མདངས་མ་འགགས་སྣང་བའི་རྩལ། །རང་བྱུང་རིག་པའི་ངོ་བོ་ཏཱྃ་ཡིག་དཀར། །དེ་ལས་འོད་འཕྲོས་འཕགས་མཆོད་འགྲོ་དོན་བྱས། །ཚུར་འདུས་


SPN001_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་གྱུར་འཆི་མེད་མཆོག་སྦྱིན་ཡུམ། །སྟོན་མཚན་དབང་པོ་ཉ་རྒྱས་ལྟ་བུའི་མདོག །བརྒྱད་གཉིས་ལང་ཚོས་སྒེག་པ་ཞི་འཛུམ་ལྡན། །ཞལ་གཅིག་ཕྱག་གཉིས་དབུ་དང་ཕྱག་ཞབས་མཐིལ། །ཡེ་ཤེས་སྤྱན་བདུན་བཀྲ་ཞིང་དཀར་འཛིན་ཟུང་། །རབ་རྒྱས་མཐོན་མཐིང་ལྕང་ལོ་ལྟག་པར་འཕྱང་། །ཕྱག་གཡས་མཆོག་སྦྱིན་གཡོན་པས་ཨུཏྤ་ལ། །ལོ་འདབ་གེ་སར་བཞད་པ་ཐུགས་ཀར་བསྣམས། །མུ་ཏིག་གཙོར་གྱུར་རིན་ཆེན་སྣ་ཚོགས་ཀྱི། །དབུ་རྒྱན་དར་དཔྱངས་སྙན་ཆ་མགུལ་ཆུ་དང་། །དོ་ཤལ་སེ་མོ་དོ་དང་ཕྱག་ཞབས་གདུབ། །སྐ་རགས་གཡེར་ཁའི་ཕྲེང་བས་མངོན་པར་མཛེས། །ལྷ་རྫས་དཀར་པོས་སྟོད་གཡོགས་སྣ་ཚོགས་དར། །སྨད་དཀྲིས་དང་བཅས་ཞབས་གཉིས་སྐྱིལ་མོ་ཀྲུང་། །པད་ཟླའི་གདན་བཞུགས་ཙནྡྲའི་རྒྱབ་ཡོལ་གསལ། །གནས་གསུམ་འབྲུ་གསུམ་ཐུགས་ཀར་ཏཱྃ་ཡིག་མཚན། །དེ་ལས་འོད་འཕྲོས་པོ་ཊ་ལ་ཞིང་ནས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་དབྱེར་མེད་ཐིམ། །དབང་ལྷས་དབང་བསྐུར་སྣང་མཐས་རྒྱས་གདབ་གྱུར། །ༀ་ཨཱཪྱ་ཏཱ་རེ་བཛྲ་ཨརྒྷཾ་ཨཱཿཧཱུྃ། སོགས་ནས། ཤབྡའི་བར་གྱིས་མཆོད། སྙིང་གར་པད་ཟླའི་སྟེང་དུ་འཁོར་ལོ་དཀར། །རྩིབས་བརྒྱད་མུ་ཁྱུད་དང་བཅས་ལྟེ་བར་ཏཱྃ། །གཡས་སུ་ༀ་དང་སྤེལ་ཚིག་སྔགས་མཐར་ཧཱ། །རྩིབས་རྣམས་སོ་སོར་ཡིག་འབྲུ་བརྒྱད་དེ་ལས། །འོད་འཕྲོས་རྒྱལ་བའི་བྱིན་རླབས་བརྟན་གཡོའི་བཅུད། །


