རྒྱལ་བ་ཡབ་སྲས་ལྔ་ཡི་སྐྱེས་རབས་གསོལ་འདེབས་མདོར་བསྡུས།
རྒྱལ་བ་ཡབ་སྲས་ལྔ་ཡི་སྐྱེས་རབས་གསོལ་འདེབས་མདོར་བསྡུས་བཞུགས་སོ། །བདེ་བར་གཤེགས་ཀུན་གསང་གསུམ་མི་བཟད་པ། །རྒྱན་འཁོར་ལྔ་ཡི་བདག་ཉིད་དབང་བསྒྱུར་པ། །ཐབས་མཁས་འགྲོ་བ་སྒྲོལ་བའི་ཕྲིན་ལས་ཅན། །བཀའ་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྔོན་ཚེ་རྒྱལ་སྲས་མཆོག་གི་བློ་གྲོས་དང་། །སྤྱན་རས་གཟིགས་དབང་པདྨ་རྣམ་པར་རོལ། །བློ་གྲོས་རིན་ཆེན་དྲང་སྲོང་ལེགས་པར་སྐྱེས། །འཆི་མེད་པད་འབྱུང་སྐུར་བཞེངས་ལ་ཕྱག་འཚལ། །སྒྲ་གཅན་ཟིན་དང་ནཱ་ག་བོ་དྡྷིའི་ཞབས། །རིན་ཆེན་གསལ་སོགས་དུ་མར་སྟོན་ཅིང་སྤྲུལ། །མ་འོངས་སྐལ་བཟང་དྲུག་པར་འཚང་རྒྱ་བའི། །ཀརྨ་པར་གྲགས་ཞབས་ལ་གུས་ཕྱག་འཚལ། །དཀྱིལ་འཁོར་ཁྱབ་བདག་གར་དབང་རྡོ་རྗེ་འཆང་། །བདེ་ཆེན་ཞིང་དུ་མཐའ་ཡས་འདྲེན་པ་དང་། །
བསྐལ་མང་སྔོན་ནས་བྱང་ཆུབ་བདུད་རྩི་བརྙེས། །སངས་རྒྱས་དཀོན་མཆོག་ཡན་ལག་ལ་ཕྱག་འཚལ། །འཕགས་པའི་ཡུལ་དུ་སྔགས་ཀྱི་སྤྱོད་འཆང་གཙོ། །ཁོལ་པོ་དགའ་དང་བྲམ་ཟེ་ཀུན་རིག་མཆོག །འགྲོ་མང་མཆོད་པའི་རྟེན་གྱུར་དེང་འདིར་ཡང་། །ཞྭ་དམར་ཅོད་པན་ཅན་ཞབས་གུས་ཕྱག་འཚལ། །རྣམ་འདྲེན་ལྔ་པ་མི་ཕམ་བྱམས་པ་མགོན། །གྲུབ་པའི་སྤྱི་མེས་ཌོམྦི་ཧེ་རུ་ཀ། དཱ་རི་ཀ་པ་འཇམ་དཔལ་གསང་བ་དང་། །མངའ་བདག་ལོ་ཙཱར་གྱུར་ལ་གུས་ཕྱག་འཚལ། །སྒྲུབ་བརྒྱུད་སྲོག་ཤིང་སངས་རྒྱས་རས་ཆེན་ཞབས། །བསིལ་བ་ཚལ་དུ་རྡོ་རྗེ་བེར་ནག་ཅན། །བླ་མ་མགོན་པོ་དབྱེར་མེད་སྐུར་སྣང་བ། །ཏཱ་ཡི་སི་ཏུའི་ཞབས་ལ་གུས་ཕྱག་འཚལ། །རྒྱལ་སྲས་འཇམ་དཔལ་གཞོན་ནུ་གསུང་དབང་ཕྱུག །པཎྜི་ཏ་པ་ཤེས་རབ་འབྱུང་གནས་སྤྲུལ། །དེ་ཉིད་ཕྱི་མར་རྣལ་འབྱོར་བདེ་སྐྱོང་བཟང་། །གྲུབ་བརྙེས་རོལ་པ་ཡེ་ཤེས་ལ་ཕྱག་འཚལ། །ཤེས་བྱ་ཐོགས་མེད་རོང་སྟོན་ཆེན་པོ་དང་། །རིག་འཛིན་རཏྣ་གླིང་དང་ཀློང་ཡངས་བདེ། །རྒྱལ་མཚན་དཔལ་བཟང་ཆོས་དབང་ལྷུན་གྲུབ་སོགས། །དཔལ་ལྡན་དཔའ་བོའི་ཞབས་ལ་གུས་ཕྱག་འཚལ། །ཚེ་འོད་དཔག་མེད་མཐའ་ཡས་སྣང་བ་ཡི། །ཨིནྡྲ་བྷུ་ཏི་ཀླུ་སྒྲུབ་ཤེས་རབ་བཟང་། །པཎ་ཆེན་ཕྱོགས་གླང་ཏེ་ཕུ་པ་ལ་སོགས། །མཆོག་གི་སར་གནས་སྐུར་སྣང་ལ་ཕྱག་འཚལ། །སྐྱོབ་པ་འཇིག་རྟེན་གསུམ་
མགོན་སྤོམ་བྲག་པ། །རིན་ཆེན་དཔལ་དང་མཚུར་ཕུ་འཇམ་དབྱངས་མཚན། །ཀརྨ་གུ་རུ་འཕྲུལ་ཆེན་རྩལ་ལ་སོགས། །ཧྲེ་ཧོ་རིམ་པར་བྱོན་ལ་གུས་ཕྱག་འཚལ། །དེ་ལྟར་གསོལ་བཏབ་དགེ་གང་སྨིན་པའི་མཐུས། །ལེགས་བྱས་ལྷག་བསམ་ཐ་གྲུ་ུཁྱོན་ཡངས་པོར། །རྣམ་དག་བྱང་ཆུབ་སེམས་ཀྱི་རྩ་བ་བརྟན། །ཐེག་ཆེན་དམ་པའི་རྐང་འཐུང་རྒྱས་པར་ཤོག །སྒྲིབ་གཉིས་བག་ཆགས་དྲི་བཞོན་རབ་བསལ་ཞིང་། །མཆོག་ཐུན་དངོས་གྲུབ་ཆར་གྱིས་རང་རྒྱུད་བརླན། །སེམས་ཉིད་རང་བྱུང་འབྲས་བུ་གཡུར་ཟ་བའི། །བདེ་གཤེགས་སྙིང་པོའི་ལོ་འདབ་རྒྱས་པར་ཤོག །རྣམ་མང་རྒྱལ་དང་རྒྱལ་སྲས་བདེན་པ་དང་། །རྣམ་དག་ཆོས་དབྱིངས་བསམ་མི་ཁྱབ་པའི་མཐུས། །རྣམ་མང་བདག་གཞན་དུས་གསུམ་སེམས་ཅན་ཀུན། །རྣམ་མཁྱེན་ཕྱིར་མི་ལྡོག་པར་སངས་རྒྱས་ཤོག །ཅེས་པའང་རིགས་དང་རུས་ཀྱི་རྣམ་དཔྱོད་ལྡན་པ་འཕེལ་ཚ་ནང་སོ་སྒྲུབ་ཆེན་བླ་མ་བསྟན་འཛིན་རྒྱ་མཚོས་བསྐུལ་བའི་ངོར་སི་ཏུ་པདྨ་ཉིན་བྱེད་དབང་པོས་དགེ་བར་སྤེལ། མངྒལཾ། སུ་ཛ་ཡནྟུ།། །།