Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  expand section
   
   
   
   
   
   
   
  expand section
   
   
  collapse section
གསོལ་འདེབས་ཀྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་བྱིན་རླབས་བདུད་རྩིའི་གཏེར་མཛོད།
   
   
   
   
   
   
  expand section
   
   
   
   
   
   
   


 
previousགསོལ་འདེབས་ཀྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་བྱིན་རླབས་བདུད་རྩིའི་གཏེར་མཛོད། next

གསོལ་འདེབས་ཀྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་བྱིན་རླབས་བདུད་རྩིའི་གཏེར་མཛོད།


SPN001_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་འདེབས་ཀྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་བྱིན་རླབས་བདུད་རྩིའི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། །


SPN001_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཆེན་རིན་པོ་ཆེའི་གསོལ་འདེབས་ཐར་འདོད་དད་པའི་པི་ཝང་ཞེས་པ་བཞུགས། ན་མོ་གུ་རུ་ཀརྨ་ཀ་ཡེ། ཆོས་དབྱིངས་ཀུན་ཏུ་ཁྱབ་པའི་ཀློང་། །བདེ་ཆེན་མ་འགགས་ལོངས་སྤྱོད་རྫོགས། །སྣ་ཚོགས་སྤྲུལ་བསྒྱུར་རྡོ་རྗེའི་གར། །དུས་གསུམ་རྣམ་པར་རོལ་པ་ཡིས། །ནམ་མཁའ་ཇི་སྲིད་གནས་ཀྱི་བར། །གདུལ་བྱའི་ཁམས་དབང་མོས་པའི་ངོར། །ཞིང་ཁམས་རྒྱ་མཚོར་འབྱམས་ཀླས་པར། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས། །ཉན་རང་དྲང་སྲོང་ས་ཡི་བདག །གང་འདུལ་དུ་མར་སྤྲུལ་ལ་འདུད། །སྔོན་ཚེ་ཤཱཀྱ་སེང་གེ་ཡིས། །བྱང་ཕྱོགས་རྒྱུད་དུ་ཀརྨ་ཀ། དབུགས་དབྱུང་ལུང་གིས་གསལ་བར་བསྟན། །ཐུགས་རྗེའི་དཔལ་གྱུར་འཇིག་རྟེན་མགོན། །


SPN001_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་དང་ཡེ་ཤེས་དབྱེར་མེད་པའི། །འོད་ཟེར་སྣང་བས་སྐྱོང་བའི་ཡུལ། །ཀཻ་ལ་ཤ་ཡི་ལྗོངས་འདིར་ཡང་། །དཔལ་ལྡན་དྷརྨ་ཀཱིརྟིར་གྱུར། །མཐོང་ཐོས་དྲན་རེག་སྐྱེ་བོ་ཀུན། །འབྲེལ་ཚད་དོན་ལྡན་བཀོད་ལ་འདུད། །དྲེགས་ལྡན་ཁེངས་པ་གཞོམ་པ་དང་། །རྒྱལ་བསྟན་ཉི་མ་གསལ་བའི་ཕྱིར། །གྲུབ་ཆེན་ཆོས་ཀྱི་བླ་མའམ། །ཀརྨ་པཀྴི་ཞེས་གྲགས་པ། །རྫུའཕྲུལ་སྣང་སྲིད་ཟིལ་གྱིས་གནོན། །རླུང་སེམས་སྣང་བ་དབང་སྡུད་ཅིང་། །ཕྲིན་ལས་འཛམ་གླིང་ཐ་གྲུར་ཁྱབ། །འཆི་མེད་སངས་རྒྱས་པདྨ་སྐྱེས། །ཐ་མི་དད་པས་སྐུའི་བཀོད་པས། །འགྲོ་མང་སྨིན་གྲོལ་སྟོན་ལ་འདུད། །ཁམས་གསུམ་ཡོངས་སྒྲོལ་ཆེན་པོ་ཡིས། །ཁྱབ་དང་རྟག་


SPN001_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདག་ཉིད་ཅན། །དཀྱིལ་འཁོར་རྒྱ་མཚོའི་གཙོ་མཆོག་སྟོན། །རང་བྱུང་སེམས་དཔའ་ནས་བཟུང་སྟེ། །མཐོན་མཐིང་མི་བསྐྱོད་ཅོད་པན་ཅན། །བསམ་བཞིན་སྐྱེ་བའི་ཕྲེང་བ་འཛིན། །བཅུ་གསུམ་བདུད་ལས་རྣམ་པར་རྒྱལ། །རྡོ་རྗེའི་ཏིང་འཛིན་བྱེ་བ་བརྒྱས། །གནས་དང་གནས་མིན་དྲི་བཅོམ་ཞིང་། །སྒྲིབ་བྲལ་ཡེ་ཤེས་སྟོན་ལ་འདུད། །མ་འོངས་བསྐལ་བཟང་རྣམ་པར་འདྲེན། །དྲུག་པ་སེང་གེ་ཞེས་བྱར་འགྱུར། །མངོན་པར་རྫོགས་སངས་རྒྱས་ཚུལ་བསྟན། །དུས་གསུམ་ཐོག་མེད་རབ་འབྱམས་ཀྱི། །མཐུ་སྟོབས་བཀོད་པ་བསམ་མི་ཁྱབ། །བདེར་གཤེགས་མཛད་པ་རྨད་བྱུང་བ། །སྐྱེ་བ་འདི་ནས་སྙིང་པོའི་བར། །གུས་པས་རབ་ཏུ་འདུད་བྱེད་ཅིང་། །ཆོས་ཀྱི་བདུད་རྩིའི་སྨིན་བྱེད་ལམ། །ཡང་དག་ཉིད་དུ་ཐོབ་གྱུར་ཅིག །མཚུངས་མེད་བླ་མ་ཀརྨ་པ། །གྲུབ་ཐོབ་ཆེན་པོ་པཀྴི་མཆོག །རྡོ་རྗེའི་གསང་གསུམ་འོད་ཟེར་གྱི། །བྱིན་རླབས་ཐུགས་རྗེས་བདག་རྒྱུད་ལ། །དབང་བཞི་ཆུ་བོའི་རྒྱུན་བཟང་པོས། །བྱང་ཆུབ་འབྲས་བུ་གཡུར་ཟ་བའི། །ཕྱིར་མི་ལྡོག་པའི་གོ་འཕང་ལ། །མངོན་དུ་འགྱུར་བར་བྱིན་གྱིས་རློབས། །གནས་སྐབས་འཁྲུལ་པ་རང་སར་དག །སྣང་སེམས་དབྱེར་མེད་རྟོགས་གྱུར་ཅིག །དེ་ལྟར་གསོལ་བཏབ་སྨོན་ལམ་རྣམས། །ཇི་བཞིན་ཡོངས་སུ་འགྲུབ་པའི་ཕྱིར། །ཕྱོགས་དུས་རྒྱལ་ཀུན་གསུང་རྡོ་རྗེའི། །བདག་ཉིད་བདེན་པ་གྲུབ་


SPN001_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས། །མཐུན་འགྱུར་ཟབ་མོའི་སྟོབས་དེང་འདིར། །ཡིད་བཞིན་ལྷུན་གྱིས་གྲུབ་གྱུར་ཅིག །དགེ་དེས་འཇིག་རྟེན་ཁམས་རྣམས་སུ། །ཆོས་འཕེལ་བདེ་བ་དང་ལྡན་ཞིང་། །སྡུག་བསྔལ་རྒྱུ་བཅས་ཡོངས་སུ་བྲལ། །ཀུན་ཀྱང་བླ་མེད་ཉིད་ཐོབ་ཤོག །ཅེས་པའང་སྤྲེང་ཡུལ་རྒྱལ་པོའི་ཁབ་ཀྱི་ཆོས་སྡེ་ཆེན་པོའི་དགེ་སློང་སྒྲུབ་ཆེན་པ་ཀརྨ་བསྟན་རྒྱས་ཀྱིས་བསྐུལ་ལྟར། སི་ཏུ་པདྨ་ཉིན་བྱེད་དབང་པོས་ཐུབ་བསྟན་དཔལ་སྤུངས་ཀྱི་ཡང་དབེན་དུ་བཀོད་པའོ། །སརྦ་མངྒལཾ།། །།

རྒྱལ་བ་ཡབ་སྲས་ལྔ་ཡི་སྐྱེས་རབས་གསོལ་འདེབས་མདོར་བསྡུས།


SPN001_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་ཡབ་སྲས་ལྔ་ཡི་སྐྱེས་རབས་གསོལ་འདེབས་མདོར་བསྡུས་བཞུགས་སོ། །བདེ་བར་གཤེགས་ཀུན་གསང་གསུམ་མི་བཟད་པ། །རྒྱན་འཁོར་ལྔ་ཡི་བདག་ཉིད་དབང་བསྒྱུར་པ། །ཐབས་མཁས་འགྲོ་བ་སྒྲོལ་བའི་ཕྲིན་ལས་ཅན། །བཀའ་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྔོན་ཚེ་རྒྱལ་སྲས་མཆོག་གི་བློ་གྲོས་དང་། །སྤྱན་རས་གཟིགས་དབང་པདྨ་རྣམ་པར་རོལ། །བློ་གྲོས་རིན་ཆེན་དྲང་སྲོང་ལེགས་པར་སྐྱེས། །འཆི་མེད་པད་འབྱུང་སྐུར་བཞེངས་ལ་ཕྱག་འཚལ། །སྒྲ་གཅན་ཟིན་དང་ནཱ་ག་བོ་དྡྷིའི་ཞབས། །རིན་ཆེན་གསལ་སོགས་དུ་མར་སྟོན་ཅིང་སྤྲུལ། །མ་འོངས་སྐལ་བཟང་དྲུག་པར་འཚང་རྒྱ་བའི། །ཀརྨ་པར་གྲགས་ཞབས་ལ་གུས་ཕྱག་འཚལ། །དཀྱིལ་འཁོར་ཁྱབ་བདག་གར་དབང་རྡོ་རྗེ་འཆང་། །བདེ་ཆེན་ཞིང་དུ་མཐའ་ཡས་འདྲེན་པ་དང་། །


SPN001_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་མང་སྔོན་ནས་བྱང་ཆུབ་བདུད་རྩི་བརྙེས། །སངས་རྒྱས་དཀོན་མཆོག་ཡན་ལག་ལ་ཕྱག་འཚལ། །འཕགས་པའི་ཡུལ་དུ་སྔགས་ཀྱི་སྤྱོད་འཆང་གཙོ། །ཁོལ་པོ་དགའ་དང་བྲམ་ཟེ་ཀུན་རིག་མཆོག །འགྲོ་མང་མཆོད་པའི་རྟེན་གྱུར་དེང་འདིར་ཡང་། །ཞྭ་དམར་ཅོད་པན་ཅན་ཞབས་གུས་ཕྱག་འཚལ། །རྣམ་འདྲེན་ལྔ་པ་མི་ཕམ་བྱམས་པ་མགོན། །གྲུབ་པའི་སྤྱི་མེས་ཌོམྦི་ཧེ་རུ་ཀ། དཱ་རི་ཀ་པ་འཇམ་དཔལ་གསང་བ་དང་། །མངའ་བདག་ལོ་ཙཱར་གྱུར་ལ་གུས་ཕྱག་འཚལ། །སྒྲུབ་བརྒྱུད་སྲོག་ཤིང་སངས་རྒྱས་རས་ཆེན་ཞབས། །བསིལ་བ་ཚལ་དུ་རྡོ་རྗེ་བེར་ནག་ཅན། །བླ་མ་མགོན་པོ་དབྱེར་མེད་སྐུར་སྣང་བ། །ཏཱ་ཡི་སི་ཏུའི་ཞབས་ལ་གུས་ཕྱག་འཚལ། །རྒྱལ་སྲས་འཇམ་དཔལ་གཞོན་ནུ་གསུང་དབང་ཕྱུག །པཎྜི་ཏ་པ་ཤེས་རབ་འབྱུང་གནས་སྤྲུལ། །དེ་ཉིད་ཕྱི་མར་རྣལ་འབྱོར་བདེ་སྐྱོང་བཟང་། །གྲུབ་བརྙེས་རོལ་པ་ཡེ་ཤེས་ལ་ཕྱག་འཚལ། །ཤེས་བྱ་ཐོགས་མེད་རོང་སྟོན་ཆེན་པོ་དང་། །རིག་འཛིན་རཏྣ་གླིང་དང་ཀློང་ཡངས་བདེ། །རྒྱལ་མཚན་དཔལ་བཟང་ཆོས་དབང་ལྷུན་གྲུབ་སོགས། །དཔལ་ལྡན་དཔའ་བོའི་ཞབས་ལ་གུས་ཕྱག་འཚལ། །ཚེ་འོད་དཔག་མེད་མཐའ་ཡས་སྣང་བ་ཡི། །ཨིནྡྲ་བྷུ་ཏི་ཀླུ་སྒྲུབ་ཤེས་རབ་བཟང་། །པཎ་ཆེན་ཕྱོགས་གླང་ཏེ་ཕུ་པ་ལ་སོགས། །མཆོག་གི་སར་གནས་སྐུར་སྣང་ལ་ཕྱག་འཚལ། །སྐྱོབ་པ་འཇིག་རྟེན་གསུམ་


SPN001_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་སྤོམ་བྲག་པ། །རིན་ཆེན་དཔལ་དང་མཚུར་ཕུ་འཇམ་དབྱངས་མཚན། །ཀརྨ་གུ་རུ་འཕྲུལ་ཆེན་རྩལ་ལ་སོགས། །ཧྲེ་ཧོ་རིམ་པར་བྱོན་ལ་གུས་ཕྱག་འཚལ། །དེ་ལྟར་གསོལ་བཏབ་དགེ་གང་སྨིན་པའི་མཐུས། །ལེགས་བྱས་ལྷག་བསམ་ཐ་གྲུ་ུཁྱོན་ཡངས་པོར། །རྣམ་དག་བྱང་ཆུབ་སེམས་ཀྱི་རྩ་བ་བརྟན། །ཐེག་ཆེན་དམ་པའི་རྐང་འཐུང་རྒྱས་པར་ཤོག །སྒྲིབ་གཉིས་བག་ཆགས་དྲི་བཞོན་རབ་བསལ་ཞིང་། །མཆོག་ཐུན་དངོས་གྲུབ་ཆར་གྱིས་རང་རྒྱུད་བརླན། །སེམས་ཉིད་རང་བྱུང་འབྲས་བུ་གཡུར་ཟ་བའི། །བདེ་གཤེགས་སྙིང་པོའི་ལོ་འདབ་རྒྱས་པར་ཤོག །རྣམ་མང་རྒྱལ་དང་རྒྱལ་སྲས་བདེན་པ་དང་། །རྣམ་དག་ཆོས་དབྱིངས་བསམ་མི་ཁྱབ་པའི་མཐུས། །རྣམ་མང་བདག་གཞན་དུས་གསུམ་སེམས་ཅན་ཀུན། །རྣམ་མཁྱེན་ཕྱིར་མི་ལྡོག་པར་སངས་རྒྱས་ཤོག །ཅེས་པའང་རིགས་དང་རུས་ཀྱི་རྣམ་དཔྱོད་ལྡན་པ་འཕེལ་ཚ་ནང་སོ་སྒྲུབ་ཆེན་བླ་མ་བསྟན་འཛིན་རྒྱ་མཚོས་བསྐུལ་བའི་ངོར་སི་ཏུ་པདྨ་ཉིན་བྱེད་དབང་པོས་དགེ་བར་སྤེལ། མངྒལཾ། སུ་ཛ་ཡནྟུ།། །།

རྒྱལ་བ་ཡབ་སྲས་གསོལ་འདེབས།


SPN001_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་ཡབ་སྲས་གསོལ་འདེབས་བཞུགས། མཆོག་ཏུ་མི་འགྱུར་ཆོས་དབྱིངས་མཐའ་བྲལ་ཁམས། །རང་མདངས་ལྷུན་གྲུབ་བདེ་བ་ཆེན་པོའི་རྩལ། །འགགས་མེད་སྒྱུ་འཕྲུལ་དྲྭ་བའི་རང་བཞིན་ཅན། །སྐུ་གསུམ་བདག་ཉིད་བླ་མའི་ཞབས་ལ་འདུད། །འབྱམས་ཀླས་བསྐལ་པའི་གོང་ནས་


SPN001_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི། །སྤྱད་པ་སྤྱོད་ཅིང་བདུད་རྩི་བརྙེས་ཟིན་ཀྱང་། །འགྲོ་སྒྲོལ་དམ་བཅས་སྙིང་རྗེའི་སྐུར་བཞེངས་པ། །རྗེ་བཙུན་བདུད་འདུལ་རྡོ་རྗེའི་ཞབས་ལ་འདུད། །རླབས་ཆེན་ཐུགས་བསྐྱེད་ཟབ་མོའི་འཇུག་ངོགས་ནས། །གདུལ་བྱ་རྗེས་འཛིན་ཕྲིན་ལས་ཡིད་བཞིན་དབང་། །ལྷན་སྐྱེས་ཡེ་ཤེས་དངོས་གྲུབ་ཆར་འབེབས་པ། །མི་ཕམ་ཆོས་གྲུབ་རྒྱ་མཚོའི་ཞབས་ལ་འདུད། །རྒྱལ་ཀུན་མཁྱེན་པའི་བདུད་རྩིའི་འོད་དཀར་པོ། །བློ་གྲོས་ཆུ་གཏེར་གཅིག་ཏུ་སྨིན་པ་ཡི། །མདོ་རྒྱུད་གངྒཱའི་རྒྱུན་བཟང་གཏེར་དམ་པ། །འཇམ་མགོན་ཆོས་ཀྱི་འབྱུང་གནས་ཞབས་ལ་འདུད། །དོན་དམ་མི་ཤིགས་སྙིང་པོའི་རྩ་བ་བརྟན། །རང་བྱུང་ཟག་མེད་བདེ་སྟོང་ཡལ་འདབ་རྒྱས། །འབྲས་བུ་སྐུ་བཞིའི་གོ་འཕང་སྦྱིན་པའི་དཔལ། །རྡོ་རྗེ་གཙུག་ལག་དགའ་བའི་ཞབས་ལ་འདུད། །དཔེ་མེད་ཚོགས་གཉིས་རྒྱ་ཆེན་ས་གཞི་བརྡལ། །ཇི་ལྟ་ཇི་སྙེད་གཟིགས་པའི་པད་ཚལ་བཞད། །སྐྱེ་དགུའི་གཙུག་གི་རྒྱན་དུ་རོལ་པ་ཡི། །རིག་འཛིན་རྡོ་རྗེ་དྲག་པོའི་ཞབས་ལ་འདུད། །བརྗོད་བྲལ་གནས་ལུགས་གཉུག་མའི་ཁྱོན་ཡངས་པོར། །ཟབ་མོ་ལྟ་བའི་ཡང་རྩེ་ཤིང་རྟ་ཡིས། །ལུས་ཅན་སྲིད་འགྲོའི་ངལ་བ་སེལ་བའི་གཉེན། །དྲིན་ཅན་དབང་གི་རྡོརྗེའི་ཞབས་ལ་འདུད། །དེ་ལྟར་ཕྱག་འཚལ་མཆོད་ཅིང་མི་དགེ་བཤགས། །ཡི་རང་བསྐུལ་ཞིང་གསོལ་འདེབས་བསྔོ་བར་བགྱི། །དུས་གསུམ་མཁའ་ཁྱབ་རིགས་དྲུག་དུཿཁ་ལས། །སྒྲོལ་བའི་


SPN001_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

མྱང་འདས་གོ་འཕང་ཐོབ་གྱུར་ཅིག །ཀྱེ་མ། གྲངས་མེད་བསྐལ་པར་འཁྲུལ་འབྱམས་དྲྭ་བས་འབྲེལ། །སྣང་ཞེན་མ་རིག་མུན་པ་སྟུག་པོས་བསྒྲིབས། །དྲན་རྟོག་རྗེས་ཤེས་ལས་ཀྱི་སེར་བུས་བསྐྱོད། །རྣམ་སྨིན་གཡང་ལས་སྐྱོབས་ཤིག་བཀའ་བརྒྱུད་རྣམས། །ཐར་མེད་ལས་ཀྱི་དབང་བཙན་དུག་ལྔ་ཡིས། །ཞི་བདེའི་གོ་སྐབས་འགོག་པའི་གཉིས་འཛིན་བདུད། །རང་གསལ་ཤར་གྲོལ་ཀློང་དུ་སྦྱང་བྱས་ནས། །ཉོན་མོངས་གཡུལ་ལས་སྐྱོབས་ཤིག་བཀའ་བརྒྱུད་རྣམས། །སྐྱེ་ཞིང་སྐྱེ་བ་ཚེ་རབས་ཐམས་ཅད་དུ། །མ་ནོར་ལམ་སྟོན་བླ་མས་རྗེས་འཛིན་ཅིང་། །ཆོས་ཀྱི་དཔལ་ལ་རྟག་པར་ལོངས་སྤྱོད་ནས། མངོན་པར་རྫོགས་སངས་རྒྱས་པ་ཐོབ་གྱུར་ཅིག །ཅེས་པའང་མགོ་ལོག་ཕྱོགས་ཀྱི་སྒྲུབ་ཆེན་པ་བླ་མ་དགེ་ལེགས་རྒྱ་མཚོས་བསྐུལ་བའི་ངོར། སི་ཏུ་པདྨ་ཉིན་བྱེད་དབང་པོས་སྤེལ་པ་ཛ་ག་ཏཾ།། །།

གསོལ་འདེབས་ཡོངས་འདུའི་ལྗོན་བཟང་བྱིན་རླབས་དགའ་ཆར།


SPN001_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་འདེབས་ཡོངས་འདུའི་ལྗོན་བཟང་བྱིན་རླབས་དགའ་ཆར་ཞེས་པ་བཞུགས་སོ། །འགྱུར་མེད་ཀུན་ཁྱབ་མཐའ་བྲལ་ཆོས་ཀྱི་སྐུ། །བདེ་བ་ཆེན་པོའི་རང་མདངས་ལོངས་སྤྱོད་རྫོགས། །རང་བྱུང་ལྷུན་གྲུབ་སྤྲུལ་པའི་སྐུར་སྣང་བ། །ཨོ་རྒྱན་ཆེན་པོ་པདྨཱ་ཀཱ་རར་འདུད། །དྲི་མེད་ཀོ་ཤའི་མཚོར་འཁྲུངས་དུས་གསུམ་གྱི། །མཐུ་སྟོབས་གཅིག་བསྡུས་བུདྡྷཱ་ཐོད་ཕྲེང་རྩལ། །གསང་སྔགས་བླ་མེད་ཐེག་མཆོག་སྟོན་པའི་གཉེན། །རིགས་རྣམས་ཀུན་བདག་


SPN001_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཧེ་རུ་ཀ་དཔལ་འདུད། །གང་ཞིག་མཐའ་གཉིས་རྣམ་པར་བྲལ་བ་ཡི། །འདུས་མ་བྱས་པའི་རང་གཟུགས་ངེས་པའི་དོན། །ཡང་དག་གྲོལ་བའི་རྨད་བྱུང་ཕྲིན་ལས་ཅན། །དཔལ་ལྡན་རྡོ་རྗེ་འཛིན་ཞབས་པད་ལ་འདུད། །ཉོན་མོངས་གཉིས་འཛིན་བདུ༵ད་བཞིའི་གཡུལ་ངོ་རྣམས། །ཕ་མཐར་གཞོམ་ཞིང་འདུ༵ལ་བའི་མངོན་སྤྱོད་ཀྱི། །རྡོ༵་རྗེ༵་གདེངས་པས་སྣང་སྲིད་ཟིལ་གནོན་པ། །ལུས་མེད་མཐར་བྱེད་ཕྲིན་ལས་ལྡན་དེར་འདུད། །ཆོས་ཀུན་མཁྱེན་པའི་ཀློ༵ང་ཡངས་དཀྱིལ་འཁོར་ནས། །ངེས་གསང་རིང་ལུགས་གས༵ལ་བའི་ཉིན་མོར་བྱེད། །སྙི༵ང་པོ༵་བྱང་ཆུབ་སྐྱེད་ཚལ་རྒྱས་པའི་དཔྱིད། །ཐུགས་བསྐྱེད་འོད་སྟོང་མ་རིག་མུན་སེལ་འདུད། །མཁའ་སྤྱོད་པ༵དྨ༵་འོད་ཀྱི་ཞིང་བཞུགས་ནས། །འགྲོ་རྣམས་བདེ༵་ཆེ༵ན་ལམ་ལ་འགོད་པའི་ཕྱིར། །སྤྲུལ་བསྒྱུར་དུ་མ་འཛམ་གླི༵ང་ཁྱབ་པར་སྤེལ། །ཐབས་མཁས་ཟབ་མོའི་རོལ་པ༵་སྟོན་ལ་འདུད། །འཆི་མེད་རིག་འཛིན་རྟག་ལྡན་གཞོམ་བྲལ་སྐུ། །སྟོབས་བཅུའི་རྩལ་རྫོགས་ཚེ༵་དབ༵ང་དངོས་གྲུབ་བརྙེས། །དགོས་འབྱུ༵ང་ནོ༵ར་བུ༵་བསམ་འཕེལ་དབང་གི་རྒྱལ། །ལྷར་བཅས་གཙུག་གི་རྒྱན་གྱུར་ཁྱོད་ལ་འདུད། །འཇམ་དཔལ་དཔའ་བོ་ཇི་བཞིན་ཤེས་བྱའི་གནས། །གཙུ༵ག་ལ༵ག་སྒོ་བརྒྱའི་རྣམ་དཔྱོད་འོད་སྟོང་གིས། །དབྱངས་ཅན་དག༵འ་བ༵འི་འཛུམ་ཕྲེང་བཞད་པ་ཡི། །ངག་གི་དབ༵ང་པོ༵་སྨྲ་བའི་སེང་གེར་འདུད། །དོན་དམ་རྡོ་རྗེའི་དབྱིངས་ལས་མ་གཡོས་ཀྱང་། །གང་འདུལ་


SPN001_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

དྲ༵ག་པོ༵་ཐོགས་མེད་རྫུ་འཕྲུལ་གྱི། །རྣམ་བཞིའི་ཕྲི༵ན་ལ༵ས་འདུ༵ས་པ༵འི་རང་རྩ༵ལ་ལས། །འཁོར་འདས་དངོས་ཀུན་དབང་སྒྱུར་བྱེད་པོར་འདུད། །གང་སྐུའི་བཀོད་པས་རབ་འབྱམས་ཞིང་རྣམས་བདག །རྣམ་དག་ཞིང་ཀུན་མ་ལུས་སྐུ་ལ་རྫོགས། །ཀུན་བཟང་མཁའ་ཁྱབ་རྒྱལ་བ་རྡོརྗེ་འཆང་། །ཨོ་རྒྱན་ཆེན་པོར་སྒོ་གསུམ་གུས་པས་འདུད། །ལྔ་བརྒྱའི་མཐར་ཐུག་དུས་ཀྱི་ཡང་མཐའ་འདིར། །སངས་རྒྱས་གཞན་ལས་མགོན་ཁྱོད་ཐུགས་རྗེའི་སྟོབས། །ཁྱད་པར་འཕགས་པའི་ཞལ་བཞེས་རྗེས་དགོངས་ལ། །གདུང་ཤུགས་དྲག་པོས་རྩེ་གཅིག་གསོལ་བ་འདེབས། །བདག་རྒྱུད་ཡེ་ཤེས་མངོན་སུམ་ཐོགས་མེད་དུ། །མྱུར་དུ་སྩོལ་ཅིག་གུ་རུ་རིན་པོ་ཆེ། །ཇི་ལྟར་བསམ་པ་ལྷུན་གྱིས་འགྲུབ་པ་ཡི། །རེ་བའི་ཤིང་རྟ་འགེངས་པར་མཛད་དུ་གསོལ། །བྱང་ཆུབ་བར་ཆད་ལོག་པར་འདྲེན་པ་ཡི། །མི་དང་མི་མིན་གཉིས་སྣང་འཁྲུལ་པའི་ཆ། །འཛིན་མེད་ཡེ་སྟོང་ངང་དུ་རང་སར་ཞི། །ཆོས་ཀུན་སྒྱུ་མར་འཆར་བར་བྱིན་གྱིས་རློབས། །ཀ་ནས་དག་པའི་སེམས་ཉིད་གཉུག་མའི་གཤིས། །གང་ཤར་གནས་ལུགས་ངོ་བོ་ལྷུན་གྱིས་གྲུབ། །ཡེ་ཤེས་རྡོ་རྗེའི་དབྱིངས་སུ་རང་གྲོལ་ནས། །ཀུན་བཟང་རྡོར་འཆང་གོ་འཕང་ཐོབ་གྱུར་ཅིག །དཀར་པོའི་ཆ་གང་རི་བོང་འཛིན་པའི་དཀྱིལ་འཁོར་ཀུ་མུད་གཉེན། །དཀར་གསལ་དྲི་མེད་བདུད་རྩིའི་འོད་ཀྱིས་མཛེས་པར་གཏམས་འདི་རྨད། །ཇི་བཞིན་ཀརྨ་


SPN001_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱུད་བསྟན་པའི་རྒྱལ་མཚན་མཆོག་རྣམས་ཀྱི། །ཞབས་རྟན་ཕྲིན་ལས་སྣང་བ་རབ་གསལ་རྟག་ཏུ་བདེ་ལེགས་ཤོག །རྒྱ་ཆེན་གཙུ༵ག་ལ༵ག་གོམས་སྟོབས་ལ། །ཆོ༵ས་ཀྱི༵་རྒྱ༵ལ་པོ༵་བླ་ན་མེད། །གྲུབ་པ་མཆོག་གི་གསུང་གཡར་ངོར། །པ༵དྨ༵་ཉི༵ན་མོ༵ར་བྱེད་པ༵ས་སྤེལ། །ཤུ་བྷཾ་སརྦ་ཛ་ག་ཏཾ།། །།

རྒྱལ་མཆོག་ཕྱག་ན་པདྨོ་བདུད་ཚོགས་འདུལ་བའི་རྡོ་རྗེ་འཆང་ཆེན་པོར་གསོལ་འདེབས།


SPN001_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མཆོག་ཕྱག་ན་པདྨོ་བདུད་ཚོགས་འདུལ་བའི་རྡོ་རྗེ་འཆང་ཆེན་པོར་གསོལ་འདེབས་བཞུགས་སོ། །རྒྱལ་ཀུན་ཐུགས་རྗེའི་རང་གཟུགས་སྤྱན་རས་གཟིགས། །བསམ་མི་ཁྱབ་པའི་སྒྱུ་འཕྲུལ་གར་རོལ་པ། །རྡོ་རྗེ་ཅན་དངོས་སྐུར་བསྟན་སེམས་དཔའ་ཆེ། །བདུ༵ད་འདུ༵ལ་རྡོ༵་རྗེ༵འི་ཞབས་ལ་གསོལ་བ་འདེབས། །དཔ༵ལ་ལྡ༵ན་བསྟ༵ན་པ༵འི་སྙིང་པོ་སྒྲུབ་བརྒྱུད་ཀྱི། །ཉི༵ན་བྱེ༵ད་འགྲོ་ལ་འཆི༵་མེ༵ད་དཔལ་སྟེར་བ། །མཁས་དང་གྲུ༵བ་པ༵འི་ཁྱུ༵་མཆོ༵ག་ཡོངས་ཀྱི་གཉེན། །རྣམ་བཞིའི་ཕྲི༵ན་ལ༵ས་རྒྱ༵ས་པ༵འི་སྡེ་ལ་འདུད། །ཟླ་བྲལ་མཉམ་མེད་ཐུབ་པའི་དབང་པོ་ཡི། །རིང་ལུགས་རྒྱལ་མཚན་འཛིན་པའི་མངའ་བདག་མཆོག །འཁོར་བ་ཇི་སྲིད་གནས་དང་དེ་སྲིད་བར། །རྣམ་འཕྲུལ་རྒྱུན་མི་འཆད་པར་སྟོན་ལ་འདུད། །རིགས་གསུམ་གདུལ་བྱའི་དོན་སླད་སྤྲུལ་སྐུའི་ཚུལ། །གཟིགས་པ་རྣམ་ལྔས་སྙལ་དྭགས་ལ་དགོངས་ཏེ། །པད་འབྱུང་རྡོ་རྗེའི་བཀའ་ཡི་ལུང་ཇི་བཞིན། །ཛྙཱ་ན་ཊཱ་ཀིའི་བརྡ་ཡིས་བསྐུལ་ལ་འདུད། །འཐུང་གཅོད་རྗེས་མཐུན་བསིལ་རི་ན་བུན་ཅན། །ཆུ་ཀླུང་མེ་ཡི་ཕྱོགས་རྒྱུ་རིགས་དང་རུས། །རྣམ་པར་དག་པའི་གནས་དེར་ཀརྨ་པ། །གསལ་


SPN001_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

བར་ལུང་བསྟན་རྗེས་སུ་གནང་ལ་འདུད། །གླང་ལོ་ཁྲུམས་ཀྱི་ཟླ་བའི་ཡར་ཚེས་ལ། །ཕུན་ཚོགས་ལྟས་བཟང་དང་བཅས་སྐུ་འཁྲུངས་ནས། །ལུས་ཅན་སྐྱེ་དགུའི་མགོན་དུ་ཕྱོགས་བཅུ་ཡི། །སངས་རྒྱས་བྱང་སེམས་དབུགས་དབྱུང་སྩོལ་ལ་འདུད། །སྐབས་དེར་བྱིས་པ་དར་དཀར་རལ་ག་ཅན། །ཤེལ་སྣོད་ཀ་མ་ལ་ཐོགས་འཇའ་འོད་ཀློང་། །གླུ་གར་རོལ་རྩེད་སྣ་ཚོགས་ཅིར་ཡང་བསྒྱུར། །རྡོ་རྗེ་བེར་ཅན་མེ་ཏོག་འཐོར་ལ་འདུད། །ཡེ་ཤེས་དབྱིངས་ལས་སྐུར་བཞེངས་ལས་བཞིར་སྟོན། །དོན་དམ་ཉིད་ལས་གཞན་སྣང་གུད་དུ་མེད། །དེ་སྐད་སྨྲ་ཞིང་ཧ་ཧའི་གད་རྒྱང་སྒྲོག །བླ་མ་མགོན་པོ་དབྱེར་མེད་ཞབས་ལ་འདུད། །གང་སྐུ་མཚན་དང་དཔེ་བྱད་ཡོངས་སུ་རྫོགས། །ངོ་མཚར་དུ་མས་སྤྲས་པའི་རྒྱལ་སྲས་ཀྱི། །སྤྱོད་པས་གྲགས་སྙན་ས་གསུམ་ཀུན་ཁྱབ་ནས། །གྲུབ་པའི་གནས་མཆོག་མཚུར་ཕུར་བྱོན་ལ་འདུད། །རྒྱལ་བ་དང་པོར་མི་འཇིགས་སེང་གེའི་ཁྲིར། །མངའ་གསོལ་མགོན་ཁྱོད་ཉིན་བྱེད་འོད་སྟོང་བཞིན། །མུན་པར་འཐོམས་པའི་སྐྱེ་བོ་ཇི་སྙེད་པ། །ཡང་དག་ལམ་སྟོན་རྣམ་འདྲེན་ཁྱོད་ལ་འདུད། །སྡེ་སྣོད་གསུམ་དང་ཤེས་བྱའི་གནས་རྣམས་ཀུན། །མ་ལུས་ཐུགས་སུ་ཆུད་ནས་རྒྱལ་བའི་བསྟན། །ཡོངས་རྫོགས་འཛིན་པའི་ཞབས་སེན་ནོར་བུའི་འོད། །ཚངས་དབང་གཙུག་གིས་མངོན་པར་བཏུད་ལ་འདུད། །གནམ་ལྷ་ཤེལ་


SPN001_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

གིང་དཀར་སོགས་མཐུ་ཆེན་གྱི། །རྩལ་ལྡན་ཚོགས་ཀྱང་གུས་པས་རབ་བསྙེན་ཅིང་། །མཐའ་བཞིའི་དྲེགས་ལྡན་ཁེངས་པ་ཡོངས་བསྐྱུངས་ནས། །ཐུགས་རྗེའི་ཆར་གྱིས་སྨིན་གྲོལ་བཀོད་ལ་འདུད། །གཞན་ཡང་རིགས་དྲུག་བག་ཉལ་རྣམས་ཀྱི་རྒྱུད། །བྱིན་རླབས་འོད་ཀྱིས་རང་སྐད་ཆོས་སྒྲ་སྟོན། །བདེན་པ་མཐོང་བའི་ལས་ཅན་བསམ་ལས་འདས། །སངས་རྒྱས་གཉིས་པ་དངོས་སུ་བྱོན་ལ་འདུད། །དུས་གསུམ་རྒྱལ་དང་ཉན་ཐོས་གནས་བརྟན་སོགས། །འཕགས་ཡུལ་གྲུབ་བརྙེས་ཡི་དམ་ལྷ་ཆོས་སྐྱོང་། །ཞལ་བསྟན་ཟབ་དོན་སྙིང་པོའི་བཅུད་མཐའ་དག །གང་སྐུའི་བུམ་པ་བཟང་དེར་གཏམས་ལ་འདུད། །ཡིད་བཞིན་བསམ་འཕེལ་ཇོ་ཤཱཀ་མཆོག་གཉིས་དྲུང་། །གདེངས་ཅན་སུན་ཟློག་སྨོན་ལམ་བདེན་སྟོབས་དང་། །འཕགས་པ་ཝ་ཏིར་མཆོད་པའི་སྤྲིན་སྤྲོ་པས། །ངོ་མཚར་མངོན་སུམ་སྙན་ཤལ་འཛིན་དེར་འདུད། །འཛམ་གླིང་སྤྱི་དང་བྱེ་བྲག་གངས་ལྗོངས་འདིར། །འགྲོ་བའི་དཔལ་མགོན་ཁྱོད་ཉིད་ལས་གཞན་སུ། །ས་ཟླའི་རི་དབང་ཇི་བཞིན་ལྷམ་མེར་གསལ། །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཁྱོད་ལ་འདུད། །ལྔ་བདོའི་ལང་ཚོ་ཆེས་ཆེར་ངོམས་པའི་དུས། །དམུ་རྒོད་རང་རྒྱུད་ཞུགས་ལྕེས་གཞོམ་རྣམས་ལ། །ཚད་མེད་སྙིང་རྗེའི་ཆུ་ཡིས་བརླན་པར་མཛད། །སར་གནས་བྱང་ཆུབ་སེམས་དཔའ་ཆེན་པོར་འདུད། །མེ་སྦྲུལ་ཆོ་འཕྲུལ་


