Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  expand section
   
   
   
   
   
   
   
  expand section
   
   
  expand section
   
ཐུན་མིན་ཞལ་གདམས་ཀྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ངེས་དོན་བདུད་རྩིའི་གཏེར་མཛོད།
  expand section
   
   
   
   
   
   
   


 
previousཐུན་མིན་ཞལ་གདམས་ཀྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ངེས་དོན་བདུད་རྩིའི་གཏེར་མཛོད། next

ཐུན་མིན་ཞལ་གདམས་ཀྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ངེས་དོན་བདུད་རྩིའི་གཏེར་མཛོད།


SPN001_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མིན་ཞལ་གདམས་ཀྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ངེས་དོན་བདུད་རྩིའི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། །


SPN001_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ལགས། དམ་པ་མཆོག་ཉིད་སྔོན་སྦྱངས་སྐྱེས་ཐོབ་ཟླ་བྲལ་ཉམས་བཞེས་ཚུལ་ཅི་ནས་ལེགས་པའི་རང་བཞིན། ལར་འཁོར་འདས་ཐམས་ཅད་འཁྲུལ་དང་མ་འཁྲུལ་དེས་དབྱེ་བ་ལ་རྟོགས་ན་སངས་རྒྱས། མ་རྟོགས་ན་སེམས་ཅན་ཟེར་བའང་། འཁྲུལ་གྲོལ་གྱི་མཚན་མ་དོན་དམ་པར་མ་གྲུབ་པས། ད་ལྟའི་གཉུག་མ་ངོ་ཤེས་འདི་ལས་གཞན་ཅི་ཞིག་བསྒོམ་དུ་ཡོད་ཀྱང་། གོ་ཉམས་རྟོགས་གསུམ་གྱིས་གཏན་ལ་འབེབས་པ་ནི། རྣལ་འབྱོར་རང་གིས་ས་ལམ་བརྟག་པས་ཤེས་པར། ནང་གི་ཉམས་རྟོགས་དང་ཕྱི་རོལ་རྐྱེན་གཉིས་འཕྲད་སྐབས་རོ་སྙོམས་ཐུབ་མིན་གྱིས་ཚོད་འཛིན་དགོས་པར་གསུངས་ན། སྣང་རྐྱེན་དེ་ལ་མེད་ལུགས་ཀྱི་རྟོག་པས་བཏགས་ཏེ་རང་གར་བསྐྱུར་བ་ལྟ་བུའི་སྐབས་རེ་ཞིག་སྟོང་ཡང་། སླར་རྐྱེན་དང་འཕྲད་ཚེ་སྒོམ་གྱི་ཚོ་གཏན་ནས་མི་


SPN001_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་པར་བྱུང་ཚེ་གོ་རྐྱང་ཡིན། དེ་ལྟ་བུའི་ཉམས་ལེན་ལ་རྡོ་རུས་གཏུགས་སྐབས་འཛིན་མེད་ཀྱི་ངང་ལ་འདི་སྣང་གི་རྟོག་ཚོགས་སྒྱུ་མ་ལྟར་མཐོང་སྟེ་སྤང་བླང་མེད་པར་དེའི་ངང་ལ་འབྱམས་འགྲོ་བ་ལྟ་བུ་ཤས་ཆེར་འབྱུང་ཞིང་། སྐབས་འགར་ཚོ་མི་ཟིན་པར་འཁྲུལ་དབང་ཤོར་ན་ཉམས་ཀྱི་རྟགས་ཡིན། གཉུག་མ་དེ་ཀ་མཐོང་ནས་རྐྱེན་གང་བྱུང་ཡང་འཛིན་པའི་ཤན་མ་ཞུགས་པ་ལྟར་རྐྱེན་བཟང་ངན་གང་ལའང་སྤང་བླང་མེད་པར་རྟོགས་ནས་ཚོ་ཟིན་ཏེ་རང་དབང་འབྱོར་ན་རྟོགས་པ་དངོས་ཡིན་པར་གསུངས་པས། གོ་རྟོགས་ཉམས་གསུམ་གྱི་ཤན་འབྱེད་གནང་འཐུས་དགོངས་དབྱིངས་བཞུགས་པ་ཞུ། མངྒ་ལམ། འཛི་སྒར་མཆོག་སྤྲུལ་རིན་པོ་ཆེ་ལ་གདམས་པའོ།། ༈ །།སྭསྟི། སྔོན་སྨོན་སྐྱེས་སྦྱངས་ཡོན་ཏན་ཕུན་སུམ་ཚོགས། །མཆོག་གི་བཞེད་སྐོང་གདམས་པ་བཀའ་


SPN001_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

བབས་ཀྱི། །དོན་བརྒྱུད་སྙིང་པོའི་ཟབ་དོན་མདོར་དྲིལ་བ། །རང་རིག་ཡེ་ཤེས་སྤྲོས་པའི་མཐའ་བྲལ་དེ། །མངོན་སུམ་སྟོན་པའི་རྩ་བ་ཡི་བླ་མ། །སངས་རྒྱས་དངོས་སྣང་འདུ་ཤེས་བཅོས་མིན་གྱི། །མོས་གུས་དག་སྣང་གསོལ་འདེབས་འབད་བརྩོན་ན། །སེམས་ཉིད་ཆོས་སྐུའི་རང་ཞལ་མངོན་མཐོང་འགྱུར། །དེ་ཡང་ཐོག་མར་སྔོན་འགྲོ་རྣམ་བཞི་ཡིས། །རང་རྒྱུད་ལེགས་པར་འདུལ་སྦྱོང་མཉེན་བཙལ་ནས། །དངོས་གཞི་ཞི་ལྷག་ཟུང་འཇུག་བསྒོམ་དགོས་ཏེ། །ལུས་གནད་སེམས་འཛིན་རིགས་རྣམས་ཉམས་དང་བསྟུན། སེམས་གནད་དུས་གསུམ་སྤྲོས་བཅད་སྟོང་གསལ་གྱི། །རིག་པ་ངོ་ཤེས་མ་བཅོས་ལྷོད་བཞག་དང་། །རྟོགས་ན་མ་འཕྲོ་ངོས་བཟུང་རང་གར་བཞག །དེ་ལྟའི་ཚུལ་ལ་རྒྱུན་གོམས་གནས་པ་གསུམ། །རིམ་སྐྱེས་ཚེ་ན་ཉམས་ཀྱི་སོ་མཚམས་ལས། །ལྷན་སྐྱེས་གཉུག་མ་སྨྲ་བསམ་བརྗོད་འདས་ཀྱི། །ཡེ་ཤེས་མ་སྒྲིབ་རང་གསལ་ངང་ཉིད་དུ། །ལྷག་པར་མཐོང་བའི་རིག་གདངས་ཐོག་ལྟ་བུས། །ཕྱི་ནང་གཞན་གསུམ་འཛིན་སྒྲིབ་མ་ལུས་བཅོམ། །དེ་ཡང་གོ་ཉམས་རྟོགས་གསུམ་རབ་དབྱེ་དང་། །གཞི་ལམ་འབྲས་བུའི་རྣམ་བཞག་སྤྲོ་བསྡུ་སོགས། །ཉམས་མྱོང་ཀློང་ནས་རྣལ་འབྱོར་བཞི་རིམ་གྱི། །ས་ལམ་དང་བསྟུན་གྲུབ་མཐས་མ་བསྒྱུར་ཞིང་། །འགལ་འདུ་ཅན་མིན་ཀུན་མཐུན་ཀུན་ལྷག་པའི། །ལྟ་བ་རྣམ་དག་འགྱུར་མེད་བློ་འདས་ཀྱི། །ཆོས་སྐུའི་ཀློང་དུ་རང་རིག་ལ་བཟླའོ། །དེ་སྐད་མཁྱེན་གཉིས་པདྨ་འདབ་སྟོང་ཚལ། །རྣམ་ཀུན་མཆོག་ལྡན་ཟབ་ལམ་


