Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  expand section
   
   
   
   
   
   
   
  expand section
   
   
བཅོམ་ལྡན་མ་ཧཱ་མཱ་ཡཱའི་ཚོགས་མཆོད་འདོད་དགུ་མྱུར་སྟེར།
  expand section
   
  expand section
   
   
   
   
   
   
   


 
previousབཅོམ་ལྡན་མ་ཧཱ་མཱ་ཡཱའི་ཚོགས་མཆོད་འདོད་དགུ་མྱུར་སྟེར། next

བཅོམ་ལྡན་མ་ཧཱ་མཱ་ཡཱའི་ཚོགས་མཆོད་འདོད་དགུ་མྱུར་སྟེར།


SPN001_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་མ་ཧཱ་མཱ་ཡཱའི་ཚོགས་མཆོད་འདོད་དགུ་མྱུར་སྟེར་ཞེས་པ་བཞུགས་སོ། །


SPN001_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་མ་ཧཱ་མཱ་ཡཱའི་སྒྲུབ་མཆོད་དམ། དབང་བསྐུར་ལ་སོགས་པའི་དུས་རྣལ་འབྱོར་ཕོ་མོ་ཟུང་དུ་གྱུར་པའི་དཔའ་བོའི་སྟོན་མོ་བྱ་བར་ཡང་གསུངས་ཏེ། ཚོགས་ཀྱི་འཁོར་ལོའི་གནས་ཉིད་དང་། །དཔའ་བོ་དང་ནི་དཔའ་མོ་ཡི། །སྟོན་མོར་གྱུར་པ་ཉིད་དང་ཡང་། །སྣ་ཚོགས་སྟོན་མོའི་རིམ་ཤེས་པས། །ཐབས་དང་ཤེས་རབ་གསང་བ་ཡིས། །མཆོག་ཏུ་གྱུར་པ་འདིར་བརྗོད་ཡིན། །ཞེས་གསུངས་པ་ལྟར་བྱ་བར་འདོད་པའི་རྣལ་འབྱོར་པས། ཐབས་ཤེས་ཀྱི་རྫས་རྣམས་སྟག་གི་པགས་པའི་སྟེང་དུ་བཤམས་ལ་བདུད་རྩི་བྲན་ཞིང་། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཡྃ་ལས་རླུང་གི་དཀྱིལ་འཁོར་ཟླ་གམ། ཞེས་པ་ནས། རོ་གཅིག་ཏུ་གྱུར། ༀ་ཨཱཿཧཱུྃ། ལན་གསུམ། ནང་མཆོད་


SPN001_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བྱིན་གྱིས་བརླབས། ན་མོ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ། རང་བཞིན་གྱི་རྣམ་པར་དག་པ་སྐྱེ་བ་མེད་པ། ངོ་བོ་རྣམ་པར་དག་པ་ཨཱ་ལི་ཀཱ་ལི། མཚན་ཉིད་རྣམ་པར་དག་པ་ཤ་ལྔ་བདུད་རྩི་ལྔར་རྒྱས་བཏབ་པ་འདི། འབུལ་བའི་གནས་ནི་བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས། ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་ཁཱ་ཧི། ཞེས་ལན་གསུམ་བརྗོད། ཧཱུྃ། རང་སྣང་ཆོས་སྐུའི་ཀློང་ཡངས་ནས། །བཀའ་བརྒྱུད་བླ་མ་སྤྲིན་ལྟར་གཏིབས། །འདིར་གཤེགས་འདོད་ཡོན་ཚོགས་མཆོད་བཞེས། །མཆོག་ཐུན་དངོས་གྲུབ་