SPN001_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་ཉེར་བཞི་ལ། །དགོངས་པ་ཆོས་དབྱིངས་ཐིམ་པའི་སྣང་བ་བསྟན། །མེ་ཏོག་ཆར་བབས་ལྷ་ཡིས་རོལ་མོ་ལྡིར། །སྐལ་ལྡན་རྒྱུད་སྨིན་བྱིན་རླབས་སྩོལ་ལ་འདུད། །རྒྱལ་བའི་རྣམ་ཐར་རྒྱ་མཚོའི་ཕ་རོལ་སོན། །གཞལ་བར་དཀའ་ཡང་ཟེགས་མ་འཐོར་བའི་དགེས། །མ་འོངས་བསྐལ་བཟང་དྲུག་པ་སེང་གེ་ཡིས། །རྗེས་བཟུང་བླ་མེད་བྱང་ཆུབ་སྤྱོད་པར་ཤོག །རྣམ་དག་ངེས་གསང་བཀའ་བརྒྱུད་རིན་ཆེན་བསྟན། །མཐའ་ཀླས་སྲིད་མཐར་ཁྱབ་པའི་ལེགས་བྱས་ཀྱིས། །ཐོས་བསམ་སྒྲུབ་པ་སྙིང་པོར་སྤེལ་བྱེད་པའི། །རྒྱལ་བ་མཆོག་དེའི་དགོངས་པ་རྫོགས་བྱེད་ཤོག །ཅེས་པའང་རྒྱལ་བའི་ཕྲིན་ལས་པ་དགེ་སློང་ནོར་བུ་གང་ནས་བཀའ་གནང་བཞིན་སི་ཏུ་སྤྲུལ་སྐུ་པདྨ་ཉིན་བྱེད་དབང་པོས་གསོལ་བ་བཏབ་པའོ།། །།མེ་ལོང་ཡེ་ཤེས་རྣམ་པར་དག །མི་བསྐྱོད་རྒྱལ་པོ་བཅོམ་ལྡན་འདས། །རྡོ་རྗེའིབདུད་འདུལ་ཕྱག་རྒྱ་ཅན། །མི་འཁྲུགས་མགོན་པོ་ལ་ཕྱག་འཚལ། །ཆོས་དབྱིངས་ཡེ་ཤེས་རྣམ་པར་དག །སྣང་མཛད་རྒྱལ་པོ་བཅོམ་ལྡན་འདས། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །རྣམ་པར་སྣང་བ་ལ་ཕྱག་འཚལ། །མཉམ་ཉིད་ཡེ་ཤེས་རྣམ་པར་དག །ཡོན་ཏན་རྒྱལ་པོ་བཅོམ་ལྡན་འདས། །མཆོག་རྣམས་སྦྱིན་པའི་ཕྱག་རྒྱ་ཅན། །རིན་ཆེན་འབྱུང་གནས་ལ་ཕྱག་འཚལ། །སོར་རྟོག་ཡེ་ཤེས་རྣམ་པར་དག །རྔ་སྒྲའི་རྒྱལ་པོ་


SPN001_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས། །མཉམ་བཞག་ཏིང་འཛིན་ཕྱག་རྒྱ་ཅན། །འོད་སྣང་མཐའ་ཡས་ལ་ཕྱག་འཚལ། །བྱ་གྲུབ་ཡེ་ཤེས་རྣམ་པར་དག །ལས་རབ་རྒྱལ་པོ་བཅོམ་ལྡན་འདས། །མི་འཇིགས་སྐྱབས་སྦྱིན་ཕྱག་རྒྱ་ཅན། །དོན་རྣམས་གྲུབ་པ་ལ་ཕྱག་འཚལ། །དཔལ་འབར་བཀྲ་ཤིས་ལྷ་མོ་བརྒྱད། །ཤར་ནས་རིམ་བཞིན་པད་ཅན་མ། །འཇིགས་བྱེད་དང་ནི་འོད་ཟེར་ཅན། །རྣམ་པར་རྒྱལ་དང་མདངས་ལྡན་མ། །དཀར་ཤམས་དྲི་མེད་ཡིད་གཞུངས་སོགས། །བདེ་ལེགས་སྩོལ་བའི་མཆོད་རྫས་ཐོགས། །རྒྱལ་བ་དགྱེས་པར་སྐྱེད་བྱེད་པའི། །སེམས་མ་རྣམས་ལ་ཕྱག་འཚལ་ལོ། །བདག་གཞན་སེམས་ཅན་ལས་ཉོན་གྱི། །སྒྲིབ་གཉིས་བག་ཆགས་སྦྱོང་དུ་གསོལ། །མི་བཟད་འཁོར་བའི་འཇིགས་པ་ལས། །ཡོངས་སུ་སྒྲོལ་བར་མཛད་དུ་གསོལ། །ཅེས་བླ་མ་ཀར་ལུས་བསྐུལ་ལྟར་སི་ཏུས་སྤེལ་བ་དགེ། །།ཆོས་དབྱིངས་གཞི་ལས་ལོངས་སྐུ་ཐུགས་རྗེའི་འཕྲུལ། །པད་འབྱུང་ཧེ་རུ་ཀ་དཔལ་སྐུར་སྣང་བ། །རྡོ་རྗེ་གྲོ་ལོད་དཀྱིལ་འཁོར་ལྷ་ཚོགས་དང་། །བཀའ་བབས་བརྒྱུད་པར་བཅས་ལ་གསོལ་བ་འདེབས། །བསྙེན་སྒྲུབ་མཐར་ཕྱིན་ཕྱི་ནང་བར་ཆད་ཞི། །མཆོག་ཐུན་དངོས་གྲུབ་བརྙེས་པར་བྱིན་གྱིས་རློབས། །ཅེས་བླ་མ་བསྟན་པས་བཞེད་ལྟར་སྤེལ་བ་དགེ་ལེགས་འཕེལ། མངྒ་ལཾ།། །།


SPN001_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

མ་འོངས་དྲུག་པ་སེང་གེའི་རྣམ་པར་འཕྲུལ། །དུས་གསུམ་ཀུན་མཁྱེན་ཆོས་རྗེ་ཀརྨ་པ། །བདུད་འདུལ་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །བྱིན་གྱིས་རློབས་ཤིག་འགྲོ་མགོན་རིན་པོ་ཆེ། །མ་ཧཱ་མུ་དྲ་སརྦ་སིདྡྷི་ཧཱུྃ། །འདས་པའི་སངས་རྒྱས་དཀོན་མཆོག་ཡན་ལག་ཏུ། །འཚང་རྒྱ་ཟིན་ཀྱང་སྤྲུལ་པའི་སྐུར་བཞེངས་པ། །ཆོས་གྲུབ་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །བྱིན་གྱིས་རློབས་ཤིག་འགྲོ་མགོན་རིན་པོ་ཆེ། །མ་ཧཱ་མུ་དྲ་སརྦ་སིདྡྷི་ཧཱུྃ། །བསྐལ་བཟང་རྣམ་འདྲེན་ལྔ་པ་མ་ཕམ་པའི། །སྒྱུ་འཕྲུལ་རྡོ་རྗེའི་སྣང་བ་རྟག་འཆར་བ། །བསྟན་པའི་ཉིན་བྱེད་ཞབས་ལ་གསོལ་བ་འདེབས། །བྱིན་གྱིས་རློབས་ཤིག་འགྲོ་མགོན་རིན་པོ་ཆེ། །མ་ཧཱ་མུ་དྲ་སརྦ་སིདྡྷི་ཧཱུྃ། །དེ་ལྟར་གསོལ་བ་བཏབ་པའི་ཐུགས་རྗེའི་འོད། །བདག་གཞན་གནས་ངན་ལེན་གྱི་མུན་པ་བསལ། །ཐེག་པ་མཆོག་གི་ས་ལ་རབ་གནས་ནས། །སངས་རྒྱས་རྡོ་རྗེ་འཆང་དབང་འགྲུབ་གྱུར་ཅིག །ཅེས་པའང་ལ་ཤྲཱི་ངེས་དོན་གླིང་གི་དགེ་སློང་སྒྲུབ་ཆེན་པ་ཚེ་དབང་དཔལ་འབར་གྱིས་བསྐུལ་བའི་ངོར། སི་ཏུ་པདྨ་ཉིན་བྱེད་དབང་པོས་གསལ་བར་བཀོད་པ་འགྲོ་རྣམས་ཕྱིར་མི་ལྡོག་པའི་གོ་འཕང་ལ་མངོན་དུ་རེག་པར་གྱུར་ཅིག །ཤུབྷཾ།། །།

གསོལ་འདེབས་དངོས་གྲུབ་ཡོངས་འདུ།


SPN001_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་འདེབས་དངོས་གྲུབ་ཡོངས་འདུ་བཞུགས། ན་མ་ཤྲཱི་གུ་རུ་ཝེ། སྤྲོས་བྲལ་དང་པོའི་སངས་རྒྱས་ཀུན་ཏུ་བཟང་། །ངེས་པ་ལྔ་ལྡན་བདེ་ཆེན་ལོངས་སྤྱོད་རྫོགས། །ཐུགས་


SPN001_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་གར་གྱིས་རོལ་པ་སྤྲུལ་བའི་སྐུ། །རྒྱལ་ཀུན་ཕྲིན་ལས་མི་བཟད་གཏེར་ཆེན་པོ། །ཨོ་རྒྱན་སློབ་དཔོན་རིག་འཛིན་པདྨ་འབྱུང་། །དུས་གསུམ་ཀུན་མཁྱེན་སྟོབས་བཅུ་མངའ་བའི་དཔལ། །གང་འདུལ་སྤྲུལ་པའི་རོལ་རྩེད་ཅིར་ཡང་སྒྱུར། །ཐབས་མཁས་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །སྙིགས་མར་སྤྱོད་པའི་དུས་ཀྱི་ཡང་མཐའ་འདིར། །སངས་རྒྱས་གཞན་ལས་ཕུལ་གྱུར་བརྩེ་བ་ཅན། །ཕྲིན་ལས་ཉིན་བྱེད་འོད་སྣང་རབ་གསལ་བས། །འགྲོ་རྒྱུད་མ་རིག་མུན་པའི་དྲྭ་བ་བཅོམ། །ཡང་དག་རང་བྱུང་ཡེ་ཤེས་པད་ཚལ་བཞད། །སྤངས་རྟོགས་ཡོན་ཏན་དུ་མའི་ལོ་འདབ་རྒྱས། །མཐར་ཐུག་སྐུ་ལྔའི་འབྲས་བུ་མངོན་བྱེད་པའི། །མཚོ་སྐྱེས་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །སྐྱེ་ཀུན་གསང་སྔགས་བསྟན་པའི་སྒོར་ཞུགས་ཤིང་། །ཨོ་རྒྱན་མཁའ་སྤྱོད་བདེ་ཆེན་ཞིང་ཁམས་སུ། །ཁྱབ་བདག་སྟོན་པ་མཆོག་གིས་རྗེས་བཟུང་ཞིང་། །བླ་མེད་བྱང་ཆུབ་ཆེན་པོ་མངོན་གྱུར་ཤོག །ཅེས་རྡོ་སྟོད་དཔོན་མོ་དཔལ་སྐྱིད་ཀྱིས་བསྐུལ་བའི་ངོར་སྤེལ་བ་དགེ། །།གདུལ་བྱའི་ཁམས་དབང་མོས་པ་དུ་མའི་ངོར། །དེ་སྙེད་ཐུགས་རྗེའི་རོལ་གར་ཅིར་ཡང་བསྒྱུར། །དཔལ་ལྡན་མི་ཕམ་ཆོས་གྲུབ་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་ལྷན་སྐྱེ་ཡེ་ཤེས་སྩོལ། །དབོན་པོ་དགེ་ལེགས་ངོར་སྤེལ།། །།སྟོན་མཆོག་དྲུག་པ་སེང་གེ་ཀརྨ་པའི། །རིང་ལུགས་རྒྱ་མཚོའི་གོས་ཅན་སྤེལ་བྱེད་པའི། །མཁྱེན་དང་བརྩེ་བའི་དབང་ཕྱུག་


SPN001_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་རྗེ། །ཕྲིན་ལས་འཆི་མེད་མགོན་དེར་གསོལ་བ་འདེབས། །ལུས་ཅན་འགྲོ་བའི་ཉོན་མོངས་ཚ་གདུང་རྣམས། །ཐུགས་རྗེ་བྱམས་པའི་བསིལ་རྒྱུན་རྨད་བྱུང་བས། །ཡང་དག་སྣང་བའི་པད་ཚལ་རྒྱས་མཛད་པ། །ཕྲིན་ལས་འཆི་མེད་མགོན་དེར་གསོལ་བ་འདེབས། །གསོལ་བཏབ་མཐུ་ལས་སྒྲུབ་བརྒྱུད་རིན་པོ་ཆེའི། །བསྟན་པ་མི་ནུབ་རྒྱལ་མཚན་བསྒྲེངས་ནུས་པའི། །སྤངས་དང་རྟོགས་པའི་ཡོན་ཏན་རབ་རྫོགས་ནས། །ཐོས་བསམ་སྒོམ་པ་མཐར་ཕྱིན་སངས་རྒྱས་ཤོག །ཅེས་པའང་རྗེ་དྲུང་ཞིང་གཤེགས་དེར་གསོལ་བ་འདེབས་དགོས་ཞེས་མཛོད་པ་རྣམས་ཀྱིས་བསྐུལ་ལྟར་སྤེལ།། །།དཔལ་ལྡན་སྒྲུབ་བརྒྱུད་བསྟན་འཛིན། །འཆི་མེད་དངོས་ཀུན་འབྱུང་གནས། །གྲུབ་མཆོག་རྒྱ་མཚོའི་སྤྱི་མེས། །ཡེ་ཤེས་དབྱིངས་ཀྱི་ངང་ནས། །ཉི་མ་ལྟ་བུའི་ཐུགས་རྗེ། །ཕྲིན་ལས་རྣམ་བཞི་རབ་གསལ། །རྣམ་པར་གྲོལ་བའི་ལམ་བཟང་། །རྒྱལ་བའི་བྱིན་རླབས་སྣང་བས། །སྡེ་བཞིའི་རིང་ལུགས་རྒྱས་ཤིང་། །འགྲོ་རྣམས་བྱང་ཆུབ་ཐོབ་ཤོག །དཔལ་ལྡན་འབྲུག་པའི་མཚན་གྱི། །གསོལ་འདེབས་འདི་དག་སྐལ་ལྡན། །རང་གཞན་ཀུན་གྱིས་མོས་པའི། །རྒྱན་དུ་རོལ་པར་གྱིས་ཤིག། །།གྲུབ་ཐོབ་རྒྱ་མཚོའི་འབྱུང་གནས་དཔལ་ཡོན་ཅན་དེ། །བླ་མེད་སྙིང་པོ་ངེས་གསང་བཀའ་བརྒྱུད་རིན་ཆེན། །དབྱར་རྔའི་རིང་ལུགས་


SPN001_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་བ་མུ་ཏིག་ཕྲེང་མཛེས། །མཚུངས་མེད་བསོད་ནམས་རྒྱ་མཚོའི་སྐྱེ་བའི་རབས་འཁྲུངས། །རྒྱལ་བའི་སྲས་གྱུར་བརྩེ་ཆེན་འཇམ་དཔལ་དཔའ་བོ། །དངོས་སྤྲུལ་གངས་ཅན་མི་བདག་ཁྲི་སྲོང་ལྡེའུ་བཙན། །རྣམ་པར་རོལ་པའི་ངོ་མཚར་ཟློས་གར་ཡོངས་ཤར། །སྙིགས་དུས་མུན་ཆེན་འཐིབས་པོའི་གནས་ཀུན་གསལ་བར་བྱེད་པའི། །རིག་འཛིན་ཡོངས་གཙོ་ཉིན་མོར་བྱེད་བཞིན་ཕྲིན་ལས་འོད་སྟོང་། །བདག་ཉིད་ཆེན་པོ་རྡོ་རྗེ་དྲག་པོ་ཕྲིན་ལས་འདུས་པ། །དུས་གསུམ་རྒྱལ་བའི་ཐུགས་རྗེ་ཡོངས་རྫོགས་བྱིན་རླབས་གཏེར་ཆེན། །མཆོག་གི་བླ་མ་རྡོ་རྗེ་འཛིན་པ་བདེ་ཆེན་འཁོར་ལོའི་མགོན་པོར། །སྙིང་ནས་དད་གསུམ་རྒྱ་མཚོས་དྲང་བའི་ཕྱག་འཚལ། །ཡན་ལག་བདུན་འབུལ་དེང་བཟུང་བྱང་ཆུབ་བར་དུ། །མ་ནོར་ལམ་སྟོན་རྩ་བའི་བླ་མས་རྗེས་བཟུང་སྨིན་གྲོལ། །འགྱུར་མེད་རྟག་པར་ལྷུན་གྲུབ་དབྱིངས་ཀྱི་ངོ་བོ། །གོ་འཕང་མངོན་གྱུར་སྐུ་བཞི་ཡེ་ཤེས་ཐོབ་པར་བྱིན་རློབས། །རྗེ་བཙུན་བླ་མ་ཁྱེད་རང་མཁྱེན་ནོ་བདག་རྒྱུད་སྨིན་པར་མཛོད་ཅིག །དད་གསུམ་ལྡན་པ་སྒྲུབ་པ་བཀའ་བརྒྱུད་ཆོས་འཕེལ་ངོར་སྤེལ།། །།ན་མཿཨཱཪྱ་ཏཱ་ར་ཡེ། །དཔལ་མཆོག་ལྷན་སྐྱེས་ཡེ་ཤེས་བདེ་བ་ཆེ། །མ་འགགས་རང་གསལ་སྤྲུལ་བསྒྱུར་གར་སྟོན་པའི། །འགྲོ་འདུལ་འཇིག་རྟེན་དབང་ཕྱུག་སྲས་མོ་སྟེ། །འཕགས་མ་སྒྲོལ་མ་དཔལ་མོར་གསོལ་བ་འདེབས། །གང་དེས་བྱིན་རླབས་གྲུབ་པའི་འཁོར་ལོས་སྒྱུར། །ཧེ་རུ་ཀ་དཔལ་


SPN001_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དབང་ནོར་བུ་དང་། །རྒྱལ་བསྟན་ཡོངས་རྫོགས་མཁྱེན་པའི་དཀྱིལ་འཁོར་རྒྱས། །ཆོས་ཀྱི་འབྱུང་གནས་ཞབས་ལ་གསོལ་བ་འདེབས། །མངའ་བདག་ཚངས་ཆེན་རྣམ་རོལ་སྤྲུལ་པའི་སྐུ། །རྡོ་རྗེ་དྲག་པོ་ལས་རབ་བདེ་བ་རྩལ། །མི་ཤིགས་སྙིང་གི་ཐིག་ལེར་རྟག་འཆར་བའི། །དྲིན་ཆེན་རྩ་བརྒྱུད་བླ་མར་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་ཐུགས་རྗེའི་མཐུས། །ཚོགས་གཉིས་རབ་རྫོགས་འགྲོ་ཀུན་ཡུམ་གྱུར་མའི། །གོ་འཕང་དམ་པ་མྱུར་དུ་ཐོབ་པ་དང་། །དོན་གཉིས་ལྷུན་གྲུབ་བཀྲ་ཤིས་ཀུན་འབྱུང་ཤོག །ཅེས་སྒྲོལ་མ་མཎྜལ་བཞི་པའི་ཉེ་བརྒྱུད་ཀྱི་གསོལ་འདེབས་འདི་ཡང་ཨོ་རྒྱན་ཆོས་འཕེལ་ངོར་སྤེལ།། །།མ་འོངས་རྣམ་འདྲེན་བསྐལ་བཟང་རྫོགས་སངས་རྒྱས། །མི་ཕམ་མགོན་པོ་བྱམས་ཆེན་སྒྱུ་འཕྲུལ་གར། །གངས་ཅན་ལྗོངས་འདིར་ཏཱ་ཡི་སི་ཏུ་ཞེས། །སྐྱེས་རབས་རིམ་པར་བྱོན་ལ་གསོལ་བ་འདེབས། །ཨོ་རྒྱན་རྗེ་དང་ཌོམ་བྷི་མར་ལོ་ཙཱ། །རས་ཆེན་མགོན་པོ་བེར་ནག་དབྱེར་མེད་པར། །རྒྱལ་ཀུན་ཐུགས་རྗེ་འདུས་པའི་རང་གཟུགས་མཆོག །དཀྱིལ་འཁོར་ཡོངས་ཀྱི་བདག་པོར་གསོལ་བ་འདེབས། །སྙིགས་མ་ལས་ཀྱང་ཆེས་སྙིགས་དུས་འདིར་ཡང་། །ཐུགས་བསྐྱེད་གོ་ཆ་བཙན་པོའི་ཕྲིན་ལས་ཀྱིས། །བསྟན་པ་ཡོངས་རྫོགས་གསལ་བྱེད་འཇམ་པའི་མགོན། །ཆོས་ཀྱི་འབྱུང་གནས་ཞབས་ལ་གསོལ་བ་འདེབས། །གང་དེའི་མཚན་གྱིས་


SPN001_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

བརྗིད་པའི་སྙེམས་པ་ཅན། །བསྟན་འགྲོར་ཕན་བདེ་རློམ་པའི་ངང་ཚུལ་གྱི། །ལྟར་སྣང་བསླུ་བྲིད་ཆོས་བརྒྱད་མངའ་དབང་ཕྱུག །པདྨ་ཉིན་བྱེད་དབང་པོར་དང་བ་ཡི། །བདག་སོགས་མོས་པའི་དད་པས་གསོལ་འདེབས་ན། །སངས་རྒྱས་ཡིད་བྱེད་གསུངས་པའི་དོན་དེ་བཞིན། །གསོལ་བཏབ་མཐུ་ལས་ཅུང་ཟད་ཐུགས་རྗེའི་ཆར། །བདག་རྒྱུད་སྨིན་པར་བྱིན་གྱིས་བརླབ་ཏུ་གསོལ། །ཅེས་པའང་དགེ་སློང་དཔལ་འབྱོར་ནས་བསྐུལ་ལྟར་སྤེལ།། །།དུས་གསུམ་རྒྱལ་བའི་ཡུམ་གྱུར་ཤེར་ཕྱིན་མ། །བསྟན་པའི་མངའ་བདག་བཅོམ་ལྡན་ཤཱཀྱ་ཐུབ། །སྨྲ་བའི་སེངྒེ་འཕགས་མ་སྒྲོལ་དཀར་ཡུམ། །གསོལ་འདེབས་དངོས་གྲུབ་གཉིས་སྩོལ་བདག་བྱིན་རློབས། །སུ་ཁ་སིདྡྷི་ཨཱཪྱ་དེ་ཝ་དང་། །ཕ་ཅིག་དམ་པ་མ་ཅིག་ལབ་ཀྱི་སྒྲོན། །ཁམ་བུ་ཡ་ལེ་ཛྙཱ་ན་ཛྭ་ལ་རྗེ། །གསོལ་འདེབས་དངོས་གྲུབ་གཉིས་སྩོལ་བདག་བྱིན་རློབས། །གནམ་མཚོ་དོ་པ་རང་བྱུང་རྒྱལ་བའི་ཞབས། །སེངྒེ་དཔལ་བ་དབང་རྡོར་རིནཆེན་ཤྲཱི། །བྱམས་པ་དཔལ་དང་འོད་ཟེར་བླ་མ་ལ། །གསོལ་འདེབས་དངོས་གྲུབ་གཉིས་སྩོལ་བདག་བྱིན་རློབས། །སངས་རྒྱས་རིན་ཆེན་ཀུན་དགའ་རྣམ་པར་རྒྱལ། །ཀརྨ་བསྟན་སྐྱོང་འགྱུར་མེད་སྙིང་པོའི་སྡེ། །དཀོན་མཆོག་བསྟན་འཛིན་བསྟན་པ་རྣམ་རྒྱལ་ལ། །གསོལ་འདེབས་དངོས་གྲུབ་གཉིས་སྩོལ་བདག་བྱིན་རློབས། །ཀརྨ་རིག་འཛིན་གསུང་རབ་རྒྱ་མཚོ་དང་། །དྲན་མཆོག་དྭངས་མའི་མགོན་


SPN001_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཐམས་ཅད་མཁྱེན། །བསྟན་པའི་ཉིན་བྱེད་རྩ་བའི་བླ་མ་ལ། །གསོལ་འདེབས་དངོས་གྲུབ་གཉིས་སྩོལ་བདག་བྱིན་རློབས། །སྣང་སྲིད་ཆོས་ཀུན་སྒྱུ་མའི་རང་བཞིན་ལ། །བློ་འདས་མི་རྟོག་ཡེ་ཤེས་འོད་གསལ་ཆེའི། །གནས་ལུགས་ཇི་བཞིན་འཁྲུལ་མེད་གདེང་ཐོབ་ནས། །ཀུན་བཟང་ཁྱབ་བརྡལ་དབྱིངས་སུ་གྲོལ་གྱུར་ཅིག །ཅེས་པ་ཀརྨ་དར་རྒྱས་ངོར་སྤེལ།། །།གཅོད་ཚོགས་ཡོན་ཏན་ཀུན་འབྱུང་ཁ་བསྐང་གི་ཐོག་མར་རིང་བརྒྱུད་གསོལ་འདེབས་སུ། གནས་དབྱིངས་དང་ཡེ་ཤེས་དཀྱིལ་འཁོར་ན། །རྗེ་བདུད་འདུལ་རྡོ་རྗེ་ལ་གསོལ་བ་འདེབས། ༴ གནས་རང་བྱུང་གདོད་མའི་གཞལ་ཡས་ན། །མི་ཕམ་ཆོས་གྲུབ་རྒྱ་མཚོ་ལ་གསོལ་བ་འདེབས། ༴ བདེ་ཆེན་འགྱུར་མེད་གཞལ་ཡས་ན། །ཆོས་ཀྱི་འབྱུང་གནས་བྱིན་རླབས་ཅན། ༴ གསལ་སྟོང་ལྷུན་གྲུབ་འོད་ཀློང་ན། །རྗེ་བདུད་འདུལ་རྡོ་རྗེ་བྱིན་རླབས་ཅན། ༴ ཆོས་དབྱིངས་སྐྱེ་མེད་ཕོ་བྲང་ན། །མི་ཕམ་ཆོས་གྲུབ་རྒྱ་མཚོ་བྱིན་རླབས་ཅན། ༴ རྗེ་བཙུན་བདུད་ཚོགས་འདུལ་བའི་རྡོ་རྗེ་དང་། །དཔལ་ལྡན་མི་ཕམ་ཆོས་གྲུབ་རྒྱ་མཚོ་ལ། །གསོལ་བ་འདེབས་སོ༴ ཚོགས་ལས་གོང་གི་རིང་བརྒྱུད་གསོལ་འདེབས་ཁ་བསྒྱུར་གྱིས་འཐུས། སྒྲུབ་བླ་མ་ནོར་བུའི་ངོར་སྤེལ།། །།རབ་འབྱམས་རྒྱལ་བ་ཡོངས་ཀྱི་སྤྱི་གཟུགས་མཆོག །ཀོ་ཤའི་མཚོར་འཁྲུངས་བླ་མ་ཧེ་རུ་ཀ། འཆི་མེད་གྲུབ་པ་རྡོ་རྗེ་ཐོད་


SPN001_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་རྩལ། །གང་འདིར་ཐུགས་རྗེའི་བདག་ཉིད་ཡོངས་ཤར་བ། །པདྨ་དབང་ཆེན་རྒྱལ་པོ་རོལ་པ་རྩལ། །གསོལ་བ་འདེབས་སོ་ཡེ་ཤེས་སྤྱན་གྱིས་གཟིགས། །སྣང་སྲིད་དངོས་ཀུན་རང་གྲོལ་བདེ་བ་ཆེ་། །ཀུན་བཟང་དགོངས་པ་མཉམ་ཉིད་བྱིན་གྱིས་རློབས། །ཅེས་དབོན་བླ་མ་བརྟན་པའི་བཞེད་ངོར་སྤེལ།། ༈ །།དུས་གསུམ་མཁྱེན་པའི་རང་གཟུགས་པ༵དྨ༵་རྒྱལ། །ཡེ་ཤེས་རྣམ་པར་རོལ་པའི་ཉི༵ན་བྱེ༵ད་དབང་། །རྩ་བརྒྱུད་བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཞེས་སམ། གནས་སྐབས་བདུད་བཞིའི་བར་ཆད་གཡུལ་ལས་རྒྱལ། །རྣམ་པར་དག་པའི་ངེས་དོན་གསང་བ་མཆོག །སྙིང་པོའི་བརྟན་ཐོབ་རང་གཞན་སྨིན་ཅིང་གྲོལ། །སྐུ་བཞིའི་གོ་འཕང་མྱུར་དུ་ཐོབ་པར་ཤོག །ཅེས་དབོན་བསམ་གཏན་སྐུ་སྐྱེའི་ཐུགས་བཞེད་བསྐང་ཕྱིར་སྤེལ། མངྒ་ལཾ། ཛ་ཡནྟུ།། །།འཇིག་རྟེན་མགོན་པོའི་བྱིན་རླབས་མཁའ་དབྱིངས་ལས། །ས་ར་ཧ་ཞེས་ཉིན་བྱེད་རྣམ་པར་གསལ། །ཀརྨ་པར་གྲགས་ས་གསུམ་སྣང་བའི་གཉེན། །བསམ་མི་ཁྱབ་པའི་ཕྲིན་ལས་ལྡན་དེར་འདུད། །གང་གི་ཐུགས་རྗེའི་འོད་ཟེར་འབུམ་བརྡལ་བས། །ལུས་ཅན་ཐར་ལམ་པདྨོ་རྒྱས་པའི་དཔལ། །བསྟན་འཛིན་མཚན་ཅན་དོན་དང་ལྡན་པ་ཡི། །སྤྲུལ་པའི་སྐྱེས་རབས་ཚར་དུ་དངར་བ་ལས། །གྲུབ་མཆོག་དགེ་ལེགས་རབ་རྒྱས་གང་དེར་འདུད། །གསོལ་བཏབ་མཐུ་


SPN001_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བསླབ་གསུམ་གཞི་བརྟན་ཅིང་། །གཞན་ཕན་བྱང་ཆུབ་སྤྱོད་ལ་དབང་འབྱོར་ནས། །རང་རིག་ཡེ་ཤེས་མངོན་གྱུར་བྱིན་གྱིས་རློབས། །ཅེས་ཟུར་མང་བསྟན་འཛིན་མཆོག་གི་གསོལ་འདེབས་སུ་སྒྲུབ་ཀརྨ་ཚེ་དབང་གི་གཡར་ངོར་སྤེལ།། །།དུས་གསུམ་སྟོན་མཆོག་ཐུགས་རྗེའི་ཀློང་ཡངས་ནས། །ཟླ་མེད་ཕྲིན་ལས་ནམ་མཁའི་ནོར་བུའི་འོད། །ས་གསུམ་སྣང་བྱེད་བྱེ་བའི་བདག་ཉིད་ཆེ། །ཕྱག་ན་པད་འཆང་རྣམ་རོལ་སྒྱུ་འཕྲུལ་གར། །ངེས་དོན་རིང་ལུགས་སྐྱེད་ཚལ་རྒྱས་བྱེད་པ། །ཡོངས་ཀྱི་དགེ་བའི་བཤེས་གཉེན་དམ་པའི་མགོན། །དབང་རྒྱལ་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །བསྟན་པ་འཛིན་ལ་མངའ་བརྙེས་བྱིན་གྱིས་རློབས། །རྒྱལ་སྲས་ཐུ་བོར་གྱུར་པ་སྙིང་པོའི་དོན། །མངོན་སུམ་རྟོགས་པའི་གདེང་ཐོབ་ཡན་ལག་འབྱུང་། །གསོལ་འདེབས་ལྷན་སྐྱེས་ཡེ་ཤེས་མཆོག་དངོས་སྩོལ། །བདག་གཞན་སྨིན་གྲོལ་བྱང་ཆུབ་མངོན་གྱུར་ཤོག །ཅེས་སྤོང་བ་པ་བླ་མ་སྒྲུབ་ཆེན་མགོན་དབང་ནས་བསྐུལ་བའི་ངོར་སྤེལ།། །།སྐུ་གསུམ་ཡེ་ཤེས་ལྔ་ཡི་བདག་ཉིད་མཆོག །རྒྱལ་བ་ཀུན་དངོས་གུ་རུ་པདྨ་འབྱུང་། །དབྱེར་མེད་དཔལ་ལྡན་འབྲུག་པའི་ཞབས་ལ་འདུད། །གྲུབ་གཉིས་དངོས་སྩོལ་བདག་རྒྱུད་བྱིན་གྱིས་རློབས། །འཇིག་རྟེན་སོ་ནམ་སྡུག་བསྔལ་བདེར་ཤར་བའི། །རང་གཞན་དུག་ལྔས་བསླད་པའི་འཁྲུལ་འཁོར་གྱི། །དྲྭ་བར་ཆུད་འདི་དོན་དམ་


SPN001_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་མཚོན། །འབར་བས་གཅོད་ཅིང་རང་སར་ཞི་གྱུར་ཅིག །སྔོན་ལས་འཕྲལ་རྐྱེན་ནད་གདོན་བགེགས་བར་ཆད། །ཉེར་འཚེའི་ཕྱོགས་རྣམས་ཀུན་ལས་རྣམ་རྒྱལ་ཞིང་། །རང་རིག་སྐྱེ་མེད་མཐའ་བྲལ་ཆོས་ཀྱི་སྐུ། །གཞི་ལམ་འབྲས་གསུམ་མཐར་ཕྱིན་བྱང་ཆུབ་ཤོག །དད་གསུམ་ལྡན་པ་འབྲོང་པ་བསྟན་ཕྲིན་དང་། དཀོན་རྒྱལ་བཅས་ཀྱི་ཆེད་དུ་སྤེལ་བ་དགེ།། །།ཆོས་དབྱིངས་གདོད་མའི་རང་གཟུགས་ཐུགས་རྗེའི་འཕྲུལ། །མ་འགགས་ཅིར་ཡང་སྣང་བ་གདུལ་བྱའི་ངོར། །གང་འདུལ་ཐབས་ཀྱི་ཕྲིན་ལས་གཏེར་ཆེན་པོ། །བཀའ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །སྐྱེ་དང་ཚེ་རབས་ཡང་དག་སྟོན་པ་དང་། །མི་འབྲལ་བསྙེན་ཅིང་གསང་སྔགས་སྣོད་དང་ལྡན། །ལྟ་སྒོམ་སྤྱོད་པའི་གདེང་ཐོབ་རྒྱུད་སྨིན་གྲོལ། །ས་ལམ་ཡོན་ཏན་རྫོགས་པར་བྱིན་གྱིས་རློབས། །གནས་སྐབས་ཚེ་ནོར་ལོངས་སྤྱོད་དཔལ་ཐོབ་ཅིང་། །རྟག་ཏུ་ཆོས་ལ་མོས་ཐོབ་ཤེས་རབ་མིག །རྡུལ་བྲལ་དུག་གསུམ་ཉོན་མོངས་ཀུན་བཅོམ་ནས། །བདེ་གཤེགས་རྒྱལ་བའི་གོ་འཕང་རེག་གྱུར་ཅིག །ཅེས་སྐྱབས་ཆེ་བླ་ཆུང་ཚེ་དབང་བཞེད་ལྟར་སི་ཏུས་སྤེལ།། །།དུས་གསུམ་གྱི་སངས་རྒྱས་འདུས་པའི་དཔལ། །དཔལ་དྲན་མཆོག་རྡོ་རྗེ་སློབ་དཔོན་སྐུ། །དུས་འདིར་སྣང་སྙིགས་དུས་འགྲོ་བའི་མགོན། །མགོན་བསླུ་མེད་བསྟན་འཛིན་དགེ་བའི་བཤེས། །གྲུབ་པ་མཆོག་དགེ་ལེགས་རབ་རྒྱས་ཞབས། །སེམས་གཉུག་མ་ལྷན་སྐྱེས་ངོ་བོ་


SPN001_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད། །དབྱེར་མེད་ཀྱི་ངང་ནས་གསོལ་བ་འདེབས། །སྣང་སྲིད་ཀུན་སྒྱུ་མར་འཆར་བ་དང་། །ཅི་སྣང་དང་ཅི་ཤར་ཆོས་སྐུ་ཡི། །རོལ་པ་འབྱམས་ཀླས་ཀྱི་ངང་ཉིད་ནས། །བདེ་ཆེན་གྱི་ཡེ་ཤེས་འབར་བའི་གཟིས། །གཉིས་སྣང་གི་འཁྲུལ་ཞེན་ཀུན་བསལ་ནས། །རྡོ་རྗེ་འཆང་གོ་འཕང་ཚེ་གཅིག་ཏུ། །གེགས་མེད་དུ་ཐོབ་པར་བྱིན་གྱིས་རློབས། །ཅེས་པའང་ཐེག་འཕེལ་ངོར་སྤེལ།། །།རྒྱལ་ཀུན་ཐུགས་རྗེའི་རང་རྩལ། །དབྱེར་མེད་ཀུན་འདུས་ངོ་བོ། །མཆོག་གི་རྡོ་རྗེ་ཅན་དངོས། །ཆོས་སྐྱོང་འགྱུར་མེད་དམ་པར། །རང་སེམས་རིག་པའི་ངོ་བོ། །ཀ་དག་ཆོས་སྐུར་གསལ་བཞིན། །བཅོས་མིན་དད་པའི་ཤུགས་ཀྱིས། །གསོལ་བ་འདེབས་སོ་བདག་རྒྱུད། །སྒྲིབ་གཉིས་བྱང་ནས་སྐུ་གཉིས། །གོ་འཕང་མངོན་དུ་གྱུར་པའི། །བྱིན་རླབས་ཀློང་ནས་སྩོལ་ཅིག །ཅེས་ལྷག་བསམ་ངོར་སྤེལ།། །།བླ་མ་ལ་གསོལ་བ་འདེབས་སོ། །རྒྱལ་ཀུན་གཅིག་བསྡུས་ཀྱི་ངོ་བོ། །འཕགས་པ་མཆོག་སྤྱན་རས་གཟིགས་དངོས། །རྗེ་བཙུན་བདུད་འདུལ་བའི་རྡོ་རྗེ། །སྐལ་ལྡན་ལ་དགོངས་ཤིག་སྣང་སྲིད། །ཆོས་ཀྱི་སྐུར་འཆར་བར་བྱིན་རློབས། །ཡི་དམ་ལ་གསོལ་བ་འདེབས་སོ། །བྱ་སྤྱོད་རྣལ་འབྱོར་དང་བླ་མེད། །རྒྱུད་བཞི་ཡི་ལྷ་ཚོགས་སྐྱེད་གཞི། །ཡུམ་རྣལ་འབྱོར་རྡོ་རྗེ་ཕག་མོ། །སྐལ་ལྡན་ལ་དགོངས་ཤིག་སྣང་སྲིད། །དག་པ་ཡེ་ཤེས་སུ་བྱིན་རློབས། །ཆོས་སྐྱོང་ལ་གསོལ་བ་འདེབས་སོ། །


SPN001_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་དང་ལས་འཇིག་རྟེན་མགོན། །མཐུ་སྟོབས་ཀྱི་སྤྱི་དཔལ་བེར་ཅན། །ལྕམ་དྲལ་སྲུང་མ་ཡི་བཀའ་འཁོར། །སྐལ་ལྡན་ལ་དགོངས་ཤིག་སྣང་སྲིད། །ལྷ་ཡི་དཀྱིལ་འཁོར་དུ་བྱིན་རློབས། །གཉིས་སྣང་གི་འཛིན་པའི་སྒྲིབ་པ། །ཡེ་ནས་སུ་དག་པའི་ངང་དུ། །ལྷན་ཅིག་སྐྱེས་གཉུག་མའི་དེ་ཉིད། །མངོན་སུམ་དུ་རྟོགས་པར་བྱིན་རློབས། །གནས་སྐབས་སུ་འགལ་རྐྱེན་ཞི་ཞིང་། །མཐུན་རྐྱེན་ཆོས་ཡིད་བཞིན་འགྲུབ་ནས། །བྱ་སྤྱོད་ཀུན་དགེ་ལ་སྦྱོར་པའི། །བསམ་པའི་དོན་འགྲུབ་པར་བྱིན་རློབས། །ཅེས་རྩ་གསུམ་ལྷ་ལ་གསོལ་འདེབས་བྱིན་དབབ་ཐར་མཆོག་ངོར་སྤེལ།། །།ཀུན་ཏུ་བཟང་པོ་དགའ་རབ་ཤྲཱི་སེང་། །མཚོ་སྐྱེས་རྡོ་རྗེའི་རྣམ་རོལ་སྒམ་པོ་པ། །གང་འདུལ་ཕྲིན་ལས་རོལ་རྩེད་འབྱམས་ཀླས་ཀྱི། །ཞིང་ཁམས་སྤྲུལ་པས་ཁྱབ་དེར་གསོལ་བ་འདེབས། །སྙིགས་ལྔའི་གདུལ་བྱར་རྗེས་དགོངས་མཁའ་དབྱིངས་ལས། །མདོ་སྔགས་བསྟན་པའི་སྣང་བྱེད་ཉིན་མོའི་མགོན། །དཔལ་གྱི་སེངྒེ་དབྱེར་མེད་གནམ་གཏེར་ཆོས། །ཟབ་མོས་འགྲོ་བ་འདུལ་ལ་གསོལ་བ་འདེབས། །གང་གི་སྒྱུ་འཕྲུལ་ཟླ་དང་འོད་དཀར་བཞིན། །སྣང་སེམས་གཉིས་མེད་རྟོགས་པའི་རྣལ་འབྱོར་པ། །གྲུབ་པའི་དབང་ཕྱུག་ས་མནྟ་བྷ་དྲ། །བསམ་བཞིན་སྤྲུལ་པར་སྟོན་ལ་གསོལ་བ་འདེབས། །དེ་ལྟར་དད་གསུམ་མོས་བློའི་ལྷག་བསམ་ལས། །གསོལ་བཏབ་མཐུ་ལས་བླ་མའི་སྐུ་ཚེ་བརྟན། །མཛད་ཕྲིན་རབ་རྒྱས་དགེ་