SPN001_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩིའི་ཆར། །ལེགས་བྲན་ཉིན་མོར་བྱེད་པའི་འོད་སྣང་གིས། །རྣམ་པར་བཞད་པའི་གཉེན་དུ་འགྱུར་པར་སྨོན། །སརྦ་ཛ་ག་ཏཾ། ཐར་པ་རྩེའི་ཞབས་དྲུང་མཆོག་སྤྲུལ་རིན་པོ་ཆེ་འཇམ་དབྱངས་མཁྱེན་བརྩེའི་བཞེད་ངོར་སྤེལ།། ༈ །།རྡོ་རྗེ་འཆང་ནས་བཀའ་བརྒྱུད་ནོར་བུའི་ཕྲེང་། །བདུད་ལས་རྣམ་རྒྱལ་བར་བྱོན་རྩ་བརྒྱུད་ཀྱི། །བླ་མ་རྣམས་ལ་ཕྱག་འཚལ་རང་རྒྱུད་ལ། །ཆོས་སྐུ་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །དེ་ཡང་སྔོན་སྨོན་བསགས་སྦྱངས་འབྲས་སྨིན་པས། །དལ་བརྒྱད་འབྱོར་བཅུའི་རྟེན་བཟང་མཆོག་ཐོབ་ཅིང་། །དམ་པའི་མགོན་གྱིས་རྗེས་བཟུང་བཅོམ་ལྡན་འདས། །ཤཱཀྱའི་རྗེས་སློབ་སྨོན་འཇུག་སྐལ་པར་ལྡན། །བསླབ་པའི་གཞི་རྣམས་གཅེས་སྤྲས་འབད་ནས་སུ། །རང་གཞན་དགེ་བའི་གཞིར་གྱུར་ལེགས་ཚོགས་རྨད། །ཁྱད་པར་གནས་ལུགས་གཉུག་མའི་ངེས་པའི་དོན། །རྟོགས་པར་དགོངས་ན་དབེན་གསུམ་བརྟེན་པ་ཡིན། །སྒོ་གསུམ་དགེ་ལ་བཀོལ་བའི་གཞི་བཟུང་ནས། །བཀའ་བརྒྱུད་བྱིན་རླབས་མོས་གུས་བཀའ་བབས་ཞེས། །གསུངས་པར་རྒྱུན་དུ་སངས་རྒྱས་ཐམས་ཅད་ཀྱི། །ངོ་བོ་བླ་མ་མཆོག་ལ་གསོལ་བ་འདེབས། །ལས་དང་རྒྱུ་འབྲས་ཕྲ་ཞིང་ཕྲ་བའང་འཛེམ། །འགྲོ་དྲུག་ཡོངས་ལ་བྱམས་དང་སྙིང་རྗེ་བསྒོམ། །རྣམ་ཀུན་དགེ་སྒྲུབ་སྡིག་སྤོང་ཡིད་དམ་འཆའ། །སྔོན་ཆད་རང་སེམས་རང་ངོ་མ་ཤེས་པས། །འཁོར་བའི་འཁོར་ལོར་འཁོར་བའི་ནོངས་པ་ལ། །བསམ་གཞིག་བཏང་ནས་སྔོན་འགྲོའི་ཆོས་རྣམས་འབད། །