SPN001_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ནས་འཁོར་ལོ་ཡིག་འབྲུར་ཐིམ་པར་གྱུར། །ཡི་གེ་བཅུ་པ་ཅི་ནུས་བཟླ་ཞིང་། སྔགས་སྤེལ་ཚིག་ཅན་ཡང་བཟླའོ། །ཐུན་མཐར། སྣང་སྲིད་ཡེ་ཤེས་ལྷ་ཡི་དཀྱིལ་འཁོར་པ། །བདག་ཉིད་ལ་ཐིམ་རང་ལྷར་གསལ་བ་ཡང་། །ཡས་མར་འདུས་ནས་ཐུགས་ཀའི་ཏཱྃ་ལ་ཐིམ། །དེ་ཡང་འོད་ཞུ་ཐིག་ལེ་ནཱ་དར་བསྡུ། །སེམས་ཉིད་མ་བཅོས་སྤྲོས་དང་བྲལ་བའི་དབྱིངས། །དམིགས་མེད་བདེ་གསལ་མི་རྟོག་ངང་དུ་བཞག །ཅེས་མཉམ་པར་བཞག་ལ་རྗེས་ཐོབ་ནི། སླར་ཡང་སྣང་སྟོང་ཟུང་འཇུག་ལྷ་སྐུར་ལྡང་། །འཇིག་རྟེན་དབང་སྲས་འཕགས་མའི་གོ་འཕང་ལ། །མཁའ་དང་མཉམ་པའི་སྲིད་འགྲོ་ཇི་སྙེད་པ། །འགོད་ཕྱིར་འཁོར་གསུམ་དམིགས་མཐའ་བྲལ་བར་བསྔོ། །ཅེས་པའང་སི་ཏུ་པས་རྒྱལ་བའི་ཕྲིན་ལས་དབོན་གང་དེའི་བཞེད་ལྟར་བཀོད་པ་ཤུ་བྷ་པུཥྚིཾ།། །།སྣང་སྲིད་གཉིས་བསྡུས་ཆོས་རྣམས་ཀུན། །སྟོང་པར་གྱུར་པ་དེའི་ངང་ལས། །བྃ་ལས་ཡན་ལག་བརྒྱད་ལྡན་མཚོར། །པྃ་ལས་པད་དཀར་འདབ་སྟོང་ལྡན། །ཨ་ལས་ཟླ་དཀྱིལ་སྟེང་དུ་ནི། །རང་སེམས་ཏཱྃ་ལས་འོད་འཕྲོས་པས། །དོན་གཉིས་བྱས་ཏེ་འཕགས་མའི་སྐུ། །ཆུ་ཤེལ་སྟོན་ཟླའི་ཁ་དོག་ཅན། །ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན། །གཡོན་པའི་མཐེབ་སྲིན་ཨུཏྤལ་བསྣམས། །སྤྱན་བདུན་བཀྲ་ཞིང་ལྷ་རྫས་ཀྱི། །དར་དཀར་སྟོད་གཡོགས་སྣ་ཚོགས་དར། །སྨད་གཡོགས་དབུ་རྒྱན་སྙན་རྒྱན་དང་། །མགུལ་རྒྱན་


SPN001_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ཞབས་གདུ་བུ་སོགས། །རིན་ཆེན་རྒྱན་ཀུན་རབ་མཛེས་པ། །ཞབས་གཉིས་རྡོར་སྐྱིལ་ཟླ་བ་ཡི། །རྒྱབ་ཡོལ་འོད་དང་འོད་ཟེར་འཕྲོ། །གནས་གསུམ་ༀ་ཨཱཿཧཱུྃ་ཡིག་དང་། །ཐུགས་ཀའི་ཆ་སྨད་ཏཱྃ་ཡིག་མཚན། །འོད་འཕྲོས་པ་ོཊ་ལ་ཞིང་ནས། །རང་འདྲའི་ལྷ་མོ་དཔག་མེད་པ། །སྤྱན་དྲངས་དམ་ཡེ་གཉིས་མེད་བསྟིམ། །རང་གི་ཐུགས་ལས་འོད་འཕྲོས་པས། །དབང་ལྷས་དབང་བསྐུར་མཆོད་པས་མཆོད། །རིགས་བདག་འོད་དཔག་དབུ་རྒྱན་གྱུར། །ཐུགས་ཀར་ཟླ་སྟེང་འཁོར་ལོ་དཀར། །རྩིབས་བརྒྱད་མུ་ཁྱུད་དང་བཅས་པ། །དབུས་སུ་ཏཱྃ་མཐར་སྔགས་ཕྲེང་དང་། །རྩིབས་བརྒྱད་ཡིག་བརྒྱད་འགྲེང་ཐབས་འཁོད། །འོད་ཀྱིས་རྒྱལ་མཆོད་སེམས་ཅན་ཀུན། །སྒྲིབ་སྦྱང་བརྟན་གཡོ་སྣོད་བཅུད་ཀྱི། །དཔལ་འབྱོར་བསྡུས་ནས་ཡིག་འབྲུར་ཐིམ། །ཚེ་དབང་ཡེ་ཤེས་དབང་ཐོབ་གྱུར། །ཡི་གེ་བཅུ་པ་ཅི་ནུས་བཟླས་ལ། ཕྱི་ནང་སྣོད་བཅུད་དངོས་པོ་རྣམས། །འཕགས་མའི་དཀྱིལ་འཁོར་ཡོངས་ཤར་བ། །ཀུན་ཀྱང་རང་ཐིམ་འོད་ཞུ་ནས། །ཏཱྃ་ཡིག་ནཱ་ད་འོད་གསལ་བ། །དམིགས་མེད་སྤྲོས་བྲལ་བདེ་བ་ཆེ། །གང་ཤར་ཆོས་སྐུའི་ངང་དུ་བཞག །སླར་ཡང་རྗེ་བཙུན་འཕགས་མའི་སྐུ། །ཡོངས་གྱུར་གནས་གསུམ་ཡིག་གསུམ་མཚན། །གཟུང་འཛིན་དངོས་ཀུན་ཆོས་རྣམས་ཀུན། །ལྷ་སྔགས་ཡེ་ཤེས་རོལ་པར་ཤར། །དགེ་བ་འདི་ཡིས་སོགས། ཅེས་གནས་