SPN001_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་འདུས་པ་འཕེལ། །འཇིག་རྟེན་བདེ་ཞིང་བཀྲ་ཤིས་ཀུན་ཁྱབ་ཤོག །ཅེས་པའང་སི་ཏུ་པདྨའི་མིང་ཅན་གྱིས་ལྷོ་རིན་པོ་ཆེའི་ཉེ་གནས་བསླབ་གསུམ་ལྡན་པ་དཀོན་མཆོག་དབང་ལྡན་བཞེད་ངོར་སྤེལ།། །།རྒྱལ་ཀུན་རྣམ་རོལ་ཐུགས་རྗེའི་བདག་ཉིད་མཆོག །རང་བྱུང་བླ་མ་མཚོ་སྐྱེས་རྡ་ོརྗེ་འཆང་། །དཀྱིལ་འཁོར་གཙོ་བོར་རིགས་འདུས་ཧེ་རུ་ཀ། གང་གི་སྒྱུ་འཕྲུལ་རང་བཞིན་སྣ་ཚོགས་གཟུགས། །འགྲོ་བློའི་སྣང་ངོར་ཅིར་ཡང་སྟོན་པ་ལས། །ངེས་གསང་རིང་ལུགས་པ༵དྨ༵་བཞད་པའི་གཉེན། །ཉི༵ན་བྱེ༵ད་ཕྲིན་ལས་རྣམ་བཞིའི་སྣང་བ་ཡིས། །དཔལ་ཡོན་མངོན་པར་རྫོགས་ལ་གསོལ་བ་འདེབས། །རྣམ་ཀུན་མཆོག་ཏུ་མི་འགྱུར་བདེ་བ་ཆེའི། །གོ་འཕང་དམ་པ་བདེ་བླག་ཐོབ་གྱུར་ཅིག །ཅེས་པ་སྐྱབས་ཆེ་བླ་གྲྭ་རྣམས་ཀྱི་ངོར་སི་ཏུས་སྤེལ་བ་སརྦ་མངྒ་ལཾ།། །།ན་མོ་མཉྫུ་ཤྲཱི་ཡེ་སྭཱ་ཧཱ། ན་མོ་སུ་ཤྲཱི་ཡེ་སྭཱ་ཧཱ། ན་མོ་ཨུཏྟ་མ་ཤྲཱི་ཡེ་སྭཱ་ཧཱ། དཀོན་མཆོག་གསུམ་གྱི་ངོ་བོ་ཉིད། །ཐུབ་པ་མཆོག་ལ་ཕྱག་འཚལ་ལོ། །རྩ་གསུམ་མ་ལུས་འདུས་པའི་སྐུ། །པདྨ་འབྱུང་ལ་ཕྱག་འཚལ་ལོ། །ཕྱོགས་བཅུར་བཞུགས་པའི་རྒྱལ་བ་དང་། །མཁའ་སྤྱོད་ས་སྤྱོད་སྐྱོང་བ་ཡི། །ཡི་དམ་དཔའ་བོ་མཁའ་འགྲོའི་ཚོགས། །ཆོས་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །བདག་དང་ཕ་མ་སེམས་ཅན་རྣམས། །ཚེ་རབས་འཁོར་བ་ཐོག་མེད་ནས། །ད་ལྟའི་བར་གྱི་ཉོན་མོངས་པའི། །ཉེས་ལྟུང་ཅི་མཆིས་སྙིང་ནས་བཤགས། །ཆོས་


SPN001_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་བསམ་པ་ལྷུན་འགྲུབ་ནས། །མཐར་ཐུག་སངས་རྒྱས་སར་འགོད་ཤོག །ཅེས་དད་པའི་དཔལ་ལྡན་ཁྲ་འགུ་མའི་ངོར་སྤེལ།། །།དུས་གསུམ་གྱི་རྒྱལ་ཀུན་འདུས་པའི་སྐུ། །སྐྱབས་གཅིག་ཆོག་ཨོ་རྒྱན་རྡོ་རྗེ་འཆང་། །ཐུགས་ཡེ་ཤེས་རྡོ་རྗེའི་རྣམ་པར་རོལ། །དཔལ་ཌོམ་བྷི་ཧེ་རུ་ཀ་ལ་འདུད། །མཆོག་སྐྱེ་བའི་ཕྲེང་བ་རིམ་བྱོན་རྣམས། །ནམ་བཞག་གཏན་འདུན་གྱི་སྐྱབས་གནས་སུ། །དེང་བདེ་ཆེན་འཁོར་ལོ་བསྟེན་པའི་མཐུས། །བྱིན་རླབས་དབང་བཞི་ཡིས་རྒྱུད་སྨིན་ཤོག །སེམས་སྤྲོས་བྲལ་རིག་པའི་རང་རྩལ་འདི། །གཉུག་མ་ཆོས་སྐུ་ཡི་རོལ་པ་རུ། །ལྷན་སྐྱེས་ཀྱི་ཡེ་ཤེས་གཞི་ཐོག་ཏུ། །བདེ་བླག་ཉིད་ཐོབ་ཕྱིར་བྱིན་གྱིས་རློབས། །ཅེས་པའང་སི་ཏུ་པདྨའི་མིང་ཅན་གྱིས། ཟླ་རྒྱས་ཞེས་པའི་རྟོགས་ལྡན་ངོར་སྤེལ་བ་དགེ། །།ན་མཿགུ་ར་ཝེ། དཔལ་རིགས་ཀུན་ཁྱབ་བདག་འཁོར་ལོའི་མགོན། །ཧེ་རུ་ཀ་དགྱེས་མཛད་རྡོ་རྗེ་འཆང་། །སྐྱེས་རབས་ཀྱི་ཕྲེང་བ་ཚར་དངར་ལ། །བདག་མོས་གུས་གསོལ་བ་ཡང་ཡང་འདེབས། །སེམས་གཞི་མེད་རྩ་བྲལ་ཕྱག་རྒྱ་ཆེ། །དོན་རྣམ་ཀུན་མཆོག་ལྡན་ངེས་པའི་ལམ། །ཟུང་འཇུག་གི་སྐུ་བཞིའི་གོ་འཕང་མཆོག །དེང་བདག་རྒྱུད་སྨིན་ཅིང་གྲོལ་བ་ཡིས། །གཞན་ཕན་ཀྱི་ཕྲིན་ལས་སྟོན་ནུས་པའི། །རྗེ་རྒྱལ་བ་རྣམས་དང་མཉམ་པ་ཡི། །སྐུ་ཞིང་ཁམས་བཀོད་པ་ཡོངས་རྫོགས་ནས། །འགྲོ་དྲུག་རྣམས་འདྲེན་པའི་དཔལ་དུ་ཤོག །ཅེས་པ་སི་ཏུ་པདྨའི་མིང་ཅན་གྱིས།


SPN001_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་ལྡན་སློབ་མ་གྲུབ་པའི་དབང་པོའི་ངོར་སྤེལ་བ་སརྦ་ཛ་ག་ཏཾ།། །།ན་མཿཤྲཱི་གུ་ར་ཝེ། སྐྱབས་ཀུན་འདུས་བདེ་ཆེན་འཁོར་ལོའི་མགོན། །དཔལ་དགྱེས་པ་རྡོ་རྗེ་བླ་མའི་སྐུར། །དངོས་སྣང་བ་མངའ་བདག་ཆེན་པོ་ཡི། །སྒྱུ་འཕྲུལ་གྱི་རྡོ་རྗེའི་གར་རོལ་བ། །གང་འདུལ་ངོར་སྤྲུལ་པའི་སྣང་བརྙན་གཟུགས། །ཆུ་ཟླ་བཞིན་འཆར་པའི་ཕྲིན་ལས་ཅན། །སྐྱེས་རབས་ཀྱི་ཕྲེང་བ་རིམ་བྱོན་ལ། །ཡིད་རྩེ་གཅིག་དད་པས་གསོལ་བ་འདེབས། །སྣང་གྲགས་རྟོག་གསུམ་གྱི་ངོ་བོ་ནི། །སྐྱེ་མེད་ཆོས་སྐུ་ཡི་རོལ་པ་རུ། །དོན་མངོན་སུམ་རྗེན་པར་འཆར་ནས་སུ། །དཔལ་རྡོར་འཆང་གི་གོ་འཕང་མྱུར་ཐོབ་ཤོག །ཅེས་སི་ཏུ་པདྨའི་མིང་ཅན་གྱིས། སྒྲུབ་པ་བླ་མ་ཚུལ་ཁྲིམས་བཞེད་ངོར་སྤེལ་བ་ཤུ་བྷཾ་ཛ་ཡནྟུ།། །།སྐྱེ་མེད་ཆོས་སྐུ་ཀུན་བཟང་སྣང་མཐའ་ཡས། །འགགས་མེད་ལོངས་སྤྱོད་ཡོངས་རྫོགས་སྤྱན་རས་གཟིགས། །སྤྲུལ་པའི་རོལ་གར་འཆི་མེད་པདྨ་འབྱུང་། །སྐུ་གསུམ་འདུས་པ་དཔལ་ལྡན་ཀརྨ་ཀ། རྒྱལ་དབང་འབྲུག་པ་རིག་འཛིན་ཆོས་རྗེ་གླིང་། །མི་འགྱུར་རྡོ་རྗེ་ཚེ་དབང་ནོར་བུ་དཔལ། །གཙུག་ལག་དགའ་བ་ཀརྨ་ཆགས་མེད་ཞབས། །ཏཱ་ཡི་སི་ཏུ་རྡོ་རྗེ་དྲག་པོ་རྩལ། །རྩ་བ་བརྒྱུད་པའི་བླ་མར་གསོལ་བ་འདེབས། །རང་རིག་ལྷན་སྐྱེས་ཡེ་ཤེས་བདེ་བ་ཆེ། །དོན་དམ་གནས་ལུགས་མངོན་གྱུར་ཚེ་རབས་ཀུན། །མ་ནོར་ལམ་སྟོན་བླ་


SPN001_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

མས་རྗེས་སུ་བཟུང་། །ངེས་དོན་སྙིང་པོའི་ཉམས་ལེན་མཐར་ཕྱིན་ནས། །ལོག་ཆོས་བཤེས་དང་ནམ་ཡང་མི་འཕྲད་ཤོག །གནས་སྐབས་རྐྱེན་ཞི་ཚེ་བསོད་དཔལ་འབྱོར་རྒྱས། །ཆོས་བཞིན་སྤྱོད་གྲོགས་མི་འབྲལ་རྟག་པ་རུ། །དཀར་པོ་དགེ་བཅུའི་ཆོས་ལ་ལོངས་སྤྱོད་ཅིང་། །བླ་མེད་སྐུ་བཞིའི་གོ་འཕང་མྱུར་ཐོབ་ཤོག །ཅེས་སི་ཏུ་པདྨའི་མིང་ཅན་གྱིས་དགེ་རྒྱལ་བེ་ཧུ་ཕུན་ཚོགས་རྣམ་རྒྱལ་བཞེད་ངོར་སྤེལ་བ་དགེ། །།བཅོམ་ལྡན་བདེ་བ་མཆོག་དངོས་ཏཻ་ལོ་པ། །ནཱ་རོ་མཻ་ཏྲི་མར་པ་མི་ལ་རྗེ། །འཛམ་གླིང་གྲགས་པ་དར་མ་དབང་ཕྱུག་སོགས། །བཀའ་བརྒྱུད་གྲུབ་བརྙེས་རྣམས་དང་ཡི་དམ་ལྷ། །རྡོ་རྗེ་ནག་པོ་ཆེན་པོ་ཕྱག་བཞི་པ། །རྩ་གསུམ་རྒྱ་མཚོའི་ཐུགས་རྗེའི་མཁའ་དབྱིངས་ལས། །བྱིན་རླབས་ཉིན་བྱེད་འོད་ཀྱི་ཕྲེང་སྤྲོ་བས། །བར་ཆད་བདུད་རིགས་འཚེ་བའི་མུན་བཅོམ་ནས། །བདེ་ལེགས་ཆོས་དང་མཐུན་པའི་འདོད་དོན་གྱི། །འདབ་བརྒྱ་ཡོངས་གྲོལ་སྡོམ་གསུམ་འབྲས་བཟང་སྨིན། །ཕྱོགས་དུས་ཀུན་ཏུ་བཀྲ་ཤིས་བདེ་ལེགས་འཕེལ། །སྒྲུབ་བརྒྱུད་བསྟན་པ་རྒྱས་པར་བྱིན་གྱིས་རློབས། །ཅེས་སྐྱོ་བྲག་ཆོས་གྲྭར་ཕྱི་ནང་གི་འཚུབ་ལྷོང་ཞི་བའི་གསོལ་འདེབས་སུ་གང་དེས་བསྐུལ་བཞིན་སྤེལ།། །།རྩ་གསུམ་ཀུན་འདུས་གུ་རུ་པདྨ་འབྱུང་། །དབྱེར་མེད་གྲུབ་ཆེན་ཀརྨ་པཀྴི་སོགས། །གང་གི་ཕྲིན་ལས་རང་གཟུགས་རྡོ་རྗེ་བེར། །


SPN001_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

བསླུ་མེད་སྐྱབས་གནས་རྣམས་ལ་གསོལ་བཏབ་མཐུས། །བྱད་ཕུར་རྦོད་གཏོང་འཇིགས་པ་བརྒྱད་ལ་སོགས། །བར་ཆད་བདུད་ཀྱི་གཡུལ་ངོ་བཟློག་ཏུ་གསོལ། །ཆོས་དང་མཐུན་པའི་བསམ་དོན་ཡོངས་འགྲུབ་ནས། །ཚེ་མཐར་ཕྱིན་ཅིང་དོན་གཉིས་འབྲས་སྨིན་ཤོག །དབོན་གྱི་ངོར་སྤེལ།། །།ཆོས་དབྱིངས་གདོད་མའི་མགོན་པོ་ཀུན་ཏུ་བཟང་། །ལོངས་སྤྱོད་ཡོངས་རྫོགས་རབ་འབྱམས་རྒྱལ་པའི་ཚོགས། །ཀུན་འདུས་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་། །གསོལ་འདེབས་བྱིན་རླབས་དངོས་གྲུབ་བསྩལ་དུ་གསོལ།། ༈ །།བདེ་ཆེན་སྣང་བ་མཐའ་ཡས་ཀྱི། །བརྩེ་བའི་སྣང་ཆ་འཇིག་རྟེན་མགོན། །གང་དང་དབྱེར་མེད་སི་ཏུ་པར། །གསོལ་འདེབས་བྱིན་རླབས་མཆོག་དངོས་སྩོལ།། ༈ །།སྐུ་གསུམ་སྟོན་པ་མཚོ་སྐྱེས་པདྨ་འབྱུང་། །རྡོ་རྗེ་སློབ་དཔོན་ཚུལ་དུ་རྣམ་པར་འཕྲུལ། །པདྨ་དབང་ཆེན་རྒྱལ་པོར་གསོལ་བ་འདེབས། །རང་སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས།། ༈ །།སངས་རྒྱས་དྲུག་པ་སེང་གེའི་རྣམ་པར་འཕྲུལ། །རྗེ་བཙུན་བདུད་འདུལ་རྡོ་རྗེའི་གསང་བ་གསུམ། །ཡེ་ཤེས་རྡོ་རྗེས་བྱིན་བརླབས་རྒྱུད་སྨིན་པ། །ཀརྨ་ཨངྐ་ར་ལ་གསོལ་བ་འདེབས། །རང་བྱུང་གདོད་གནས་སེམས་ཉིད་ཆོས་སྐུ་ཡི། །ངོ་བོ་མཐོང་ཞིང་མཁའ་མཉམ་འགྲོ་བའི་དོན། །རླབས་ཆེན་བྱང་ཆུབ་


SPN001_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་མཐར་ཕྱིན་ནས། །བླ་མེད་རྫོགས་སངས་གོ་འཕང་ཐོབ་གྱུར་ཅིག །ཅེས་དད་ལྡན་ངོར་སྤེལ་བ་དགེ། །།༈ འཕགས་པའི་སར་གནས་གྲུབ་པའི་དབང་ཕྱུག་མཆོག །ས་ར་ཧ་ཡི་བྱིན་རླབས་རྣམ་པར་འཕྲུལ། །བསྟན་འཛིན་མཚན་ཅན་རིམ་པར་བྱོན་རྣམས་དང་། །བདག་ངོར་མངོན་ཤར་མཆོག་ལ་གསོལ་བ་འདེབས། །བླ་མར་དད་དང་མོས་གུས་གཞི་བརྟན་ཅིང་། །མ་གྱུར་འགྲ་ོལ་བྱམས་དང་སྙིང་རྗེ་འབྱོངས། །སྒོམ་པ་ལ་གནས་ཕར་ཕྱིན་དྲུག་དང་ལྡན། །མཐར་ཐུག་བྱང་ཆུབ་ས་ལ་རབ་གནས་ཤོག །ཅེས་རྟོགས་ལྡན་ཀརྨའི་ངོར་སྤེལ་པ་དགེ། །།༈ དུས་གསུམ་རྒྱལ་ཀུན་ངོ་བོ། །འཕགས་མཆོག་ཐུགས་རྗེའི་གཏེར་ཆེན། །རྗེ་བཙུན་བདུད་འདུལ་རྡོ་རྗེ། །མཁྱེན་ནོ་ཐུགས་རྗེས་ཟུངས་ཤིག །གང་དེས་བྱིན་རླབས་རྒྱུད་སྨིན། །པདྨས་ལུང་ཟིན་པདྨ། །ཉིན་བྱེད་དབང་པོ་མཁྱེན་ནོ། །བདག་རྒྱུད་སྨིན་གྲོལ་བྱིན་རློབས། །བསམ་དོན་ཆོས་བཞིན་འགྲུབ་ནས། །བདེ་ཆེན་ཞིང་བགྲོད་གྱུར་ཅིག །དད་ལྡན་ཀརྨ་དབང་ལྡན་ངོར་སྤེལ། མངྒ་ལཾ། ཛ་ཡནྟུ།། ༈ །།མཚོ་སྐྱེས་པདྨ་འབྱུང་གནས་རྡོ་རྗེའི་བཀའ། །ལུང་ཟིན་པདྨ་ཉིན་བྱེད་དབང་པོ་ལ། །གསོལ་འདེབས་ཆོས་མཐུན་བསམ་པ་ལྷུན་གྲུབ་ཤོག །གདོད་ནས་ལྷན་ཅིག་སྐྱེས་པ་ཕྱག་རྒྱ་ཆེ། །མ་བཅོས་སྤྲོས་བྲལ་གཉུག་མའི་དོན་རྟོགས་ནས། །བླ་མེད་སྐུ་བཞིའི་གོ་འཕང་ཐོབ་བྱིན་རློབས། །ཨོ་རྒྱན་རིན་པོ་ཆེའི་དགོངས་འདུས་ལུང་བསྟན་ལས་གསལ་


SPN001_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། ཚབ་ཚ་མཆོག་སྤྲུལ་བཞེད་ངོར་སྤེལ།། ༈ །།གངས་ཅན་མགོན་པོ་ཕྱག་ན་པད་དཀར་ཅན། །དབྱེར་མེད་རྗེ་བཙུན་བདུད་འདུལ་རྡོ་རྗེ་འཆང་། །མཆོག་གི་དོན་བརྒྱུད་སྙིང་པོའི་བསྟན་པའི་བདག །པདྨ་ཉིན་བྱེད་དབང་ལ་གསོལ་བ་འདེབས། །གང་དེས་རྗེས་བཟུང་དོན་དམ་ཡེ་ཤེས་ཀྱི། །བྱིན་རླབས་སྟོབས་འཆང་བཀའ་གཏེར་བསྟན་སྲོལ་འཛིན། །རྣལ་འབྱོར་པུཎྜ་རི་ཀའི་ནིརྨ་ཀཱར། །གསོལ་འདེབས་ཐུགས་རྗེས་བདག་རྒྱུད་གྲོལ་བྱིན་རློབས། །རང་བྱུང་ལྷན་སྐྱེས་གནས་ལུགས་མངོན་གྱུར་ནས། །གཞན་དོན་ཕྱོགས་མེད་ལྷུན་གྱིས་འགྲུབ་པར་ཤོག །གཏེར་སྤྲུལ་མཆོག་གི་བཞེད་ངོར་བཀོད་པ་དགེའོ། །མངྒ་ལཾ།། ༈ །།ཨོ་ཌི་ཡ་ནའི་མ་ཧཱ་ཨཱ་ཙཪྱ། །མཆོག་གི་ལུང་ཟིན་དྷརྨཱ་ཀཱ་ར་ཡི། །སྒྱུ་འཕྲུལ་རོལ་པ་པདྨ་དེ་ཝེནྡྲ། །གསོལ་འདེབས་བྱིན་རླབས་གྲུབ་གཉིས་དངོས་གྲུབ་སྩོལ། །གང་དེའི་ཐུགས་རྗེའི་རྣམ་པར་རོལ་པ་ཡི། །བསླབ་གསུམ་རྣམ་དག་ངུར་སྨྲིག་རྒྱལ་མཚན་འཛིན། །ཐུབ་དབང་ཨོ་རྒྱན་དགོངས་བཅུད་མདོ་སྔགས་བསྟན། །སྤེལ་བའི་ཕྲིན་ལས་སུ་ཙནྡྲ་ལ་འདུད། །སྐལ་ལྡན་མོས་ངོར་ཆོས་སྒོ་ཇི་སྙེད་ཀྱི། །ལམ་ཟབ་སྟོན་ཕྱིར་རྟག་བརྟན་འཚོ་གཞེས་གསོལ། །རྒྱལ་རོང་སྒྲུབ་ཀརྨ་ཕྲིན་ལས་ངོར་སྤེལ་བ་དགེ། །།༈ སྐུ་གསུམ་ཡེ་ཤེས་ལྔ་ཡི་བདག་ཉིད་ཅན། །ཚེ་དང་ཡེ་ཤེས་འོད་སྣང་མཐའ་ཡས་པ། །བདེ་ཆེན་ཞིང་གི་སྟོན་མཆོག་གཙོ་འཁོར་ལ། །གསོལ་


SPN001_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་རྒྱུད་སྨིན་ཐུགས་རྗེས་སྐྱོང་གྱུར་ཅིག །བདག་དང་བདག་ལ་འབྲེལ་ཐོགས་སེམས་ཅན་རྣམས། །རྩེ་གཅིག་མོས་བློས་དད་པས་མཚམས་སྦྱར་མཐུས། །འདི་ནས་སྐྱེ་གཞན་བར་མ་ཆད་པ་རུ། །རྣམ་དག་བདེ་ཆེན་ཞིང་དེར་སྐྱེ་བར་ཤོག །སངས་རྒྱས་ཞལ་མཐོང་བླ་མེད་ལུང་བསྟན་ཐོབ། །བྱང་ཆུབ་གོ་འཕང་མཆོག་ལ་འགོད་གྱུར་ཅིག །མགོན་པོ་སྤྲུལ་སྐུའི་བཞེད་ངོར་སྤེལ་བ་དགེ། །།༈ ཀུན་བཟང་པད་འབྱུང་ཐུགས་རྗེའི་རོལ་པ་ལས། །ཡོངས་ཤར་པདྨ་ཉིན་མོར་བྱེད་པ་ལ། །གསོལ་འདེབས་གནས་སྐབས་ཚེ་རིང་ཆོས་ལྡན་ཅིང་། །བདེ་ཆེན་ཞིང་དུ་སྐྱེ་བར་བྱིན་གྱིས་རློབས། །ཀརྨ་བསོད་ནམས་ངོར་སྤེལ།། ༈ །།ཕྱོགས་བཅུ་དུས་གསུམ་རྒྱལ་བ་རབ་འབྱམས་ཀྱི། །ཐུགས་རྗེ་གཅིག་བསྡུས་མཚོ་སྐྱེས་རྡོ་རྗེ་འཆང་། །སྐུ་ལྔ་མཚན་བརྒྱད་རྗེ་འབངས་ཉེར་ལྔ་ལ། །གསོལ་བ་འདེབས་སོ་ཡེ་ཤེས་སྤྱན་གྱིས་གཟིགས། །ལྔ་བརྒྱ་ཐ་མའི་བདག་སོགས་སེམས་ཅན་རྣམས། །ལས་དང་ཉོན་མོངས་དབང་གིས་མི་དགེའི་རིགས། །མི་མཐུན་འཇིགས་པ་བརྒྱད་ལས་སྐྱོབ་པ་དང་། །ཚེ་ནོར་ཆོས་འཕེལ་བདེ་སྐྱིད་ཕུན་སུམ་ཚོགས། །རྟག་པར་རང་བྱུང་ལྷན་སྐྱེས་སྙིང་པོའི་དོན། །མཐར་ཕྱིན་རྫོགས་སངས་གོ་འཕང་འགོད་གྱུར་ཅིག །ཅེས་འགྲོ་བ་ཡོངས་ལ་སྨན་པའི་ཆེད་ཀརྨ་བསོད་ནམས་གྱི་ངོར་སྤེལ་བ་དགེ། །།༈ རྒྱལ་ཀུན་ངོ་བོ་གངས་ཅན་ལྷ་གཅིག་པུ། །ཁམས་གསུམ་འགྲོ་བའི་འདྲེན་པ་འཇིག་


SPN001_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་དབང་། །ནོར་བུ་པདྨ་ཅན་གྱི་རྣམ་པར་འཕྲུལ། །ཐེག་མཆོག་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །ཚད་མེད་ཐུགས་རྗེ་ཆེན་པོའི་མཁའ་དབྱིངས་ལས། །གཞན་ཕན་སྣང་བའི་ཉིན་བྱེད་འོད་ཟེར་གྱིས། །མོས་ལྡན་པདྨའི་དགའ་ཚལ་ཐར་པའི་ལམ། །རབ་གསལ་ཞིང་ཁམས་མཆོག་ལ་དབང་བསྐུར་ཤོག །སྔགས་འཆང་ཨོ་རྒྱན་ཚེ་རིང་ངོར་སྤེལ་བ་མངྒ་ལཾ།། ༈ །།རྒྱལ་ཚབ་ཏུ་དབང་བསྐུར་བྱེད་པོ་སྟེ་རིགས་བདག་སྤྲུལ་གཞིའི་མཚན། པདྨ་ཀཱ་རས་རྒྱལ་ཚབ་དབང་བསྐུར་ནས། །སྔོན་གྱི་བྱ་བ་ནི་དགེ་བའི་སྨོན་ལམ་རྣམ་པ་མང་པོའི་མཐུ་ུཡིས་དེ་ཡི་བྱེད་ལས་ནི་མ་ལུས་ཕན་བདེའི་འབྱུང་གནས་གཅིག་པུ་པ་སངས་རྒྱས་ཀྱི་བསྟན་པ་སྟེ། བསྟན་པ་དེ་རང་གི་སྲོག་ལྟར་འཛིན་པས་ན་བསྟན་སྲོག་འཛིན། །ངོ་བོ་ནི་ཚེ་རབས་རྟག་ཏུ་ཕྲིན་ལས་ཀྱི་ཤུགས་ལས་འགྲོ་འདུལ་གྱི་བྱ་བ་ལ་རབ་ཏུ་འབད་པ་སྟེ། རྣམ་གྲངས་ནི་སྐྱེ་བ་སྤྲུལ་སྐུའི་ནང་ཚན་སྤྲུལ་པའི། དེ་ཡང་སུ་ཞིག །རྡོ་རྗེ་འཆང་གི་ངོ་བོ་པདྨ་ཀཱ་རས། སུས། རང་ཉིད་ཀྱི་རྒྱལ་ཚབ་ཏུ། སུ་ལ། སྤྲང་བན་ཚེ་དབང་ནོར་བུ་ལ་དབང་བསྐུར། དགོས་པ་གང་། རང་གཞན་ཕན་བདེ་བླ་ན་མེད་པ་ཐོབ་ཕྱིར་རོ། །སྤྱོད་ལམ་ནི་སྔགས་ཀྱི་རིག་པ་འཛིན་པས་རིག་པ་འཛིན། །ཚེ་དབང་ནོར་བུ་དཔལ་ལ་གསོལ་བ་འདེབས། །མངྒ་ལཾ། འདིའི་རྩོམ་གཞི་པདྨ་བདེ་ཆེན་གླིང་པའི་གསུང་ཡིན་པས་བྱིན་རླབས་ཆེའོ། །ཨཱ་ཡུ་རཱིནྡྲ་མ་ཎི་ཤྲཱི། ཞེས་པ་བཀླག་ཐབས་སུ་བསྣན་པ་སྟེ། དགོས་པ་ནི་ཆེ་བ་ཞིག་གོ། །།


SPN001_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

༈ མཆོག་གསུམ་དཀྱིལ་འཁོར་རྒྱ་མཚོའི་སྤྱི་མེས་མཆོག །ཀོ་ཤའི་མཚོར་འཁྲུངས་པདྨ་ཀཱ་ར་ཡི། །བྱིན་རླབས་ཀློང་ནས་དེང་འདིར་ཉེར་དགོངས་ལ། །གསང་གསུམ་ཐུགས་རྗེའི་ཆུ་འཛིན་དྲྭ་བ་གཡོ། །མཆོག་དངོས་གྲུབ་པའི་ཆར་ཆེན་རྟག་འབེབས་ཤིང་། །ཟབ་དོན་ཆོས་ཀྱི་དབྱར་རྔའི་སྒྲ་དབྱངས་སྒྲོགས། །སྐལ་ལྡན་དད་པའི་བློ་ཡི་སྐྱེད་ཚལ་དུ། །རྨད་བྱུང་ཡང་དག་ལྟ་བའི་པདྨ་དཀར། །དོན་དམ་སེམས་ཀྱི་དེ་ཉིད་ལོ་འདབ་རྒྱས། །ཁམས་དབང་མོས་པའི་གདུལ་བྱའི་བུང་བ་འདུ། །ཀུན་ཀྱང་ཕན་བདེའི་བཅུད་ཀྱིས་འཚོ་གྱུར་ཞིང་། །བླ་མེད་བྱང་ཆུབ་འབྲས་བུ་མངོན་གྱུར་ཤོག །ཅེས་སྒྲུབ་པ་བསམ་ཕེལ་ངོར་སི་ཏུ་པདྨ་ཉིན་བྱེད་དབང་པོས་སྤེལ་བ་ཛ་ཡ།། ༈ །།གདོད་ནས་སྤྲོས་བྲལ་འགྱུར་མེད་ཆོས་ཀྱི་དབྱིངས། །འོད་གསལ་ལྷུན་རྫོགས་བདེ་བ་ཆེན་པོའི་ངང་། །སྒྱུ་འཕྲུལ་རྡོ་རྗེའི་གར་གྱི་རྣམ་པར་རོལ། །སྐུ་གསུམ་བདག་ཉིད་གང་དེར་གསོལ་བ་འདེབས། །ཐུགས་རྗེ་ཚད་མེད་འགྲོ་བའི་མགོན་གྱུར་པ། །བྱམས་པའི་རང་གཟུགས་འཕགས་པ་མཆོག་སྣང་བ། །སྲིད་པའི་གདུང་སེལ་ཕྱག་ན་པདྨ་འཆང་། །འཇིག་རྟེན་དབང་ཕྱུག་རྒྱལ་ལ་གསོལ་བ་འདེབས། །སངས་རྒྱས་ཀུན་ཀྱི་ཕྲིན་ལས་མངའ་བདག་ཉིད། །རྡོ་རྗེ་འཛིན་པ་དཀྱིལ་འཁོར་རྒྱ་མཚོའི་གཙོ། །རིགས་ཀུན་ཁྱབ་བདག་དཔལ་ལྡན་ཀརྨ་ཀ། བདུད་འདུལ་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །རང་བྱུང་ཡེ་ཤེས་


SPN001_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

གཉུག་མའི་དེ་བཞིན་ཉིད། །གནས་ལུགས་ཇི་བཞིན་མངོན་དུ་གྱུར་ནས་ཀྱང་། །བྱང་ཆུབ་གོ་འཕང་དམ་པ་ཡོངས་ཐོབ་ནས། །འགྲོ་རྣམས་ཐར་པ་མཆོག་ལ་འགོད་གྱུར་ཅིག །ཅེས་པའང་བླ་མ་པདྨ་དབང་དྲག་གང་དེས་བཞེད་ལྟར་སི་ཏུས་སྤེལ།། ༈ །།དུས་གསུམ་གྱི་གནས་སྣང་ས་ལེར་མཁྱེན། །སྣང་སྲིད་ཀུན་ཟིལ་གནོན་རྫུ་འཕྲུལ་ཅན། །གདུལ་དཀའ་བ་འདུལ་མཛད་ཐུགས་རྗེའི་བདག །རྗེ་གྲུབ་ཆེན་པཀྴི་ལ་གསོལ་བ་འདེབས། །གཞི་གདོད་མའི་སེམས་ཉིད་གསལ་བ་ལ། །ལམ་ཕྱག་རྒྱ་ཆེན་པོའི་དོན་རྟོགས་ཤིང་། །འབྲས་རྒྱུད་ཀྱི་རྡོ་རྗེ་འཆང་ཐོབ་ནས། །སྐུ་ལྔ་ཡི་གོ་འཕང་མྱུར་ཐོབ་ཤོག། །།༈ དཔལ་མི་ཕམ་སངས་རྒྱས་འགྲོ་བའི་མགོན། །བསྐལ་བཟང་གི་རྣམ་པར་འདྲེན་པ་ལྔ། །མཆོག་གང་གི་རྣམ་འཕྲུལ་གར་རོལ་པ། །ཧེ་རུ་ཀ་ཌོམྦྷི་པ་ཞེས་དང་། །དགྱེས་མཛད་དངོས་སྣང་བའི་ལོ་ཙཱ་བ། །མ་འགྲོ་དྲུག་ལ་བྱམས་ཆེན་ཐུགས་རྗེ་ཡི། །འཇུག་པ་ཟབ་དོན་གྱི་ཕྲིན་ལས་བདག །སི་ཏུ་པ་སྐྱེས་རབས་ཕྲེང་བར་འདུད། །ཚེ་རབས་ཀུན་འབྲལ་མེད་རྒྱུད་བྱིན་རློབས། །ཡེ་ཤེས་ལྔས་བདག་རྒྱུད་སྨིན་གྲོལ་མཛོད།། ༈ །།བཅོམ་ལྡན་བདེར་གཤེགས་སྟོབས་བཅུ་མངའ་བའི་ལྷ། །མངོན་ཤེས་དྲུག་ལྡན་བཻ་ཌཱུར་འོད་ཀྱི་རྒྱལ། །གསོལ་བ་འདེབས་སོ་བདག་གཞན་འགྲོ་བ་རྣམས། །ནད་རིགས་བཞི་བརྒྱ་རྩ་བཞི་ཞི་བའི་ཕྱིར། །གསོ་རིག་རྒྱུད་གཞུང་མན་ངག་མཐར་


SPN001_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་ནས། །གཉེན་པོའི་སྨན་གྱིས་ནད་རིགས་མཐར་བྱེད་པའི། །དྲང་སྲོང་དམ་པར་དབྱེར་མེད་བྱང་ཆུབ་བར། །མི་འབྲལ་སྟོན་མཆོག་ཅི་འདྲར་བདག་གྱུར་ཅིག། །།༈ ཚེ་དང་ཡེ་ཤེས་སྣང་བ་ཡི། །དཔལ་སྟེར་དུས་གསུམ་རྒྱལ་རྣམས་ཀྱི། །སྐྱེད་པའི་ཡུམ་གྱུར་ཏཱ་རེ་མས། །རྗེས་བཟུང་རྟག་བདེའི་གོ་འཕང་ཤོག །རྒུད་མེད་ལང་ཚོ་ཡར་ཟླ་ལྟར། །འཆི་མེད་གཉུག་མ་མངོན་གྱུར་ཤོག། །།༈ གྲུབ་པའི་སྤྱི་དཔལ་བཅོམ་ལྡན་རྩ་ཤད་ཞབས། །རྗེས་བཟུང་མར་སྟོན་ཆོས་ཀྱི་བློ་གྲོས་ཞེས། །དགྱེས་མཛད་དངོས་སྣང་སྐྱེས་རབས་རིན་ཆེན་ཕྲེང་། །བརྒྱུད་པར་བཅས་ལ་གསོལ་བཏབ་དགེ་བའི་འབྲས། །དོན་གཉིས་མཐར་ཕྱིན་རང་སེམས་ཆོས་ཀྱི་སྐུ། །མངོན་གྱུར་སྲིད་མཚོ་ལས་བརྒལ་སངས་རྒྱས་ཤོག །སྒྲུབ་མཐར་ཕྱིན་ལའོ།། ༈ །།སྐུ་གསུམ་ཡེ་ཤེས་ལྔ་ཡི་བདག་ཉིད་ཅན། །ཡང་དག་རྫོགས་པའི་སངས་རྒྱས་ཤཱཀྱའི་རྒྱལ། །དབྱེར་མེད་རྒྱལ་དབང་པདྨ་སྐྱེས་གང་དེར། །གསོལ་བཏབ་དགེ་བས་རྣམ་པ་ཐམས་ཅད་དུ། །བསམ་དོན་ཆོས་བཞིན་ལྷུན་གྱིས་གྲུབ་པ་དང་། །རང་རིག་མ་བཅོས་བཟོ་མེད་སྣང་བ་འདི། །དགག་སྒྲུབ་སྤང་བླང་དང་བྲལ་གསལ་ལ་སྟོང་། །འཛིན་མེད་རང་ཤར་རང་གྲོལ་ངང་ཉིད་དུ། །ཀུན་བཟང་དགོངས་པ་མངོན་དུ་གྱུར་བར་ཤོག །ལྷ་བྲིས་དབང་རྒྱལ་ལ་སྤེལ།། ༈ །།མཆོག་རྒྱལ་ཀུན་འདུས་པའི་སྤྱི་གཟུགས་ཆེ། །སྐྱབས་པདྨཱ་ཀ་རར་གསོལ་བཏབ་