SPN001_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་ཡུལ་འོད་ཞུ་རང་ལ་བསྟིམ་པའི་སྐབས། །སྔར་འདས་རྗེས་བཅད་མ་འོངས་མདུན་མི་བསུ། །ཤེས་པ་སོ་མ་མ་བཅོས་དེ་ངང་ལ། །མཉམ་པར་བཞག་ཅིང་རྗེས་ཐོབ་འཁོར་འདས་ཀྱི། །ཆོས་རྣམས་སྒྱུ་མ་རྨི་ལམ་ལྟ་བུར་བསམ། །དེ་ཡི་ངང་ནས་རང་གཞན་དགེ་ལ་བསྐུལ། །ཆོས་རྣམས་ཀུན་གྱི་སྙིང་པོ་ཕྱག་རྫོགས་ཞེས། །དབྱེར་མེད་གཅིག་འདུས་དེ་ཡང་རང་རིག་གི། །ཡེ་ཤེས་སྐྱོང་ལ་འདུས་ཤིང་གདམས་པའི་ཚུལ། །སི་ཏུ་པདྨའི་མིང་གིས་བྱ་བཏང་བའི། །མཆོག་སྤྲུལ་བཞེད་ངོར་སྤེལ་དེས་འགྲོ་བ་རྣམས། །བླ་མེད་སྐུ་བཞིའི་གོ་འཕང་ཐོབ་གྱུར་ཅིག །མངྒ་ལམ།། ༈ །།རྡོ་རྗེ་འཆང་དངོས་བདུད་འདུལ་རྡོ་རྗེ་ཡིས། །བྱང་ཆུབ་བར་དུ་འབྲལ་མེད་སྐྱོང་གྱུར་ཅིག །རང་སེམས་འདས་དང་མ་འོངས་རྣམ་རྟོག་གིས། །མ་བསླད་མཉམ་པར་བཞག་ཅིང་གང་ཤར་དེའི། །ཤེས་པ་སོ་མ་དེ་ངང་རང་བབ་སྐྱོང་། །དེ་ཡང་སྤྱོད་ལམ་རྣམ་པ་ཐམས་ཅད་དུ། །ཡེངས་མེད་དྲན་པའི་རྩི་ཡིས་ཟིན་བཞིན་པར། །ཆུ་བོ་རྒྱུན་གྱི་རྣལ་འབྱོར་རྟག་པར་འབད། །ལས་འབྲས་སྤང་བླང་མོས་གུས་དག་སྣང་སྦྱོང་། །མར་གྱུར་འགྲོ་བའི་དོན་དུ་སེམས་བསྐྱེད་གནད། །དེ་སྐད་སི་ཏུ་པདྨའི་མིང་ཅན་གྱིས། །སྒྲུབ་པ་གསང་སྔགས་གཡར་ངོར་སྤེལ་བ་དགེ། མངྒ་ལམ།། ༈ །།རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་དངོས་མཆོག །རྗེ་བཙུན་བདུད་ལས་རྣམ་རྒྱལ་དཔལ་འབྲུག་པའི། །ཞབས་ལ་ཕྱག་འཚལ་སྐལ་ལྡན་རྒྱུད་སྨིན་གྲོལ། །བྱིན་རླབས་ཆར་ཆེན་དེང་འདིར་དབབ་


SPN001_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གསོལ། །རང་རིག་གདོད་ནས་ལྷན་སྐྱེས་གཉུག་མའི་སེམས། །གསོལ་འདེབས་མོས་གུས་འཁོར་ཆོས་མཐའ་མེད་པར། །ཞེན་ལོག་ངེས་འབྱུང་རྣམ་དག་གཞིར་བྱས་ནས། །འགྲོ་ལ་སྙིང་བརྩེའི་བྱང་ཆུབ་སེམས་བསྐྱེད་ཅིང་། །ཡེངས་མེད་སྒོམ་མེད་མ་བཅོས་སོ་མའི་ངང་། །མཉམ་པར་བཞག་ཅིང་དུས་གསུམ་དགེ་ཚོགས་རྣམས། །བདག་གིས་གཙོར་བྱ་མ་གྱུར་འགྲོ་བའི་དོན། །བྱང་ཆུབ་གོ་འཕང་ཐོབ་ཕྱིར་བསྔོ་སྨོན་གྱི། །རྒྱས་གདབ་དད་དང་དམ་ཚིག་གཅེས་སྤྲས་སུ། །སྲུང་སྡོམ་གཡེལ་མེད་རྟག་པར་ཐེག་ཆེན་གྱི། །སེམས་བསྐྱེད་རྒྱ་ཆེན་རྒྱུན་དུ་སྐྱོང་བར་འཚལ། །དེ་སྐད་སི་ཏུ་པདྨའི་མིང་ཅན་གྱིས། །དཔལ་དགའ་སྤྲུལ་སྐུར་གདམས་པའི་ཆོས་སུ་སྤེལ། །ཤུ་བྷམ།། ༈ །།དུས་གསུམ་རྒྱལ་བ་ཀུན་འདུས་པདྨ་འབྱུང་། །དབྱེར་མེད་ཀརྨ་ཀ་དང་འབྲུག་པའི་ཞབས། །འདི་ནས་བྱང་ཆུབ་བར་དུ་རིགས་ཀྱི་བདག །འདུ་འབྲལ་མེད་པར་བྱིན་ཆེན་དབབ་ཏུ་གསོལ། །སྐལ་ལྡན་རྒྱུད་གྲོལ་དབང་བཞིའི་ཡེ་ཤེས་ཀྱི། །གོ་འཕང་དམ་པ་བདེ་བླག་ཉིད་ཐོབ་ནས། །བདག་གཞན་འགྲོ་བའི་དོན་དུ་རླབས་ཆེན་གྱི། །ཕྲིན་ལས་ཐོགས་པ་མེད་པར་བྱིན་གྱིས་རློབས། །རང་སེམས་ངོ་བོ་སྟོང་ཞིང་གསལ་བ་ལ། །མ་འགགས་སྣ་ཚོགས་རྣམ་པར་རྟོག་པའི་ཕྲེང་། །སྔོན་བསུ་རྗེས་དཔྱོད་མེད་པར་ད་ལྟར་གྱི། །ཤེས་པ་སོ་མ་མ་བཅོས་དེ་ངང་ལ། །ངོ་བོ་སྐྱོང་ཞིང་མཉམ་པར་བཞག་པར་གནད། །དུས་ཀུན་རྩ་བའི་བླ་མར་བཅོས་མིན་གྱི། །མོས་གུས་ལྟེམ་རྐྱང་མེད་དང་མཁའ་ཁྱབ་འགྲོར། །