SPN001_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་ཆེན་སྩོལ། །འོག་མིན་མཁའ་སྤྱོད་ཞིང་ཁམས་ནས། །ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །འདིར་གཤེགས་འདོད་ཡོན་ཚོགས་མཆོད་བཞེས། །མཆོག་ཐུན་དངོས་གྲུབ་ཆར་ཆེན་སྩོལ། །མཁའ་ཁམས་རྣམ་པར་དག་པ་ཡི། །སངས་རྒྱས་མཁའ་འགྲོ་བདེ་ཆེན་ཡུམ། །འདིར་གཤེགས་འདོད་ཡོན་ཚོགས་མཆོད་བཞེས། །མཆོག་ཐུན་དངོས་གྲུབ་ཆར་ཆེན་སྩོལ། །ས་ཁམས་རྣམ་པར་དག་པ་ཡི། །མི་འགྱུར་རྡོ་རྗེ་ཌཱ་ཀི་མ། །འདིར་གཤེགས་འདོད་ཡོན་ཚོགས་མཆོད་བཞེས། །མཆོག་ཐུན་དངོས་གྲུབ་ཆར་ཆེན་སྩོལ། །ཆུ་ཁམས་རྣམ་པར་དག་པ་ཡི། །ཡོན་ཏན་རིན་ཆེན་ཌཱ་ཀི་མ། །འདིར་གཤེགས་འདོད་ཡོན་ཚོགས་མཆོད་བཞེས། །མཆོག་ཐུན་དངོས་གྲུབ་ཆར་ཆེན་སྩོལ། །མེ་ཁམས་རྣམ་པར་དག་པ་ཡི། །གསུང་མཆོག་པདྨ་ཌཱ་ཀི་མ། །འདིར་གཤེགས་འདོད་ཡོན་ཚོགས་མཆོད་བཞེས། །མཆོག་ཐུན་དངོས་གྲུབ་ཆར་ཆེན་སྩོལ། །རླུང་ཁམས་རྣམ་པར་དག་པ་ཡི། །སྣ་ཚོགས་ཕྲིན་ལས་ཌཱ་ཀི་མ། །འདིར་གཤེགས་འདོད་ཡོན་ཚོགས་མཆོད་བཞེས། །མཆོག་ཐུན་དངོས་གྲུབ་ཆར་ཆེན་སྩོལ། །དམ་ཚིག་གཉེན་པོའི་བཀའ་སྡོད་པའི། །ཆོས་སྐྱོང་ཞིང་སྐྱོང་མ་ལུས་པ། །འདིར་གཤེགས་འདོད་ཡོན་ཚོགས་མཆོད་བཞེས། །མངོན་སྤྱོད་ལས་རྣམས་ཐོགས་མེད་སྒྲུབས། །དེ་ནས་ཚོགས་ཕུད་


SPN001_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་དྲུང་དུ་འབུལ་ནས་བདུད་རྩི་བྲན་ལ། ནང་མཆོད་ལྟར་བྱིན་གྱིས་བརླབས་ཏེ། ༀ་ཨཱཿཧཱུྃ། གསུམ་གྱི་བར། བཅོམ་ལྡན་ཡབ་ཡུམ་ལྷ་མོ་བཞི་དུར་ཁྲོད་པ་རྣམས་དང་བཅས་པའི་ལྗགས་ཧཱུྃ་ལས་སོགས། ༀ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སོགས་ནས། ཧ་ཧ་ཧོ་ཕཊ་བར་ལན་གསུམ་མམ་བདུན་གྱིས་ཕུལ་ནས། མི་བསྐྱོད་རྡོ་རྗེ་སོགས་དེ་ཉིད་ལྔ་པས་བསྟོད། ཆོས་རྣམས་གཟུགས་བརྙན་སོགས་ཀྱིས་འཇིག་རྟེན་པ་རྣམས་ལ་ཆོས་བསྟན་ལ། ༀ་ཨཱཿཧཱུྃ་ཀྵེ་ཏྲ་པཱ་ལ་ནས། སྭཱ་ཧཱའི་བར་ལན་གསུམ་གྱིས་ཕུལ། ཧེ་རུ་ཀ་དཔལ་སོགས་ནས། ཀུན་འགྲུབ་མཛོད། །ཅེས་སོགས་ཀྱིས་ཕྲིན་ལས་བཅོལ། དེ་ནས་ལས་རྡོར་གྱིས། སློབ་དཔོན་ནས་བརྩམས་ཏེ་འདུས་པ་ཐམས་ཅད་ལ་ཐབས་ཤེས་ཀྱི་རྫས་སྣོད་སོ་སོར་གནས་པ་དག །ལག་པ་གཉིས་གཡས་གཡོན་བརྩེགས་ཐབས་སུ་བསྣོལ་བཞིན་པས་བཟུང་ནས། འདིར་ནི་ཆོས་རྣམས་བཟང་པོར་ལྟོས། །འདུས་པ་རྣམས་ལ་ཐེ་ཚོམ་མེད། །བྲམ་ཟེ་ཁྱི་དང་གདོལ་པ་རྣམས། །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ཅེས་བརྗོད་ལ་དྲང་ངོ་། །ལེན་པ་པོས་པད་ཀོར་དང་བཅས་ཏེ། བདེ་གཤེགས་ཆོས་ནི་རིན་ཐང་མེད། །འདོད་ཆགས་ལ་སོགས་དྲི་མ་བྲལ། །གཟུང་དང་འཛིན་པ་རྣམ་པར་སྤངས། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །ཅེས་བརྗོད་ཅིང་བླངས་ཏེ། བཟའ་བཏུང་ལ་ཉེ་བར་སྤྱད་པའི་ཚེ། ལྟེ་བའི་གཏུམ་མོ་འབར་བའི་དབུས་ཀྱི་ལྷ་ཚོགས་མཆོད་པའི་ཚུལ་ལམ། ལྷའི་ང་རྒྱལ་