SPN001_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

མཐུས། །དུས་འདི་བཟུང་བླ་མེད་སྙིང་པོའི་བར། །མ་ནོར་གྱི་ལམ་སྟོན་བླ་མ་དང་། །ཆོས་མཐར་ཐུག་ཕྱག་རྫོགས་དབྱེར་མེད་ཀྱི། །དོན་འཁྲུལ་མེད་རྟོགས་པའི་གདེང་ཐོབ་ནས། །བསྐྱེད་རྫོགས་ལ་རང་བྱན་ཆུབ་པ་དང་། །རང་རིག་པའི་ཡེ་ཤེས་མངོན་གྱུར་ཤོག །སྒྲུབ་བཟོད་པ་ལ་དགེ། །།༈ སྐྱེ་མེད་མཐའ་བྲལ་ཆོས་དབྱིངས་ཀུན་བཟང་ཀློང་། །བདེ་ཆེན་ལོངས་སྤྱོད་ཡོངས་རྫོགས་ཐུགས་རྗེ་ཅན། །སྣ་ཚོགས་ཕྲིན་ལས་འགྲོ་འདུལ་པདྨ་འབྱུང་། །སྐུ་གསུམ་སྟོན་པ་མཆོག་ལ་གསོལ་བ་འདེབས། །གང་སྔོན་བསོད་ནམས་ཡེ་ཤེས་རྒྱ་མཚོ་ལས། །བསྐྱེད་པའི་ཞིང་ཁམས་འོད་ཟེར་མཐའ་ཡས་སུ། །གསེར་འཁོར་བསྒྱུར་བ་ལག་ན་བེ་ཅོན་གྲགས། །དགེ་སློང་ཙུནྡ་བྲམ་ཟེ་པཎྜི་ཏ། །ཐོ་རི་སྙན་ཤལ་སྲོང་བཙན་བློན་པོ་མགར། །སད་ན་ལེགས་པ་ཀླུ་ཡི་རྒྱལ་མཚན་དང་། །གཡུ་སྒྲ་སྙིང་པོ་རས་པ་ཞི་བ་འོད། །ཤོ་སྒོམ་རབ་དགའ་གཡུང་ཆུང་རྫོགས་ཆེན་པ། །བྲམ་ཟེ་བདུན་དང་ཟླ་གྲགས་སྤང་ནུ་བ། །མཚུར་འཇམ་དྷརྨ་དྷཱ་ཏུ་དབྱིངས་ཡེ་ཤེས། །ཐ་མི་དད་པ་ཀརྨ་ཆགས་མེད་ཞབས། །དབང་འབྱུང་ཕྲིན་ལས་བསྟན་འཛིན་གསོལ་བ་འདེབས། །དེང་འདིར་སྒྲུབ་རྒྱུད་བསྟན་འཛིན་རྣམ་རྒྱལ་སྡེ། །བསྐལ་པར་ཆོས་སྟོན་རྟག་བརྟན་བཞུགས་གསོལ་འདེབས། །གང་ཁྱོད་ཞིང་ཁམས་རབ་འབྱམས་མངའ་བའི་བདག །བདེ་བ་ཅན་དུ་པདྨ་ཆུ་སྐྱེས་དང་། །ལྟ་ན་སྡུག་པར་


SPN001_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་འགྲོ་ལ་གཟིགས། །དཔལ་རིར་རྨ་བྱ་མགྲིན་པའི་རྒྱལ་མཚན་ཞེས། །དེ་ལྟར་སྐྱེས་རབས་བསམ་ཡས་བརྗོད་བྲལ་བར། །ཆ་ཤས་ཙམ་ཞིག་གསོལ་བཏབ་དགེ་བའི་འབྲས། །ཚེ་རབས་རྗེས་བཟུང་བླ་མེད་བྱང་ཆུབ་སྤྱོད། །མཐར་ཕྱིན་སྐུ་བཞིའི་གོ་འཕང་ཐོབ་གྱུར་ཅིག །ཅེས་པའང་དྲིན་ཆེན་ཀརྨ་ཆགས་མེད་ཀྱི་དངོས་སྤྲུལ་དམ་པ་གང་གི་ཞབས་འདེགས་པ་བླ་མཆན་ཀརྨ་ཨ་བྷྱ་ཞེས་པས་བསྐུལ་ངོར་སི་ཏུས་སྤེལ།། ༈ །།དུས་གསུམ་སངས་རྒྱས་འདུས་ཞལ་པདྨ་འབྱུང་། །གང་དེར་རྣམ་ཀུན་གསོལ་བ་བཏབ་པའི་མཐུས། །རང་བྱུང་ཡེ་ཤེས་དོན་དམ་གདོད་གནས་ཀྱི། །ཀ་དག་ཆོས་སྐུའི་རང་ཞལ་མངོན་མཐོང་ནས། །ཀུན་བཟང་དགོངས་པ་མཉམ་ཉིད་ཆེན་པོའི་ཀློང་། །དབྱེར་མེད་སངས་རྒྱས་གོ་འཕང་མཆོག་ཐོབ་ཤོག། །།༈ ༵སྐུ་ལྔའི་བདག་ཉིད་གུ་རུ་པདྨ་འབྱུང་། །དབྱེར་མེད་བཀའ་བརྒྱུད་བླ་མ་རིན་ཆེན་ཕྲེང་། །རིམ་པར་བྱོན་ལ་ཕྱག་འཚལ་གསོལ་བ་འདེབས། །སྐྱེ་དང་ཚེ་རབས་རྗེས་སུ་འཛིན་གྱུར་ཅིག །བློ་འདས་བརྗོད་བྲལ་གདོད་མའི་ཀུན་ཏུ་བཟང་། །འཁྲུལ་པའི་དྲི་མ་རྒྱང་བསྲིང་གཉིས་འཛིན་གྱི། །བག་ཆགས་ངང་བྲལ་རང་རིག་ཡེ་ཤེས་རྩལ། །མངོན་གྱུར་བླ་མེད་རྫོགས་སངས་རྒྱས་ཐོབ་ཤོག། །།༈ ཡོན་ཏན་རབ་རྫོགས་ཞིང་ཁམས་བདེ་བ་ཅན། །སྟོན་མཆོག་དམ་པ་འོད་མི་འགྱུར་བའི་སྐུ། །གང་འདིར་གསོལ་བཏབ་དག་པའི་ཞིང་མཆོག་དེར། །


SPN001_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་ནས་བྱང་ཆུབ་ཆེན་པོར་མངོན་གྱུར་ཤོག །བཀའ་བརྒྱུད་ཆོས་འཕེལ་ངོར་སྤེལ།། ༈ །།རྒྱལ་ཀུན་གསང་གསུམ་ཐུགས་རྗེའི་རྣམ་པར་རོལ། །གཅིག་བསྡུས་རྡོ་རྗེ་ཅན་ཞབས་སྐྱེས་རབས་ཕྲེང་། །གང་དེར་གསོལ་བཏབ་དེང་བཟུང་བླ་མེད་པར། །མི་འབྲལ་རྫོགས་སངས་གོ་འཕང་རེག་གྱུར་ཅིག །ཆོས་ཁྲིམས་བསྟན་འཛིན་ངོར་སྤེལ།། ༈ །།གསོལ་འདེབས་དངོས་གྲུབ་དགའ་ཚལ་བཞུགས་སོ། །ན་མཿཤྲཱི་གུ་ར་ཝེ། ཐུགས་རྗེ་ཆེན་པོས་འཁོར་བ་དོང་སྤྲུགས་ཀྱི། །ཕྲིན་ལས་འདོད་དགུར་བསྒྱུར་བའི་མངའ་དབང་ཕྱུག །གྲུ་འཛིན་རིར་བཞུགས་འཕགས་པ་སྤྱན་རས་གཟིགས། །དབྱེར་མེད་བདུད་འདུལ་རྡོ་རྗེར་གསོལ་བ་འདེབས། །བྱིན་གྱིས་རློབས་ཤིག་མཆོག་གི་དངོས་གྲུབ་སྩོལ། །ཡོན་ཏན་མཐའ་ཡས་བརྗོད་བྲལ་བཅོམ་ལྡན་འདས། །ཤེས་བྱ་ཀུན་མཁྱེན་གཟིགས་པའི་བདག་ཉིད་ཅན། །བདེ་ཆེན་ཞིང་བཞུགས་འོད་སྣང་དཔག་ཏུ་མེད། །དབྱེར་མེད་ཆོས་གྲུབ་རྒྱ་མཚོར་གསོལ་བ་འདེབས། །བྱིན་གྱིས་རློབས་ཤིག་མཆོག་གི་དངོས་གྲུབ་སྩོལ། །རྣམ་པར་དག་པའི་ཐུགས་སྐྱེད་ཟབ་མོའི་འཕྲུལ། །རླབས་ཆེན་འགྲོ་སྒྲོལ་མཁྱེན་པའི་ཉི་འོད་རྒྱས། །དགའ་ལྡན་གནས་ཀྱི་སྟོན་མཆོག་མ་ཕམ་མགོན། །དབྱེར་མེད་ཆོས་ཀྱི་འབྱུང་གནས་གསོལ་བ་འདེབས། །བྱིན་གྱིས་རློབས་ཤིག་མཆོག་གི་དངོས་གྲུབ་སྩོལ། །དེ་ལྟར་རྩེ་གཅིག་གསོལ་བ་བཏབ་བ་ཡི། །བསོད་ནམས་དགེ་


SPN001_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྒྱ་ཆེན་བསགས་པའི་མཐུས། །སྒྲིབ་གཉིས་བྱང་ཞིང་མ་ནོར་ལམ་བཟང་པོར། །བདག་གཞན་ཕྱམ་གཅིག་སངས་རྒྱས་སར་འགོད་ཤོག །ཅེས་རྒྱལ་བ་ཡབ་སྲས་སྤྲུལ་གཞི་དང་བཅས་པའི་གསོལ་འདེབས་འདི་བཞིན་སྒྲུབ་ཆེན་པ་ཀརྨ་ངེས་ལེགས་དཔལ་བཟང་གིས་བསྐུལ་བའི་ངོར་སི་ཏུ་པདྨ་ཉིན་བྱེད་དབང་པོས་སྤེལ་བ་ཤུ་བྷཾ།། ༈ །།པདྨ་བཛྲ་གསོལ་འདེབས་སྐུ་བཞིའི་བྱིན་རླབས་སྤྲིན་ཕུང་བཞུགས། ཆོས་སྐུ་སྤྲོས་བྲལ་ཟག་མེད་མཁའ་ལྟར་ཁྱབ། །ལོངས་སྐུ་འགགས་མེད་བདེ་བ་ཆེན་པོ་དངོས། །སྤྲུལ་སྐུ་སྣ་ཚོགས་གར་གྱི་སྒྱུ་འཕྲུལ་ཅན། །སྐུ་གསུམ་ངོ་བོ་ཨོ་རྒྱན་རྗེ་ལ་འདུད། །ཁྱོད་ནི་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །སྤྱི་མེས་དམ་པ་གདོད་མའི་ཀུན་ཏུ་བཟང་། །དབྱིངས་རིག་ཡེ་ཤེས་ཕར་ཕྱིན་ལྷུན་གྱིས་གྲུབ། །རིགས་ཀུན་ཁྱབ་བདག་པདྨ་བཛྲ་རྩལ། །མཁའ་མདངས་ཨིནྡྲ་སྙིལ་དང་མཐོན་ཀ་མཆོག །བཻ་ཌཱུར་མཐིང་གའི་ཁ་དོག་འཆང་པའི་སྐུ། །ཞལ་གཅིག་ཕྱག་གཉིས་ཐབས་ཤེས་རྡོར་དྲིལ་འཛིན། །སྤྱན་གསུམ་དུས་གསུམ་ས་ལེར་འགྲོ་ལ་གཟིགས། །རིན་ཆེན་སྣ་ཚོགས་དུ་མའི་དབུ་རྒྱན་དང་། །སྙན་ཆ་མགུལ་རྒྱན་ཕྱག་ཞབས་གདུ་བུ་དང་། །ཕྲེང་བ་དོ་ཤལ་དྲིལ་གཡེར་མཛེས་པར་བརྒྱན། །ལྷ་རྫས་སྣ་ཚོགས་དར་གྱི་སྟོད་གཡོགས་དང་། །སྨད་གཡོགས་རུས་རྒྱན་ཕྱག་རྒྱ་དྲུག་གིས་སྤྲས། །ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །པང་དུ་རྡོ་རྗེ་སྙེམས་མ་ལྷ་ཡི་ལྕམ། །མནྡ་ར་བ་དབང་སྔོན་མདོག་


SPN001_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་དྭངས། །ཕྱག་གཉིས་གྲི་ཐོད་འཛིན་ཅིང་ལང་ཚོ་རྒྱས། །མྱོས་བུམ་རབ་མཐོ་བདེ་བའི་ཆ་གང་ཞིང་། །ཐབས་ཀྱི་སྐུ་ལ་གཉིས་མེད་དགྱེས་པར་འཁྲིལ། །ཟུང་འཇུག་བདེ་སྟོང་མཉམ་ཉིད་ཆེན་པོར་རོལ། །གཡས་སུ་ཡེ་ཤེས་མཚོ་རྒྱལ་གཡོན་དུ་ནི། །བདེ་ཆེན་དབང་གི་རྒྱལ་མོ་ཌཱ་ཀི་མ། །བཞིན་མཛེས་བརྒྱད་གཉིས་ལང་ཚོའི་དཔལ་གྱིས་དྲེགས། །ལྟ་བས་མི་ངོམས་རིན་ཐང་བྲལ་བ་ཡི། །སྣ་ཚོགས་རཏྣ་ཟ་འོག་དུ་མ་ཡི། །རྒྱན་རྣམས་ཀུན་གྱིས་བཀླུབས་ཅིང་སྐུ་ཡི་མདོག །པྲི་ཡང་ཀུ་ལྟར་སྔོ་ཞིང་གསལ་ལ་འཚེར། །ཕྱག་གཉིས་ཐོད་ཆང་མཐེབ་སྲིན་བསྒྲེང་བཞིན་དུ། །ཟག་མེད་བཅུད་ཀྱི་བདུད་རྩིའི་ཟེགས་མ་ནི། །ཐབས་ཀྱི་སྐུ་ཡི་ཞལ་ལ་དགྱེས་པར་སྟོབ། །གཞན་ཡང་ཐོད་ཕྲེང་རྩལ་ལྔ་གྲུབ་ཆེན་བརྒྱད། །གུ་རུ་སྤྲུལ་པའི་མཚན་བརྒྱད་ཞི་རྒྱས་དང་། །དབང་དང་མངོན་སྤྱོད་ལས་གྲུབ་རིག་པ་འཛིན། །རྣལ་འབྱོར་དབང་ཕྱུག་བརྒྱད་ཅུ་སྒོ་སྲུང་བ། མཁའ་འགྲོ་སྡེ་བཞི་ཁྲོ་བོ་ཡབ་ཡུམ་སོགས། །སྣང་སྲིད་འཁོར་འདས་སྟོང་ཆེན་གདོད་མའི་ཀློང་། །རིག་རྩལ་སྒྱུ་འཕྲུལ་འཆར་སྒོའི་སྣང་ཆ་ལས། །ཞི་དང་ཁྲོ་ཚོགས་དཀྱིལ་འཁོར་མངོན་སུམ་ཤར། །རང་ཤར་རང་བྱུང་ལྷན་སྐྱེས་ཡེ་ཤེས་ཀྱི། །སེམས་ཀྱི་རྡོ་རྗེ་ཀུན་བྱེད་རྒྱལ་པོ་མཆོག །འཁྲུལ་དྲིས་མ་བསླད་རང་གསལ་རྗེན་པ་དངོས། །རིག་པའི་ཡེ་ཤེས་རང་ཆས་ལྷུན་རྫོགས་པ། །མཐའ་


SPN001_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བརྗོད་མེད་སྣང་སྟོང་ལྷ་ཚོགས་ལ། །རང་གསལ་རང་གྲོལ་ངང་དུ་མཆོད་པ་འབུལ། །རྣམ་རྟོག་མཚན་མའི་རྦ་རླབས་འཁྲུགས་པ་ཡི། །ཉོན་མོངས་གཉིས་སྣང་བདུད་བཞིའི་གཡུལ་ངོ་བཟློག །ཀ་ནས་དག་པའི་དབྱིངས་སུ་སྒྲོལ་བར་མཛོད། །དུག་གསུམ་འཁོར་བ་འདུ་འཛིའི་གཡང་ས་ལས། །བླ་མེད་མཆོག་གི་འོད་ལམ་དྲང་དུ་གསོལ། །རང་རིག་ཆོས་དབྱིངས་ཡེ་ཤེས་མངོན་གྱུར་ཤོག །ཀྱེ་མ། བདག་སོགས་ཐོག་མེད་མ་རིག་བག་ཆགས་ཀྱི། །མུན་པའི་དྲྭ་བར་བྱིངས་ནས་ཡང་སྲིད་ཀྱི། །གནས་ལ་ཁོར་ཡུག་ལས་ཀྱི་རླུང་དྲག་པོས། །བསྐྱོད་ནས་རང་ངོ་མ་ཤེས་འཕྱང་མོ་ཉུག །གྲངས་མེད་སྐྱེ་རྒ་ན་འཆིའི་འདམ་རྫབ་ལས། །སྔོན་འབྲེལ་སྨོན་ལམ་དལ་འབྱོར་ལུས་རྟེན་ཐོབ། །བསྟན་པའི་སྒོར་ཞུགས་ལྷག་བསམ་སྣོད་ལྡན་ཞིང་། །དམ་པའི་ཆོས་ཀྱི་བདུད་རྩིས་རང་རྒྱུད་བརླན། །མོས་གུས་དད་དང་དག་སྣང་དམ་ཚིག་དང་། །ཉམས་ལེན་སྟོང་ཉིད་སྙིང་རྗེའི་བྱང་སེམས་ཀྱི། །རྩ་བ་བརྟན་ཅིང་བརྗོད་བྲལ་གནས་ལུགས་མཆོག །རྟོགས་པའི་རྩལ་རྫོགས་ས་ལམ་གཅིག་ཆར་དུ། །བགྲོད་ནས་བླ་མེད་སྐུ་བཞིའི་གོ་འཕང་མཆོག །རིང་མིན་ཉིད་དུ་ངེས་པར་ཐོབ་གྱུར་ཅིག །སེམས་ཀྱི་དངོས་པོ་མེད་ལ་ངོ་བོ་སྟོང་། །གསལ་ཞིང་སྣང་བ་འདས་དང་མ་འོངས་ཀྱི། །རྟོག་པ་རྒྱུན་བཅད་ཐ་མལ་ཤེས་པ་ནི། །སོ་མའི་ངང་དུ་བཅས་བཅོས་


SPN001_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་བཞག །དགག་སྒྲུབ་སྤང་བླང་རེ་དོགས་མི་བྱ་བར། །གཉུག་མ་གང་ཤར་དེ་ཡི་ངོ་བོ་སྐྱོང་། །དེ་སྐད་དུས་གསུམ་རྒྱལ་བའི་གདམས་པའི་བཅུད། །ཡང་སྙིང་གཅིག་དྲིལ་བཀོད་པ་འདི་ཉིད་ཀྱང་། །ཐར་པའི་ལམ་གྱི་སྟེགས་སུ་འོས་པའི་ཕྱིར། སྒྲུབ་ཆེན་ཚེ་དབང་མགོན་པོས་བསྐུལ་བའི་ངོར། །ཨོ་རྒྱན་པདྨ་བཛྲ་གསོལ་འདེབས་དང་། །སེམས་ཀྱི་བཞག་ཐབས་མདོ་ཙམ་བསྡུས་པ་འདི། །རྒྱལ་དབང་པདྨས་བྱིན་རླབས་ཆ་ཤས་ཀྱི། །སྐལ་བཟང་ཐོབ་པ་པདྨ་ཉིན་བྱེད་ཀྱིས། །བཀོད་པའི་དགེ་བས་རིགས་དྲུག་སངས་རྒྱས་ཤོག །སརྦ་མངྒ་ལཾ།། ༈ །།མཁའ་ཁྱབ་ཡེ་ཤེས་ཆེན་པོའི་རང་གདངས་ལས། །སྒྱུ་འཕྲུལ་ལོངས་སྤྱོད་ཡོངས་སུ་རྫོགས་པ་ཅན། །གང་འདུལ་རྣམ་རོལ་བཀོད་པ་ཅིར་ཡང་བསྒྱུར། །སྐུ་གསུམ་བདག་ཉིད་རྗེ་བཙུན་མཆོག་དེར་འདུད། །གདུལ་བྱའི་མོས་ངོར་ཆུ་རྫིང་མཐའ་ཡས་པར། །དེ་སྙེད་ཟླ་གཟུགས་སྟོན་པའི་ཕྲིན་ལས་ཀྱིས། །ཐར་པའི་ལམ་བཟང་གསལ་བྱེད་འབའ་རམ་པ། །དར་མ་དབང་ཕྱུག་གང་དེར་གསོལ་བ་འདེབས། །དེ་ལྟར་གསོལ་བཏབ་བདེན་པའི་བྱིན་རླབས་ཀྱིས། །སྒྲུབ་བརྒྱུད་བསྟན་དང་བསྟན་འཛིན་དར་ཞིང་རྒྱས། །གཉུག་མ་ཆོས་སྐུའི་གནས་ལུགས་དེ་བཞིན་ཉིད། །མངོན་གྱུར་སྐུ་བཞིའི་གོ་འཕང་ཡོངས་ཐོབ་ཤོག །ཅེས་པའང་གར་དབང་མཆོག་གི་བཞེད་ལྟར་སི་ཏུ་པས་སྤེལ་བ་དགེ། །།


SPN001_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

༈ དཔལ་རྡོ་རྗེ་འཆང་དབང་ཡོངས་ཤར་བ། །ཤྲཱི་ཛྙཱ་ན་སིདྡྷིའི་རྣམ་པར་འཕྲུལ། །མགོན་རིགས་ཀྱི་བདག་པོ་ཐམས་ཅད་མཁྱེན། །མགོན་མེད་ཀྱི་བདག་སོགས་འགྲོ་རྣམས་ལ། །སྐྱབས་བསླུ་མེད་ཐུགས་རྗེས་བསྐྱང་དུ་གསོལ། །སྐྱབས་དཔུང་གཉེན་ཁྱེད་ཤེས་གསོལ་བ་འདེབས། །བདག་འཁོར་བའི་མཚོ་ཆེན་ལས་སྒྲོལ་ཏེ། །གནས་བྱང་ཆུབ་ཐར་ལམ་བཀོད་གྱུར་ཅིག །གཞི་གདོད་མའི་སེམས་ཉིད་རང་བྱུང་གཤིས། །གཞི་རྩ་བྲལ་མ་བཅོས་སོ་མའི་ངང་། །འགྱུར་མེད་ཀྱི་དབྱིངས་དང་ཡེ་ཤེས་གཉིས། །འགྱུར་མེད་དུ་རང་གྲོལ་བྱིན་གྱིས་རློབས། །ཞེས་པའང་འབྲུག་ལྡེ་འཆང་བའི་ངོར་སྤེལ་བ་དགེ། །།༈ གསོལ་འདེབས་ཀྱི་རིམ་པ་ཐར་པའི་ལམ་མཆོག་ཅེས་པ་བཞུགས། ན་མོ་གུ་རུ་པདྨ་བཛྲ་ཡེ། མཁའ་ཁྱབ་དབྱིངས་ཀྱི་ཡེ་ཤེས་རོལ་པ་ལས། །གདོད་མའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ། །རིགས་དྲུག་འཁོར་བ་དོང་སྤྲུགས་ཕྲིན་ལས་ཀྱིས། །ཚད་མེད་འགྲོ་དོན་མཐར་ཕྱིན་བྱིན་གྱིས་རློབས། །བདེ་སྟོང་དབྱེར་མེད་ལྷ་ལྕམ་མནྡཱ་ར། །ཡེ་ཤེས་མཚོ་རྒྱལ་བདེ་ཆེན་དབང་རྒྱལ་མོ། །རིགས་དྲུག་འཁོར་བ་དོང་སྤྲུགས་ཕྲིན་ལས་ཀྱིས། །ཚད་མེད་འགྲོ་དོན་མཐར་ཕྱིན་བྱིན་གྱིས་རློབས། །སྤྲུལ་པའི་གར་བསྒྱུར་ཐོད་ཕྲེང་རྩལ་ལྔ་དང་། །མཆོག་བརྙེས་རྣལ་འབྱོར་གྲུབ་པ་ཆེན་པོ་བརྒྱད། །རིགས་དྲུག་འཁོར་བ་དོང་སྤྲུགས་ཕྲིན་ལས་ཀྱིས། །ཚད་མེད་འགྲོ་དོན་མཐར་ཕྱིན་བྱིན་གྱིས་རློབས། །གུ་རུ་མཚན་


SPN001_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་རིག་འཛིན་བརྒྱད་ཅུ་དང་། །སྒོ་བ་སྡེ་བཞི་མཁའ་འགྲོ་སྡེ་བཞི་པོ། །རིགས་དྲུག་འཁོར་བ་དོང་སྤྲུགས་ཕྲིན་ལས་ཀྱིས། །ཚད་མེད་འགྲོ་དོན་མཐར་ཕྱིན་བྱིན་གྱིས་རློབས། །རབ་འབྱམས་རྒྱལ་བའི་ལྷ་ཚོགས་ཐུགས་རྗེ་ཅན། །གང་ལ་གང་འདུལ་དེར་སྣང་སྐུར་སྟོན་པའི། །ཆུ་ཟླའི་རོལ་རྩེད་སྣ་ཚོགས་ཅིར་ཡང་བསྒྱུར། །མི་འགྱུར་རྡོ་རྗེ་གདེངས་པའི་མཐུ་སྟོབས་འཆང་། །ཧེ་རུ་ཀ་དཔལ་དྲག་པོ་ནུས་ལྡན་རྩལ། །བཀའ་བབས་ཆོས་བདག་བརྒྱུད་པའི་བླ་མའི་ཚོགས། །རིགས་དྲུག་འཁོར་བ་དོང་སྤྲུགས་ཕྲིན་ལས་ཀྱིས། །ཚད་མེད་འགྲོ་དོན་མཐར་ཕྱིན་བྱིན་གྱིས་རློབས། །ཨོ་རྒྱན་མཁའ་སྤྱོད་ཌཱ་ཀིའི་གཙོ་མཆོག་མ། །རྡོ་རྗེ་སེང་གདོང་རིགས་ལྔ་མཁའ་འགྲོའི་ཚོགས། །ཡེ་ཤེས་ལས་དང་འཇིག་རྟེན་དྲེགས་པ་ཅན། །ཆོས་སྐྱོང་རྒྱ་མཚོ་བཀའ་སྲུང་དམ་ཚིག་གཉེན། །སྲིད་པ་མོ་རྒྱུད་ཀུན་འདུས་བསྟན་སྲུང་དང་། །གནས་དང་གཏེར་བདག་དགེ་བསྙེན་འཁོར་ཚོགས་བཅས། །རིགས་དྲུག་འཁོར་བ་དོང་སྤྲུགས་ཕྲིན་ལས་ཀྱིས། །ཚད་མེད་འགྲོ་དོན་མཐར་ཕྱིན་བར་ཆད་སོལ། །དེ་ལྟར་རྣམ་དག་མོས་བློའི་ལྷག་བསམ་གྱིས། །སྐྱབས་གསུམ་ཐུགས་རྗེ་དབྱིངས་ནས་བསྐུལ་བའི་མཐུས། །བདག་སོགས་དུས་གསུམ་སེམས་ཅན་ཇི་སྙེད་པ། །དེ་སྙེད་བླ་མེད་གསང་བ་མཆོག་གི་ལམ། །ངེས་པར་འཇུག་པའི་ཐེག་ཆེན་བྱང་སེམས་ཀྱི། །སྨོན་ལམ་ཇི་ལྟར་དེང་འདིར་ཡོངས་འགྲུབ་ནས། །འཁོར་བ་


SPN001_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

དོང་སྤྲུགས་འགྲོ་དོན་མཐའ་རུ་ཕྱིན། །པདྨ་བཛྲ་གོ་འཕང་ཐོབ་གྱུར་ཅིག །ཅེས་པའང་དེང་དུས་སྙིགས་ལྔའི་རང་མདངས་ཀྱི་བགོ་སྐལ་ལས་དངོས་སུ་བྱོན་པའི་བཤེས་གཉེན་ཕལ་ཆེར་ཆོས་བརྒྱད་ཟང་ཟིང་དོན་གཉེར་གྱི་བཞེད་པས་བསྟན་འགྲོ་བདེ་འབྱུང་གི་ཕྲིན་ལས་ཐབས་སྣ་ཚོགས་པའི་ཚུལ་འཆོས་དུ་མ་དང་། དམ་རྫས་ལ་སོགས་པས་ས་སྟེང་ཉི་ལྟར་ཁྱབ་པའི་དུས་སྐལ་བཟང་པོ་འདིར། མེ་ཁྱེར་ལྟ་བུའི་འགྲོ་དོན་ལ་རློམས་པའི་ཁོ་བོས་འདི་ལྟའི་ངལ་བ་སྒྲུབ་པ་ལྟར་སྣང་ཙམ་ལས་དོན་མེད་དུ་གོ་བ་གཞིར་བཅས་ཀྱང་། སེམས་བསྐྱེད་དག་པ་ཙམ་ཁོ་ནས་རྒྱན་དུ་བྱས་ཏེ་སྐྱེ་བདུན་མྱོང་གྲོལ་ཁུངས་བཙུན་སེལ་མེད་ཀྱི་བྱིན་རྟེན་འདུས་པའི་རིལ་བུ་པདྨ་བཛྲའི་སྒོ་ནས་བུམ་སྒྲུབ་འཛུགས་སྐབས། པདྨཱ་ཀ་རར་འདུན་པའི་བློ་ཅན་སི་ཏུ་པདྨ་ཉིན་བྱེད་དབང་པོས་ཤིང་གླང་དབོ་ཟླའི་ཆ་ཤས་གང་བའི་ཚེས་ལ་དཔལ་སྤུངས་ཆོས་གྲྭར་སྤེལ་བ་མངྒ་ལཾ།། ༈ །།ཆོས་དབྱིངས་རང་བྱུང་སྤྲོས་དང་བྲལ་བའི་དབྱིངས། །སངས་རྒྱས་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས། །བདེ་ཆེན་འགྱུར་བ་མེད་པ་ལྷུན་གྱིས་གྲུབ། །སངས་རྒྱས་ལོངས་སྤྱོད་རྫོགས་སྐུར་གསོལ་བ་འདེབས། །སྒྱུ་འཕྲུལ་རྡོ་རྗེའི་རང་བཞིན་རྟག་འཆར་བ། །སངས་རྒྱས་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་རབ་འབྱམས་ཀྱི། །སྐུ་དང་ཞིང་ཁམས་ཡོན་ཏན་ཡོངས་རྫོགས་པ། །སངས་རྒྱས་ཀུན་འདུས་རྒྱལ་བ་རྡོ་རྗེ་འཆང་། །རིག་འཛིན་ཆེན་པོ་པདྨ་བཛྲ་རྩལ། །གསང་བའི་ཡུམ་མཆོག་མཁའ་འགྲོ་མནྡ་ར། །ཡེ་ཤེས་མཚོ་རྒྱལ་བདེ་ཆེན་དབང་རྒྱལ་མོ། །ཐོད་ཕྲེང་རྩལ་ལྔ་


SPN001_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཆེན་བརྒྱད་པོ་དང་། །གུ་རུ་མཚན་བརྒྱད་རྣལ་འབྱོར་བརྒྱད་བཅུ་དང་། །སྒོ་སྲུང་སྡེ་བཞི་ཡེ་ཤེས་ལས་འཇིག་རྟེན། །མཁའ་འགྲོ་ཆོས་སྐྱོང་ཡབ་ཡུམ་སྤྲུལ་འཁོར་སོགས། །དཀྱིལ་འཁོར་གཉེན་པོའི་ལྷ་ཚོགས་མ་ལུས་རྣམས། །མི་མངོན་དབྱིངས་ནས་དེང་འདིར་དགོངས་སུ་གསོལ། །རིགས་དྲུག་ལམ་རྒྱུད་ལྔ་དང་སྐྱེ་གནས་བཞིའི། །སེམས་ཅན་རྣམས་དང་ཁྱད་པར་དམིགས་ཡུལ་གྱི། །ལས་དང་ཉོན་མོངས་སྡིག་སྒྲིབ་སྦྱང་དུ་གསོལ། །བག་ཆགས་གློ་བུར་དྲི་མ་བསལ་དུ་གསོལ། །ངན་སོང་འཁོར་བའི་དུཿཁ་བསྒྲལ་དུ་གསོལ། །ཡང་དག་ཐར་པའི་ལམ་མཆོག་བསྟན་དུ་གསོལ། །བླ་མེད་གསང་སྔགས་དཀྱིལ་འཁོར་འཇུག་ཏུ་གསོལ། །རིག་འཛིན་རྒྱལ་བའི་སྲས་སུ་དབང་བསྐུར་གསོལ། །སྐུ་ལྔའི་བདག་ཉིད་སངས་རྒྱས་ཐོད་པ་རྩལ། །གྲུབ་ཐོབ་རྒྱ་མཚོའི་ལྷ་ཚོགས་ཐམས་ཅད་ལ། །སྐྱབས་གསོལ་ཐུགས་རྗེའི་ལྕགས་ཀྱུས་བཟུང་ནས་ཀྱང་། །དམིགས་ཡུལ་ས་ལམ་བར་ཆད་རང་སར་ཞི། །དག་པ་མཁའ་སྤྱོད་གནས་སུ་དྲོང་དུ་གསོལ། །ཡེ་ཤེས་ཀློང་ནས་མ་གཡེལ་རྒྱལ་བའི་ལྷ། །ཞེས་པདྨ་བཛྲ་གྲུབ་ཐོབ་རྒྱ་མཚོའི་སྒོ་ནས་གཤིན་པོ་རྗེས་འཛིན་གྱི་སྨོན་ལམ་འདོད་གསོལ་དུ། སི་ཏུ་པདྨ་ཉིན་བྱེད་དབང་པོས་མཛོད་ཕུན་ཚོགས་རབ་བརྟན་དགོན་པར་སྤེལ་བ་རིགས་དྲུག་འཁོར་བ་དོང་སྤྲུག་གི་གོ་འཕང་ཐོབ་པར་གྱུར་ཅིག། །།༈ དུས་གསུམ་རྒྱལ་བ་མ་ལུས་ཐམས་ཅད་ཀྱི། །གསང་གསུམ་འདུས་པའི་བདག་ཉིད་ཆེན་པོ་


SPN001_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག །དྲི་མེད་ཀོ་ཤའི་མཚོར་འཁྲུངས་པདྨ་འབྱུང་། །དབྱེར་མེད་ཀརྨ་པ་ལ་གསོལ་བ་འདེབས། །དུས་གསུམ་མཉམ་ཉིད་སྤྲོས་བྲལ་ཆོས་ཀྱི་སྐུ། །རང་མདངས་འགག་མེད་བདེ་ཆེན་ལོངས་སྤྱོད་རྫོགས། །ཞིང་ཁམས་གང་ལ་དེར་སྣང་སྤྲུལ་པའི་སྐུ། །ཨོ་རྒྱན་ཀརྨ་པ་ལ་གསོལ་བ་འདེབས། །དུས་གསུམ་མཐའ་ཀླས་ཕྲིན་ལས་ཟབ་མོའི་མཐུས། །ནམ་ཞིག་སྒྱུ་ལུས་འཇིག་ལ་ཐུག་པའི་ཚེ། །ཡོན་ཏན་བརྗོད་བྲལ་པདྨ་འོད་ཞིང་དུ། །སྐྱེས་ཏེ་རྒྱལ་བའི་སྲས་སུ་དབང་བསྐུར་ཤོག །དུས་གསུམ་དུས་མེད་མཁའ་མཉམ་མ་རྒན་ཀུན། །བདག་གི་ལྷག་བསམ་གྲུ་རྫིངས་ལ་བརྟེན་ནས། །འཁོར་བ་སྡུག་བསྔལ་མཚོ་ལས་བསྒྲལ་ནས་སུ། །བྱང་ཆུབ་ཆེན་པོའི་གོ་འཕང་མངོན་གྱུར་ཤོག །ཅེས་པའང་སྔོན་བྱོན་བཀའ་བརྒྱུད་གོང་མའི་རྣམ་ཐར་རྗེས་སུ་སློབ་པའི་སྤོང་བ་པ་རས་སྤྲུལ་ཤེས་རབ་རྒྱ་མཚོས་བཞེད་ལྟར་སྤེལ།། ༈ །།རི་བོ་པོ་ཊར་འཕགས་མཆོག་འཇིག་རྟེན་མགོན། །པདྨ་འོད་ཀྱི་ཞིང་ཁམས་དམ་པ་རུ། །རྒྱལ་དབང་ཨོ་ཌི་ཡ་ནའི་སློབ་དཔོན་མཆོག །བསིལ་ལྗོངས་གངས་རིས་བསྐོར་བའི་ས་ཆེན་འདིར། །ཉི་ཟླ་ལྟར་གྲགས་དཔལ་ལྡན་ཀརྨ་པ། །རྗེ་བཙུན་བདུད་འདུལ་རྡོ་རྗེར་གསོལ་བ་འདེབས། །དད་མོས་གདུང་ཤུགས་བཅོས་མིན་དྲག་པོ་ཡིས། །ཁ་ཙམ་མ་ཡིན་སྙིང་ནས་གསོལ་བཏབ་མཐུས། །བཀའ་བརྒྱུད་རིན་ཆེན་བསྟན་པའི་ཞབས་ཏོག་དང་། །སྐྱེ་འགྲོའི་རྒུད་པའི་མཚན་མ་གཏན་ཞི་ཞིང་། །རྟག་པར་དཔལ་འབྱོར་གྲགས་སྙན་


SPN001_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་མཐར་ཁྱབ། །འབྲེལ་ཐོགས་ཇི་སྙེད་བདེ་ཆེན་དག་ཞིང་དུ། །མྱུར་བ་ཉིད་དུ་བགྲོད་པའི་རྒྱུར་གྱུར་ཅིག །ཅེས་གསོལ་འདེབས་དང་། དཔལ་ལྡན་ཀཾ་ཚང་བསྟན་པའི་མངའ་བདག་ཆེ། །བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོའི་བྱིན་རླབས་དང་། །མཆོག་གཉིས་དངོས་སྩོལ་ཡི་དམ་ལྷ་ཚོགས་དང་། །དམ་ཅན་ཡེ་ཤེས་ཆོས་ཀྱིས་སྲུང་མ་སོགས། །རྩ་གསུམ་རབ་འབྱམས་ཞིང་ཀུན་ཡོངས་གང་བའི། །འཆི་མེད་བདག་པོ་རྣམས་ཀྱི་དགེ་ལེགས་སྩོལ། །གང་ཞིག་སྒྲུབ་བརྒྱུད་རིང་ལུགས་ཤིང་རྟ་པ། །ཀརྨ་ཡེ་ཤེས་ཚེ་འཕེལ་ཞེས་བྱ་གང་། །སྐུ་འཚོ་རི་དབང་ལྷུན་པོ་བཞིན་དུ་བརྟན། །གསུང་གསང་ཆོས་ཀྱི་རྔ་ཆེན་ཆད་མེད་སྒྲོགས། །ཐུགས་ཉིད་ཏིང་འཛིན་ཟབ་མོའི་དོན་གནས་ཤིང་། །མཛད་ཕྲིན་དབྱར་གྱི་ཆུ་བོ་ལྟར་རྒྱས་ཤིང་། །བསྐལ་བརྒྱར་རྟག་བརྟན་ངོ་བོ་ཉིད་འགྲུབ་ཤོག །མཆོག་གསུམ་ལྷ་ཡི་བླ་མེད་བདེན་པ་དང་། །བདེན་པ་དམ་པས་དེང་འདིར་སྨོན་པའི་འབྲས། །ཇི་བཞིན་ཡོངས་སུ་སྨིན་པའི་དཔལ་གྱུར་ཅིག །ཅེས་གཅོད་ཡུལ་ཛྙཱ་ནའི་མཚན་ཅན་ནས་རྒྱལ་བའི་གསོལ་འདེབས་དགོས་གསུངས་ལྟར་གྱི་ཐུགས་བཞེད་དང་། ཁོང་པར་ཡང་སྨོན་ལམ་བདེན་ཚིག་འདི་བཞིན་སི་ཏུ་པདྨ་ཉིན་བྱེད་ཀྱིས་ཕུལ་བ་སྟེ་དེ་ལྟར་ལྷུན་གྲུབ་ཏུ་གྱུར་ཅིག། །།༈ རིགས་ཀུན་ཁྱབ་བདག་གདོད་མའི་མགོན་པོ་མཆོག །རྡོ་རྗེ་འཆང་དབང་རྣམ་རོལ་སྤྲུལ་པའི་སྐུ། །དབང་རྟགས་ཞྭ་དམར་ཅོད་པན་འཛིན་པའི་ཕྲེང་། །རིམ་པར་བྱོན་རྣམས་བྱང་ཆུབ་བར་