SPN001_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་དང་སྙིང་རྗེ་ཕྱོགས་མེད་འབྱོངས་པ་དང་། །སྡོམ་གསུམ་སྐྱོན་བྲལ་གསང་སྔགས་དམ་ཚིག་ལ། །སེལ་མེད་སྒོ་ནས་རང་དང་གཞན་དོན་སྐྱོངས། །ཞེས་པ་པདྨའི་མིང་ཅན་སི་ཏུ་པས། །འཛི་སྒར་བྱང་འདྲེན་ལེགས་བཤད་ངོར་སྤེལ་དགེ། །།༈ དུས་གསུམ་རྣམ་པར་རྟོག་པའི་ཆོས་ཐམས་ཅད། །ལྷན་སྐྱེས་ཡེ་ཤེས་གཉུག་མའི་རང་བཞིན་གྱི། །ཀ་དག་སྤྲོས་དང་བྲལ་བའི་ཀློང་ཡངས་སུ། །ཀུན་ཏུ་བཟང་པོའི་དགོངས་དོན་མྱུར་རྟོགས་ཤོག །དད་ཅན་དགེ་སློང་ཐབས་མཁས་ངོར་སྤེལ།། ༈ །།གདམས་པ་དོན་དུ་གཉེར་བའི་མོས་ལྡན་དག །གསོན་དང་རང་རེ་ཆོས་གཟུགས་འཛིན་པ་རྣམས། །དང་པོ་སྐྱབས་འགྲོའི་སྡོམ་དང་དགེ་བསྙེན་དང་། །རབ་བྱུང་བསྙེན་པར་རྫོགས་སོགས་སྔོན་བྱོན་གྱི། །ལུགས་སྲོལ་ཇི་བཞིན་དེ་ཡི་རྗེས་ཞུགས་སློབ། །དེང་དུས་རྩོད་ལྡན་སྙིགས་ལྔའི་སྐབས་འདིར་ཡང་། །དགེ་བའི་ཕྱོགས་ལ་འདུན་པའང་སྐལ་བཟང་རྨད། །དེས་ན་སོ་ཐར་སྲུང་སྡོམ་རྩ་བཞི་ཆང་། །ཕྲ་རགས་གང་ནུས་བསྲུང་ཞིང་རྣམ་པ་ཀུན། །སྡིག་སྤོང་དགེ་སྒྲུབ་རང་གཞན་སྨན་པའི་བློས། །ཆོས་ཚུགས་བླང་དོར་རང་ཡིད་ཆེས་པ་ཡི། །སྡོམ་པ་དམ་ཚིག་ངོ་ལྐོག་ཐུབ་པ་གནད། །ཡེ་ཤེས་སྤྱན་ལྡན་མི་ཁྲེལ་བྱ་བ་གཅེས། །ཆོས་ཀྱི་སྙིང་པོ་གནས་ལུགས་ཕྱག་རྒྱ་ཆེ། །རིག་པ་རང་གྲོལ་སངས་རྒྱས་རང་བྱུང་གཞི། །བླ་མར་མོས་གུས་འཁོར་བར་ཞེན་ལོག་དང་། །ལས་འབྲས་ཞིབ་དཔྱོད་བྱམས་དང་སྙིང་རྗེ་སྦྱོང་། །གང་ཤར་གཉུག་མ་ཆོས་སྐུའི་ཉམས་


SPN001_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་ལ། །ཁོར་ཡུག་སྐྱོང་བའི་བསམ་གཏན་མཉམ་བཞག་དང་། །རྗེས་ཐོབ་སྒྱུ་མ་ལྟ་བུའི་ངང་ཉིད་ལས། །ལྷན་སྐྱེས་ཡེ་ཤེས་རང་ངོ་འཕྲོད་པ་ཡི། །ཆོས་སྐུའི་གོ་འཕང་བདེ་བླག་བསྒྲུབ་པར་རིགས། །དེ་སྐད་བསླབ་བྱ་མདོར་བསྡུས་གདམས་པའི་ཚུལ། །བཀོད་འདི་སི་ཏུ་པདྨའི་མིང་ཅན་གྱིས། །སྐལ་ལྡན་ཡིད་ཀྱི་ཤིང་རྟ་འགེངས་ཕྱིར་སྤེལ། །དགེ་དེས་འགྲོ་ཀུན་རྡོ་རྗེ་འཆང་འགྲུབ་ཤོག །སརྦ་མངྒ་ལམ། བྷ་ཝནྟུ།། ༈ །།ཆོས་རྣམས་ཀུན་གྱི་གཞི་རྟེན་མཆོག་གྱུར་པ། །སངས་རྒྱས་གཞན་ནས་མི་བཙལ་རང་གི་སེམས། །དུས་གསུམ་སྤྲོས་མཚན་དྲི་མས་མ་བསླད་པར། །གདོད་ནས་སྟོང་གསལ་སྣང་བ་འགགས་མེད་རྩལ། །མ་བཅོས་གང་ཤར་སོ་མའི་ངང་དུ་ཞོག །བསམ་བརྗོད་བློ་ལས་འདས་པ་ཕྱག་རྒྱ་ཆེ། །གནས་ལུགས་ཆོས་སྐུའི་རང་ཞལ་གསལ་སྟོན་པའི། །རྩ་བརྒྱུད་བླ་མའི་གོ་འཕང་མྱུར་ཐོབ་ཤོག །མོས་ལྡན་གང་དེའི་ངོར་སྤེལ་བ་དགེ།། ༈ །།ༀ་སྭསྟི། རང་སེམས་སྐྱེ་མེད་ཆོས་ཀྱི་སྐུ། །པདྨ་འབྱུང་གནས་ཡོངས་ཤར་བས། །དེང་འདིར་གནས་ལུགས་མངོན་གྱུར་གྱི། །རྟོགས་པའི་ཡོན་ཏན་མཐར་ཕྱིན་ཤོག །བླ་མར་མོས་གུས་འབྲལ་མེད་བརྟེན། །འཁོར་བར་ཞེན་ལོག་ངེས་འབྱུང་གི། །རྟེན་འབྲེལ་དགེ་ཚོགས་བར་མེད་སྒྲུབས། །ཀུན་གཞི་བདེར་གཤེགས་སྙིང་པོའི་དོན། །མི་རྟོག་གནས་པར་མི་ཞེན་ཅིང་། །འཁྲུལ་པའི་དྲྭ་བར་མི་འཐུམས་པར། །རང་བབ་རང་བཞིན་