SPN001_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་ཀྱུ་ར་དགེ་སློང་ཀརྨ་ཡེ་ཤེས་ངོར་སྤེལ།། །།སྟོང་པའི་ངང་ལས་པད་ཉི་ལ་ཧྲཱིཿལས་སྒྲོལ་མ་དམར་མོ། ཕྱག་གཡས་སྐྱབས་སྦྱིན་དང་། གཡོན་ལྕགས་ཀྱུས་མཚན་པའི་ཨུཏྤལ་འཛིན་པ། ལྷ་དང་མི་ལས་འདས་པའི་རྒྱན་དུ་མས་སྤྲས་པ། ཞབས་རོལ་པའི་སྟབས་ཀྱིས་མི་ཡི་དབང་པོ་མནན་པར་བསམ་ལ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་ཅི་ནུས་བཟླས་མཐར། སྨོན་ལམ་ནི། བཅོམ་ལྡན་སྒྲོལ་མ་དབང་མཛད་དཔལ་མོ་ལ། །དེང་བཟུང་སྙིང་པོའི་བར་དུ་སྐྱབས་གསོལ་འདེབས། །རྒྱལ་པོས་འཇིགས་སོགས་བར་ཆད་ནད་གདོན་ཞི། །ཚེ་བསོད་འབྱོར་རྒྱས་བྱང་ཆུབ་ཆེ་ཐོབ་ཤོག །ཅེས་སི་ཏུ་པདྨའི་མིང་གིས་དད་གསུམ་ལྡན་པ་རྨད་དགའ་ལ་སྤེལ་བ། མ་གཞི་ཨ་རཱ་གའི་གསུངས་པ་གཞིར་བཞག །སྨོན་གསོལ་སྤེལ་བ་དགེའོ།། །།སྭསྟི། མཆོག་གསུམ་རྒྱལ་ལ་གུས་འདུད་འགྲོ་བ་རྣམས། །འབྱུང་བ་ཞུགས་ལྕེའི་འཇིགས་ལས་སྐྱོབ་པའི་ཕྱིར། །ཏཱ་ར་ཀྲོ་དྷིའི་བསྐྱེད་བཟླས་ཟབ་གནད་དོན། །འཇུག་བདེ་འདིར་བཀོད་བཀའ་ཡི་གནང་བ་སྩོལ། །སྭ་བྷ་ཝས་སྦྱངས། ཆོས་རྣམས་དམིགས་མེད་སྟོང་པའི་རང་མདངས་ལས། །སྣ་ཚོགས་པདྨ་ཟླ་བའི་དཀྱིལ་འཁོར་སྟེང་། །རང་ཉིད་སྐད་ཅིག་འཕགས་མ་སྒྲོལ་མ་