SPN001_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མཆོད། །མཚན་ཙམ་ཐོས་པས་ངན་འགྲོའི་ལམ་ཁོག་ཅིང་། །བདེ་ཆེན་དག་པའི་ཞིང་དུ་སྐྱེལ་ནུས་པའི། །མཁའ་སྤྱོད་དབང་པོ་དྲི་མེད་དཔལ་ཡེ་ཤེས། །དེང་བཟུང་བྱང་ཆུབ་བར་དུ་སྤྱི་བོས་མཆོད། །མི་འབྲལ་སྙིང་གི་ཐིག་ལེའི་ཏི་ལ་ཀར། །རྟག་པར་བཞུགས་ཤིང་མཆོག་ཐུན་དངོས་གྲུབ་དང་། །ཕྱག་རྒྱ་ཆེན་པོའི་ཡེ་ཤེས་བདག་རྒྱུད་ལ། །མྱུར་དུ་སྨིན་པར་བྱིན་གྱིས་བརླབ་ཏུ་གསོལ། །ཅེས་གྲུབ་པའི་དབང་ཕྱུག་གར་དབང་ཆོས་སྐྱོང་འགྱུར་མེད་ཀྱིས་བཞེད་ལྟར་སི་ཏུས་གསོལ་བ་ཛ་ག་ཏཾ།། ༈ །།སྐུ་གསུམ་འདུས་པའི་བདག་ཉིད་པདྨ་འབྱུང་། །མཆོག་གི་ཡེ་ཤེས་སྣང་ཆ་ལས་འཆར་བའི། །ཞི་དང་ཁྲོ་བོའི་སྐུར་སྟོན་ལྷ་ཡི་ཚོགས། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །མཚོ་སྐྱེས་རྒྱལ་བའི་གདུང་འཚོབ་རིག་པ་འཛིན། །རྡོ་རྗེ་དྲག་པོ་ཕྲིན་ལས་འདུས་པ་རྩལ། །བཀའ་བབས་ལུང་ཟིན་ཆོས་བདག་བརྒྱུད་བར་བཅས། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། །གསང་སྔགས་བསྟན་པ་སྐྱོང་བའི་མཐུ་རྩལ་ཅན། །མ་མགོན་ལྕམ་དྲལ་བཀའ་སྡོད་ཕོ་ཉའི་ཚོགས། །སྲུང་མ་དམ་ཅན་འཁོར་ཚོགས་ཐམས་ཅད་ལ། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ། །དེ་ལྟར་རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ལ། །དད་གསུམ་མོས་པས་གསོལ་བ་བཏབ་པའི་མཐུས། །དུག་གསུམ་ཉོན་མོངས་རང་སར་དག་གྱུར་ནས། །


SPN001_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུམ་འབྲས་བུ་ཐོབ་པར་བྱིན་གྱིས་རློབས། །ཅེས་པའང་རོང་མོ་སྤྲུལ་སྐུའི་བཞེད་ལྟར་དགོངས་གཏེར་སྤྱི་ཡི་གསོལ་འདེབས་སུ་སི་ཏུས་སྤེལ།། ༈ །།དཔལ་ལྡན་རྒྱལ་དབང་གཉིས་པ་ཀརྨ་ཀའི། །ཕྲིན་ལས་དབང་སྒྱུར་ཏཱ་ཡི་སི་ཏུ་ཞེས། །རིམ་པར་བྱོན་པ་རྣམས་ལ་གསོལ་བ་འདེབས། །མི་ཕམ་མགོན་པོ་ཌོམྦྷི་འབངས་སྟོབས་ཆེན། །དཱ་རི་ཀ་པ་གྱིམ་ཤང་མར་པའི་ཞབས། །དབོན་སྒོམ་ཆེན་པོ་འགྲོ་མགོན་ཡེ་ཤེས་དབང་། །རི་མགོ་བ་དང་ཏཱ་ཞིང་ཆོས་ཀྱི་རྒྱལ། །བཀྲ་ཤིས་རྣམ་རྒྱལ་མངྒའི་མཚན་ཅན་དང་། །མི་འཁྲུགས་ཆོས་ཀྱི་གོ་ཆ་ཆོས་རྒྱལ་མཚན། །ཕྲིན་ལས་རབ་བརྟན་ལེགས་བཤད་སྨྲ་བའི་ཞབས། །ཆོས་ཀྱི་འབྱུང་གནས་པདྨ་ཉིན་བྱེད་དབང་། །སྤྲུལ་པའི་སྐུ་མཆོག་རྣམས་ལ་གསོལ་བཏབ་མཐུས། །བདག་སོགས་འགྲོ་རྣམས་ཐར་པའི་ལམ་མཆོག་གི། །གོ་འཕང་རིང་པོར་མི་ཐོགས་བགྲོད་གྱུར་ཏེ། །རྣམ་པར་འདྲེན་པའི་མཐུ་དབང་ཐོབ་ནས་སུ། །རབ་འབྱམས་ཞིང་གི་བདག་པོ་ཉིད་གྱུར་ཅིག །ཅེས་པའང་འཛི་སྒར་གསོལ་དཔོན་ཆོས་འཕེལ་ནས་བསྐུལ་བ་བཞིན། སི་ཏུ་པས་སྨྲས་པ་ཛ་ཡ།། ༈ །།དུས་གསུམ་རྒྱལ་ཀུན་འདུས་པ་པདྨ་འབྱུང་། །སྙིགས་མའི་འགྲ་ོལ་ལྷག་པའི་ཐུགས་རྗེ་ཅན། །མཆོག་གི་རྣམ་རོལ་སངས་རྒྱས་གླིང་པ་ཆེའི། །གཏེར་ལུང་རྡོ་རྗེའི་བཀའ་གསང་དྲི་མེད་ལས། །གསལ་བར་ཆོས་སྤྱན་པདྨའི་ལྗགས་


SPN001_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཞེས། །གང་འདིར་མངོན་ཤར་པདྨ་ཉིན་བྱེད་དབང་། །སྐྱབས་གནས་རྒྱ་མཚོའི་ངོ་བོར་དམིགས་བྱས་ནས། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །གནས་སྐབས་ཚེ་དཔལ་རབ་རྒྱས་བསམ་པའི་དོན། །ལྷུན་གྲུབ་སྒོ་གསུམ་བྱ་བཞག་མཆིས་སོ་ཅོག །ཆོས་མཐུན་མཐར་ཐུག་བླ་མེད་རྫོགས་བྱང་གི། །གོ་འཕང་དམ་པར་འབྲེལ་བཅས་སངས་རྒྱས་ཤོག །ཅེས་དད་གསུམ་མི་ཕྱེད་པའི་འདུན་པ་ཅན་ནཱ་ཐ་སིདྡྷཱིརྠའི་བཞེད་ངོར། པདྨ་དེ་ཝེནྡྲས་སྤེལ་བ་དགེ། །།༈ ཕྱོགས་བཅུ་དུས་གསུམ་རྒྱལ་བའི་ཐུགས་རྗེའི་སྟོབས། །ལྷུན་གྲུབ་གདོད་མའི་སངས་རྒྱས་རྡོ་རྗེ་འཆང་། །རིགས་དང་དཀྱིལ་འཁོར་ཀུན་གྱི་དབང་ཕྱུག་མཆོག །མི་ཕམ་ཆོས་གྲུབ་རྒྱ་མཚོར་གསོལ་བ་འདེབས། །གང་གི་སྐུ་དང་ཞིང་ཁམས་བསམ་ཡས་པའི། །རང་གཟུགས་ཐུགས་རྗེའི་གཏེན་ཆེན་ཚེ་དཔག་མེད། །འོད་སྣང་མཐའ་ཡས་མགོན་དང་དབྱེར་མེད་པར། །སྒྱུ་འཕྲུལ་རྣམ་པར་རོལ་ལ་གསོལ་བ་འདེབས། །སྙིགས་དུས་གདུལ་དཀའ་རྗེས་སུ་འཛིན་སླད་དུ། །སྣ་ཚོགས་ཕྲིན་ལས་ཆུ་ཟླའི་གར་བསྒྱུར་ནས། །འབྲེལ་ཚད་ཡང་དག་ལམ་ལ་དཀྲི་བ་ཡི། །འགྲོ་བའི་དེད་དཔོན་དམ་པར་གསོལ་བ་འདེབས། །དངོས་ཀུན་རང་རིག་རྩལ་གདངས་མ་འགགས་པར། །སྣང་སྲིད་བླ་མའི་དཀྱིལ་འཁོར་གསལ་བའི་ངང་། །གསོལ་བཏབ་བདག་དང་འབྲེལ་བཅས་འགྲོ་བ་རྣམས། །དེང་ནས་སྐྱབས་གསོལ་མཆོག་ཐུན་དངོས་གྲུབ་སྩོལ། །


SPN001_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཅན་ཞིང་ཡོན་ཏན་བདག་རྒྱུད་ལ། །ཡོངས་རྫོགས་རྒྱལ་སྲས་དབང་བསྐུར་ལུང་བསྟན་ཐོབ། །འགྲོ་སྒྲོལ་ཕྱིར་མི་ལྡོག་པའི་གོ་འཕང་ལ། །འགོད་པའི་བྱིན་རླབས་བདུད་རྩིས་སྨིན་གྱུར་ཅིག །ཅེས་པའང་དད་གསུམ་ལྡན་པ་དགེ་སློང་ཀརྨ་བསྟན་འཛིན་ནས་མཎྜལ་རྟེན་དང་བཅས་བསྐུལ་བའི་ངོར། སི་ཏུ་པདྨ་ཉིན་བྱེད་དབང་པོས་གཉན་ཆེན་ཐང་ལྷས་སྐྱོང་བའི་གངས་རིའི་ཕྲེང་བས་བསྐོར་བའི་བཀྲ་ཤིས་ཐང་གི་ཆོས་སྒར་ནས་སྤེལ་བ་ཛ་ཡནྟུ།། ༈ །།སྐྱབས་གནས་གཞར་ཡང་བསླུ་མེད་དཀོན་མཆོག་གསུམ། །མི་ཕྱེད་དད་པའི་དངོས་པོས་ཀུན་བཏུད་ནས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིས་བློ་ཡི། །འཁྲུལ་ནོངས་ཁ་ན་མ་ཐོ་གང་མཆིས་བཤགས། །སྐད་ཅིག་བསྒོམ་པས་བསྐལ་སྟོང་སྡིག་སྒྲིབ་རྣམས། །དྲུང་ནས་ཕྱུང་བྱེད་ཀུན་བཟང་དགོངས་པའི་དོན། །མ་ནོར་རྣམ་དག་ངེས་པའི་ལམ་བཟང་པོར། །འཇུག་པའི་སྐལ་པ་མཆོག་དང་ལྡན་གྱུར་ཅིག །ལྟར་སྣང་འབྲིད་པའི་གཉིས་འཛིན་སྣང་ཤས་ཀྱི། །རྩ་བ་བདུད་བཞིའི་བར་ཆད་རིང་སྤང་ནས། །མི་རྟག་རྒྱུད་བསྐུལ་སྒོ་གསུམ་དགེ་བཀོལ་ཞིང་། །བདེ་ཆེན་ཞིང་ཁམས་བགྲོད་པར་བྱིན་གྱིས་རློབས། །ཅེས་པའང་ཀརྨ་ཚེ་དཔལ་ངོར་སྤེལ།། ༈ །།དུས་གསུམ་རྒྱལ་ཀུན་འདུས་གཟུགས་པ༵དྨ༵་འབྱུང་། །ཡེ་ཤེས་རྣམ་པར་རོལ་པ་ཉི༵ན་བྱེ༵ད་དབང་། །རྩ་བའི་བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །གསོལ་བ་འདེབས་སོ་བྱིན་རླབས་མཆོག་དངོས་སྩོལ། །ཅེས་པའང་སི་ཏུ་པདྨའི་མིང་ཅན་གྱིས་དབོན་བསམ་གཏན་སྐུ་སྐྱེའི་ཐུགས་བཞེད་བསྐང་ཕྱིར་སྤེལ།། ༈ །།གནས་


SPN001_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ན། །ཚེ་འོད་སྣང་མཐའ་ཡས་ལ་གསོལ་བ་འདེབས། །གནས་རྡོ་རྗེ་གདན་བྱང་ཆུབ་ཤིང་དབང་དྲུང་། །སྟོན་མཆོག་ཤཱཀྱའི་རྒྱལ་པོ་ལ་གསོལ་བ་འདེབས། །གནས་རི་བོ་ཏ་ལའི་ཕོ་བྲང་ན། །འཕགས་པ་སྤྱན་རས་གཟིགས་དབང་ལ་གསོལ་བ་འདེབས། །གནས་གྲུ་འཛིན་ཨུཏྤལ་ལྡིང་ཁང་ན། །ཡུམ་ཡིད་བཞིན་འཁོར་ལོ་ལ་གསོལ་བ་འདེབས། །གནས་རྒྱ་གར་ཝཱ་ར་ཎཱ་སི་ན། །གྲུབ་ཆེན་མི་ཏྲ་ཛོ་ཀི་ལ་གསོལ་བ་འདེབས། །གནས་གཡུ་རུ་སྤྲུལ་པའི་ཁྲ་འབྲུག་ན། །ཆོས་རྒྱལ་སྲོང་བཙན་སྒམ་པོ་ལ་གསོལ་བ་འདེབས། །གནས་མཁའ་སྤྱོད་པདྨ་འོད་ཞིང་ན། །སློབ་དཔོན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །ཟག་མེད་ཀྱི་བདེ་སྟེར་མནྡཱ་ར། །མ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས། །གནས་ལྷུན་གྲུབ་གཏེར་གྱི་དུར་ཁྲོད་ན། །པཎ་ཆེན་བི་མ་མི་ཏྲ་ལ་གསོལ་བ་འདེབས། །གནས་གངས་ཅན་སྒྲུབ་པའི་དབེན་གནས་སུ། །རྗེ་འབངས་ཉི་ཤུ་རྩ་ལྔ་ལ་གསོལ་བ་འདེབས། །གནས་ངོ་མཚར་ལྷུན་རྫོགས་ཡུལ་ལྗོངས་སུ། །གཏེར་ཆེན་བརྒྱ་དང་རྩ་བརྒྱད་ལ་གསོལ་བ་འདེབས། །གནས་དོན་གཉིས་འགྲུབ་པའི་ཕོ་བྲང་ན། གཏེར་ཕྲན་སྟོང་དང་རྩ་གཉིས་ལ་གསོལ་བ་འདེབས། །གནས་ལྟ་ན་སྡུག་གི་ཞིང་ཁམས་ན། །རྗེ་ཡོན་ཏན་མགོན་པོ་ལ་གསོལ་བ་འདེབས། །གནས་འོག་མིན་ཀརྨའི་གནྡྷོ་ལར། །གྲུབ་ཆེན་ཀརྨ་པཀྴི་ལ་གསོལ་བ་འདེབས། །གནས་ཕྱོགས་


SPN001_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རྒྱལ་ཁམས་དབེན་ས་ན། །འཆི་མེད་ཐང་སྟོང་རྒྱལ་པོ་ལ་གསོལ་བ་འདེབས། །གནས་སྐྱིད་ཕུག་བདེ་ལྡན་རི་ཁྲོད་ན། །རྗེ་ཏཱ་ར་ནཱ་ལ་གསོལ་བ་འདེབས། །གནས་པང་རི་བཀྲ་ཤིས་འོད་འབར་ན། །རིག་འཛིན་ཧཱུྃ་ནག་མེ་འབར་ལ་གསོལ་བ་འདེབས། །གནས་དཔལ་རི་རྩེ་ཡི་དབེན་གནས་ན། །རྗེ་ཀརྨ་ཆགས་མེད་ལ་གསོལ་བ་འདེབས། །གནས་བྱང་གླིང་དབང་དྲག་དགའ་ཚལ་ན། །འཛམ་གླིང་བདེ་བའི་རྡོ་རྗེ་ལ་གསོལ་བ་འདེབས། །སེང་གནམ་འཕྱོང་ཉི་ཟླའི་ཀེའུ་ཚང་ན། །གཏེར་ཆེན་མི་འགྱུར་རྡོ་རྗེ་ལ་གསོལ་བ་འདེབས། །གནས་བྲག་དམར་བྱ་ཁྱུང་སྒྲུབ་གནས་སུ། །རིག་འཛིན་རོལ་པའི་རྡོ་རྗེ་ལ་གསོལ་བ་འདེབས། །གནས་མང་ཡུལ་རི་བོ་དཔལ་འབར་ན། །རྡོ་རྗེ་ཚེ་དབང་ནོར་བུ་ལ་གསོལ་བ་འདེབས། །གནས་དགའ་ལྡན་སྤྲུལ་པའི་ཞིང་ཁམས་ན། །རྗེ་དྷརྨཱ་ཀཱ་ར་ལ་གསོལ་བ་འདེབས། །གནས་སྤྱི་གཙུག་བདེ་ཆེན་ཕོ་བྲང་ན། །རྗེ་བཙུན་བདུད་འདུལ་རྡོ་རྗེ་ལ་གསོལ་བ་འདེབས། །གནས་སྙིང་ཁ་ཆོས་ཀྱི་འཁོར་ལོ་ན། །མི་ཕམ་ཆོས་གྲུབ་རྒྱ་མཚོ་ལ་གསོལ་བ་འདེབས། །ཀོང་ཟག་མེད་འཇའ་ཚོན་ཕུག་པ་ན། །རྡོ་རྗེ་གཙུག་ལག་དགའ་བ་ལ་གསོལ་བ་འདེབས། །གནས་སྦས་ཡུལ་རྡོ་རྗེ་ཅོང་ཕུག་ན། །ཀརྨ་བདུད་འདུལ་རྒྱལ་པོ་ལ་གསོལ་བ་འདེབས། །གནས་པདྨ་འོད་ཕུང་འཁྱིལ་བ་ན། །དཔལ་ཐུགས་ཀྱི་རྡོ་རྗེ་ལ་གསོལ་བ་བདེབས། །གནས་འགྲོ་སྡིང་མཁའ་འགྲོའི་


SPN001_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཁང་ན། །ཚེ་དབང་འཆི་མེད་དཔལ་དར་ལ་གསོལ་བ་འདེབས། །གནས་གཅིག་ཆར་དཔལ་གྱི་གཙུག་ལག་ན། །མི་ཕམ་ཆོས་ཀྱི་སྣང་བ་ལ་གསོལ་བ་འདེབས། །གནས་ཡིད་དགའ་ཆོས་འཛིན་ཕོ་བྲང་ན། །པདྨ་ཉིན་བྱེད་དབང་པོ་ལ་གསོལ་བ་འདེབས། །གནས་སྣང་སྲིད་དག་པ་རབ་འབྱམས་ཞིང་། །མགོན་རྩ་བརྒྱུད་བླ་མ་ལ་གསོལ་བ་འདེབས། །མཆོག་ཐུན་གྱི་དངོས་གྲུབ་ཆར་ལྟར་འབེབས། །ལྷ་ཡི་དམ་ཌཱ་ཀི་ལ་གསོལ་བ་འདེབས། །ས་ལམ་གྱི་བར་ཆད་ཀུན་སེལ་བའི། །ཆོས་སྐྱོང་བའི་སྲུང་མ་ལ་གསོལ་བ་འདེབས། བདག་དེ་ལྟར་རྩེ་གཅིག་གསོལ་བ་འདེབས། །གཉིས་འཛིན་གྱི་འཁྲུལ་སྣང་རྣམ་པར་རྟོག །གཞི་མེད་དང་རྩ་བྲལ་གདེང་ཐོབ་ནས། །ཤར་གྲོལ་ལ་དུས་མཉམ་བྱིན་གྱིས་རློབས། །གནས་སྐབས་སུ་ཆོས་བཞིན་བསམ་པའི་དོན། །འབད་མེད་དུ་ལྷུན་གྲུབ་དུས་ནམ་ཞིག །འདུས་བྱས་ཀྱི་སྣང་བ་ཞིག་པའི་ཚེ། །གནད་གཅོད་ཀྱི་དུཿཁ་མི་འབྱུང་ཞིང་། །བློ་འདུན་པ་བདེ་ཆེན་ཞིང་ཁམས་སུ། །དོན་ཡེ་ཤེས་འཕོ་འགྱུར་བྲལ་བའི་ཀློང་། །མགོན་རྩ་བའི་བླ་མ་དབྱེར་མེད་ངང་། །ཕྱིར་མི་ལྡོག་རྫོགས་སངས་རྒྱས་གྱུར་ཅིག །ཅེས་ཨོ་རྒྱན་གུ་རུ་པདྨའི་བྱིན་རླབས་ཙམ་ཐོབ་པར་ལུང་ཟིན་སི་ཏུ་པདྨའི་མིང་ཅན་གྱིས། བསྟན་པའི་ཕྲིན་ལས་པ་དབོན་བསམ་གཏན་སྤྲུལ་སྐུས་བཞེད་ངོར་སྤེལ་བ་དགེ། །།༈ གང་ཞིག་དུས་གསུམ་རྒྱལ་ཀུན་ཡེ་ཤེས་འཕྲུལ། །གཅིག་


SPN001_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཐུགས་རྗེ་ཆེན་པོའི་རང་གཟུགས་ལས། །སངས་རྒྱས་པད་སྐྱེས་སྒྱུ་དྲྭའི་རྣམ་པར་རོལ། །པཎ་ཆེན་ནཱ་རོ་ཏ་པའི་ཞབས་ལ་འདུད། །སྲིད་འགྲོ་ཉོན་མོངས་འཁོར་མཚོར་བྱིང་བ་རྣམས། །འདྲེན་པའི་དེད་དཔོན་གང་འདུལ་དེར་སྣང་ངོར། །ཅིར་ཡང་སྟོན་པའི་སྐྱེས་རབས་ཕྲེང་འཛིན་པ། །བཀའ་བརྒྱུད་བསྟན་པའི་རྒྱལ་མཚན་ཞབས་ལ་འདུད། །གསོལ་བཏབ་ཙམ་གྱིས་གྲུབ་གཉིས་མཆོག་སྩོལ་བ། །དཀོན་མཆོག་འདུས་ཞལ་ཉིད་དུ་ུངེས་པ་ཡི། །མི་ཤིགས་སྙིང་གི་ཏི་ལ་ཀར་བཞུགས་ནས། །བྱང་ཆུབ་བར་དུ་རྗེས་བཟུང་བྱིན་གྱིས་རློབས། །སྣང་སྲིད་དངོས་ཀུན་ཆོས་རྣམས་སྟོང་ཉིད་རྩལ། །སྙིང་རྗེའི་རང་མདངས་འགགས་མེད་ཤར་གྲོལ་ཀློང་། །བདེ་གཤེགས་སྙིང་པོའི་རང་བཞིན་མངོན་རྟོགས་པའི། །ཟབ་ལམ་མཆོག་གིས་རྒྱུད་གྲོལ་བྱིན་གྱིས་རློབས། །ཆོས་བརྒྱད་ཞེན་འཛིན་བདུད་བཞི་ལས་རྒྱལ་ནས། །རིམ་གཉིས་རྣལ་འབྱོར་མཐར་སོན་བདག་གཞན་དོན། །ཡོངས་གྲུབ་རྟེན་འདིར་རྡོ་རྗེ་འཆང་དབང་གི། །གོ་འཕང་བདེ་བླག་བརྙེས་པར་བྱིན་གྱིས་རློབས། །ཞེས་པའང་ངེས་གསང་གནས་ལ་འདུན་པ་དབོན་བསམ་སྤྲུལ་པའི་སྐུའི་ཐུགས་བཞེད་ལྟར། དཔལ་ལྡན་འབྲུག་པའི་བྱིན་རླབས་རྒྱུད་སྨིན་གྱི་མོས་པ་ལམ་བྱེད་སི་ཏུ་པདྨ་ཉིན་བྱེད་དབང་པོས་གསོལ་བ་བཏབ་པའོ།། ༈ །།དུས་གསུམ་རྒྱལ་ཀུན་འདུས་པའི་སྤྱི་གཟུགས་མཆོག །ཐུགས་རྗེའི་གཏེར་ཆེན་


SPN001_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ན་པདྨ་ཅན། །གངས་ལྗོངས་གདུལ་བྱའི་མགོན་དུ་ཉིན་བྱེད་བཞིན། །འཇིག་རྟེན་མུན་སེལ་ཀརྨ་ཀ་དེར་འདུད། །གང་གི་རང་བཞིན་ཀུན་ཁྱབ་འོད་སྣང་ལས། །འགྲོ་རྒྱུད་མ་རིག་དྲྭ་བ་གཞོམ་སླད་དུ། །སྨིན་གྲོལ་ཆོས་ཀྱི་གདམས་ཟབ་སྤེལ་བའི་ཕྱིར། །ཤིང་རྟ་འདྲེན་པའི་གཞན་ཕན་ཕྲིན་ལས་ཀྱིས། །དྭགས་བརྒྱུད་བསྟན་པའི་དགའ་ཚལ་རྒྱས་པའི་གཉེན། །འབྲེལ་ཚད་བྱང་ཆུབ་སྙིང་པོར་གཞོལ་བ་ཡི། །ངེས་དོན་གྲུབ་པའི་སར་གནས་སྦས་ཚུལ་འཆང་། །རྣལ་འབྱོར་དབང་ཕྱུག་ཡན་ལག་འབྱུང་ལ་འདུད། །མཆོག་ཏུ་འགྱུར་མེད་ལྷན་སྐྱེས་ཡེ་ཤེས་ཁམས། །སྤྲོས་པ་ཀུན་བྲལ་རང་བྱུང་བདེ་བ་ཆེ། །ཀ་དག་གདོད་མའི་སངས་རྒྱས་ངོ་བོ་ཉིད། །རྟོགས་པའི་མངའ་བདག་གྱུར་ལ་གསོལ་བ་འདེབས། །མོས་བློས་གསོལ་བཏབ་དགེ་མཐུས་ཐོས་བསམ་སྒོམ། །རིམ་གཉིས་དབང་ཐོབ་བསྟན་འགྲོའི་དོན་མཐར་ཕྱིན། །སྐུ་བཞིའི་བདག་ཉིད་རྡོ་རྗེ་འཆང་ཆེན་གྱི། །གོ་འཕང་དམ་པ་བདེ་བླག་ཐོབ་གྱུར་ཅིག །ཅེས་པའང་ཀརྨ་འཇིགས་མེད་ངོར་སྤེལ།། ༈ །།བསྐལ་མང་ལེགས་གོམས་བསགས་སྦྱངས་མཐར་ཕྱིན་པ། །རྒྱལ་བའི་སྲས་ཀྱི་ཐུ་བོར་གྱུར་ནས་སུ། །ཤེས་རབ་གསུམ་གྱི་སྣང་བྱེད་ཟེར་ཕྲེང་གིས། །རྒྱ་མཚོའི་གོས་ཅན་ཁྱབ་དེར་གསོལ་བ་འདེབས། །བདེ་གསལ་མི་རྟོག་ཏིང་འཛིན་འོད་འབུམ་བརྡལ། །ཉོན་མོངས་ཁྲི་མུན་དྲྭ་བ་མཐར་བྱེད་པའི། །ཡེ་ཤེས་རྡོ་རྗེ་རྣོན་


SPN001_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་གཟི་བྱིན་གྱིས། །འཁོར་བའི་དུ་ཁཿགཞོམ་དེར་གསོལ་བ་འདེབས། །དཔལ་ལྡན་ཐུབ་མཆོག་ཀརྨ་བཀའ་བརྒྱུད་ཀྱི། །ངེས་དོན་བསྟན་པ་གོང་ནས་འཕེལ་བའི་ཕྱིར། །ཆོས་སྤྱོད་བཅུ་དང་འཁོར་ལོ་རྣམ་གཉིས་སོགས། །ཕྲིན་ལས་ཁྱབ་པར་བརྡལ་ལ་གསོལ་བ་འདེབས། །སྲིད་འདིར་གང་ཁྱོད་མི་ཤིགས་དྭངས་མའི་སྐུར། །རྡོ་རྗེ་ཆོས་བདུན་ངོ་བོར་རྟག་བརྟན་ནས། །སྨིན་གྲོལ་ཆོས་ཀྱི་བདུད་རྩིའི་ཆར་རྒྱུན་གྱིས། །གདུལ་བྱ་བྱང་ཆུབ་འབྲས་སྨིན་བྱིན་གྱིས་རློབས། །ཅེས་རིག་འཛིན་རྣམ་རྒྱལ་ངོར་སྤེལ་བ་དགེ། །།༈ ཕྱོགས་བཅུ་དུས་གསུམ་རྒྱལ་བ་རྒྱ་མཚོ་ཡི། །སྤྱི་དཔལ་རིགས་དང་དཀྱིལ་འཁོར་ཀུན་བདག་མཆོག །རྗེ་བཙུན་བདུད་འདུལ་རྡོ་རྗེ་འཆང་ཆེན་པོ། །ཚེ་རབས་ཀུན་ཏུ་འབྲལ་མེད་བྱིན་གྱིས་རློབས། །སྒོ་གསུམ་བག་མེད་འཁྲུལ་དབང་ཉོན་མོངས་ཀྱི། །དྲྭ་བར་འཐུམ་པའི་ནོངས་པ་ཉེས་ལྟུང་ཚོགས། །ཅི་མཆིས་མཐོལ་བཤགས་སླན་ཆད་སྡོམ་པར་བགྱི། །འདི་ནས་སྣང་བ་ནུབ་པར་གྱུར་མ་ཐག །སྐྱེ་གཞན་བར་མ་ཆོད་པ་བདེ་ཆེན་ཞིང་། །སྟོན་མཆོག་གཟི་བརྗིད་རྒྱལ་པོ་འོད་དཔག་མེད། །གཙོ་འཁོར་རྣམས་ཀྱི་ཞལ་མཐོང་ཆོས་ཐོས་ཤིང་། །ལུང་བསྟན་ཐོབ་ཅིང་སྤྲུལ་པས་འགྲོ་བའི་དོན། །ཕྱོགས་མེད་རྒྱུ་བའི་རྫུ་འཕྲུལ་མངའ་བརྙེས་ཤིང་། །རིགས་དྲུག་རྫོགས་སངས་རྒྱས་ཀྱི་སར་བཀོད་པའི། །མཐུ་སྟོབས་ཐུགས་རྗེ་དང་ལྡན་བླ་མེད་ཀྱི། །བྱང་ཆུབ་ཆེན་པོའི་གོ་


SPN001_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

འཕང་མྱུར་ཐོབ་ཤོག །བླའོ་དགོན་བླ་མཆན་སྨོན་ལམ་རྒྱ་མཚོའི་ངོར་སྤེལ་བ་དགེ། །།༈ གངས་ཅན་ལྷ་གཅིག་ཕྱག་ན་པདྨོ་མཆོག །དབྱེར་མེད་དཔལ་ལྡན་བླ་མ་རྡོ་རྗེ་ཅན། །མི་མཆོག་དུས་གསུམ་མཁྱེན་ནས་སྐྱེས་རབས་ཕྲེང་། །བཅུ་གསུམ་བདུད་ལས་རྣམ་པར་རྒྱལ་བའི་ཞབས། །དེང་བཟུང་བྱང་ཆུབ་བར་དུ་སྐྱབས་གསོལ་འདེབས། །བླ་མ་རང་སེམས་དབྱེར་མེད་ཆོས་ཀྱི་སྐུ། །གདོད་ནས་བཞུགས་པར་མ་རིག་སྒྲིབ་དབང་གིས། །འཐུམས་པར་གྱུར་ཀྱང་མོས་གུས་རྩེ་གཅིག་གིས། །རྒྱུད་བསྐུལ་ལགས་ན་བརྩེ་བས་དགོངས་སུ་གསོལ། །ཐོག་མེད་ནས་བསགས་ཉེས་ལྟུང་མཐོལ་ཞིང་བཤགས། །ལྷན་སྐྱེས་ཡེ་ཤེས་སྒྲིབ་གཡོགས་དང་བྲལ་བ། །མངོན་སུམ་རང་རྒྱུད་སྨིན་ཅིང་གྲོལ་བྱིན་རློབས། །བདེ་ཆེན་པདྨོ་བཀོད་ཀྱི་ཞིང་ཁམས་སུ། །སྟོན་མཆོག་ཞལ་མཐོང་རྫོགས་སངས་རྒྱས་ཐོབ་ཤོག །བླའོ་རྟོགས་ལྡན་དམ་ཆོས་ངོར་སྤེལ།། ༈ །།སྐུ་གསུམ་རྩ་རྒྱུད་བླ་མའི་བྱིན་མཐུ་ཡིས། །དེང་འདིར་རང་བྱུང་རིག་པའི་ངོ་བོ་ཉིད། །བློ་འདས་ཕྱག་རྒྱ་ཆེན་པོའི་དོན་རྟོགས་ནས། །བདག་གཞན་རྒྱུད་གྲོལ་རྫོགས་སངས་རྒྱས་ཐོབ་ཤོག །ཟུར་མང་དབུ་མཛད་རིགས་བཟང་ངོར་སྤེལ།། ༈ །།སྣང་སྲིད་འཁོར་འདས་དབང་བསྒྱུར་ཐོད་ཕྲེང་རྩལ། །དབྱེར་མེད་རྒྱལ་དབང་ཀརྨ་ཀ་རིམ་བྱོན། །ཌོམྦིའི་རྣམ་འཕྲུལ་ཀརྨ་སི་ཏུ་སོགས། །བཀའ་རྒྱུད་བླ་མར་གསོལ་འདེབས་བྱིན་གྱིས་རློབས། །ཚེ་དཔག་


SPN001_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

མེད་མགོན་སྒྲོལ་དཀར་ལྗང་དམར་སེར། །རྒྱལ་བ་རྒྱ་མཚོ་གསང་ཡེ་རྣལ་འབྱོར་མ། །འོད་ཟེར་ཅན་དང་གྲྭ་ལྔའི་ལྷ་མོ་སོགས། །ཡི་དམ་རྒྱུད་བཞིར་གསོལ་འདེབས་གྲུབ་གཉིས་སྩོལ། །རྡོ་རྗེ་བེར་ཅན་ཕྱག་བཞི་མ་ནིང་ནག །དཔལ་ལྡན་ལྷ་མོ་རྣམ་སྲས་རྡོ་རྗེ་ལེགས། །ཞིང་སྐྱོང་ཏྲཀྴད་ཡེ་ཤེས་ལས་འཇིག་རྟེན། །ཆོས་སྐྱོང་རྣམས་ལ་གསོལ་འདེབས་བར་ཆད་སོལ། །གསོལ་བཏབ་བྱིན་གྱིས་གནས་སྐབས་ཆོས་དང་ལྡན། །བསམ་པ་ལྷུན་གྲུབ་ཚེ་དཔལ་འབྱོར་པ་རྒྱས། །འཇིགས་པ་བརྒྱད་དང་བཅུ་དྲུག་ལས་གྲོལ་ཞིང་། །དམ་པའི་མགོན་གྱིས་རྗེས་བཟུང་མཉེས་པ་སྒྲུབ། །བསླབ་སྡོམ་དྲི་མེད་དམ་ཚིག་དག་གཙང་སྤྱོད། །གདོད་གནས་རང་བྱུང་སེམས་ཉིད་མ་བཅོས་ངང་། །རང་ཤར་རང་གྲོལ་ཕྱག་རྫོགས་དབྱེར་མེད་ཀྱི། །གནས་ལུགས་ཆོས་སྐུའི་རྒྱལ་ས་ཟིན་གྱུར་ཅིག །ཅེས་མཚུར་རྗེ་དྲུང་བླ་མ་གང་དང་སྐྱེད་ཡུམ་ལྷ་ལྕམ་སྒྲོལ་ཚེའི་བཞེད་ངོར་སྤེལ་བ་མངྒ་ལམ།། ༈ །།ཨོ་རྒྱན་ལུང་ཟིན་བཀའ་གཏེར་བསྟན་རྒྱུན་སྤེལ། །གསང་སྔགས་སྟོན་མཆོག་གཙུག་ལག་ཆོས་རྒྱལ་ཞབས། །གསོལ་འདེབས་ཆོས་མཐུན་བསམ་འགྲུབ་ཕྱི་ནང་གི། །བར་ཆད་ཞི་ཞིང་དོན་གཉིས་མཐར་ཕྱིན་ཤོག །གཉེར་མགོན་དོན་བཞེད་ལྟར་སྤེལ།། ༈ །།ཐུགས་རྗེའི་རང་གཟུགས་སྤྱན་རས་གཟིགས་རྣམ་འཕྲུལ། །དཔལ་ལྡན་ཀརྨ་པ་དང་བྱམས་མགོན་གྱི། །སྤྲུལ་གར་ཏཱ་ཡི་སི་ཏུའི་སྐྱེས་རབས་ཕྲེང་། །ཨོ་རྒྱན་ཟབ་


SPN001_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་ལུང་ཟིན་དཔའ་བོ་རྗེ། །སྤྱི་གཙུག་རྒྱན་དུ་བཞུགས་ལ་གསོལ་བ་འདེབས། །ཆོས་སྐུའི་རང་ཞལ་མངོན་གྱུར་བྱིན་གྱིས་རློབས། །ཅེས་དྲུང་རམ་གྲྭ་པ་ཞིག་ངོར་སྤེལ།། ༈ །།སངས་རྒྱས་ཀུན་གྱི་ཐུགས་རྗེའི་གཏེར་ཆེན་པོ། །འོད་སྣང་མཐའ་ཡས་རྣམ་རོལ་པདྨ་འབྱུང་། །སྒྱུ་འཕྲུལ་གར་སྟོན་དཔལ་ལྡན་ཀརྨ་ཀ། བདུད་འདུལ་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །ཚེ་འདིར་ཆོས་མཐུན་བསམ་པ་ཡིད་བཞིན་འགྲུབ། །ནད་གདོན་བར་ཆད་ཕྱོགས་ལས་རྣམ་རྒྱལ་ཞིང་། །རང་སེམས་གདོད་ནས་ཆོས་སྐུའི་རང་བཞིན་ལ། །ཡིན་པར་ཤེས་ངང་གནས་ལུགས་དོན་རྟོགས་ནས། །བདེ་ཆེན་པདྨོ་བཀོད་པའི་ཞིང་ཁམས་སུ། །སྐྱེས་ནས་སྤྲུལ་པས་འགྲོ་དོན་བྱེད་པར་ཤོག །ཅེས་སི་ཏུ་པདྨའི་མིང་ཅན་གྱིས་དད་ལྡན་དགེ་རྒྱལ་འཁོར་རུ་སྤུན་གྱི་ངོར་སྤེལ།། ༈ །།གུ་རུ་པདྨ་སིདྡྷི་ཧཱུྃ། སྣང་སྲིད་ཟིལ་གནོན་པདྨ་ཐོད་ཕྲེང་རྩལ། །དབྱེར་མེད་གྲུབ་ཆེན་ཀརྨ་པཀྴི་དང་། །རྡོ་རྗེ་གྲོ་ལོད་བེར་ཅན་ལྕམ་དྲལ་ལ། །གསོལ་འདེབས་བདག་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། །རྟག་པར་རང་རྒྱུད་ཆོས་མཐུན་དམ་ཚིག་ལ། །གནས་ཤིང་ཐོས་སྒོམ་སྒྲུབ་པ་མཐར་ཕྱིན་ནས། །ཚེ་དཔལ་ཡེ་ཤེས་སྣང་བ་ཡར་ཟླ་ལྟར། །རྒྱས་ཤིང་འཕེལ་པར་བྱིན་གྱིས་བརླབ་ཏུ་གསོལ། །དུས་མིན་འཆི་དང་འཇིགས་བརྒྱད་བཅུ་དྲུག་སོགས། །བར་ཆད་ཉེར་འཚེ་ལོ་ཟླ་ཞག་དུས་ཀག །གློ་བུར་རྐྱེན་ངན་ཉི་ཁྲི་ཆིག་སྟོང་རྣམས། །ཞི་ཞིང་བཟློག་ཅིང་བསྒྱུར་བར་མཛད་དུ་གསོལ། །