SPN001_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པའི་རྒྱུན། །སེམས་ཉིད་གསལ་སྟོང་སྤྲོས་བྲལ་གྱི། །ལྟ་བ་མཐར་ཐུག་མ་བཅོས་ངང་། །རང་གསལ་སྐྱོང་བ་བསྒོམ་པ་སྟེ། །འཕྲོ་འདུར་སྣང་ཡང་གཉུག་མའི་གཤིས། །ཡེངས་མེད་ངོ་བོ་སྐྱོང་ཕྱིན་ཆད། །སྤྱོད་ལམ་ཐ་མལ་མི་འགྱུར་ཞིང་། །དེ་ཕྱིར་བསྐྱེད་བཟླས་རང་རིག་ཀློང་། །སྣང་སྟོང་ཟུང་འཇུག་རོལ་རྩལ་ལས། །གང་ཤར་སྤང་བླང་བྲལ་བར་སྤྱོད། །ཆོས་ཀུན་སྙིང་པོ་ཟབ་ལམ་གྱི། །རྩ་བ་རང་རིག་སྐྱོང་ལ་འདུ། །དེ་ལྟར་གྲུབ་ཐོབ་གཅོད་ཡུལ་གྱི། །བརྒྱུད་འཛིན་སྦས་ཚུལ་རྣལ་འབྱོར་པ། །བླ་མ་བསོད་ནམས་ཆོས་འཕེལ་གྱི། །བཞེད་ངོར་ཐུགས་དམ་གསོས་འགྱུར་ཕྱིར། །པདྨ་ཉིན་བྱེད་དབང་པོས་སྤེལ། །ཚེ་གཅིག་རྡོ་རྗེ་འཆང་འགྲུབ་ཤོག། །།༈ རང་སེམས་མ་བཅོས་གཉུག་མའི་གཤིས། །ཀ་དག་ངོ་བོ་ཀུན་ཏུ་བཟང་། །དུས་གསུམ་སངས་རྒྱས་འདུས་པའི་དཔལ། །གུ་རུ་པདྨ་འབྱུང་གནས་དྲན། །དྲན་ཙམ་ཉིད་ནས་སྣང་སྲིད་ཀྱི། །ཆོས་རྣམས་ཡེ་དག་སེམས་སུ་འདུ། །དེ་ཡང་དབྱིངས་རིག་དབྱེར་མེད་པ། །གང་ཤར་ཤར་གྲོལ་ཀློང་ཐིམ་ཤོག །ཅེས་པའང་བདེ་དགའི་ངོར་སྤེལ།། ༈ །།དུས་གསུམ་རྣམ་པར་རྟོག་པའི་ཆོས་ཐམས་ཅད། །འཛིན་མེད་བྱར་མེད་རང་བབ་མ་བཅོས་པར། །ཡེངས་མེད་ཆུ་ུབོ་རྒྱུན་གྱི་རྣལ་འབྱོར་ངང་། སྤྱོད་ལམ་ཀུན་ཏུ་དྲན་རྫི་མ་བྲལ་བར། །སེམས་ཉིད་ཆོས་སྐུའི་རང་ཞལ་གཅེར་མཐོང་གི། །རང་རྒྱུད་རིག་རྩལ་ཀུན་བཟང་མྱུར་ཐོབ་ཤོག །ཅེས་པའང་བླ་མ་དགེ་ལེགས་རྒྱ་


SPN001_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

མཚོའི་ངོར་སྤེལ་བ་དགེ།། ༈ །།དལ་འབྱོར་རྙེད་དཀའ་མི་རྟག་རྒྱུད་བསྐུལ་ནས། །ལས་འབྲས་བླང་དོར་འཁོར་བའི་ཉེས་དམིགས་བསམ། །སྐྱབས་འགྲོ་སེམས་བསྐྱེད་རྡོར་སེམས་མཎྜལ་དང་། །བླ་མའི་རྣལ་འབྱོར་ཡི་དམ་བསྐྱེད་རྫོགས་སོགས། །སྔོན་འགྲོའི་ཆོས་རྣམས་འབད་ཅིང་དངོས་གཞི་ནི། །ཕྱག་རྒྱ་ཆེ་དང་རྫོགས་པ་ཆེ་ཞེས་པ། །དགོངས་པ་མདོར་དྲིལ་ཉམས་ལེན་རྩ་བ་ལ། །བླ་མར་མོས་གུས་འཁོར་བར་ཞེན་ལོག་རྣམས། །གཞིར་བྱས་ཡེངས་མེད་སྒོམ་གྱི་རྩ་བ་སྟེ། །དེ་ཡང་རྒྱུན་དུ་དྲན་རྫི་མ་བྲལ་ཙམ། །གནས་པ་ཆེད་དུ་མི་བསྒྲུབ་རྣམ་རྟོག་གི། །རྗེས་སུ་མི་འབྲང་མ་བཅོས་རང་བབས་ཀྱི། །ཤེས་པ་སོ་མ་དེ་ངང་ལྷོད་དེར་བཞག །གསལ་སྟོང་འཛིན་མེད་དབྱིངས་རིག་དབྱེར་མེད་པར། །གང་ཤར་ཆོས་སྐུའི་རོལ་པར་སྐྱོང་བ་གནད། །དེ་ལྟར་རིག་པ་གཞི་ཐོག་ཡེངས་མེད་ངང། །སྤྱོད་ལམ་རྣམ་བཞིར་འབད་པས་རིང་མིན་དུ། །རང་བྱུང་ལྷན་སྐྱེས་གདོད་ནས་རྡོ་རྗེ་འཆང་། །མངོན་གྱུར་འཇའ་ལུས་འོད་སྐུར་སངས་རྒྱས་ཤོག །ཅེས་པའང་སི་ཏུ་པདྨ་ཉིན་བྱེད་དབང་པོས་དད་གསུམ་རྣམ་དག་དྲུང་རམ་བླ་མཆན་ནོར་བུའི་བཞེད་ངོར་སྤེལ་བ་དགེ།། ༈ །།རྣམ་ཀུན་ཆོས་ཅན་དགེ་སྤྱོད་ཀུན། །ཅི་ནུས་བསྒྲུབ་ཅིང་མོས་གུས་དང་། །དག་སྣང་ཕྱོགས་མེད་སྦྱོང་བ་ཡི། །དངོས་ཀུན་ཆོས་ཉིད་སྣང་བ་ཡི། །རྟོག་ཚོགས་སེམས་ཀྱི་ཆོ་འཕྲུལ་རྣམས། །གང་ཤར་མ་བཅོས་གཉུག་མའི་ངང་། །རང་བྱུང་རིག་པའི་ངོ་བོ་སྐྱོངས། །ཅེས་པའང་བླ་མ་ཕྲིན་ལས་རབ་རྒྱས་བཞེད་ལྟར་སྤེལ་བ་བཀྲ་ཤིས།། །།