SPN001_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག །རབ་ཁྲོས་པདྨ་རཱ་གའི་རི་བོ་ལྟར། །དྭངས་ཤིང་གསལ་ལ་འོད་འཚེར་ཞལ་བདུན་ལྡན། །མཆེ་གཙིགས་ལྗགས་བསྐྱོད་རལ་གཡེངས་སྨིན་མ་འབར། །ཕྱག་གཉིས་ནོར་བུ་ཆུ་ཤེལ་བདུད་རྩི་ཅན། །འོད་དཀར་བསིལ་བའི་རང་བཞིན་དཀྱིལ་འཁོར་བསྣམས། །དར་དང་རིན་ཆེན་རུས་པའི་རྒྱན་དང་ནི། །སྟག་གི་ཤམ་གསོལ་ཞབས་གཉིས་རོལ་སྟབས་ཀྱི། །འོད་དང་འོད་ཟེར་སྣ་ཚོགས་ཀློང་དུ་གསལ། །གནས་གསུམ་འབྲུ་གསུམ་ཐུགས་ཀའི་ཧཱུྃ་འོད་ཀྱིས། །བསྐུལ་བས་ཡེ་ཤེས་སྤྱན་དྲངས་དབྱེར་མེད་གྱུར། །ཐུགས་ཀར་ཟླ་སྟེང་ཡིག་བཅུའི་སྔགས་ཕྲེང་ལས། །འོད་འཕྲོས་རང་གཞན་བསྐལ་པ་ནས་བསགས་པའི། །སྡིག་སྒྲིབ་ཉེས་ཚོགས་འཕྲལ་གྱི་མི་མཐུན་ཕྱོགས། །འཇིགས་བརྒྱད་བཅུ་དྲུག་ཞི་ཞིང་ཨགྣེ་ཡེ། །བར་ཆད་ལས་རྒྱལ་སྣོད་བཅུད་དག་པའི་ཞིང་། །པོ་ཊ་ལ་ཡི་གནས་མཆོག་མངོན་གྱུར་ནས། །སྣང་གྲག་རྟོག་ཚོགས་ལྷ་ཡི་དཀྱིལ་འཁོར་ཤར། །གཟུངས་སྔགས་རང་སྒྲས་སྣང་སྲིད་ཞི་བ་དང་། །བྱམས་པའི་ངང་ལས་དགེ་ལེགས་སྐྱེད་པར་གྱུར། །ༀ་ཤྲི་ཁཱི་བ་ད་ནེ་མ་ཧཱ་ཨུལྐ་མུ་ཁི་ཛྭ་ལ་མ་ལི་ནཱ་སཔྟ་ཛི་ཧྭཱི། སཔྟ་མུ་ཁཱི་བི་ཤྭ་ན་རི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཅི་ནུས་བཟླ་ཞིང་ལྷ་ཡི་ང་རྒྱལ་བརྟན་པོས་དམིགས་


SPN001_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གསལ་འདེབས་གང་འོས་བྱའོ། །མཐར་ནི་ལྷ་སྐུ་མི་དམིགས་སྟོང་པའི་ངང་། །མ་བཅོས་སྤྲོས་པ་བྲལ་བའི་ཀློང་དུ་བཞག །དགེ་བས་བདག་གཞན་སྔོན་བསགས་འཕྲལ་ལས་དབང་། །རྐྱེན་ངན་གྲོལ་ཞིང་བསམ་དོན་ཆོས་བཞིན་འགྲུབ། །མཁའ་མཉམ་འགྲོ་བ་རྣམ་པར་གྲོལ་བའི་ལམ། །བཀོད་པའི་ཕྲིན་ལས་གེགས་མེད་ཉིད་འགྲུབ་ཤོག །ཅེས་པའང་རིག་འཛིན་བླ་མའི་ཐུགས་ཀྱི་སྲས་མཆོག་ཚེ་དབང་དཔལ་དར་མཆོག་སྤྲུལ་གྱི་བཀའི་བཞེད་ལྟར། སི་ཏུ་པདྨ་ཉིན་བྱེད་དབང་པོས་བཀོད་དེ་ཕུལ་པ་མངྒ་ལཾ། །


previousརྒྱུན་ཁྱེར་གྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་དངོས་གྲུབ་བདུད་རྩིའི་གཏེར་མཛོད། next