SPN001_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་དབོན་བསྟན་པ་རབ་རྒྱས་བཞེད་ངོར་སྤེལ་བ་དགེའོ།། ༈ །།རྣམ་དག་སྤྲོས་བྲལ་ཆོས་སྐུ་ཀུན་ཏུ་བཟང་། །བདེ་ཆེན་འོད་སྣང་མཐའ་ཡས་རྣམ་པར་རོལ། །སྣ་ཚོགས་གར་སྟོན་སྤྲུལ་སྐུ་པདྨ་འབྱུང་། །གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ། །བསམ་དོན་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས། །མཆོག་ཐུན་དངོས་གྲུབ་དེང་འདིར་བསྩལ་དུ་གསོལ། །དུས་གསུམ་རྒྱལ་ཀུན་ཐུགས་རྗེའི་གཏེར་ཆེན་པོ། །སྙིགས་འགྲོའི་དཔུང་གཉེན་དམ་པར་ཞལ་འཆེས་བཞིན། །ཐུགས་དམ་དབྱིངས་ནས་བསྐུལ་ཕྱིར་གསོལ་བ་འདེབས། །ལས་ཉོན་བག་ཆགས་ཕྱི་ནང་བར་ཆད་སོལ། །ཆོས་མཐུན་བསམ་པ་ལྷུན་གྱིས་འགྲུབ་བྱིན་རློབས། །དོན་གཉིས་མཐར་ཕྱིན་དངོས་གྲུབ་མྱུར་ཐོབ་ཤོག །ཅེས་སྐལ་ལྡན་སློབ་མའི་ངོར་སྤེལ།། ༈ །།སྟོན་པའི་ཞལ་ཚབ་རྟེན་འབྲེལ་མཐར་ཕྱིན་པའི། །རྒྱལ་བ་འབྲི་གུང་པ་ཞེས་ཡོངས་གྲགས་པ། །མཉམ་མེད་འཇིག་རྟེན་གསུམ་གྱི་མགོན་པོ་ལ། །སྙིང་ནས་གསོལ་འདེབས་ཆོས་སྐུའི་དོན་རྟོགས་ཤོག །གང་གི་བསྟན་པ་རྣམ་དག་སྒོར་ཞུགས་ཏེ། །བསླབ་གསུམ་མོས་གུས་རྒྱལ་མཚན་རྩེ་མོ་རུ། །གནས་ལུགས་ཕྱག་རྒྱ་ཆེན་པོའི་ཏོག་གིས་སྤྲས། །རྩེ་གཅིག་གསོལ་བཏབ་ཐུགས་ཡིད་གཅིག་འདྲེས་ཏེ། །མཆོག་གི་དངོས་གྲུབ་ཚེ་འདིར་མྱུར་ཐོབ་ཤོག །ཅེས་དད་ལྡན་མའི་ངོར་སྤེལ།། ༈ །།རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར། བརྒྱུད་པ་


SPN001_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་གྱི་ཕྲེང་བ་རིམ་བྱོན་དང་། །ཡི་དམ་ཆོས་སྐྱོང་བཅས་ལ་གསོལ་བཏབ་མཐུས། །འཕྲལ་ཡུན་ཀུན་ཏུ་ལེགས་པའི་ཡོན་ཏན་ཚོགས། །འབད་མེད་ལྷུན་གྲུབ་མཐར་ཕྱིན་གོ་འཕང་མཆོག །རིང་མིན་ཉིད་དུ་ཐོབ་པར་བྱིན་གྱིས་རློབས། །ཀར་ལྷུན་ངོར་སྤེལ།། ༈ །།སངས་རྒྱས་ཀུན་གྱི་ཕྲིན་ལས་ཡོངས་རྫོགས་པ། །ཀརྨ་ཀ་ཞེས་ས་གསུམ་འགྲན་ཟླ་བྲལ། །དྲན་པ་ཙམ་གྱིས་ཐར་པའི་ལམ་སྣ་ཟིན། །དཔལ་ལྡན་དུས་གསུམ་མཁྱེན་པར་གསོལ་བ་འདེབས། །ཞེན་ལོག་ངེས་འབྱུང་མོས་གུས་ལམ་བྱས་ཏེ། །གང་གི་བསྟན་སྒོར་བླ་མེད་བྱང་ཆུབ་བར། །འཇུག་ནས་མ་ཧཱ་མུ་དྲའི་དོན་རྟོགས་ཤོག །བཟོ་དགོན་དགེ་ལེགས་ངོར་སྤེལ།། ༈ །།དཀོན་མཆོག་འདུས་ཞལ་ཨོ་རྒྱན་རྡོ་རྗེ་འཆང་། །རྣམ་རོལ་བཀའ་གཏེར་བསྟན་འཛིན་ཆགས་མེད་ཅེས། །ཟབ་གཏེར་མངའ་བདག་མི་འགྱུར་རྡོ་རྗེ་ཅན། །གསོལ་འདེབས་བདག་རྒྱུད་སྨིན་གྲོལ་བྱིན་གྱིས་རློབས། །ཞེས་པའང་དད་ཅན་སློབ་མའི་ངོར་སྤེལ།། ༈ །།རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་པ། །མར་པ་མི་ལ་དྭགས་པོ་དུས་མཁྱེན་ནས། །རྗེ་བཙུན་བདུད་འདུལ་རྡོ་རྗེའི་བར་བྱོན་པའི། །བཀའ་རྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །རང་སེམས་གདོད་ནས་ཆོས་སྐུའི་རང་བཞིན་ཡང་། །མ་རྟོགས་གཉིས་འཛིན་སྒྲིབ་པ་དང་བྲལ་ནས། །རང་ངོ་རང་གིས་མཐོང་ལ་ཆེར་གོམས་པས། །སྤྲོས་བྲལ་ཕྱག་ཆེན་རང་ཞལ་མྱུར་


SPN001_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ཤོག །ཅེས་སི་ཏུ་པདྨའི་མིང་ཅན་གྱིས་གནས་མདོ་བླ་རྒན་སྤྲུལ་སྐུ་བསྟན་པ་རབ་རྒྱས་བཞེད་ངོར་སྤེལ།། ༈ །།སྣང་སྲིད་དབང་བསྒྱུར་པདྨ་འབྱུང་གནས་དང་། །དབྱེར་མེ་གྲུབ་ཐོབ་ཀརྨ་པཀྴི་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་ཞི་བ་དང་། །རང་སེམས་ཀ་ནས་དག་པའི་ངོ་བོའི་ཀློང་། །གཉིས་འཛིན་འཁྲུལ་པའི་རྟོག་ཚོགས་རང་སར་ཡལ། །གདོད་ནས་དྲི་བྲལ་བདེ་གཤེགས་སྙིང་པོ་ཡི། །རང་ཞལ་མངོན་དུ་མཐོང་བར་བྱིན་གྱིས་རློབས། །ཅེས་སི་ཏུ་པདྨའི་མིང་ཅན་གྱིས་གནས་མདོ་འབྲོག་སྒར་སྤྲུལ་སྐུའི་ངོར་སྤེལ།། ༈ །།རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་ཆེན་ནས། །བདུད་འདུལ་རྡོ་རྗེའི་བར་དུ་བཀའ་རྒྱུད་ཀྱི། །སྙིང་པོ་དོན་གྱི་སྨིན་གྲོལ་གདམས་པའི་བདག །པདྨས་ལུང་ཟིན་པདྨ་ཉིན་བྱེད་དབང་། །མཆོག་གསུམ་རྩ་གསུམ་ངོ་བོར་དམིགས་གསོལ་འདེབས། །གནས་སྐབས་ཆོས་ལྡན་བར་ཆད་ནད་གདོན་ཞི། །ཚེ་དཔལ་ཡེ་ཤེས་སྣང་བ་གོང་འཕེལ་ནས། །མཐར་ཐུག་གདོད་མའི་བདེར་གཤེགས་མཆོག་ཐོབ་ཤོག །དད་གསུམ་ལྡན་པ་རྒྱལ་བ་ཚེ་རྣམ་ངོར་སྤེལ།། ༈ །།སྐྱབས་གཏན་གྱི་རིགས་བདག་ཀརྨ་ཀ། མགོན་མཚུངས་མེད་ཞྭ་དམར་ཅོད་པན་ཅན། །བདེ་ཆེན་གྱི་འཁོར་ལོ་རྟག་རོལ་བ། །རྗེ་འབྲུག་ཆེན་ཏཱ་ཡི་སི་ཏུ་དང་། །སྙིགས་དུས་ཀྱི་བསྟན་འགྲོའི་དཔུང་གཉེན་མགོན། །


SPN001_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བོ་དང་ཏྲེ་ཧོ་སྤྲུལ་པའི་སྐུ། །བཀའ་གཏེར་གྱི་བསྟན་པའི་རྒྱལ་མཚན་འཛིན། །མཁས་གྲུབ་མཆོག་ཀརྨ་ཆགས་མེད་ཞབས། །བདག་འདི་བཟུང་སྙིང་པོ་བྱང་ཆུབ་བར། །འབྲལ་མེད་དུ་ཞབས་པད་བསྙེན་ལགས་ན། །གནས་སྐབས་ཀྱི་བསམ་སྤྱོད་བསྟན་འགྲོའི་དོན། །ཆོས་བཞིན་དུ་གེགས་མེད་ལྷུན་གྲུབ་ཅིང་། །མཐར་ཐུག་ཏུ་ུསྐུ་བཞིའི་གོ་འཕང་ཉིད། །བདེ་བླག་ཏུ་ཐོབ་པར་བྱིན་གྱིས་རློབས། །རཏྣ་ཁ་བ་སྤྲུལ་སྐུའི་ངོར་སྤེལ།། ༈ །།སངས་རྒྱས་ཀུན་འདུས་གསང་བ་ཡེ་ཤེས་སྐུ། །དངོས་གྲུབ་གཉིས་སྩོལ་ཁྲོ་རྒྱལ་གྲོ་བོ་ལོད། །བར་ཆད་སེལ་མཛད་དྷཱ་ཀི་མཚོ་རྒྱལ་མ། །ཕྲིན་ལས་ཀུན་སྒྲུབ་བདུད་རྒྱལ་ཏྲཀྴད་མགོན། །གསོལ་འདེབས་མཆོག་ཐུན་ལས་བཞིའི་དངོས་གྲུབ་སྩོལ། །དེ་ཡང་རང་རིག་ཀ་དག་ཆོས་ཀྱི་དབྱིངས། །མངོན་གྱུར་རྩ་བའི་བླ་མའི་གསང་གསུམ་དང་། །ཡེ་ཤེས་རྡོ་རྗེའི་རོལ་གར་ཁོ་ན་ལས། །གུད་དུ་མེད་ཕྱིར་དད་གསུམ་གསོལ་བཏབ་པས། །འབྱུང་བཞིའི་གནོད་པ་རྒྱ་འདྲེའི་བར་ཆད་སོགས། །མཁའ་ལ་སྤྲིན་ལྟར་གཞི་བྲལ་དབྱིངས་སུ་ཐིམ། །སངས་རྒྱས་གཞན་དུ་མི་བཙལ་རང་གི་སེམས། །གཞི་རྩ་ཆོད་པའི་ཆོས་སྐུ་མངོན་གྱུར་ཤོག །ཅེས་སི་ཏུ་པས་ལྷ་ཐོག་མགོན་བླ་ཀརྨ་ཚེ་བརྟན་གྱི་ངོར་སྤེལ།། ༈ །།སྐུ་བཞི་ཡེ་ཤེས་ལྔ་བདག་རྡོ་རྗེ་འཆང་། །དབྱེར་མེད་ཕྱག་ན་པད་འཆང་ཀརྨ་ཀ། འགྲོ་མགོན་དཔལ་ལྡན་འབྲུག་པ་ཡབ་སྲས་དང་། །ཏཱ་ཡི་སི་ཏུ་གྲུབ་


SPN001_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

བརྙེས་དཔའ་བོ་རྗེ། །བཀའ་དྲིན་ཟླ་མེད་འཁོར་ལོའི་མགོན་མཆོག་རྣམས། །ཤཱཀྱའི་རིང་ལུགས་འཛིན་སྐྱོང་སྤེལ་བ་དང་། །སྐྱེ་དགུའི་སྐྱབས་དང་དཔུང་གཉེན་བླ་མེད་པར། །ཞབས་པད་རྡོ་རྗེ་ཆོས་བདུན་ངོ་བོ་རུ། །མི་ཤིགས་རྟག་པའི་རང་བཞིན་འཚོ་གཞེས་གསོལ། །སྙིགས་དུས་ལོག་ཕྱོགས་བདུད་རིས་རློམས་པ་ཡིས། །ཆོས་མིན་སྤྱོད་རྣམས་ལྡང་བ་མེད་པ་དང་། །རྣམ་དག་བཀའ་གསང་ཚད་མའི་གཞུང་བཟང་གི། །བསྟན་པ་རིན་ཆེན་ཕྱོགས་མཐར་ཁྱབ་ཡུན་གནས། །དེ་འཛིན་ཞབས་བརྟན་བཞེད་དོན་ལྷུན་གྱིས་གྲུབ། །བདག་སོགས་རིམ་གཉིས་བརྟན་ཐོབ་ས་ལམ་གྱི། །ཉམས་རྟོགས་ཡོན་ཏན་ཡར་ཟླ་ལྟར་རྒྱས་ཤོག །ཅེས་ཞབས་བརྟན་དང་། མི་ཕམ་བྱམས་མགོན་རྣལ་འབྱོར་གཡུང་མོ་ཅན། །དགྱེས་པ་རྡོ་རྗེ་བླ་མའི་སྐུར་སྣང་བ། །མངའ་བདག་མར་པ་སངས་རྒྱས་རས་ཆེན་ཞབས། །དྷརྨཱ་ཀཱ་ར་པདྨ་ཉིན་བྱེད་དབང་། །རྒྱལ་བསྟན་འདེགས་པའི་སྲི་ཞུ་དམ་བཅས་པའི། །རྩ་གསུམ་དབྱེར་མེད་ངོ་བོ་འདུས་པའི་སྐུར། །མཆོག་རྣམས་ཞལ་འཆེས་ཇི་ལྟར་བཅོས་མིན་གྱི། །ངེས་ཤེས་བརྟན་པོས་གསོལ་འདེབས་བདག་བྱིན་རློབས། །སྣང་སྲིད་ཆོས་སྐུར་རྟོགས་པའི་གདེང་ལྡན་ཞིང་། །གཞི་འབྲས་གཉིས་མེད་ཕྱག་རྒྱ་ཆེ་འགྲུབ་ཤོག །ཅེས་པའང་སྐྱབས་མགོན་འབྲུག་ཆེན་རྡོ་རྗེ་འཆང་གི་གཅུང་དབོན་སྔགས་སྤྲུལ་མཆོག་གི་བཞེད་ངོར། སི་ཏུ་པདྨའི་མིང་ཅན་གྱིས་སྤེལ་བ་དགེ། །།


SPN001_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

༈ དུས་གསུམ་རྒྱལ་བའི་ཐུགས་རྗེའི་རྣམ་པར་རོལ། །འཇིག་རྟེན་མགོན་པོ་དཔལ་ལྡན་ཀརྨ་པ། །རྒྱལ་དབང་འབྲུག་པ་ཡབ་སྲས་ཕྲེང་བ་དང་། །ཏཱ་ཡི་སི་ཏུ་རྗེ་བཙུན་དཔའ་བོའི་ཞབས། །དྲན་མཆོག་བདེ་ཆེན་འཁོར་ལོར་རྟག་རོལ་ནས། །བཤད་སྒྲུབ་བསྟན་པ་འཛིན་དང་ཕྲིན་ལས་སྤེལ། །འགྲོ་བའི་བསོད་ནམས་མཆོད་ཞིང་རྒྱས་པའི་ཕྱིར། །གསང་གསུམ་དྭངས་མ་རྡོ་རྗེའི་སྐུ་བརྙེས་ནས། །གཞོམ་བྲལ་རྟག་བརྟན་ངོ་བོར་ལྷུན་གྲུབ་གསོལ། །ངེས་དོན་སྙིང་པོ་སྒྲུབ་བརྒྱུད་རིང་ལུགས་གང་། །ནུབ་མེད་ཕྱོགས་དང་ཐ་གྲུར་འཕེལ་ཞིང་རྒྱས། །བསྟན་འཛིན་འཚོ་གཞེས་ཕྲིན་ལས་གེགས་མེད་འགྲུབ། །ལྔ་བདོའི་སེམས་ཅན་ལོག་སྨོན་འབྲས་སྨིན་པ། །གང་དག་རྩད་ནས་གཞོམ་ཞིང་རྨེག་མེད་ཤོག །བདག་ཀྱང་དོན་གཉིས་མཐར་ཕྱིན་ཡང་དག་གི། །ཡེ་ཤེས་སྣང་བ་གསལ་ཞིང་སངས་རྒྱས་ཤོག །ཅེས་ཞབས་བརྟན་འདོད་གསོལ་དང་། ཀྱཻ། ཡེ་ཤེས་ལས་དང་འཇིག་རྟེན་ཆོས་སྲུང་བ། །བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་རྣམས་དང་། །དཀར་ཕྱོགས་སྐྱོང་བའི་ཡུལ་གཞི་གནས་ཀྱི་བདག །དགེ་བསྙེན་ལ་སོགས་སྡེ་བརྒྱད་དྲེགས་ཅན་རྣམས། །སྔོན་ཚེ་ཐ་ཚིག་ཡལ་གམ་མ་བསྙེལ་བར། །དེང་འདིར་རྣལ་འབྱོར་བསྟན་དང་འགྲོ་དོན་ལ། །འཕྲིན་ལས་བཞི་ཡི་སྡོང་གྲོགས་གཡེལ་མེད་ཀྱི། །ཕ་རོལ་བྱད་ཕུར་རྦོད་གཏོང་ཞི་བར་མཛད། །མདོར་ན་ཆོས་མཐུན་བཅོལ་པའི་


SPN001_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གང་དག །འབད་མེད་ཡིད་བཞིན་འགྲུབ་པར་མཛད་དུ་གསོལ། །ཅེས་ཕྲིན་བཅོལ་དང་བཅས་འབྲུག་པད་དཀར་སྤྲུལ་སྐུའི་བཞེད་ངོར་སྤེལ།། ༈ །།དུས་གསུམ་རྒྱལ་བའི་ཐུགས་རྗེའི་རང་གཟུགས། །དཔལ་ལྡན་སངས་རྒྱས་པདྨ་སྐྱེས་མཆོག །མཚོ་འཁྲུངས་གུ་རུ་རྡོ་རྗེ་འཆང་ཆེན། །གསོལ་འདེབས་བདག་རྒྱུད་བྱིན་གྱིས་རློབས་ཤིག །རྒྱལ་ཀུན་བསྐྱེད་གཞི་ཤེས་རབ་ཕར་ཕྱིན། །དབྱེར་མེད་རྗེ་བཙུན་ཨཱཪྱ་ཏཱ་རེར། །གསོལ་འདེབས་ཚེ་དབང་གྲུབ་གཉིས་མྱུར་སྩོལ། །གནས་སྐབས་མཐར་ཐུག་རྒྱུད་སྨིན་གྲོལ་ནས། །ལྷན་སྐྱེས་ཡེ་ཤེས་ངོ་བོ་མངོན་གྱུར། །སྐུ་བཞིའི་གོ་འཕང་ཐོབ་པར་བྱིན་རློབས། །ཅེས་པའང་འབྲུག་ཆོས་རྫོང་སྤྲུལ་པའི་སྐུའི་བཞེད་ལྟར་དགེ། །།༈ ཆོས་དབྱིངས་སྤྲོས་བྲལ་བདེ་བ་ཆེན་པོའི་གཤིས། །རང་རྩལ་འགགས་མེད་སྒྱུ་འཕྲུལ་རོལ་པ་ཅན། །སྐུ་གསུམ་བདག་ཉིད་མཚོ་སྐྱེས་རྡོ་རྗེ་འཆང་། །གསོལ་བ་འདེབས་སོ་མཆོག་ཐུན་གྲུབ་གཉིས་སྩོལ། །ལྷན་སྐྱེས་གདོད་ནས་སེམས་ཉིད་གཉུག་མའི་མདངས། །མ་བཅོས་རང་གསལ་དེ་བཞིན་ཉིད་ཀྱི་ངང་། །ཀ་དག་ཀུན་ཁྱབ་ཡེ་ཤེས་ཆེན་པོའི་དབྱིངས། །རྩལ་རྫོགས་རིག་པ་རང་གྲོལ་བྱིན་གྱིས་རློབས། །མདོ་སྔགས་བསྟན་པའི་སྟོན་མཆོག་བསྟན་འཛིན་གྱི། །སྐྱེས་མཆོག་དམ་པ་ཞིང་འདིར་གང་བཞུགས་རྣམས། །གསང་གསུམ་མི་ཕྱེད་རྡོ་རྗེ་བཞིའི་རང་བཞིན། །ངོ་བོར་ཡོངས་གྲུབ་


SPN001_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

འཚོ་གཞེས་བརྟན་གྱུརཅིག །འཕྲིན་ལས་རབ་འབྱམས་ཕྱོགས་མཐར་སྤེལ་བ་ཡིས། །བསྟན་འགྲོའི་མགོན་དུ་སྔོན་སྨོན་ཐུགས་སྐྱེད་ཀྱི། །འཇུག་པ་ཟབ་མོའི་རླབས་ཆེན་བཞེད་པའི་དོན། །མཐར་ཕྱིན་གེགས་བྲལ་ལྷུན་གྲུབ་བཀྲ་ཤིས་ཤོག །སི་ཏུ་པདྨའི་མིང་ཅན་གྱིས་དད་མོས་ལྡན་པ་རྣམས་ཀྱི་བཞེད་ངོར་སྤེལ་བ་དགེ། །།༈ དང་པོའི་སངས་རྒྱས་ཆོས་སྐུ་འོད་མི་གྱུར། །བདེ་ཆེན་ལོངས་སྤྱོད་ནོར་བུ་པདྨ་ཅན། །མཚོ་སྐྱེས་སྤྲུལ་སྐུ་པྲ་ཝཱ་ཀ་ར་ཡིས། །དགོངས་འདུས་གསེར་ཆོས་ལུང་བྱང་བཀའ་རྒྱ་ལས། །འདན་མ་རྩེ་མང་རྣམ་རོལ་སྔོན་བྱོན་པའི། །ཆོས་ཀྱི་སྤྱན་ཅན་དྲུག་དང་དེའི་ཕྱི་མར། །པདྨའི་ལྗགས་ལྡན་ལྔ་ལས་དེང་འདི་རུ། །པདྨ་དབང་ཆེན་གྲགས་ལ་གསོལ་བ་འདེབས། །དེ་ལྟར་མི་ཕྱེད་དད་པས་གསོལ་བཏབ་མཐུས། །གང་གི་ཐུགས་རྗེའི་ཕྲིན་ལས་འོད་སྣང་གིས། །སྒྲིབ་གཉིས་བག་ཆགས་ཁྲི་མུན་རབ་བསལ་ནས། །བླ་མེད་སྐུ་བཞིའི་རྒྱལ་སར་དབང་འབྱོར་ཤོག །ཅེས་སི་ཏུ་པདྨའི་མིང་ཅན་གྱིས། དགེ་བཅུའི་དཔལ་མངའ་རག་ཤུལ་བེ་ཧུ་འཇིགས་མེད་དཀོན་མཆོག་ཚེ་ཐར་བཞེད་ངོར་སྤེལ་བ་དགེ།། ༈ །།ཕྱག་འཚལ་སྨོན་ལམ་བཤགས་སྡོམ་ཐར་པའི་སྒོ་འབྱེད་ཅེས་པ་བཞུགས། ན་མོ་གུ་རུ་བུདྡྷ་བོདྡྷི་མ་ཧཱ་ས་ཏྭཱ་ཡ། གང་ལ་བརྟེན་ན་སྲིད་པའི་འཆིང་བ་ལས། །ངེས་པར་སྒྲོལ་བའི་ཐབས་མཁས་ཀུན་མཁྱེན་ཅིང་། །སྟོབས་བཅུའི་མངའ་བདག་སངས་རྒྱས་བཅོམ་ལྡན་འདས། །བདེ་བར་གཤེགས་པ་རྣམས་ལ་ཕྱག་


SPN001_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་ལོ། །མཐའ་ཡས་བླ་ན་མེད་པའི་ཡོན་ཏན་གྱི། །འབྱུང་གནས་རིན་ཆེན་ཞི་བ་ཆགས་བྲལ་བ། །ཡང་དག་དོན་སྟོན་གསུང་རབ་རྒྱ་མཚོའི་གཏེར། །དམ་པའི་ཆོས་ཀྱི་འཁོར་ལོར་ཕྱག་འཚལ་ལོ། །རྣམ་པར་གྲོལ་བའི་ལམ་གྱི་བདག་ཉིད་ཅན། །སྣ་ཚོགས་ཟབ་མོའི་ཤེས་རབ་མཛོད་འཆང་བ། །རྣམ་དག་ཚུལ་ཁྲིམས་གསེར་གྱི་ཁ་དོག་འཆང་། །ཚོགས་མཆོག་དགེ་འདུན་རྣམས་ལ་ཕྱག་འཚལ་ལོ། །མཆོག་གསུམ་ཀུན་འདུས་དཀྱིལ་འཁོར་ཡོངས་ཀྱི་གཙོ། །རིགས་ཀུན་ཁྱབ་བདག་སྟོན་པ་རྡོ་རྗེ་འཆང་། །དངོས་སྣང་དྲན་མཆོག་མཉམ་མེད་བཀའ་དྲིན་ཅན། །དཔལ་ལྡན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བྱ་སྤྱོད་རྣལ་འབྱོར་བླ་ན་མེད་པ་ཡི། །རྒྱུད་སྡེ་བཞིར་འབྲེལ་ཡི་དམ་ལྷ་རབ་འབྱམས། །ཞི་དང་ཁྲོ་བོའི་སྐུར་སྟོན་ལྷ་ཡི་ཚོགས། །ཞིང་གི་རྡུལ་སྙེད་རྣམས་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་སྙིང་རྗེའི་ངང་ལས་རང་ཤར་བའི། །དམ་ཚིག་རྗེས་གཅོད་རྣལ་འབྱོར་བུ་བཞིན་སྐྱོང་། །སངས་རྒྱས་བསྟན་པ་སྲུང་བར་ཞལ་བཞེས་པའི། །ཆོས་སྐྱོང་རྒྱ་མཚོ་རྣམས་ལ་ཕྱག་འཚལ་ལོ། །བྱང་ཆུབ་ལམ་གྱི་འདྲེན་པ་ཁྱེད་རྣམས་ལ། །བདག་ལུས་བྱེ་བར་སྤྲུལ་ནས་ཕྱག་འཚལ་ཞིང་། །མཆོད་ཅིང་ཉེས་བཤགས་རྗེས་སུ་ཡི་རང་ངོ་། །བསྐུལ་ཞིང་གསོལ་འདེབས་དགེ་བ་རྫོགས་བྱང་བསྔོ། །ཀྱེ་མ། མ་རིག་དབང་གི་ཐོག་མེད་བསྐལ་པ་ནས། །སྲིད་པར་འཁྱམས་པའི་འཁོར་བའི་འཁྲུལ་འཁོར་གྱི། །ལས་དབང་དྲག་


SPN001_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

པོས་ཐར་མེད་རྣམ་སྨིན་བསགས། །གྲངས་མེད་ལུས་བླངས་འཇིག་རྟེན་ལྟོས་མཉམ་ཡང་། །དོན་ལྡན་དལ་འབྱོར་ཐོབ་པ་ལན་གཅིག་ཙམ། །སོ་ཐར་བྱང་སེམས་རིག་འཛིན་སྔགས་ཀྱི་སྡོམ། །སྐལ་པ་ལྡན་པའི་དཔྱིད་དུ་འགྱུར་བ་ནི། །བརྒྱ་ལམ་རེས་འགའ་ཉིན་མོའི་སྐར་མ་ཙམ། །འདི་ནི་སྔོན་བསགས་ལེགས་བྱས་ཆུ་ཡི་རྒྱུན། །གཅིག་ཏུ་སྨིན་པ་མ་དྲོས་ཀླུང་ཆེན་པོ། །ཚེ་འདིར་བགོ་སྐལ་རྙེད་འདི་ཡིད་བཞིན་གྱི། །ནོར་བུར་མཚུངས་འདི་ལྷག་པའི་བརྩོན་འགྲུས་ཀྱིས། །རྟག་ཏུ་བྱི་དོར་གཅེས་སྤྲས་བསྙེན་པར་བྱ། །ལུས་དང་ངག་ཡིད་བསྡོམས་ནས་སྔོན་བྱོན་གྱི། །རྒྱལ་བ་རྣམས་ཀྱི་རྣམ་ཐར་རྗེས་སུ་ནི། །བདག་གིས་བསྒྲུབ་པར་བགྱིད་དོ་སློབ་བགྱིའོ། །བཅོམ་ལྡན་ཐུབ་མཆོག་ཤཱཀྱའི་རྒྱལ་པོ་ཡི། །ཉན་ཐོས་འདུལ་ཁྲིམས་བསླབ་གཞི་ཉིས་བརྒྱ་དང་། །ལྔ་བཅུ་རྩ་གསུམ་ཁྲིམས་ཀྱི་གཞིར་གསུངས་པའི། །སྲོག་གཅོད་མ་བྱིན་ལེན་དང་འདོད་པ་སྤྱོད། །རྫུན་སྨྲ་དབྱེན་སྦྱོར་རྩ་བཞི་ཆང་དང་ལྔ། །ཉོན་མོངས་དབང་གིས་བག་མེད་གྱུར་པ་ཡི། །ཕམ་ལྷག་སྦོམ་པོ་ལྕི་ཡང་གཉིས་དང་ནི། །ལྟུང་བྱེད་སྡེ་དང་སོར་བཤགས་ཉེས་བྱས་ཀྱི། །ལྷག་མ་བཅུ་གསུམ་སྤང་ལྟུང་སུམ་ཅུ་སོགས། །སོ་ཐར་བསླབ་གཞིར་ནོངས་པ་ཅི་མཆིས་པ། །སྙིང་ནས་འགྱོད་པས་བཤགས་སོ་ཕྱིན་ཆད་བསྡོམས། །བྱང་ཆུབ་སེམས་ཀྱི་རང་བཞིན་བསླབ་པའི་གཞི། །དཀོན་མཆོག་གསུམ་དང་ཕ་མར་མ་གུས་དང་། །སེམས་ཅན་རྣམས་ལ་ཉེ་རིང་ཆགས་དང་སྡང་། །


SPN001_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

བརྣབ་སེམས་གནོད་སོགས་ལོག་པའི་སྦྱོར་བ་སོགས། །སྙིང་རྗེ་སེམས་བསྐྱེད་བྲལ་བའི་ལས་བསགས་རྣམས། །རབ་ཏུ་འགྱོད་པས་བཤགས་སོ་སྙིང་ནས་བསྡོམས། །གསང་བ་སྔགས་ཀྱི་དམ་ཚིག་ཉི་ཤུ་ལྔ། །རྒྱས་པར་ས་ཡ་འབུམ་སྡེ་ལ་སོགས་པ། །ཉམས་ཆག་རལ་དང་ལྟུང་བ་ཅི་མཆིས་པ། །གནོང་འགྱོད་དྲག་པོས་བཤགས་སོ་སྙིང་ནས་བསྡོམས། །དེ་ལྟར་སྒོ་གསུམ་ཉོན་མོངས་འདམ་དུ་བྱིངས། །རིག་དང་མ་རིག་འཁྲུལ་པས་བསླད་པ་ཡི། །ཁ་ན་མ་ཐོའི་སྡིག་དང་ཉེས་ལྟུང་གི། །རྣམ་པར་སྨིན་པའི་ལས་ངན་བསགས་པ་ཀུན། །མཁའ་ལྟར་དག་པའི་ཀློང་དུ་བཟོད་པར་གསོལ། །ཕྱིན་ཆད་མི་བགྱིད་དམ་བཅའ་བརྟན་པོར་བཟུང་། །སྒྲིབ་པར་མི་འགྱུར་དག་གཙང་དབུགས་དབྱུང་བའི། །བྱང་ཆུབ་འབྲས་བུ་སྨིན་པའི་དངོས་གྲུབ་སྩོལ། །ཚེ་འདིར་མི་མཐུན་རྒུད་པའི་ཚོགས་མཐའ་དག །ཉེ་བར་ཞི་ཞིང་ཆོས་མཐུན་བསམ་པ་འགྲུབ། །འཁོར་ལོ་གཉིས་ཀྱི་སྒྲུབ་ལ་དབང་འབྱོར་ནས། །ས་ལམ་དྲོད་རྟགས་མ་ལུས་མཐར་ཕྱིན་ཅིང་། །མཐོང་ཐོས་དྲན་ཀུན་གྲོལ་བའི་ནུས་ཐོབ་ཤོག །སྐྱེ་བ་ཀུན་ཏུ་མ་ནོར་ལམ་སྟོན་པའི། །ཐེག་ཆེན་དགེ་བའི་བཤེས་དང་མི་འབྲལ་ཞིང་། །ཐོས་བསམ་སྒྲུབ་པའི་རྒྱལ་མཚན་འཛིན་པ་དང་། །སྙིང་པོའི་བསྟན་ལ་བྱ་བ་བྱེད་ནུས་པའི། །དལ་ཐོབ་རིགས་བཟང་བློ་དང་ལྡན་པར་ཤོག །མདོར་ན་སེམས་ཅན་


SPN001_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནི་ཐམས་ཅད་པ། །ཀུན་གྱི་དཔལ་མགོན་རང་ཉིད་གྱུར་ནས་སུ། །བླ་མེད་ཡང་དག་མཆོག་གི་སར་བཀོད་པའི། །འགྲོ་དོན་འཕྲིན་ལས་ཐོགས་མེད་ལྷུན་གྲུབ་ཏུ། །སྤྱན་རས་གཟིགས་དང་མཚུངས་པར་བྱིན་གྱིས་རློབས། །རང་སྣང་དབང་འདུས་གཞན་སྣང་ཟིལ་གནོན་ཅིང་། །འགྲོ་སྒྲོལ་སྙིགས་མའི་གདུག་པ་ཀུན་འདུལ་ནས། །ཕྱམ་གཅིག་བདེ་བ་ཆེན་པོའི་སར་བཀོད་པའི། །པདྨ་འབྱུང་གནས་ལྟ་བུར་བྱིན་གྱིས་རློབས། །སངས་རྒྱས་བསྟན་ལ་གནོད་པའི་དུཥྚཾ་རྣམས། །ཚར་གཅོད་རྗེས་འཛིན་འཕྲིན་ལས་རྣམ་བཞི་ཡིས། །བསྟན་དང་བླ་མའི་ཞབས་ཏོག་བསྒྲུབ་ནུས་པ། །མ་ཧཱ་ཀཱ་ལ་ཇི་བཞིན་བྱིན་གྱིས་རློབས། །རང་རིག་གཉུག་མ་སྤྲོས་བྲལ་ངོ་བོ་ཉིད། །ཆོས་སྐུའི་གནས་ལུགས་ཇི་བཞིན་རྗེན་པར་མཐོང་། །འོད་གསལ་ཕྱག་རྒྱ་ཆེན་པོ་མངོན་གྱུར་ནས། །འཁོར་འདས་དབྱེར་མེད་རྟོགས་པར་བྱིན་གྱིས་རློབས། །དུས་གསུམ་སངས་རྒྱས་ཕྱོགས་བཅུའི་བྱང་སེམས་དང་། །བླ་མ་རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས། །ཡེ་ཤེས་ཆོས་ཀྱི་སྲུང་མ་འཁོར་དང་བཅས། །རྡོ་རྗེའི་བཀའ་ཡི་བདེན་གྲུབ་ཐམས་ཅད་ཀྱིས། །དེང་འདིར་དཔང་གྱུར་ངེས་པར་ཉིད་འགྲུབ་མཛོད། །ཅེས་པ་ས་ཐམ་འོག་མིན་གླིང་གི་རྟོགས་ལྡན་ཀུན་སྤངས་པ་ཀརྨ་དབང་འཛིན་གྱིས་བསྐུལ་བ་ལྟར། སི་ཏུ་པདྨ་ཉིན་བྱེད་དབང་པོས་ཆུ་སྟོད་ཅན་གྱི་གྲལ་ཚེས་བཟང་པོར་སྤེལ། ཤུབྷཾ།། ༈ །།དཀོན་མཆོག་ཀུན་འདུས་དཔལ་ལྡན་ཀརྨ་པ། །


SPN001_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་སྐུ། །གང་གི་ཚད་མེད་ཐུགས་རྗེའི་ཀློང་ཡངས་ནས། །བྱིན་རླབས་ཆུ་ཤེལ་དབང་པོ་ལས་བྱུང་བའི། །ཉོན་མོངས་གདུང་སེལ་འོད་དཀར་བདུད་རྩིའི་རྒྱུན། །ལོག་རྟོག་ཞུགས་ལྕེས་གཙེས་པའི་འགྲོ་རྣམས་ལ། །བདེ་ཆེན་སྣང་བའི་མྱུ་གུ་བསྐྱེད་པའི་ཕྱིར། །གསོལ་བ་འདེབས་སོ་དངོས་གྲུབ་ཆར་རྒྱུན་སྩོལ། །སྐྱེ་བ་འདི་ནས་བྱང་ཆུབ་སྙིང་པོའི་བར། །དལ་བརྒྱད་འབྱོར་བཅུ་ལྡན་པའི་ལུས་ཐོབ་ཅིང་། །སྙིང་པོའི་བསྟན་ལ་བྱ་བ་བྱེད་པ་དང་། །དཔལ་ལྡན་བླ་མའི་གོ་འཕང་མྱུར་ཐོབ་ཤོག །མི་རྟག་ངེས་འབྱུང་སྐྱོ་ཤས་དྲག་པོ་ཡིས། །བསྐུལ་བའི་སྒྲུབ་པ་སྙིང་པོར་དང་ལེན་ནས། །མཐར་ཕྱིན་གེགས་མེད་ཉིད་དུ་འགྲུབ་བགྱུར་ཏེ། །རང་བྱུང་རིག་པའི་ངོ་བོ་མཐོང་གྱུར་ཅིག །ཅེས་ཚ་ཀོ་བ་བསླབ་གསུམ་རྒྱན་ལྡན་དགེ་སློང་ཀརྨ་མཚན་བཟང་གིས་བསྐུལ་ངོར་སི་ཏུ་སྤྲུལ་སྐུས་སྤེལ་བ་ཛ་ཡནྟུ།། ༈ །།ཆོས་དབྱིངས་ལྷུན་གྲུབ་བདེ་ཆེན་ཞིང་ཁམས་སུ། །སྐུ་གསུམ་བླ་མ་དང་པོའི་སངས་རྒྱས་མཆོག །ཀུན་བཟང་པདྨ་འབྱུང་གནས་རིན་པོ་ཆེ། །མགོན་དེའི་ཐུགས་རྗེའི་ཆར་གྱིས་བྱིན་ཕོབ་ཅིག །རྒྱལ་དང་རྒྱལ་སྲས་གྱུར་རྣམས་གཤེགས་པའི་ཤུལ། །ཡེ་ཤེས་གཅིག་ཆར་སྨིན་པའི་དཔལ་མངའ་བ། །དམ་ཆོས་རྫོགས་པ་ཆེན་པོའི་གསང་ཆེན་ལམ། །བླ་མེད་ཐེག་པའི་གོ་འཕང་མྱུར་ཐོབ་པའི། །ཀུན་ཁྱབ་ཐོག་མའི་མགོན་དེས་ཚེ་རབས་སུ། །རྗེས་བཟུང་འོད་གསལ་རྡོ་རྗེ་སྙིང་པོ་ཡི། །