SPN001_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

༈ དལ་འབྱོར་རིན་ཆེན་ལུས་བཟང་རྟེན་མཆོག་ཐོབ། །མ་ནོར་ལམ་སྟོན་དཔལ་ལྡན་རྡོ་རྗེ་ཅན། །དམ་པ་རྣམས་ཀྱིས་རིམ་པས་རྗེས་བཟུང་ནས། །བསླབ་པ་རྣམ་དག་སྨིན་དབང་གྲོལ་ཁྲིད་ཀྱི། །གདམས་པས་རྒྱུད་བརླན་སྐལ་བར་ལྡན་པར་ངེས། །བྱམས་དང་སྙིང་རྗེས་ཀུན་བསླང་རིས་མེད་འགྲོར། །ཁྱབ་པའི་བསམ་པ་བརྟན་ཅིང་དགེ་བའི་ལས། །ཆེ་ཕྲ་ཀུན་ཀྱང་རང་གཞན་བླ་མེད་ཀྱི། །དོན་དུ་བསྔོ་ཞིང་ཁྱད་པར་སྟོང་ཉིད་ཀྱི། །ལྟ་བའི་ངང་ནས་མཉམ་བཞག་སྐྱོང་བ་སྟེ། །དེ་ཡང་འདས་རྗེས་མ་འོངས་རྣམ་རྟོག་བསལ། །ཤེས་རིག་སོ་མ་གང་ཤར་བཟོ་མེད་བསྐྱང་། །དེ་ལ་རིམ་གྱིས་གོམས་འདྲིས་མཐར་ཕྱིན་གནད། །ཀུན་གྱི་རྩ་བ་མོས་གུས་གདུང་ཤུགས་དང་། །འཁོར་བར་ཞེན་ལོག་ཆོས་ལ་ངེས་འབྱུང་བསྐྱེད། །ལས་འབྲས་བླང་དོར་ཕྲ་ཞིབ་འཛེམ་པ་དང་། །སྡོམ་པ་དམ་ཚིག་ངོས་ལྐོག་མེད་པ་རུ། །ཇི་ནུས་བསྲུང་ཞིང་ལུས་ངག་དགེ་ལ་འབད། །དུག་ལྔའི་དབང་དུ་མ་གྱུར་གཉེན་པོ་ཡི། །སྟོབས་ཀྱིས་སླེབས་པའི་དྲན་པའི་རྩིས་ཟིན་ངང་། །གང་ཤར་མ་བཅོས་གནས་ལུགས་བསྐྱང་བ་ན། །སྐབས་ཤིག་དོན་གྱི་ཡེ་ཤེས་ངོ་བོ་ཉིད། །ཕྱག་རྒྱ་ཆེ་དང་རྫོགས་པ་ཆེ་ཞེས་པ། །དབྱེར་མེད་རྒྱལ་བ་གོང་མ་གཤེགས་པའི་ཤུལ། །ལམ་བཟང་བླ་མེད་ཀུན་འདུས་རིག་པའི་རྩལ། །ཆོས་སྐུ་སྒྲིབ་བྲལ་མངོན་གྱུར་མཐོང་ཞེས་པར། །གོང་མ་རྣམས་ཀྱིས་མགྲིན་གཅིག་གསུངས་པ་བཞིན། །ཤེས་རབ་ལྡན་པས་བསམ་གཏན་གཡོ་མེད་པར། །


SPN001_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོན་འགྲུས་དང་བཅས་འབད་པས་འགྲུབ་པར་འགྱུར། །དེས་ན་དྲན་རྫི་མ་བྲལ་ངང་དེ་ནས། །ཆོས་ཀུན་སེམས་སུ་ཐག་བཅད་གདེང་ལྡན་པས། །ཆུ་བོའི་རྒྱུན་བཞིན་རྣལ་འབྱོར་བསྒྲུབ་པར་འཚལ། །དེ་སྐད་སྐལ་ལྡན་ལས་འཕྲོ་བསོད་ནམས་ཅན། །ལྷ་ཡི་བཟོ་འཕྲུལ་རྨད་བྱུང་ཐར་མཆོག་ཅེས། །གང་དེའི་བསྐུལ་བ་དོན་ལྡན་བྱ་ཕྱིར་དུ། །སི་ཏུ་པདྨ་ཉིན་བྱེད་དབང་པོས་སྤེལ། །དགེ་དེས་གནས་ལུགས་ཕྱག་རྒྱ་ཆེན་པོ་ཡི། །ཡེ་ཤེས་མངོན་སུམ་རང་གཞན་རྒྱུད་སྨིན་ནས། །སྐུ་བཞིའི་གོ་འཕང་ཚེ་འདིར་ཐོབ་ནས་སུ། །ཐར་པ་མཆོག་གི་ས་ལ་འགོད་པར་ཤོག །སརྦ་མངྒ་ལཾ་སུ་ཛ་ཡནྟུ།། ༈ །།ན་མོ་གུ་རུ། སྐྱབས་ཀུན་འདུས་པ་རྒྱལ་མཆོག་ཀརྨ་ཀ། བདུད་འདུལ་རྡོ་རྗེ་སྐྱེ་དང་ཚེ་རབས་ཕྲེང་། བྱང་ཆུབ་སྙིང་པོའི་བར་དུ་འབྲལ་མེད་པར། སྙིང་གི་ཐིག་ལེར་རྟག་བཞུགས་བྱིན་གྱིས་རློབས། འཕགས་པའི་སར་གནས་མཆོག་རྣམས་གཤེགས་པའི་ཤུལ། །སྐལ་ལྡན་ལས་ཅན་གྲོལ་དང་སྨིན་བྱེད་ལམ། །ཕྱག་རྒྱ་ཆེ་ཞེས་ཟབ་དོན་རྨད་བྱུང་བ། །མཐར་ཐུག་དོན་གྱི་ཡང་བཅུད་མན་ངག་རྣམས། །རྒྱ་བོད་མཁས་གྲུབ་ཀུན་གྱི་གསུང་དྲི་མེད། །མུ་ཏིག་ཕྲེང་འདྲ་ལྟ་བུའི་གསུང་གསང་མཛོད། །ཀུན་ཏུ་གསལ་བཞིན་དེ་ཉིད་གཞིར་བཞག་པའི། །སྔོན་འགྲོ་དང་ནི་དངོས་གཞིའི་རིམ་པ་ལས། །དང་པོ་བསགས་སྦྱང་ཚོགས་གཉིས་རླབས་ཆེན་པོ། །སེམས་ཀྱི་དྲི་མ་སྤངས་པའི་ཐེག་ཆེན་གྱི། །བསམ་སྦྱོར་དང་བཅས་དེ་ཡང་རང་རྒྱུད་དུལ། །