SPN001_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་རོལ་པར་བྱས་པའི་རྗེས་སུ། རྡོ་རྗེའི་གླུ་ཡང་བྱ་སྟེ། འགྲོ་བ་ཀུན་ནི་མཆོག་ཏུ་དགའ་བའི་རང་བཞིན་ཏེ། །རྣལ་འབྱོར་མ་ནི་འཁོར་ལོའི་རང་བཞིན་དུ་གནས་ཀྱི། །ས་གསུམ་མ་ལུས་འགྲོ་བ་སངས་རྒྱས་ཀྱི་རང་བཞིན། །སྙིང་རྗེས་གཞོན་ནུ་མ་དང་ལྷན་ཅིག་རོལ་པར་བྱོས། །གང་གིས་དོན་དམ་ལ་ནི་མ་བསྒོམས་པར། །དེ་ཡིས་སངས་རྒྱས་ཉིད་ནི་ཐོབ་པ་མ་ཡིན་ནོ། །ནང་དང་ཕྱི་ནི་དབྱེ་བ་མེད་པར་ཤེས་པར་གྱིས། །འཇིག་རྟེན་ཐམས་ཅད་བསྒྲལ་བར་ནུས་པའོ། །ཞེས་པའི་ཤླཽ་ཀ་གཉིས་པོ་སོ་སོའི་མཐར། ཨ་རེ་རེ་གཏི་མུག་ཕྱུགས་ཀྱིས་མི་ཤེས་སོ། །ལྷན་སྐྱེས་མཛེས་མ་བླངས་ནས་བདེ་བ་ཆེ་ལ་མནོས། །ཞེས་དྲུག་འགྱུར་དུ་བླང་བའི་མཐར། ལྷག་མ་རྣམས་ཕྱོགས་གཅིག་ཏུ་བསྡུས་ལ། ༀ་ཨ་ཀཱ་རོ་མུ་ཁཾ་སོགས་གསུམ་བརྗོད། ལྷག་མའི་རྫས་རྣམས་འབྱུང་པོའི་ཚོགས་ཀྱིས་ཉེར་སྤྱད་དུ་འོས་པ་བསམ་གྱིས་མི་ཁྱབ་པར་གྱུར། ཞེས་དམིགས། ཕྱི་རོལ་སྒོ་དྲུང་ན་གནས་པའི་འབྱུང་པོ་འཆོལ་བའི་ཚོགས་དམ་ཚིག་གི་ཆོ་ག་བལྟ་བར་མི་དབང་བ་རྣམས་ལ་སྦྱིན་ནོ། །རྡོ་རྗེ་ཐེག་པ་ལ་གསང་བ་མཆོག་གི་རྣལ་འབྱོར་སྤྱོད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །ༀ་ཨུ་ཙྪིཥྚ་བ་ལིདྟ་བྷཀྵ་བྷཀྵ་སི་སྭཱ་ཧཱ། ལྷག་མ་རྒྱང་རིང་དུ་དོར། བཤལ་ཆུ་ཤིན་ཏུ་ལྷག་མ་ལ་དབང་བ་རྣམས་ལ་སྦྱིན་ནོ། །དེ་ནས་མཆོད་བསྟོད་


SPN001_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་གསོལ་སོགས་དཀྱུས་ལྟར་བྱའོ། །དེ་ལྟར་བཅོམ་ལྡན་འདས་སྒྱུ་འཕྲུལ་ཆེན་པོའི་མངོན་དཀྱིལ་འོད་མཚན་འཆང་བ་བཞི་པས་བཀྲལ་བར་གནང་བ་ལ། ཚོགས་མཆོད་གུད་དུ་སྦྱར་བ་འདི་ཉིད་འཇང་འོག་མིན་གླིང་གི་བླ་མ་དབང་རྒྱལ་གྱིས་ཉེ་བར་བསྐུལ་བ་ལྟར་ས་ཟླའི་ཡར་ཚེས་ལ་དཔལ་སྤུངས་ཐུབ་བསྟན་གླིང་གི་ཡང་དབེན་སྒྲུབ་བརྒྱུད་དར་རྒྱས་གླིང་དུ་སི་ཏུ་སྤྲུལ་སྐུ་པདྨ་ཉིན་བྱེད་དབང་པོས་སྤེལ་བ་འགྲོ་ཀུན་སྐུ་བཞིའི་བདག་ཉིད་ཆེན་པོའི་གོ་འཕང་ལ་རེག་པར་གྱུར་ཅིགཤུ་བྷཾ།། །།


previousབཅོམ་ལྡན་མ་ཧཱ་མཱ་ཡཱའི་ཚོགས་མཆོད་འདོད་དགུ་མྱུར་སྟེར། next