SPN001_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

རང་གཞན་རྒྱུད་བརླན་ཚེ་གཅིག་སྟན་ཐོག་འདིར། །འཇའ་ལུས་ཆོས་སྐུ་འགྲུབ་པར་བྱིན་གྱིས་རློབས། །ཅེས་བླ་མ་དམ་པ་པད་དཀར་ནས་མཎྜལ་དང་བཅས་བསྐུལ་བར་བརྟེན་སི་ཏུ་པས་སྤེལ།། ༈ །།བླ་མེད་མཆོག་གསུམ་ཐུགས་རྗེའི་འོད་སྟོང་གིས། །འགྲོ་བའི་ལས་ཉོན་མུན་པའི་དྲྭ་བ་རྣམས། །ཡེ་ཤེས་ཆེན་པོའི་གཟི་ཡིས་རྨེག་མེད་འཇོམས། །ཡང་དག་ལམ་གྱི་སྣང་བ་བསྟན་དུ་གསོལ། །ལྷ་བྲིས་པ་སྦྱིན་པར་སྤེལ།། ༈ །།རྗེ་བཀའ་དྲིན་གསུམ་ལྡན་རྡོ་རྗེ་འཆང་། །སྐྱབས་མཚུངས་མེད་བདེ་ཆེན་འཁོར་ལོའི་མགོན། །དཔལ་རིགས་ཀྱི་བདག་པོ་ཀརྨ་པ། །སྐྱེས་རབས་ཀྱི་ཕྲེང་བ་མུ་ཏིག་ཕྲེང་། །བྱོན་པ་དང་འབྱོན་འགྱུར་ཐམས་ཅད་ཀྱི། །གསང་བ་གསུམ་རྡོ་རྗེའི་མཁའ་ཀློང་ནས། །མཆོག་ཐུན་གྱི་དངོས་གྲུབ་ཆར་ལྟར་འབེབས། །དེང་གདུལ་བྱ་མོས་ལྡན་དད་པའི་ཞིང་། །བྱང་ཆུབ་ཀྱི་མྱུ་གུ་བསྐྱེད་པའི་ཕྱིར། །མོས་གུས་ཀྱི་ང་རོས་གསོལ་འདེབས་ན། །མགོན་ཐུགས་རྗེའི་ཆར་རྒྱུན་མྱུར་དུ་སྩོལ། །སྐུ་བཞི་ཡི་དབང་ཕྱུག་རྡོ་རྗེ་འཆང་། །ཟུང་འཇུག་གི་འབྲས་བུ་ཐོབ་བྱིན་རློབས། །ཅེས་དབུ་མཛད་ཕུན་ཚོགས་བཟང་གི་ངོར་སྤེལ་བའོ།། ༈ །།རྒྱལ་ཀུན་ཕྲིན་ལས་འདུས་པའི་སྐུ། །རིག་འཛིན་མི་གྱུར་རྡོ་རྗེ་ཅན། །དྲག་པོ་ནུས་ལྡན་རྩལ་མཆོག་ལ། །སྒོ་གསུམ་གསོལ་བ་འདེབས་བྱིན་རློབས། །ཕྱི་ནང་འགལ་རྐྱེན་བར་ཆད་ཞི། །མཐུན་རྐྱེན་གང་བསམ་འགྲུབ་པ་དང་། །བདག་དང་འགྲོ་དྲུག་སྲིད་མཚོ་ལས། །སྒྲོལ་ཏེ་རྣམ་མཁྱེན་ཡོངས་


SPN001_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་ཤོག །ཨ་ཚོགས་ལ་སྤེལ།། ༈ །།མཆོག་གསུམ་ངོ་བོ་འདུས་པའི་དཔལ། །རྡོ་རྗེ་འཆང་དབང་ཐུགས་རྗེའི་འཕྲུལ། །བཀའ་དྲིན་མཉམ་མེད་འབྲུག་པའི་ཞབས། །གསོལ་འདེབས་བདག་རྒྱུད་སྨིན་གྲོལ་ཤོག །རྡོ་རྗེ་ལའོ།། ༈ །།བསྟན་སྲུང་ནག་པོ་ཡོངས་ཀྱི་དཔལ། །དྲག་ཤུལ་མི་བཟད་ཁྲོ་བོའི་སྐུ། །རྡོ་རྗེ་བེར་ཅན་ཟངས་གྲི་ཅན། །གང་དེས་སྐྱེ་ནས་སྐྱེ་བར་སྐྱོངས། །བསྟན་སྲུང་ངོར་སྤེལ།། ༈ །།དུས་གསུམ་ཀུན་མཁྱེན་ཨོ་རྒྱན་རྗེ། །མཆོག་དེར་གསོལ་འདེབས་ཚེ་རབས་སུ། །དཔལ་འབྱོར་དང་ལྡན་སྐུ་ལྔ་ཡི། །གོ་འཕང་མཆོག་ལ་རེག་གྱུར་ཅིག །དབོན་པདྨ་མགོན་ལ་སྤེལ།། ༈ །།རྒྱལ་བའི་ཐུགས་བསྐྱེད་རྨད་བྱུང་ལས། །འཁྲུངས་པའི་བཀའ་བརྒྱུད་རིན་ཆེན་ཕྲེང་། །རིམ་པར་བྱོན་ལ་གསོལ་བཏབ་མཐུས། །གང་འདིར་རྟག་པར་བྱང་ཆུབ་ཀྱི། །སེམས་མཆོག་ཡར་ཟླའི་ཆ་བཞིན་དུ། །གོང་འཕེལ་བྱིན་རློབས་གསང་སྔགས་ཀྱི། །དམ་ཚིག་རྣམ་པར་དག་པ་དང། །སོ་སོར་ཐར་པའི་འདུལ་ཁྲིམས་གཞི། །ཉམས་མེད་ཉེ་བ་འཁོར་ཇི་བཞིན། །སྡོམ་པ་གསུམ་གྱི་བསླབ་པ་རྣམས། །ནོངས་མེད་གོང་འཕེལ་བྱིན་རློབས་ཤིག །སྐྱེ་བ་ཀུན་ཏུ་ཀརྨ་པ། །རྣམ་ཀུན་འབྲལ་མེད་བསྙེན་གྱུར་ཅིག །དགེ་སློང་ཀརྨ་བློ་གྲོས་ངོར་སྤེལ།། ༈ །།བྱམས་མགོན་འཕགས་མཆོག་ལོ་ཀི་ཤྭ་ར་དང་། །མི་ཕྱེད་གངས་ཅན་མགོན་པོ་


SPN001_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཀརྨ་པ། །རྗེ་བཙུན་བདུད་འདུལ་རྡོ་རྗེར་གསོལ་བཏབ་མཐུས། །དེང་བཟུང་སྐྱེ་དང་སྐྱེ་བ་ཐམས་ཅད་དུ། །སྒྲུབ་བརྒྱུད་སྙིང་པོ་ཀཾ་ཚང་རིན་པོ་ཆེའི། །བསྟན་པའི་སྒོར་ཞུགས་སྒོ་གསུམ་ཆོས་སྤྱོད་ཅིང་། །དགེ་བའི་སེམས་ལྡན་ལྟ་སྤྱོད་ཡང་དག་ལྡན། །མཁའ་ཁྱབ་འགྲོ་འདྲེན་དེད་དཔོན་འགྱུར་བར་ཤོག །ནོར་རྒྱས་ངོར་སྤེལ།། ༈ །།མ་ཧཱ་བཛྲ་ཨཱ་ཙཱཪྱ། །པདྨ་ཀཱ་རའི་རྒྱལ་ཚབ་མཆོག །ཤྲཱི་ཙིཏྟ་བཛྲ་ལ། །མི་ཕྱེད་སྙིང་ནས་གསོལ་བཏབ་མཐུས། །འདི་ནས་བཟུང་སྟེ་བྱང་ཆེན་བར། །གང་དེའི་ཐུགས་རྗེའི་འོད་དཀར་གྱིས། །མ་རིག་ཉེས་ཚོགས་ཀུན་བསལ་ཞིང་། །མཐུན་རྐྱེན་ཀུནྡ་ལྟར་རྒྱས་ཤོག །སངས་རྒྱས་ངོར་སྤེལ།། ༈ །།འཕགས་མཆོག་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས། །རྒྱལ་ཀུན་ངོ་བོ་འཆི་མེད་པདྨ་འབྱུང་། །མཆོག་དངོས་གྲུབ་པ་ནག་པོ་སྤྱོད་པ་སོགས། །ཀུན་འདུས་རིགས་དཀྱིལ་བདག་པོར་གསོལ་བ་འདེབས། །ཆོས་ཀྱི་སྣང་བའི་འོད་ཟེར་འབུམ་ཕྲག་གིས། །ལུས་ཅན་སྲིད་པའི་སྒྲིབ་མུན་ཚོགས་བཅོམ་པ། །ཐར་པ་དོན་ལྡན་གེ་སར་རྒྱས་མཛད་ནས། །ཇི་སྙེད་སྐྱེ་འགྲོ་བྷྲ་མ་ར་ཡི་ཚོགས། །བྱང་ཆུབ་ཆེན་པོར་ལྷུན་གྱིས་གྲུབ་པ་ཡི། །མཧཱ་མུ་དྲའི་དོན་དམ་རྟོགས་གྱུར་ཏེ། །འཁོར་འདས་སྣང་སྲིད་ཆོས་ཀྱི་སྐུའི་རང་བཞིན། །དབྱེར་མེད་རང་བྱུང་རང་རིག་རང་གྲོལ་ཤོག །རྟ་མགྲིན་ནས་བསྐུལ་བཞིན་སྤེལ།། །།


SPN001_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཞིང་འདིའི་སྟོན་མཆོག་རྣམ་འདྲེན་ཤཱཀྱའི་རྒྱལ། །ཆོས་ཀྱི་རྒྱལ་ཚབ་དམ་པ་མི་ཕམ་པ། །མ་འོངས་སངས་རྒྱས་སེང་གེ་ཀརྨ་པ། །དཔལ་ལྡན་འཇིགས་བྲལ་བདུད་འདུལ་རྡོ་རྗེར་འདུད། །འགྱུར་མེད་ཀཾ་ཚང་བསྟན་པའི་གསལ་བྱེད་ཆེ། །འཛིན་སྐྱོང་གཞན་ཕན་འོད་ཀྱིས་ཕྱོགས་བཅུར་ཁྱབ། །སེམས་དཔའ་རྣམས་ལས་ཐུགས་རྗེ་རྨད་བྱུང་བ། །རྣམ་གྲོལ་ཐར་པའི་དེད་དཔོན་ཁྱོད་ལ་འདུད། །འཆི་མེད་འགྲོ་མགོན་པདྨ་ཀཱ་ར་ཡིས། །མདོ་སྔགས་ཆོས་ཚུལ་ཉིན་མོར་བྱེད་ཇི་བཞིན། །ཕྲིན་ལས་སྣང་བས་སྲིད་པའི་མུན་སེལ་བ། །ཚངས་དང་དབང་པོའི་སྡེ་བཅས་ཕྱག་གི་གནས། །དེ་ལྟར་འགྲོ་བའི་སྐྱབས་གཅིག་འཕགས་པ་མཆོག །པད་དཀར་འཆང་བ་འཇིག་རྟེན་དབང་ཁྱོད་ལ། །བདག་སོགས་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས། །མི་ཕྱེད་སྙིང་ནས་རྩེ་གཅིག་གསོལ་བཏབ་མཐུས། །དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །མགོན་པོ་ཁྱོད་ཀྱིས་རྟག་པར་རྗེས་བཟུང་ནས། །མཆོག་གི་དངོས་གྲུབ་མ་ཧཱ་མུ་དྲ་ཡི། །ཚེ་གཅིག་རྡོ་རྗེ་འཆང་དབང་འགྲུབ་གྱུར་ཅིག །ཅེས་ནང་ཆེན་རྒྱལ་པོའི་བཀའ་ཡི་བློན་པོ་གུ་རུ་བསྟན་སྐྱོང་གི་དགོངས་བཞེད་སྐོང་བའི་ཕྱིར། པདྨ་ཉིན་བྱེད་དབང་པོས་འོག་མིན་གཉིས་པ་མཚུར་ཕུ་ནས་བྲིས་པའོ། །སརྦ་མངྒ་ལཾ།། ༈ །།ཆོས་དབྱིངས་སྤྲོས་བྲལ་བདེ་བ་ཆེན་པོའི་ཀློང་། །རང་བཞིན་ལྷུན་གྲུབ་ཡེ་ཤེས་ལྔ་དང་ལྡན། །སྣ་ཚོགས་དེར་སྣང་སྒྱུ་འཕྲུལ་རོལ་པའི་གར། །


SPN001_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུམ་བདག་ཉིད་པད་འབྱུང་ཞབས་ལ་འདུད། །དེང་བཟུང་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །མ་ནོར་བླ་མས་རྗེས་བཟུང་ཆོས་སྤྱོད་བཅུ། །འཁོར་ལོ་གཉིས་དང་ཚུལ་གནས་ཐོས་བསམ་སྒོམ། །བསྡུ་བཞིའི་དོན་གཉིས་མཐར་ཕྱིན་བྱིན་གྱིས་རློབས། །སྒོ་གསུམ་གཞོམ་བྲལ་འཆི་མེད་རྡོ་རྗེའི་ཚེ། །མི་འགྱུར་གཡུང་དྲུང་ངོ་བོར་ཡོངས་གྲུབ་ཅིང་། །གཉིས་འཛིན་འཁྲུལ་པས་བསླད་པའི་བདུད་བཞིའི་དཔུང་། །ལོག་ཕྱོགས་གཡུལ་ལས་རྣམ་རྒྱལ་བྱིན་གྱིས་རློབས། །ཐེག་གསུམ་མཐར་ཐུག་ངེས་དོན་སྙིང་པོའི་བསྟན། །མཐའ་ཀླས་སྤེལ་མའི་ཕྲིན་ལས་ཀུན་ཁྱབ་ཅིང་། །ལྷན་སྐྱེས་ཡེ་ཤེས་སྒྲིབ་བྲལ་མངོན་གྱུར་ནས། །རྡོ་རྗེ་འཆང་དབང་གོ་འཕང་ཐོབ་གྱུར་ཅིག །ཅེས་ལྡིང་པོ་ཆེའི་ཞབས་དྲུང་མཆོག་གིས་བཞེད་ལྟར་ཕུལ་བའོ།། ༈ །།ཀུན་ཏུ་བཟང་པོ་རྡོ་རྗེ་སེམས་དཔའ་དང་། །ཕྱག་ན་རྡོ་རྗེ་ཁྱུང་ཆེན་མེ་ཕྲེང་རྩལ། །པདྨ་འབྱུང་གནས་ཡེ་ཤེས་མཚོ་རྒྱལ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཁྲི་སྲོང་ལྡེའུ་བཙན་རྡོ་རྗེ་དྲག་པོ་རྩལ། །བཀའ་བབས་ཆོས་བདག་བརྒྱུད་པའི་རིག་འཛིན་ཚོགས། །བཀའ་དྲིན་མཚུངས་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །སྣོད་བཅུད་ཐ་མལ་འཛིན་པ་དབྱིངས་སུ་དག །ཅིར་སྣང་ཅི་ཤར་ཆོས་སྐུའི་རང་བཞིན་རྟོགས། །ཁྱུང་ཆེན་མེ་ཕྲེང་གོ་འཕང་


SPN001_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་ཐོབ་ཤོག །ཅེས་པ་འདི་དགོངས་གཏེར་ཁྱུང་ནག་གི་བརྒྱུད་པའི་གསོལ་འདེབས་སུ་ཀརྨ་བཀའ་བརྒྱུད་ཕྲིན་ལས་རྣམ་རྒྱལ་རྒྱས་པའི་སྡེས་བཀའ་ཡི་གནང་བ་ལྟར་སི་ཏུ་པས་སྤེལ་བ་དགེ།། ༈ །།སྙིང་རྗེའི་རང་གཟུགས་སྤྱན་རས་གཟིགས། །གང་འདིར་སྙིགས་མའི་འགྲོ་ཚོགས་རྣམས། །བྱམས་པའི་ལྕགས་ཀྱུས་ཡོངས་བཟུང་ནས། །ཐར་ལམ་ཞིང་དེར་འདོང་བར་མཛོད།། ༈ །།ཟུང་འཇུག་བདེ་ཆེན་མཆོག་གི་ཕོ་བྲང་ནས། །བདེ་བར་གཤེགས་པ་ཀུན་གྱི་སྤྱི་གཟུགས་དཔལ། །སྲིད་དང་ཞི་བ་ཡོངས་ཀྱི་གཉེན་གཅིག་པུ། །རིག་འཛིན་ཤྲཱི་ཙིཏྟ་བཛྲ་ཞབས། །རྡོ་རྗེ་སློབ་དཔོན་ཆེན་པོར་གསོལ་བཏབ་མཐུས། །སྐྱེ་ཀུན་དྲི་མེད་བསྟན་པའི་སྙིང་པོར་ཞུགས། །ས་དང་ལམ་གྱི་ཡོན་ཏན་ཡོངས་རྫོགས་ནས། །ཀུན་ཏུ་བཟང་པོའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་སྐྱབས་མགོན་དམ་པའི་གསོལ་འདེབས་རྒྱུར་ཀུན་དགའ་ཕྲིན་ལས་ངོར་སྤེལ།། ༈ །།མཆོག་གསུམ་བླ་མེད་ཀུན་འདུས་པ། །བཅོམ་ལྡན་འོད་སྣང་མཐའ་ཡས་ལ། །ཕྱག་འཚལ་གསོལ་འདེབས་སྒྲིབ་གཉིས་ཀྱི། །མུན་པའི་དྲྭ་བ་གཅོད་པ་དང་། །ཡེ་ཤེས་སྣང་བ་གསལ་བ་ཡི། །ཐུགས་རྗེའི་ཉི་འོད་བརྡལ་བར་མཛད། །བདག་ནི་ལུས་རྟེན་བོར་མ་ཐག །བདེ་ཆེན་ཞིང་བགྲོད་སངས་རྒྱས་ཤོག །གུར་དྲག་ངོར་སྤེལ།། ༈ །།སྐྱབས་མཚུངས་མེད་བཀའ་བརྒྱུད་རིན་པོ་ཆེ། །ཕྲེང་རིམ་བྱོན་གྲུ་འཛིན་བདག་པོ་མཆོག །བཅུ་གསུམ་པ་བདུད་འདུལ་རྡོ་རྗེ་དང་། །


SPN001_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་འོད་སྣང་མཐའ་ཡས་སྒྱུ་འཕྲུལ་ལས། །སྐྱེས་རབས་ཀྱི་ཕྲེང་བ་བཅུ་པ་མཆོག །དཔལ་མི་ཕམ་ཆོས་གྲུབ་རྒྱ་མཚོ་ལ། །བདག་གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །མགོན་བྱིན་རླབས་ཐུགས་ཀྱི་ཀློང་ནས་སྩོལ། །དུས་འདི་ནས་བཟུང་སྟེ་བྱང་ཆུབ་བར། །རྗེ་འཁོར་ལོའི་མགོན་པོས་རྗེས་བཟུང་ནས། །བླ་མེད་ཀྱི་གོ་འཕང་མྱུར་ཐོབ་པའི། །སྐྱབས་བསླུ་བ་མེད་པས་བྱིན་རློབས་ཤིག །མགོན་ཐུགས་རྗེ་ཆེན་པོས་བྱིན་རློབས་ཤིག །ཁམས་སྨྱོན་དབོན་པོ་དགེ་ལེགས་ནས་བསྐུལ་ལྟར་སི་ཏུས་སྤེལ།། ༈ །།འཇམ་དཔལ་དབྱངས་ཀྱི་སྒྱུ་འཕྲུལ་ཆོས་ཀྱི་རྒྱལ། །མངའ་བདག་ཚངས་པ་ལྷ་ཡི་མེ་ཏོག་དང་། །གཉིས་སུ་མེད་པའི་ཡོན་ཏན་རབ་བརྗིད་པ། །ངེས་གསང་དྲི་མེད་སྙིང་པོའི་སྟོན་པ་སྟེ། །འཁོར་ལོའི་མགོན་པོ་ཐུགས་ཀྱི་རྡོ་རྗེའི་ཞབས། །གང་གི་ཐུགས་རྗེའི་འོད་སྟོང་ལ་བརྟེན་ནས། །སྲིད་པའི་མུན་སྟུག་དྲྭ་བ་འགོག་བྱེད་པ། །པདྨ་ཉིན་མོར་བྱེད་པའི་དབང་པོ་སོགས། །བཀའ་བརྒྱུད་ནོར་བུའི་ཕྲེང་བ་ཐམས་ཅད་ལ། །གསོལ་འདེབས་བདག་རྒྱུད་སྨིན་པར་བྱིན་གྱིས་རློབས། །རང་བྱུང་ཡེ་ཤེས་ཆེན་པོའི་དོན་རྟོགས་ནས། །སྐུ་བཞིའི་གོ་འཕང་མྱུར་བ་ཉིད་ཐོབ་ཤོག །ཅེས་དབོན་མི་ཕམ་ལྷ་ཡི་དགོངས་བཞེད་ལྟར། སི་ཏུ་སྤྲུལ་སྐུས་སྤེལ།། ༈ །།ཕྱོགས་བཅུའི་ཞིང་བཞུགས་འཕགས་རྣམས་ཀྱི། །ཐུགས་རྗེའི་གོང་བུ་གཅིག་བསྡུས་པ། །དཀྱིལ་འཁོར་ཀུན་བདག་སྟོན་མཆོག་ལ། །གསོལ་འདེབས་བྱིན་གྱིས་


SPN001_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

བརླབ་ཏུ་གསོལ། །ཅེས་ཀརྨ་བདེ་ཆེན་ངོར་སྤེལ།། ༈ །།རིག་འཛིན་པདྨ་ཀཱ་རའི་ཐུགས་རྗེའི་འཕྲུལ། །སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་ཡོངས་ཀྱི་རྒྱལ། །འགྲོ་བ་ཐར་ལམ་སྟོན་པའི་མངའ་བདག་མཆོག །རྡོ་རྗེ་དྲག་པོའི་ཞབས་ལ་ཕྱག་འཚལ་ལོ། །དེང་བཟུང་བྱང་ཆུབ་ཐོབ་པར་མ་གྱུར་བར། །འབྲལ་མེད་གུས་པས་རབ་མཆོད་རིམ་གཉིས་ཀྱི། །འབྲས་སྨིན་བསམ་དོན་གེགས་མེད་ལྷུན་གྲུབ་ཅིང་། །སྐུ་བཞིའི་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །ཅེས་ཀར་བརྒྱུད་ཆོས་འཕེལ་ངོར་སྤེལ།། ༈ །།དུས་གསུམ་རྒྱལ་བའི་ཐུགས་རྗེའི་ཀློང་ཡངས་ནས། །སྤྲུལ་པའི་སྒྱུ་འཕྲུལ་འོད་སྟོང་ཕྲིན་ལས་ཅན། །གྲུབ་པའི་རྒྱན་གཅིག་སྨྲྀ་ཏི་ཛྙཱ་ན་ལ། །གསོལ་བ་འདེབས་སོ་དོན་གཉིས་ལྷུན་གྲུབ་ཤོག །ལེགས་པའི་ངོར་སྨྲས།། ༈ །།རྒྱལ་མཆོག་པདྨ་འབྱུང་དང་དབྱེར་མེད་པ། །རིགས་དང་དཀྱིལ་འཁོར་ཁྱབ་བདག་དམ་པའི་མགོན། །ཀརྨ་བཀའ་བརྒྱུད་ཕྲིན་ལས་རྣམ་རྒྱལ་གྱིས། །སྐྱེ་ཀུན་རྗེས་སུ་འཛིན་པར་མཛད་དུ་གསོལ། །ཅེས་ཀརྨ་ཤེས་རབ་ངོར་སྤེལ།། ༈ །།རྒྱལ་མཆོག་པད་དཀར་འཆང་བ་པོ། །རྒྱལ་དབང་བདུད་འདུལ་རྡོ་རྗེའི་ཞབས། །རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མ། །རྒྱལ་བསྟན་སྐྱོང་བའི་ནག་པོ་ཆེ། །བླ་མེད་དཀོན་མཆོག་རྩ་གསུམ་ལ། །བླ་མེད་གདུང་བས་གསོལ་བ་འདེབས། །བླ་མེད་གོ་འཕང་མྱུར་ཐོབ་ཀྱི། །བླ་མེད་ཐུགས་རྗེས་རྟག་ཏུ་སྐྱོངས། །ཞེས་པ་ཆོས་བཟང་ངོར་སྤེལ།། །།


SPN001_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

༈ རྩ་གསུམ་འདུས་པ་འཆི་མེད་པདྨ་འབྱུང་། །གསོལ་བ་འདེབས་སོ་ཡེ་ཤེས་སྤྱན་གྱིས་གཟིགས། །ཚེ་དཔལ་ལྷུན་གྱིས་གྲུབ་པའི་དགེ་ལེགས་དང་། །རིམ་གཉིས་བརྟན་པ་ཐོབ་པར་བྱིན་གྱིན་རློབས། །ནམ་ཞིག་སྒྱུ་ལུས་འཇིག་ལ་ཐུག་པའི་ཚེ། །ཨོ་རྒྱན་སྣང་མཐའ་ཡས་པའི་སྨོན་ལམ་མཐུས། །དག་པ་མཁའ་སྤྱོད་པདྨ་འོད་ཞིང་དུ། །རིག་འཛིན་རྒྱལ་བའི་སྲས་སུ་དབང་ཐོབ་ནས། །སྐུ་དང་ཞིང་ཁམས་ཡོན་ཏན་ཇི་སྙེད་པ། །དབང་འབྱོར་གདོད་མའི་སངས་རྒྱས་མངོན་གྱུར་ཤོག །ཅེས་རྡོ་བྲག་སྔགས་ཆུང་ངོར་སྤེལ།། ༈ །།དཔལ་ལྡན་འཁོར་ལོ་སྡོམ་པའི་གསུང་གི་གནས། །ས་སྤྱོད་ཀརྨའི་ཞིང་མཆོག་དམ་པ་ནས། །དུས་མཁྱེན་འགྲོ་མགོན་བཀའ་བརྒྱུད་བླ་མའི་ཚོགས། །ཡི་དམ་ལྷ་དང་དཔའ་བོ་ཌཱ་ཀི་དང་། །ཆོས་སྐྱོང་རྒྱ་མཚོ་སྤྲིན་ལྟར་འདུ་བའི་ཞིང་། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །འདི་དང་ཕྱི་མའི་དུས་དང་གནས་སྐབས་སུ། །ཆོས་ལྡན་བསམ་པ་ལྷུན་གྱིས་འགྲུབ་པར་ཤོག །ཀརྨའི་མགོན་ཁང་བའི་ངོར་སྤེལ།། ༈ །།དུས་གསུམ་རྒྱལ་ཀུན་འདུས་པའི་སྐུ། །ཨོ་རྒྱན་ཆེན་པོར་གསོལ་བ་འདེབས། །ཚེ་དཔལ་བསམ་པ་ལྷུན་འགྲུབ་ཅིང་། །མཐར་ཐུག་སྐུ་བཞི་མཆོག་ཐོབ་ཤོག །༈ ། །རིགས་ཀུན་གཙོ་བོ་དྲུག་པ་རྡོ་རྗེ་འཆང་། །ཏཻ་ལོ་ནཱ་རོ་མར་མི་དྭགས་པོའི་ཞབས། །དུས་གསུམ་མཁྱེན་སོགས་བཀའ་བརྒྱུད་རིན་པོ་ཆེ། །མཉམ་མེད་སྐྱེས་མཆོག་སྤྲུལ་


SPN001_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བརྒྱུད་འཛིན་ཅིང་། །གསང་སྔགས་སྟོན་པ་རྩ་བའི་བླ་མའི་བར། །ཡེ་ཤེས་མངོན་གྱུར་སྨིན་གྲོལ་གདམས་པའི་གཏེར། །སྐྱབས་མེད་སྐྱབས་གྱུར་རྡོ་རྗེ་སློབ་དཔོན་མཆོག །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ལྷན་སྐྱེས་བརྗོད་པ་བྲལ་བའི་ཕྱག་རྒྱ་ཆེ། །དོན་དམ་འགྱུར་མེད་གདོད་ནས་ཡོངས་གྲུབ་པའི། །གནས་ལུགས་གཤིས་ཀྱི་དེ་བཞིན་ཉིད་ངོ་བོ། །རང་རིག་ཆོས་སྐུ་མངོན་གྱུར་བྱིན་གྱིས་རློབས། །གནས་སྐབས་འགལ་རྐྱེན་ཕྱི་ནང་ཉེར་འཚེ་ཞི། །ཆོས་མཐུན་བསམ་པ་ལྷུན་གྱིས་གྲུབ་པ་དང་། །བསྐྱེད་རྫོགས་ཟུང་འཇུག་མཐར་ཕྱིན་བླ་མེད་ཀྱི། །བྱང་ཆུབ་ཆེན་པོར་རྫོགས་སངས་རྒྱས་ཐོབ་ཤོག །ཅེས་འབོ་བདེ་ལེགས་ངོར་སྤེལ།། ༈ །།དཔ༵ལ་ལྡ༵ན་མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི། །འགྱུ༵ར་མེ༵ད་བསྟ༵ན་པ་འཛི༵ན་ལ་མངའ་བརྙེས་པའི། །ཕྱོ༵གས་རྣམས་ཀུན་ལ༵ས་རྣ༵མ་པར་གྲོ༵ལ་བ་ཡི། །པ༵དྨ༵་ཉི༵ན་མོར་བྱེ༵ད་བཞིན་ཕན་བདེའི་གཞི། །ཚངས་དང་དབ༵ང་པོ༵འི་སྡེ༵་ཀུན་གུས་བཏུད་པའི། །བདུད་འདུལ་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །བསམ་དོན་འགྲུབ་ཅིང་ཚེ་དང་ཡེ་ཤེས་རྒྱས། །དོན་གཉིས་མཐར་ཕྱིན་བླ་མེད་སངས་རྒྱས་ཤོག །དྲུང་རམ་པའི་སྤྲུལ་སྐུ་གང་དེའི་བཞེད་ལྟར་སྤེལ།། ༈ །།དཔག་ཡས་ཚེ་ལ་དབང་བསྒྱུར་བཅོམ་ལྡན་འདས། །དཔག་མེད་ཚེ་ཡི་མཆོག་སྩོལ་རྣམ་པར་རྒྱལ། །དཔག་བསམ་ཚེ་ཡི་ནོར་སྦྱིན་སྒྲོལ་མ་ཡུམ། །


SPN001_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་འདེབས་ཚེ་དབང་ཡེ་ཤེས་དངོས་ཀུན་སྩོལ། །ཨ་འཕགས་ངོར་སྤེལ།། ༈ །།རྒྱལ་བ་ཀུན་གྱི་སྤྱི་གཟུགས་རིགས་འདུས་དཔལ། །ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་མཆོག །ཆོས་དབྱིངས་ཡེ་ཤེས་ངང་ནས་བརྩེར་དགོངས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །བདག་རྒྱུད་ཉོན་མོངས་སྒྲིབ་པའི་བག་ཆགས་རྣམས། །གང་ཤར་ཐམས་ཅད་གཞི་མེད་རྩ་བྲལ་དུ། །རང་བྱུང་གདོད་མའི་གནས་ལུགས་གཤིས་ཀྱི་ངང་། །ལྷུན་གྲུབ་སྣང་བའི་རང་བཞིན་མངོན་གྱུར་ཤོག །ཅེས་པ་སྔགས་འཆང་བུ་ལུག་ལའོ།། ༈ །།རིགས་རྣམས་ཁྱབ་བདག་དྲུག་པ་རྡོ་རྗེ་འཆང་། །བློ་གྲོས་རིན་ཆེན་བྲམ་ཟེ་ཆེན་པོ་དང་། །ནཱ་ག་རྫུ་ན་ཤ་ཝ་རི་པའི་ཞབས། །མཻ་ཏྲི་ལྷོ་བྲག་མི་ལ་སྒམ་པོ་པ། །དུས་མཁྱེན་འགྲོ་མགོན་ལ་སོགས་བཀའ་བརྒྱུད་ཀྱི། །ཟུང་འཇུག་ཕྱག་རྒྱ་ཆེ་བརྙེས་གསེར་གྱི་ཕྲེང་། །རིམ་པར་བྱོན་པ་རྣམས་ལ་གསོལ་བ་འདེབས། །མཆོག་གི་དངོས་གྲུབ་འགྱུར་མེད་ཡེ་ཤེས་ཀྱི། །ལྷན་ཅིག་སྐྱེས་པ་བདེ་བ་ཆེན་པོའི་ཁམས། །རང་བྱུང་རང་གསལ་ལྷུན་གྲུབ་ཆོས་ཀྱི་སྐུ། །དོན་དམ་ནམ་མཁའི་རྡོ་རྗེའི་ངོ་བོ་ཉིད། །བདག་རྒྱུད་སྟན་ཐོག་འདི་རུ་ཐོབ་བྱིན་རློབས། །སྐྱེ་བ་ཀུན་ཏུ་ཡང་དག་སོགས་ཀྱང་བརྗོད། ཅེས་པའང་དྲུང་རམ་གྲྭ་ལྔའི་ངོར་སྤེལ།། ༈ །།གྲངས་མེད་ཐུགས་བསྐྱེད་རྒྱ་མཚོའི་འཇུག་ངོགས་ལས། །


SPN001_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་མཐར་བརྒལ་བའི་སྙིང་རྗེའི་རང་གཟུགས་མགོན། །འཕགས་ཆེན་ཕྱག་ན་པདྨོའི་རྣམ་པར་རོལ། །རྒྱལ་དབང་བདུད་འདུལ་རྡོ་རྗེར་གསོལ་བ་འདེབས། །གང་སྐུ་མཐོང་བའི་སྐལ་བ་དམན་ལགས་ཀྱང་། །མོས་གུས་ཤུགས་འབྱུང་སྒོ་གསུམ་དད་པ་ཡིས། །བསྐུལ་དང་ལྷན་ཅིག་རང་སེམས་གདོད་མའི་མགོན། །དབྱེར་མེད་རྩ་བའི་བླ་མར་གསོལ་བ་འདེབས། །མཆོག་གི་སྐུ་གསུམ་ཡེ་ཤེས་རྡོ་རྗེ་ཡི། །བྱིན་རླབས་འཕོ་བའི་ཡེ་ཤེས་དབང་བསྐུར་སྩོལ། །བདག་རྒྱུད་སྒྲིབ་གཉིས་དུག་ལྔ་རང་སར་ཞི། །རྣམ་དག་སྡོམ་གསུམ་དྲི་མེད་ཉིད་གྱུར་ཅིག །སྐྱེ་དང་སྐྱེ་བར་ལོག་འཚོའི་ལམ་འགོག་ཅིང་། །རྒྱལ་བསྟན་སྒོར་ཞུགས་མ་ནོར་དམ་པ་ཡིས། །རྗེས་འཛིན་བླ་མེད་ངེས་བའི་ཡང་བཅུད་ཀྱི། །སྙིང་པོ་ལྷན་སྐྱེས་བདེ་ཆེན་མངོན་གྱུར་ཤོག །ཅེས་པ་ཀརྨ་ཆོས་འགྲུབ་ངོར་སྤེལ།། ༈ །།རྒྱལ་རྣམས་ཐུགས་བསྐྱེད་གོང་བུ་གཅིག་བསྡུས་པ། །གངས་ཅན་མགོན་དངོས་བདུད་འདུལ་རྡོ་རྗེ་འཆང་། །འཆི་མེད་པདྨའི་སྒྱུ་འཕྲུལ་རོལ་པའི་གར། །དཔལ་ལྡན་ཐུགས་ཀྱི་རྡོ་རྗེ་ལ་ཕྱག་འཚལ། །སི་ཏུའི་མཚན་གྱིས་བརྗིད་པའི་ཚུལ་ཆོས་དང་། །ཐབས་རྣམས་དུ་མས་གདུལ་བྱའི་མཆོད་འོས་གནས། །པདྨ་ཉིན་བྱེད་དབང་ལའང་ཅུང་ཟད་བསྔགས། །གང་འདུལ་དེར་སྣང་བཀོད་པས་འབྲེལ་ཚད་རྣམས། །བདེ་ཆེན་གོ་འཕང་སྦྱིན་པའི་རྗེ་བཙུན་མཆོག །ཆོས་སྐྱོང་འགྱུར་མེད་ཞབས་ལ་གུས་


SPN001_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་འདེབས། །དེ་ལྟར་རྩ་བརྒྱུད་བླ་མར་གསོལ་བཏབ་མཐུས། །ལྷན་སྐྱེས་ཡེ་ཤེས་ཆོས་སྐུའི་རང་རིག་པ། །ཇི་བཞིན་མ་ནོར་མངོན་དུ་རྟོགས་གྱུར་ནས། །སྐུ་བཞིའི་རྒྱལ་ས་ཆེན་པོར་དབང་འབྱོར་ཤོག །ཅེས་ཁྲོ་རུ་སྤྲུལ་སྐུའི་ངོར་སྤེལ།། ༈ །།བདེ་ཆེན་ཞིང་མཆོག་སྟོན་པ་ཚེ་མཐའ་ཡས། །འོད་ཀྱི་སྣང་བ་དཔག་མེད་རྒྱལ་པོ་དང་། །གསང་ཡེ་ཡུམ་མཆོག་དཀྱིལ་འཁོར་ལྷ་ཚོགས་ལ། །གསོལ་འདེབས་རྡོ་རྗེའ་ིཚེ་དང་ཡེ་ཤེས་སྩོལ། །དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ན། །འཆི་མེད་རིག་འཛིན་ཨོ་རྒྱན་ཆེན་པོ་དང་། །མནྡཱ་ར་བ་ཡེ་ཤེས་མཚོ་རྒྱལ་ལ། །གསོལ་འདེབས་རྡོ་རྗེའི་ཚེ་དང་ཡེ་ཤེས་སྩོལ། །མངའ་བདག་རྒྱལ་སྲས་མུ་ཁྲི་བཙན་པོ་དང་། །ཟབ་གཏེར་མངའ་བདག་མི་འགྱུར་རྡོ་རྗེ་ཅན། །དྲག་པོ་ནུས་ལྡན་ཀརྨ་ཀུན་མཁྱེན་ལ། །གསོལ་འདེབས་རྡོ་རྗེའི་ཚེ་དང་ཡེ་ཤེས་སྩོལ། །རིགས་ཀུན་ཁྱབ་བདག་ཆོས་ཀྱི་འབྱུང་གནས་ཞབས། །ཀརྨ་དམ་ཚིག་བཀའ་བབས་ཆོས་ཀྱི་བདག །དྲིན་ཆེན་རྩ་བའི་བླ་མ་བརྒྱུད་བཅས་ལ། །གསོལ་འདེབས་རྡོ་རྗེའི་ཚེ་དང་ཡེ་ཤེས་སྩོལ། །གནས་གསུམ་དཔའ་བོ་མཁའ་འགྲོ་རྒྱ་མཚོ་དང་། །ཡེ་ཤེས་འཇིག་རྟེན་ལས་གྲུབ་ཆོས་སྲུང་མར། གསོལ་བ་འདེབས་སོ་ལས་བཞིའི་ཕྲིན་ལས་སྒྲུབས། །ཚེ་ཡི་བར་ཆད་ཞི་བར་མཛད་དུ་གསོལ། །མདོར་ན་ཕྱོགས་དུས་རྒྱལ་བའི་དཀྱིལ་འཁོར་ཡང་། །དབྱེར་མེད་འདུས་པ་ཀུན་ཏུ་ཁྱབ་པའི་ཀློང་། །