SPN001_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་འབྱུང་སྐྱོ་ཤས་མོས་གུས་གཞི་བརྟན་ཅིང་། །དད་དང་ཚུལ་ཁྲིམས་བག་ཡོད་དམ་ཚིག་གཙང་། །འགྲོ་ལ་ཉེ་རིང་བྲལ་བའི་བྱམས་པ་དང་། །སྟོང་ཉིད་སྙིང་རྗེ་ལྟ་བའི་གདེང་ལྡན་པས། །དགེ་ཀུན་མ་གྱུར་འགྲོ་ལ་བསྔོ་བར་འབད། །དངོས་གཞི་ཕྱག་རྫོགས་དབྱེར་མེད་ཟུང་འཇུག་པ། །ཤེས་པ་སོ་མ་དེ་ངང་མ་བཅོས་པར། །བྱར་མེད་ལྷུག་པར་བཞག་ནས་ཡེངས་མེད་ངང་། །རྩོལ་སྒྲུབ་རེ་དོགས་སྤང་བླང་མེད་པར་བསྐྱང་། །དེ་ཉིད་རྒྱུན་དུ་གོམས་འདྲིས་མཐར་ཕྱིན་གནད། །ཁྱད་པར་བརྒྱུད་པ་བྱིན་རླབས་ཚན་ཁ་ཆེ། །བསླུ་མེད་བླ་མར་གསོལ་འདེབས་ཁོ་ནར་འབུངས། །སྐབས་ཞིག་དོན་གྱི་ཡེ་ཤེས་འཆར་ཞེས་གསུངས། །དེས་ན་རང་སེམས་ཆོས་ཀུན་འདུས་པ་ལ། །ཆོས་སྐུར་རྟོགས་པའི་མཉམ་བཞག་རྒྱུན་བསྐྱང་བྱ། །གཞན་ཡང་རྣམ་དཀརདགེ་བ་གང་འགྲུབ་དང་། །ལས་འབྲས་བླང་དོར་ཚུལ་བཞིན་བསྒྲུབས་ནས་སུ། །སྙིང་པོའི་བསྟན་ལ་བྱ་བ་བྱེད་པ་ཡི། །ཐོས་བསམ་སྒྲུབ་པའི་རྒྱལ་ས་འཛིན་པ་དང་། །འགྲ་ོལ་ཕན་བདེའི་གོ་འཕང་སྦྱིན་ནུས་པའི། །འབྲེལ་ཚད་ཐར་པའི་ལམ་བཀོད་ཕྲིན་ལས་ཀྱི། །སྙིང་སྟོབས་གོ་ཆ་འཆང་ལ་དཔའ་བ་ཡི། །འཕགས་ཆེན་སྤྱན་རས་གཟིགས་བཞིན་འགྲུབ་གྱུར་ཅིག །དེ་སྐད་བླ་མ་སྙན་གྲགས་དཔལ་བཟང་པོའི། །བཞེད་ངོར་སི་ཏུ་པདྨ་ཉིན་བྱེད་ཀྱིས། །སྤེལ་དགེས་འགྲོ་ཀུན་རྡོ་རྗེ་འཆང་ཐོབ་ཤོག །དགེའོ།། ༈ །།དད་ལྡན་ཀརྨ་སྨོན་ལམ་ཞེས་པ་ནས། །རང་ཚུལ་མོལ་མཆིད་དེར་གསལ་ལྟར་འབྱོར་བ། །རྒྱལ་དབང་བཅུ་


SPN001_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རྡོ་རྗེ་འཆང་ཆེན་པོ། །དངོས་སུ་ཞལ་མཇལ་བྱིན་རླབས་འཕོ་དབང་ཐོབ། །སྐལ་བཟང་སྐལ་བར་ལྡན་པའི་སྐྱེ་སྔོན་གྱི། །ལས་འཕྲོའི་བསོད་ནམས་ལྡན་ལས་གཞན་དུ་ཅི། །འོན་ཀྱང་འདིར་སྣང་ཞེན་འཛིན་ཆོས་བརྒྱད་ཀྱི། །བདུད་བཞིའི་རླུང་ལ་མི་གཡེང་དལ་རྟེན་འདི། །སྙིང་པོར་བྱ་ཕྱིར་རང་ལ་རགས་ལས་ཕྱིར། །དེས་ན་མོས་གུས་ལྟེམ་རྐྱང་མ་སོང་བར། །རང་སེམས་ངོ་བོ་བླ་མའི་དཀྱིལ་འཁོར་དུ། །འཆར་བའི་མ་བཅོས་དེ་ངང་སྣང་རིག་ཀུན། །དུས་གསུམ་རྟོག་པའི་དྲྭ་བས་མ་བཅིངས་པའི། །གང་ཤར་འཛིན་མེད་སྐྱོང་བའི་ཉམས་ལེན་གྱི། །མཉམ་པར་བཞག་དང་རྗེས་ཐོབ་གཉིས་འཛིན་ཆོས། །ཐམས་ཅད་སྒྱུ་མའི་སྣང་བར་འཆར་བ་ཡི། །ཡོད་མིན་མེད་མིན་ཟུང་འཇུག་ལྟ་བའི་གདེང་། །ཡེངས་མེད་ཆུ་རྒྱུན་ལྟ་བུའི་རྣལ་འབྱོར་འཚལ། །རང་གཞན་སྒོ་གསུམ་དགེ་ལ་བཀོལ་བ་ཡི། །བསགས་སྦྱང་ཅི་ནུས་འབད་པས་དང་ལེན་ནས། །སྡིག་ལས་ཆེ་ཕྲ་སྤང་པའི་ཡིད་དམ་བཟུང་། །ནམ་ཞིག་ཀུན་གཞི་བདེ་གཤེགས་སྙིང་པོ་ཞེས། །ཆོས་སྐུ་དྲི་མེད་རིག་པའི་རང་རྩལ་གྱི། །ངོ་བོ་གཅེར་མཐོང་བརྒྱུད་པའི་བྱིན་རླབས་འཇུག །དེ་ཕྱིར་ཚེ་གཅིག་སངས་རྒྱས་ཐོབ་པའི་ཆོས། །གཞན་དུ་མ་མཆིས་དེ་ལྟར་ཕྱག་རྫོགས་སོགས། །ཉམས་ལེན་ངང་ནས་རང་སེམས་སྐྱོང་བ་གནད། །བསྟན་འགྲོའི་བདེ་ཐབས་སྤེལ་ཕྱིར་སྨོན་བདེན་ཚིག །དགོས་ཞེས་དེ་ལྟར་བསམ་པ་ལྷུན་གྲུབ་དང་། །རིགས་གསུམ་སྙིང་པོ་གནས་མཆོད་སོགས་ལ་འབད། །དེ་ལས་ཁོ་བོའི་ཚིག་རིས་འབྲས་བུ་


