Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  expand section
   
   
   
   
   
   
   
  expand section
   
དབེན་པར་གནས་པའི་དགེ་སློང་གཅིག་པུའི་གསོ་སྦྱོང་།
   
  expand section
   
  expand section
   
   
   
   
   
   
   


 
previousདབེན་པར་གནས་པའི་དགེ་སློང་གཅིག་པུའི་གསོ་སྦྱོང་། next

དབེན་པར་གནས་པའི་དགེ་སློང་གཅིག་པུའི་གསོ་སྦྱོང་།


SPN001_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

དབེན་པར་གནས་པའི་དགེ་སློང་གཅིག་པུའི་གསོ་སྦྱོང་བཞུགས། སྭ་སྟི། དགེ་སློང་གཅིག་པུ་དབེན་པར་གནས་པ་དག་གིས་ཟླ་བ་ཕྱེད་ཕྱེད་ཀྱི་གསོ་སྦྱོང་བྱིན་རླབས་བྱ་ཚུལ་ནི། དང་པོ་ཐུབ་དབང་གི་སྐུ་དང་མཎྜལ་སོགས་མཆོད་པ་གང་འབྱོར་བཤམས་ལ། སངས་རྒྱས་ཆོས་སོགས་ལན་གསུམ། སེམས་ཅན་ཐམས་ཅད་སོགས་ལན་གསུམ། ཐམས་ཅད་དུ་ནི་ས་གཞི་དག་སོགས། མ་ལུས་སེམས་ཅན་སོགས། བཅོམ་ལྡན་འདིར་ནི་སོགས། ཇི་ལྟར་བལྟམས་པ་སོགས། སྲབ་འཇམ་ཡངས་པ་སོགས། དེ་ལས་གཞན་ཡང་སོགས། དེ་ནས་ཕྱག་འཚལ་བའམ་ཐལ་མོ་སྦྱར་ལ། ཇི་སྙེད་སུ་དག་སོགས། བསྡུ་ན། ཕྱག་འཚལ་བ་སོགས་བརྗོད། ཡིག་བརྒྱ་དང་མཎྜལ་སོ་བདུན་མ་རྒྱས་པའམ་འབྲིང་པོ། བསྡུ་ན། ས་གཞི་སྤོས་སོགས། རྒྱས་བསྡུས་ཇི་ལྟར་ཡང་ཐལ་མོ་སྦྱར་བཞིན། ཐུབ་བསྟོད་གང་རུང་ཞིག་དང། ཐམས་ཅད་མཁྱེན་པ་སོགས་དཀོན་མཆོག་རྗེས་དྲན་མདོ་བཏོན། སྐར་མ་རབ་རིབ་སོགས། ཆོས་རྣམས་ཐམས་ཅད་སོགས། བསྟན་པ་ཡིན་བར་དང་། ལུས་ཀྱི་སྡོམ་པ་སོགས། བསོད་ནམས་འདི་ཡིས་སོགས། ཕྱག་གསུམ་འཚལ་ནས་ཐང་ཤད་བཅས་ཙོག་པུར་ཐལ་མོ་སྦྱར་ལ། ལྷ་རྣམས་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པའམ། བཅོ་ལྔ་པ་


SPN001_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་ཏེ། བདག་ཤཱཀྱིའི་དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་གསོ་སྦྱོང་བཅུ་བཞི་པའམ། བཅོ་ལྔ་པ་ལགས་ལ། བདག་ཤཱཀྱའི་དགེ་སློང་མིང་འདི་ཞེས་བགྱི་བ་བར་ཆད་ཀྱི་ཆོས་རྣམས་ཀྱིས་ཡོངས་སུ་དག་གོ་ཞེས་བདག་སྨྲ་ན། བདག་ཡོངས་སུ་དག་པར་ལྷ་རྣམས་ཀྱིས་གཟུང་དུ་གསོལ། བདག་ཤཱཀྱའི་དགེ་སློང་མིང་འདི་ཞེས་བྱ་བས་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། དེང་གསོ་སྦྱོང་བྱིན་གྱིས་བརླབ་བོ། །གང་གི་ཚེ་དགེ་འདུན་གྱི་ཚོགས་པ་རྙེད་པ་དེའི་ཚེ་དགེ་འདུན་དང་ལྷན་ཅིག་དུ་གསོ་སྦྱོང་རྒྱ་ཆེར་ཉམས་སུ་མྱོང་བར་བྱ་ཞིང་། སོ་སོ་ཐར་པའི་མདོ་གདོན་པར་བགྱིའོ། །ཞེས་ལན་གསུམ་བརྗོད། ལྷ་རྣམས་ཀྱིས། ཐབས་ཡིན་ནོ། །གསུང་བར་མོས་ལ། ལན་དུ། ལེགས་སོ་བརྗོད་ལ་ཕྱག་གསུམ་དང་ཐང་ཤད་བཅས་འཁོད་ནས། ཁྲིམས་ཀྱི་ཚུལ་ཁྲིམས་སོགས། རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། །བཟང་པོ་སྤྱོད་པ་ཡོངས་སུ་སོགས་ནས། སྤྱོད་པར་ཤོག་བར། འདི་ལྟར་བགྱིས་པའི་སོགས། རྒྱལ་བ་བྱམས་པ་སོགས། དགེ་བ་འདི་ཡིས་ཚེ་རབས་སོགས། ཇི་ལྟར་སྔོན་གྱི་སོགས་བརྗོད། དེ་ལྟར་བྱས་པས་ལྟུང་བ་མི་འཕེལ་བར་བྱིན་གྱིས་བརླབ་པར་འགྱུར་ཞེས། རྗེ་ཆོས་ཀྱི་དབང་ཕྱུང་གི་གསུང་རྒྱུན་ལས་བྱུང་ཞིང་། རང་རེ་བསྟན་སྒོར་འཇུག་པ་རྣམས་ཀྱི་དོན་ཆེད་དུ་༧སི་ཏུ་པདྨའི་མིང་གིས་ཟིན་ཐོར་སྤེལ་ཞིང་། འདི་ཧོར་ཟླ་གཉིས་པ། བཞི་པ། དྲུག་པ། བརྒྱད་པ། བཅུ་པ། བཅུ་གཉིས་པ་རྣམས་ཀྱི་


SPN001_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་དགུ་ཆད་པའི་གནམ་སྟོང་ལ་གསོ་སྦྱོང་བཅུ་བཞི་པ་དང་། དེ་འཕྲོའི་གནམ་སྟོང་རྣམས་དང་། བཅོ་ལྔ་ཀུན་ལ་གསོ་སྦྱོང་བཅོ་ལྔ་པ་སྟེ། ཟླ་བཤོལ་སྐབས་ཟླ་བ་དེའི་སྔོན་རྗེས་གཉིས་ཀར་དུས་ཚིགས་འདྲ་བར་བརྗོད་དགོས་སོ། །མངྒ་ལམ།། །།


previousདབེན་པར་གནས་པའི་དགེ་སློང་གཅིག་པུའི་གསོ་སྦྱོང་། next