SPN001_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

གདོད་ནས་ཡེ་གྲུབ་རང་བྱུང་བདེ་བ་ཆེར། །གསོལ་བ་འདེབས་སོ་སྨིན་གྲོལ་བྱིན་ཆེན་ཕོབ། །དེ་ལྟར་གསོལ་བ་བཏབ་པའི་ཐུགས་རྗེ་ཡིས། །བསམ་པ་ལྷུན་གྲུབ་ཆོས་འཕེལ་ཚེ་དཔལ་རྒྱས། །མཆོག་དངོས་གོ་འཕང་བདེ་བླག་ཉིད་འགྲུབ་ནས། །མི་ཤིགས་རྡོ་རྗེའི་ཚེ་ལ་དབང་ཐོབ་ཤོག །ཅེས་པའང་གནས་མདོ་བླ་མ་ཟབ་ཡངས་ཀྱིས་བསྐུལ་ངོར་སྤེལ།། ༈ །།སྐྱེ་མེད་བརྗོད་བྲལ་ཆོས་དབྱིངས་ཡེ་ཤེས་ཀྱི། །གནས་ལུགས་མངོན་གྱུར་རང་བྱུང་བདེ་བ་ཆེའི། །གར་རོལ་ཆུ་ཟླའི་གཟུགས་སྐུར་སྟོན་པ་ཡི། །བཀའ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །དེང་བཟུང་སྙིང་པོ་བླ་མེད་བྱང་ཆུབ་བར། །སྐྱབས་གནས་མཐར་ཐུག་དཀོན་མཆོག་རྣམ་གསུམ་གྱིས། །རྗེས་འཛིན་མི་ཕྱེད་དད་གསུམ་རྣམ་དག་གིས། །རྒྱུད་བསྐུལ་སྡོམ་གསུམ་རྩ་བ་རབ་བརྟན་ཤོག །དུས་གསུམ་རྒྱལ་ཀུན་དགོངས་དྲིལ་ངེས་པའི་དོན། །ཟབ་ལམ་ཕྱག་རྒྱ་ཆེན་པོའི་གདམས་པའི་བཅུད། །ངེས་འབྱུང་སྐྱོ་ཤས་དྲག་པོས་བསྐུལ་ནས་སུ། །བདག་རྒྱུད་སྨིན་པར་བྱེད་པའི་དཔལ་ཐོབ་ཤོག །གསང་བ་ཆེན་པོ་རྡོ་རྗེ་ཐེག་མཆོག་གི། །ཡང་སྙིང་དོན་དམ་བླ་ན་མེད་གྱུར་པ། །བསྐྱེད་རྫོགས་རིམ་གཉིས་མཐའ་རུ་ཕྱིན་གྱུར་ནས། །སྐུ་ལྔའི་བདག་ཉིད་ཆེན་པོར་མངོན་འགྱུར་ཤོག །དེ་ལྟར་སྨོན་ལམ་བདེན་ཚིག་བདེན་པའི་དབང་། །སྐྱབས་ཀུན་འདུས་པ་དྲིན་ཅན་རྡོ་རྗེ་ཅན། །རྗེ་བཙུན་བདུད་འདུལ་རྡོ་རྗེ་སྙིང་པདྨོར། །


SPN001_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་བཞུགས་བདེན་གྲུབ་སྒོ་གསུམ་བྱིན་གྱིས་རློབས། །ཅེས་པའང་སྒྲུབ་པ་མགོན་སྲུང་ངོར་སྤེལ།། ༈ །།རྒྱལ་ཀུན་ཐུགས་རྗེའི་རྣམ་རོལ་པ། །སྤྱན་རས་གཟིགས་དབང་ཀརྨ་པ། །བདུད་ཚོགས་འདུལ་པའི་རྡོ་རྗེ་དང་། །རིགས་བདག་པདྨ་གསུང་དབང་ཕྱུག །ཆོས་གྲུབ་རྒྱ་མཚོར་གསོལ་བ་འདེབས། །མ་བྱོན་སངས་རྒྱས་ལྔ་པ་ཡི། །སྒྱུ་འཕྲུལ་ཆོས་ཀྱི་འབྱུང་གནས་ཞབས། །མཆོག་རྣམས་འཁོར་བ་ཇི་སྲིད་དུ། །སྤྲུལ་པས་འཁོར་བ་དོང་ནས་སྤྲུགས། །སྐལ་ལྡན་མོས་པའི་བུ་རྣམས་ལ། །བྱིན་རླབས་ཡེ་ཤེས་ཆར་རྒྱུན་སྩོལ། །སྐྱེ་དང་སྐྱེ་བར་ཆོས་ལྡན་ཞིང་། །རྡོ་རྗེ་སྙིང་པོའི་དོན་རྟོགས་ནས། །བླ་མེད་གསང་སྔགས་དམ་ཚིག་གཉན། །དྲི་མེད་འཁྲུལ་པས་མ་བསླད་པར། །ཀུན་བཟང་དགོངས་པ་བདེ་ཆེན་ཀློང་། །རང་བྱུང་ཁྱབ་བརྡལ་དབྱིངས་གྲོལ་ཏེ། །གདོད་མའི་སངས་རྒྱས་མྱུར་ཐོབ་ཤོག །ཅེས་པའང་གཏེར་ཡུམ་དགྱེས་མཚོས་བསྐུལ་ངོར་སྤེལ།། ༈ །།ཐུགས་རྗེ་ཆེན་པོ་འགྲོ་བའི་མགོན་གྱུར་པ། །འཇིག་རྟེན་དབང་ཕྱུག་རྣམ་པར་རོལ་པ་མཆོག །རྗེ་བཙུན་བདུད་འདུལ་རྡོ་རྗེའི་འཆང་ཆེན་པོར། །གསོལ་འདེབས་ཡེ་ཤེས་སྤྱན་གཟིགས་བྱིན་གྱིས་རློབས། །གཏིང་མཐའ་བྲལ་བའི་ཀུན་ཁྱབ་ཕྲིན་ལས་ཀྱི། །ཡེ་ཤེས་སྣང་བས་སྲིད་པའི་མུན་སེལ་བ། །བསྟན་པའི་རྒྱལ་མཚན་དམ་ཆོས་ཉི་མའི་ཞབས། །གསོལ་འདེབས་ཡེ་ཤེས་སྤྱན་གཟིགས་བྱིན་གྱིས་རློབས། །རྣམ་འདྲེན་ལྔ་པ་མི་ཕམ་བྱམས་པ་མགོན་། །


SPN001_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད་ཐུབ་བསྟན་ཡོངས་སུ་རྫོགས་པའི་དཔལ། །འཇམ་མགོན་ཆོས་ཀྱི་འབྱུང་གནས་གང་དེ་ལ། །གསོལ་འདེབས་ཡེ་ཤེས་སྤྱན་གཟིགས་བྱིན་གྱིས་རློབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །རང་རིག་ངོ་བོ་གཅེར་མཐོང་ཆོས་སྐུ་ཡི། །གནས་ལུགས་མངོན་གྱུར་སྐུ་བཞིའི་དབང་ཕྱུག་མཆོག །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །ཅེས་ཚེ་དཔག་ངོར་སྤེལ།། ༈ །།མཆོག་གསུམ་འདུས་ཞལ་པདྨ་འབྱུང་། །གང་གི་བྱིན་རླབས་ཉི་འོད་ཀྱིས། །དེང་འདིར་བསམ་ཀུན་འབད་མེད་འགྲུབ། །ཉོན་མོངས་བདུད་ཀྱི་གཡུལ་རྒྱལ་ནས། །རང་བྱུང་རིག་སྟོང་ཕྱག་རྒྱ་ཆེ། །མངོན་དུ་རྟོགས་པར་བྱིན་གྱིས་རློབས། ཞེས་པའང་ས་བཅུའི་ངོར་སྤེལ།། ༈ །།པྲ་ཎི་དྷཱ་ན་སིདྡྷནྟུ། ཕྱོགས་བཅུའི་བླ་མ་ཡི་དམ་ཆོས་སྐྱོང་བ། །བསླུ་མེད་སྐྱབས་གནས་ཀུན་འདུས་ངོ་བོ་ཉིད། །ལྔ་བདོའི་འདྲེན་པ་ཨོ་རྒྱན་སྤྲུལ་པའི་སྐུ། །རིག་འཛིན་ཆེན་པོ་སློབ་དཔོན་པདྨ་འབྱུང་། །མཁའ་འགྲོའི་འཁོར་ཚོགས་དཔག་མེད་རབ་འབྱམས་ཞིང་། །མཐའ་ཡས་དབང་སྒྱུར་སྟོན་མཆོག་གང་དེ་ལ། །རྣམ་ཀུན་གསོལ་བ་འདེབས་སོ་བདག་བཞན་གྱི། །ཆོས་མཐུན་བསམ་པ་ལྷུན་འགྲུབ་བྱིན་གྱིས་རློབས། །བསྟན་པའི་སྙིང་པོ་འོད་གསལ་ཕྱག་རྫོགས་ཀྱི། །ལྟ་གྲུབ་འཁྲུལ་མེད་ཚེ་གཅིག་སངས་རྒྱས་ལམ། །ངེས་པར་རྙེད་པའི་དམ་ཆོས་ཟབ་མོ་ཡི། །རིང་ལུགས་དྲི་མེད་ཕྱོགས་མཐར་


SPN001_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཁྱབ་ཤོག །བསྟན་པའི་གཞི་མ་གུ་རུའི་ལུང་ཟིན་པའི། །སྐྱེས་མཆོག་རྣམས་དང་སྦྱང་སྟོབས་མཐར་སོན་པའི། །རྟོགས་པའི་གདེང་ལྡན་འགྲོ་ཕན་བྱང་སེམས་ཀྱི། །བསྟན་འཛིན་མངའ་བརྙེས་མཆོག་རྣམས་འཚོ་བརྟན་ཤོག །བསྟན་རྩ་དགེ་འདུན་འདུས་པ་རབ་རྒྱས་ཤིང་། །སྡོམ་པ་གསུམ་གྱི་གཞི་བརྟན་གཞན་ཕན་གྱི། །ལྷག་བསམ་ཚུལ་ལྡན་དད་ཅན་ཡོན་སྦྱོང་བའི། །ཆོས་སྤྱོད་བཅུ་དང་འཁོར་ལོ་གཉིས་ལྡན་ཤོག །དེ་དག་ཀུན་གྱི་ཕན་བདེའི་གཙོ་བོ་མཆོག །བསྐལ་བཟང་རྣམ་འདྲེན་བཞི་པ་དོན་ཀུན་གྲུབ། །གང་གི་བྱིན་རླབས་མཚན་དཔེ་འོད་འབར་བ། །སྙིགས་དུས་འགྲོ་བའི་མགོན་དུ་ལྷམ་མེ་བར། །མངོན་སྣང་ཤཱཀྱ་མུ་ནེ་རིན་པོ་ཆེ། །ཞིང་འདིར་ཐུགས་རྗེ་ཆེན་པོས་རྗེས་དགོངས་ལ། །མ་འོངས་རྣམ་འདྲེན་ལྔ་པ་སངས་རྒྱས་བར། །བརྟན་པར་བཞུགས་པར་བྱིན་གྱིས་བརླབ་ཏུ་གསོལ། །དེ་མཐུས་ཁམས་གསུམ་སེམས་ཅན་རིགས་དྲུག་གི། །ལས་ཉོན་དབང་གྱུར་འཁོར་བར་འཐོམ་པ་ཀུན། །མི་ཤེས་གཏི་མུན་མུན་པ་ཀུན་བསལ་ནས། །ཡང་དག་ཡེ་ཤེས་སྣང་བ་གསལ་བར་ཤོག །བདག་སོགས་ཚེ་རིང་ནད་མེད་དཔལ་འབྱོར་ལྡན། །ཆོས་བཞིན་སྤྱོད་ལ་སྐྱོ་ངལ་མ་མཆིས་པར། །ཕར་ཕྱིན་དྲུག་དང་བསྡུ་བཞི་འཕགས་ནོར་བདུན། །ཡོན་ཏན་དང་ལྡན་རྒྱལ་སྲས་རྗེས་སློབ་པའི། །རྣམ་དག་ཆོས་ཚུལ་རྒྱ་མཚོར་མངའ་བརྙེས་ནས། །གང་དུ་གནས་པའི་རྒྱལ་ཁམས་བཀྲ་ཤིས་


SPN001_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། །བསྟན་པ་དར་ཞིང་རྒྱས་པར་བྱིན་གྱིས་རློབས། །ཆོས་མིན་སྤྱོད་རྣམས་ཞི་བར་བྱིན་གྱིས་རློབས། །དེ་ལྟར་མོས་བློས་རྩེ་གཅིག་གསོལ་བཏབ་པའི། །མཐུ་ལས་དཀོན་མཆོག་རྩ་གསུམ་རྒྱ་མཚོ་ཡིས། །བྱིན་རླབས་སྟོབས་ཀྱི་བདེན་པས་ཡིད་བཞིན་དུ། །སྨོན་ལམ་ཇི་བཞིན་དོན་ཀུན་གྲུབ་གྱུར་ཅིག །ཅེས་པའང་འཇིག་རྟེན་ལས་ཐར་པའི་ལམ་བསྙེགས་པའི་ཀུན་སྤངས་པ་སྙིང་པོའི་རྟོགས་པ་མཐར་ཕྱིན་ཀརྨ་རབ་འབྱོར་གྱི་བཞེད་ངོར་སྤེལ།། ༈ །།བཅོམ་ལྡན་ཚེ་འོད་སྣང་མཐའ་ཡས། །ཡིད་བཞིན་འཁོར་ལོ་ཏཱ་རེ་མ། །གཙུག་ཏོར་རྣམ་པར་རྒྱལ་མ་ཡུམ། །འཆི་མེད་ལྷ་ལ་གསོལ་བ་འདེབས། །འཆི་མེད་མཆོག་དངོས་དཔལ་ཡོན་གང་། །དེང་འདིར་གསོལ་འདེབས་བུ་ལ་སྩོལ། །རྒུད་མེད་ལང་ཚོ་རབ་རྒྱས་ཤིང་། །ཚེ་བརྟན་འགྱུར་མེད་སྐུ་ཐོབ་ཤོག །ཆོས་བཟང་ངོར་སྤེལ།། ༈ །།ཚེ་དང་ཡེ་ཤེས་དཔག་མེད་མགོན། །ཚེ་དབང་མཆོག་སྩོལ་སྒྲོལ་མ་དཀར། །ཚེ་མཆོག་སྦྱིན་མཛད་རྣམ་པར་རྒྱལ། །ཚེ་རིང་ནད་མེད་དཔལ་དངོས་གྲུབ། །གསོལ་བ་འདེབས་སོ་དེང་འདིར་སྩོལ། །མི་ཤིགས་རྡོ་རྗེའི་སྲོག་རྩ་བརྟན། །མི་འགྱུར་ཚེ་དཔལ་མྱུར་ཐོབ་ནས། །བར་ཆད་བདུད་ལས་རྒྱལ་བྱིན་རློབས། །ཨད་རྒྱལ་ལ་གསོལ་འདེབས་སུ་སྤེལ།། ༈ །།རིགས་ཀུན་གཙོ་བོ་དྲུག་པ་རྡོ་རྗེ་འཆང་། །རྒྱ་གར་གྲུབ་ཆེན་རིམ་པར་བྱོན་རྣམས་དང་། །གངས་ཅན་བསྟན་པའི་སྤྱི་མེས་ལྷོ་བྲག་པ། །བཀའ་


SPN001_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ཆུ་བོ་ཀུན་འདུས་རྒྱ་མཚོ་ཆེའི། །མངའ་བདག་ཟླ་འོད་གཞོན་ནུའི་བྱིན་རླབས་བརྒྱུད། །འབྲི་གུང་སྟག་ལུང་ཚལ་དང་འབྲུག་པ་ཞེས། །ཡ་བཞི་ཟུང་བརྒྱད་སྐྱེས་མཆོག་མུ་ཏིག་ཕྲེང་། །མཁས་གྲུབ་རིམ་པར་བྱོན་ལ་གསོལ་བ་འདེབས། །ཐུགས་རྗེའི་སྤྱན་གཟིགས་བདག་རྒྱུད་ངེས་འབྱུང་གིས། །བསྐུལ་བའི་ཆོས་བརྒྱད་མ་འདྲེས་ལས་འབྲས་ཀྱི། །བླང་དོར་ཇི་བཞིན་རྟོགས་པའི་གདེང་ཐོབ་ནས། །ཡེ་ཤེས་ཆེན་པོའི་གྲོལ་ལམ་ཐོབ་བྱིན་རློབས། །རང་བྱུང་གདོད་མའི་ངོ་བོའི་གནས་དམ་པ། །གོལ་འཆུགས་མེད་པ་དྲི་བྲལ་དེ་ཉིད་ཀྱི། །རིག་པ་རང་གྲོལ་རིང་མིན་རྫོགས་སངས་ཀྱི། །གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །སྒྲུབ་པ་ཐེག་འཕེལ་ངོར་སྤེལ།། ༈ །།དཔལ་ལྡན་འཇིག་རྟེན་མགོན་དང་གསུང་དབང་ཕྱུག །མ་ཕམ་ལ་སོགས་སྒྱུ་འཕྲུལ་རྡོ་རྗེའི་གར། །ཅིར་ཡང་སྟོན་པའི་གཟུགས་སྐུའི་རྣམ་པར་རོལ། །མཆོག་གི་སྤྲུལ་སྐུར་བཞེངས་ལ་གསོལ་བ་འདེབས། །ཕྲིན་ལས་རྒྱ་མཚོའི་གོས་ཅན་ཡོངས་ཁྱབ་པའི། །འགྲོ་ཀུན་ཡང་དག་ལམ་བཀོད་བདག་ཉིད་ཅན། །སྟོན་པ་བདེར་གཤེགས་རྒྱལ་བའི་རིང་ལུགས་གཉེན། །རྒྱལ་ཚབ་དམ་པར་གསོལ་བཏབ་བྱིན་མཐུ་ཡིས། །བསམ་དོན་ཆོས་བཞིན་ཡོངས་འགྲུབ་སྒོ་གསུམ་གྱི། །བྱ་བ་ཐམས་ཅད་ཉེས་པའི་དྲི་སྤངས་ནས། །ནོངས་པ་མེད་པར་


SPN001_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་པའི་གཞི་བརྟན་ལ། གེགས་མེད་ཉིད་དུ་མཐར་ཕྱིན་བྱིན་གྱིས་རློབས། །ཞེས་ཀརྨ་ལྷག་བསམ་ནས་བསྐུལ་ངོར་སྤེལ།། ༈ །།བདེ་བར་གཤེགས་པ་ཤཱཀྱའི་རྒྱལ་པོ་ལ། །རྣམ་ཀུན་མི་ཕྱེད་དད་པས་གསོལ་བཏབ་མཐུས། །བདག་ཅག་སྐྱེ་བ་འདི་དང་ཚེ་རབས་ཀུན། །རྒྱལ་བའི་སྤྱི་གཟུགས་ཁྱབ་བདག་ཀརྨ་པ། །དངོས་གྲུབ་མཆོག་སྩོལ་བཛྲ་ཝཱ་ར་ཧི། །བར་ཆད་འདུད་འཇོམས་རྡོ་རྗེ་བེར་ནག་ཅན། །རྩ་བ་གསུམ་གྱི་ལྷག་པའི་ལྷ་མཆོག་དང་། །མི་འབྲལ་ཡེ་ཤེས་ཐུགས་རྗེས་རྟག་པར་སྐྱོངས། །ནམ་ཞིག་སྒྱུ་ལུས་འཕོ་བའི་དུས་བྱུང་ཚེ། །དག་པ་རབ་འབྱམས་རྒྱལ་བའི་ཞིང་ཁམས་སུ། །བླ་མེད་འཕགས་པའི་ཚོགས་ཀྱི་ཞལ་མཐོང་ནས། །བྱང་ཆུབ་ཆེན་པོར་མངོན་པར་སངས་རྒྱས་ཤོག །ཅེས་ཁང་གསར་དགེ་སློང་རྣམ་རྒྱལ་ངོར། སི་ཏུས་སྤེལ་བ་ཛ་ཡནྟུ།། ༈ །།སྟོན་མཆོག་ཤཱཀྱའི་རྒྱལ་པོ་ལ། །མི་ཕྱེད་རྩེ་གཅིག་གསོལ་བཏབ་མཐུས། །སྡོམ་གསུམ་ཚུལ་བཞིན་ལེགས་སྨིན་པ། །ཀརྨ་མཁས་གྲུབ་གཏན་དགེ་ཞིང་། །བསླབ་གསུམ་རྒྱན་གྱིས་རབ་མཛེས་ཤིང་། །བསྡུ་དངོས་བཞི་ཡི་དཔལ་འབྱོར་ལྡན། །འགྲོ་ཀུན་སྲིད་པའི་འཇིགས་སྒྲོལ་ཅིང་། །བླ་མེད་བྱང་ཆུབ་ཆེ་ཐོབ་ཤོག །ཅེས་ཤོ་ཕུ་བླ་མ་མཁས་གྲུབ་ཀྱི་དགོངས་དོན་བཞིན་སི་ཏུས་སྤེལ།། ༈ །།སྐྱབས་ཡུལ་མཆོག་གསུམ་ཀུན་འདུས་པ། །ཀརྨ་པ་ལ་གསོལ་བ་འདེབས། །ཆོས་ཀྱི་སྙིང་པོ་ཕྱག་


SPN001_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེ། །བསྟན་པའི་སྙིང་པོ་ཀཾ་ཚང་གི། །རང་ལུགས་གཅེས་སྤྲས་འཛིན་ནུས་པའི། །ཐོས་བསམ་སྒོམ་པ་མཐའ་རུ་ཕྱིན། །དོན་གཉིས་ལྷུན་གྲུབ་འབྲས་ཐོབ་ནས། །འགྲོ་བ་འདྲེན་པའི་དཔལ་དུ་ཤོག །སྐྱབས་ཆེ་དབུ་མཛད་མཁྱེན་རབ་ངོར་སྤེལ་བ་ཛ་ཡ།། ༈ །།དཔལ་ལྡན་རིགས་ཀུན་ཁྱབ་བདག་འཁོར་ལོའི་མགོན། །རྡོ་རྗེ་འཆང་དབང་དཔལ་ལྡན་ཀརྨ་པ། །དུས་འདི་ནས་བཟུང་མྱང་འདས་ཆེན་པོའི་བར། །སྐྱབས་སུ་གསོལ་ལོ་མཆོག་དངོས་གྲུབ་གཉིས་སྩོལ། །སྐྱེ་དང་ཚེ་རབས་བརྒྱུད་པ་ཐམས་ཅད་དུ། །དལ་བརྒྱད་འབྱོར་བཅུ་དམ་པའི་རྗེས་སློབ་སྟེ། །ཇི་ལྟར་དགེ་ཚོགས་གེགས་མེད་མྱུར་འགྲུབ་ཅིང་། །རྟག་ཏུ་བདེ་དགེའི་དཔལ་ལ་སྤྱོད་པར་ཤོག །མཛོད་ཕུན་གླིང་གི་ཆོས་ཁྲིམས་པ་བསྟན་དར་ངོར་སྤེལ།། ༈ །།བསྐལ་བཟང་རྒྱལ་བ་སྟོང་གི་ཡབ་གྱུར་པ། །གདོད་མའི་མགོན་པོ་འཆི་མེད་སྣང་མཐའ་ཡས། །རྒྱལ་ཚབ་ཕྱག་ན་པདྨ་རྡོ་རྗེ་འཛིན། །རང་རིག་གཉུག་མའི་ངོ་བོར་མི་ཕྱེད་པར། །རྣམ་ཀུན་དད་པས་གསོལ་བ་བཏབ་པའི་མཐུས། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །ཁྲ་ཕུག་དགེ་སློང་ཀརྨ་མདོ་སྡེའི་ངོར་སི་ཏུ་པདྨའི་མིང་ཅན་གྱིས་སྤེལ་བ་དགེ་ལེགས་སུ་གྱུར་ཅིག། །།༈ འཕགས་མཆོག་སྤྱན་རས་གཟིགས་དབང་ཐུགས་རྗེའི་བདག །གང་འདུལ་ཐབས་མཁས་གར་གྱི་རོལ་རྩེད་ལས། །ཡེ་ཤེས་ཁྲོ་རྒྱལ་རྡོ་རྗེ་བེར་ནག་ཅན། །ག་ཎ་པ་ཏིའི་ལྷ་ཚོགས་དགོངས་སུ་གསོལ། །


SPN001_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

དེང་འདིར་སྲུང་བར་འོས་པའི་དམ་ལྡན་འདི། །གང་ཞིག་གཡུལ་ངོར་ཞུགས་པའི་ཚུལ་མཆིས་ཀྱང་། །སྐྱབས་གྱུར་རེ་གནས་དམ་པ་ཁྱོད་རྣམས་ཀྱིས། །མི་མཐུན་ཉེར་འཚེ་མཐའ་དག་དྲུངས་ཕྱུང་སྟེ། །ཕུན་ཚོགས་དཔལ་གྱིས་མངོན་མཐོ་རི་དབང་ལྟར། །ཚེ་བསོད་དཔལ་འབྱོར་ཉི་མ་འབུམ་གྱི་གཟི། །བཀྲ་ཤིས་ཕྱོགས་ལས་རྣམ་རྒྱལ་དོན་གྲུབ་པའི། །མ་གཡེལ་བརྩེ་བ་ཆེན་པོས་རྗེས་འཛིན་མཛོད། །ཨུ་རྒྱན་ཚེ་རིང་ཅེས་པ་གཡུལ་ངོར་ཆས་སྐབས་སྨོན་ལམ་ཕྲིན་བཅོལ་གྱི་ཚུལ་དུ་སྨྲས་པའོ།། ༈ །།རྒྱལ་ཀུན་སྤྱི་མེས་པ༵དྨ༵འི་བྱིན་རླབས་ཀྱི། །ཉི༵ན་བྱེ༵ད་ལྷ་དབང་རྡོ་རྗེ་རྩེ་བརྒྱ་པས། །གཉིས་སྣང་ལྷ་མིན་མུན་པའི་དཔུང་གཞོམ་ཞིང་། །སྒྲུབ་བརྒྱུད་བསྟན་པའི་ཕྲིན་ལས་ཤིང་རྟ་པར། །མོས་པས་གསོལ་འདེབས་དེང་བཟུང་མྱང་འདས་བར། །ཆོས་སྤྱོད་ལྷག་བསམ་གྲུ་རྫིངས་ལ་བརྟེན་ནས། །དད་དང་བརྩོན་འགྲུས་སྐྱ་བས་བསྐུལ་བྱས་ཏེ། །སྲིད་མཚོ་སྒྲོལ་བའི་དེད་དཔོན་ཉིད་གྱུར་ཅིག །ཅེས་འཇང་ཡུལ་ཨ་ཚེའི་ངོར་སྤེལ་བ་དགེ།། ༈ །།ཚོགས་གཉིས་ཆུ་གཏེར་ཡོན་ཏན་ནོར་བུས་གང་། །བྱམས་ཆེན་ཚད་མེད་ཐུགས་རྗེ་གཏིང་མཐའ་ཡས། །ཕྲིན་ལས་བཟང་པོའི་རླབས་ཕྲེང་ཕྱོགས་མཐར་ཁྱབ། །མཁྱེན་རབ་རྒྱ་མཚོ་དམ་པ་རྣམས་ལ་འདུད། །གང་ཞིག་སྐལ་ལྡན་ཐར་འདོད་ཡིད་ཅན་ཀུན། །ཡང་དག་ལམ་སྟོན་ཆོས་མཆོག་པདྨ་དཀར། །ལྷར་བཅས་མཆོད་པའི་གནས་གྱུར་


SPN001_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱི་མཆོག །དགེ་འདུན་བྱེ་སྙེད་གྲངས་འདས་རྣམས་ལ་འདུད། །བདག་མིང་ཀརྨ་དགེ་བ་ཞེས་བྱ་བས། །དུས་གསུམ་དགེ་ཚོགས་ཕུང་པོ་ཇི་སྙེད་པ། །མཆོད་སྤྲིན་ཀུན་བཟང་རྣམ་ཐར་ལས་ལྷག་པ། །བློ་ཡིས་བླངས་ཏེ་འབུལ་གྱི་བཞེས་སུ་གསོལ། །བདག་གི་གཙོ་བྱས་མཁའ་མཉམ་འགྲོ་བའི་ཚོགས། །གནས་སྐབས་མཐར་ཐུག་བདེ་ལེགས་དམ་པའི་དཔལ། །ཆོས་ཀྱི་སྤྱན་ལྡན་དགེ་བཤེས་ཚད་མ་དང་། །ནམ་ཡང་འབྲལ་མེད་རྗེས་འཛིན་མྱང་འདས་ཀྱི། །གོ་འཕང་མྱུར་བར་གེགས་མེད་ཉིད་ཐོབ་པའི། །ཐུགས་རྗེའི་རང་བཞིན་མངའ་བ་མཆོག་གསུམ་གྱིས། །ཡོངས་སུ་སྨིན་པའི་དམ་བཅའ་བརྩེར་དགོངས་ལ། །ཇི་བཞིན་ལྷུན་གྲུབ་འབྱུང་བར་བྱིན་གྱིས་རློབས། །ཅེས་སྐྱབས་ཆེ་བླ་མ་ཀརྨ་དགེ་བའི་ངོར་སྤེལ་བ་ཤུ་ུབྷཾ།། ༈ །།སྟོན་པ་བདེར་གཤེགས་ཤཀྱཱ་ཐུབ། །སངས་རྒྱས་གཉིས་པ་པདྨ་འབྱུང་། །འགྲོ་རྣམས་སྒྲོལ་སླད་སྒྱུ་འཕྲུལ་གྱི། །གར་རོལ་རིག་པ་འཛིན་པའི་དབང་། །མི་མངོན་ཆོས་ཀྱི་དབྱིངས་ཉིད་ལས། །དེང་འདིར་བདག་ལ་བརྩེར་དགོངས་ཤིག །འདི་ནས་བྱང་ཆུབ་སྙིང་པོའི་བར། །ཆོས་ལྡན་རང་བྱུང་ཡེ་ཤེས་ཀྱི། །སེམས་ཀྱི་དེ་ཉིད་མངོན་རྟོགས་ནས། །སྐུ་བཞིའི་རྒྱལ་ས་ཟིན་པར་ཤོག །ཅེས་པའང་སྤྲེའུ་བླ་མས་བཞེད་ལྟར་རྡོ་རྗེ་དྲག་པོའི་གསོལ་འདེབས་སུ་སྤེལ་བ་མངྒ་ལཾ།། ༈ །།སྟོབས་བཅུ་མངའ་བ་སངས་རྒྱས་བཅོམ་ལྡན་འདས། །


SPN001_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་རྟོགས་དམ་ཆོས་རིག་གྲོལ་དགེ་འདུན་ཚོགས། །ཀུན་འདུས་རྗེ་བཙུན་བདུད་ལས་རྣམ་རྒྱལ་ཞབས། །ཆོས་གྲུབ་རྒྱ་མཚོ་དམ་ཆོས་ཉི་མའི་སྡེ། །རྡོ་རྗེ་དྲག་པོ་ཚེ་དབང་དཔལ་དར་རྗེ། །མ་ནོར་ལམ་སྟོན་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་སྨིན་ཅིང་གྲོལ། །དོན་གཉིས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །སི་ཏུ་པས་སྤེལ་བ་དགེ། །།༈ དུས་གསུམ་རྒྱལ་ཀུན་ངོ་བོ། །མཚོར་འཁྲུངས་པདྨ་འབྱུང་གནས། །བདག་ཡིད་དྲན་པ་ཙམ་གྱིས། །བྱིན་རླབས་ཆར་ཆེན་མྱུར་སྩོལ། །ཀྱེ་མ་སྙིགས་ལྔའི་དུས་འདིར། །སྐྱེས་པའི་སྐལ་མེད་བདག་ལྟར། །མགོན་ཁྱོད་ཐུགས་རྗེའི་རྩལ་གྱིས། །རྒྱུད་བཞི་སྨིན་པར་མཛོད་ཅིག །སྣང་སྲིད་ཆོས་སྐུ་འབྱམས་ཀླས། །བདེ་སྟོང་རིག་པའི་ངོ་བོ། །གདོད་མའི་སངས་རྒྱས་གོ་འཕང་། །རང་བྱུང་རང་གྲོལ་ཉིད་ཤོག །ཅེས་པའང་ས་ཐམ་སྲས་པོ་ཀརྨ་མི་ཕམ་བསྟན་རྒྱས་ཀྱི་ངོར་སྤེལ།། ༈ །།རབ་འབྱམས་བདེ་བར་གཤེགས་ཀུན་གྱི། །སྤྱི་དཔལ་ཨོ་རྒྱན་པདྨ་ལ། །དུས་དྲུག་མོས་པས་གསོལ་བ་འདེབས། །རིགས་དྲུག་གནས་ལས་བསྒྲལ་དུ་གསོལ། །ཚེ་འདིར་བསམ་དོན་ལྷུན་གྲུབ་ཅིང་། །དཔལ་དང་འབྱོར་རྒྱས་ཡུན་དུ་འཚོ། །ནམ་ཞིག་དག་པའི་ཞིང་མཆོག་དེར། །བདག་དང་བདག་ལ་འབྲེལ་ཐོགས་ཀུན། །ཕྱམ་གཅིག་རྫོགས་སངས་རྒྱས་ཐོབ་ནས། །སྤྲུལ་པས་


SPN001_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུའི་སེམས་ཅན་དོན། །ནུས་པའི་སྐལ་ལྡན་དབང་ཐོབ་ཅིང་། །བྱང་ཆུབ་སྙིང་པོ་མངོན་གྱུར་ཤོག །རྗེས་ཆགས་འབྱོར་པ་ལ་གསོལ་འདེབས་སྨོན་ལམ་དུ་སྤེལ།། ༈ །།རྣམ་དག་བདེར་གཤེགས་རྒྱས་སྲས་སློབ་ཚོགས་ཀྱི། །རྣམ་མར་ཐུགས་རྗེའི་སྟོབས་འདུས་པདྨ་འབྱུང་། །རྣམ་རྒྱལ་འཆི་མེད་ངེས་སྟེར་གང་འདི་ནས། །རྣམ་ཀུན་སྙིང་པོའི་བར་དུ་སྐྱབས་སུ་མཆི། །དག་པ་ཡེ་ཤེས་ལྷ་སྐུའི་དཀྱིལ་འཁོར་དུ། །མ་དག་གཟུང་འཛིན་སྦྱོང་བའི་མཐུ་སྟོབས་ཀྱིས། །འཁྲུལ་པ་གཏན་ཟད་ཡང་དག་ལྟ་བའི་གནད། །མ་ནོར་སྤྱོད་པའི་སྐལ་བར་ལྡན་བྱིན་རློབས། །ཀརྨ་དམ་པའི་ངོར་སྤེལ།། ༈ །།རྒྱལ་ཀུན་སྤྱི་མེས་གུ་རུ་པདྨ་འབྱུང་། །སྙིགས་དུས་འགྲོ་ལ་རྗེས་བརྩེའི་ཐུགས་རྗེ་ཅན། །གང་འདིར་དབྱིངས་ནས་བྱིན་རླབས་བདུད་རྩིའི་ཆར། །སྐལ་ལྡན་དད་པའི་ཞིང་སར་དབབ་ཏུ་གསོལ། །རྣམ་དག་ཡེ་ཤེས་རང་བྱུང་གདོད་གནས་ཀྱི། །དྲི་བྲལ་བདེ་གཤེགས་སྙིང་པོའི་ངོ་བོ་ཉིད། །སེམས་ཉིད་ཆོས་སྐུའི་རྒྱལ་ས་ཟིན་ནུས་པའི། །བྱིན་རླབས་འཕོ་བའི་དབང་མཆོག་དམ་པ་སྩོལ། །སྐྱེ་ཀུན་ངན་འགྲོའི་སྒོ་ཁེགས་ཡང་དག་ལམ། །མ་ནོར་ཇི་བཞིན་སྟོན་པའི་བླ་མ་དང་། །གནས་དུས་ཕུན་ཚོགས་དམ་ཆོས་དཔལ་སྤྱོད་ཅིང་། །སྒོ་གསུམ་ཉེས་པའི་དྲི་མ་རིང་སྤང་ཤོག །གནས་སྐབས་ཚེ་རིང་ནད་མེད་བདེ་དགའ་རྒྱས། །འགྲོ་རྣམས་ཐར་མཆོག་གོ་འཕང་དཀྲི་ནུས་པའི། །


SPN001_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བསྐྱེད་དམ་བཅའི་རྩ་བརྟན་སྨོན་འདུན་གྱི། །བདེན་པ་ཇི་བཞིན་འགྲུབ་པར་བྱིན་གྱིས་རློབས། །ཅེས་གནས་མདོ་ཀརྨ་ཆོས་རྒྱལ་ངོར་སྤེལ།། ༈ །།མཆོག་གསུམ་རྒྱལ་བ་སྲས་དང་བཅས། །ཡོངས་ཀྱི་སྤྱི་གཟུགས་པདྨ་འབྱུང་། །ཁྱེད་ལ་ཕྱག་འཚལ་གསོལ་འདེབས་ཤིང་། །གནས་སྐབས་མཐར་ཐུག་བར་ཆད་སོལ། །སྒྲུབ་པའི་རྒྱལ་ས་འཛིན་པ་ལ། །ཉོན་མོངས་བདུད་བཞིའི་གཡུལ་ངོ་ཟློག །དོན་གཉིས་ལྷུན་གྱིས་གྲུབ་པ་དང་། །མི་རྟོག་ཡེ་ཤེས་མངོན་གྱུར་མཛོད། །ཆོས་སྲུང་དཔའ་བོ་ཌཱ་ཀི་མ། །ཡེ་ཤེས་ལས་དང་འཇིག་རྟེན་གྱི། །དཀར་ཕྱོགས་སྐྱོང་པའི་དམ་ཚིག་ཅན། །ཁྱོད་རྣམས་ཐུགས་དམ་མ་བསྙེལ་བར། །ད་ལྟ་སྙིགས་དུས་བསྐལ་པ་འདིར། །པད་འབྱུང་བརྒྱུད་འཛིན་རྣལ་འབྱོར་བདག །བླ་མེད་བྱང་ཆུབ་བསྒྲུབ་པ་ལ། །བར་ཆད་དམ་སྲིའི་འཚེ་བ་ཟློག །ལས་བཞིའི་ཕྲིན་ལས་མྱུར་འགྲུབ་ཅིང་། །དྲི་མེད་སྙིང་པོ་རྒྱལ་བའི་བསྟན། །དཔལ་ལྡན་ཀརྨ་བཀའ་རྒྱུད་ཀྱི། །རིང་ལུགས་ཉིན་བྱེད་འོད་སྟོང་བཞིན། །རྒྱ་མཚོའི་གོས་ཅན་ཁྱབ་ཡུན་གནས། །བསྟན་འཛིན་ཞབས་བརྟན་དགེ་འདུན་རྒྱས། །འགྲོ་ལ་བདེ་སྐྱིད་འཕེལ་བ་དང་། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་འདི་བླ་མ་རབ་འབྱོར་ནས་བསྐུལ་ངོར་སྤེལ། དགེའོ།། །།


previousགསོལ་འདེབས་ཀྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་བྱིན་རླབས་བདུད་རྩིའི་གཏེར་མཛོད། next