SPN001_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

དབེན། །ངལ་བའི་རྒྱུར་སྣང་དེ་ལྟར་ཡིད་ངེས་འཚལ། །ཉམས་སུ་ལེན་པའི་སྣོད་དང་ལྡན་གྱུར་ན། །གསར་རྙིང་ཆོས་རྣམས་དགོས་འབྱུང་ནོར་བུ་བཞིན། །དེ་ཕྱིར་གཞན་དུ་གསར་རྩོམ་དང་གཏེར་ཆོས། །སྣ་ཚོགས་འདི་དག་ཉིང་འཁྲུལ་ཆུ་ཤིང་དཔེར། །ཇི་བཞིན་ངེས་པས་ཅལ་སྒྲོག་རྗེས་འཇུག་སྤོངས། །རང་སེམས་དཔང་བཙུགས་དད་དང་དམ་ཚིག་ལ། །གཅེས་སྤྲས་དགེ་སྒྲུབ་སྡིག་སྤང་རྣམ་ཀུན་ཏུ། །ཡིག་དྲུག་དུང་ཕྱུར་བཟླས་ལ་བརྩོན་པར་ཞུ། །སླད་ནས་དགེ་ཚོགས་ཡར་ཟླ་ལྟར་འཕེལ་སྨོན། །ལྷ་རྫས་སྔགས་མདུད་དམ་རྫས་དང་བཅས་ཏེ། །དཔལ་སྤུངས་ཆོས་གྲྭའི་ཡང་དབེན་ཁང་ནས་སྤེལ། །མངྒ་ལམ།། ༈ །།སྔོན་སྨོན་རྣམ་དཀར་དགེ་འབྲས་དུས་སྨིན་པས། །དལ་འབྱོར་རྟེན་བཟང་བསླབ་གསུམ་རྒྱན་ལྡན་པའི། །མཚུངས་བྲལ་དད་དམ་ལྡན་པ་གང་ཉིད་ཀྱི། །ཐུགས་དམ་ཟབ་མོའི་ཉམས་བཞེས་རིམ་པ་ཡང་། །འཁྲུལ་མེད་དམ་པའི་གསུང་དང་རྗེས་མཐུན་པར། །དུས་གསུམ་རྣམ་པར་རྟོག་པ་ཇི་སྙེད་པ། །རྟོག་མེད་རིག་པའི་རང་རྩལ་ཁོ་ན་རུ། །ཤར་བས་དུག་ལྔ་ལ་སོགས་ཉོན་མོངས་ཚོགས། །ཤར་གྲོལ་དུས་མཉམ་རིག་པ་རང་གྲོལ་ཕྱིར། །སྤྲོས་བྲལ་གནས་ལུགས་རྟོགས་པར་སོམ་ཉི་ཅི། །མི་སློབ་རབ་ཏུ་དགའ་བའི་ས་ཡང་ནོན། །དེ་ཕྱིར་ད་དུང་དེ་ལྟར་རྒྱུན་སྐྱོང་དང་། །རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པར་ངེས། །ཞེས་པའང་འབྲུག་པ་བླ་མའི་བཞེད་ངོར་སི་ཏུས་སྤེལ།། ༈ །།སྭསྟི། སྔོན་སྨོན་


SPN001_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོས་ཚོགས་ཟུང་འབྲས་སྨིན་པས། །དལ་རྟེན་མཆོག་ཐོབ་སྙིང་པོའི་བསྟན་ལ་ཞུགས། །མཚན་ལྡན་རྡོ་རྗེ་སློབ་དཔོན་རྣམས་དང་མཇལ། །ཆོས་ཀྱི་སྣོད་རུང་རྗེས་སུ་བཟུང་ནས་སུ། །གདམས་ངག་ཟབ་ཆོས་སྨིན་གྲོལ་ལམ་བཟང་བཀོད། །གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས། །ཟབ་ལམ་ནཱ་རོ་ཆོས་དྲུག་ཉམས་ལེན་དང་། །རྣམ་ཀུན་མཆོག་ལྡན་ཕྱག་རྒྱ་ཆེན་པོ་ཡི། །སྔོན་འགྲོ་དངོས་གཞི་ཇི་བཞིན་བསྒྲུབ་ནས་སུ། །མོས་གུས་དང་ནི་ཞེན་ལོག་ངེས་འབྱུང་གིས། །རྒྱུད་བསྐུལ་བརྩོན་འགྲུས་མཐའ་རུ་ཕྱིན་པའི་མཐུས། །གོལ་ཤོར་འཕྲང་ལས་གྲོལ་ཏེེ་གདོད་མའི་གཤིས། །གནས་ལུགས་ཆོས་སྐུའི་རང་ཞལ་དྲི་མེད་པར། །མཐོང་ལ་ཡི་རང་སིམ་པ་ཅི་ཡང་བསྐྱེད། །སླད་དུའང་ལས་འབྲས་བླང་དོར་ཞིབ་སྤྱོད་ཅིང་། །བྱང་ཆུབ་སེམས་བསྐྱེད་གཞན་ཕན་རྩ་བ་བརྟན། །དད་གསུམ་རྣམ་དག་དམ་ཚིག་གཅེས་སྤྲས་དང་། །བསྐྱེད་དང་རྫོགས་པའི་རིམ་པ་ལྷུར་ལེན་ནས། །སྣང་སྲིད་ཆོས་སྐུའི་རོལ་པ་འཆར་བཞིན་དུ། །ཡེངས་མེད་བསྒོམ་པར་དེ་ཉིད་ཆོས་ཀུན་འདུས། །རྡོ་རྗེ་འཆང་ཆེན་ཏིལླི་ནཱ་རོ་པ། །མར་པ་མི་ལ་དྭགས་པོ་དུས་མཁྱེན་སོགས། །བཀའ་བརྒྱུད་བླ་མ་རྣམས་དང་ཡི་དམ་ལྷ། །ཡེ་ཤེས་ཆོས་སྐྱོང་ཚོགས་ཀྱི་ཐུགས་རྗེའི་མཐུས། །ཆོས་ལྟར་བཅོས་པའི་འཁྲུལ་པ་རྒྱང་བསྲིང་ཞིང་། །མ་ནོར་ངེས་དོན་སྙིང་པོའི་གནས་གཞོལ་ནས། །སྟོན་པའི་བསྟན་ལ་བྱ་བ་བྱེད་པ་དང་། །འབྲེལ་བཅས་ཐར་པའི་ལམ་དུ་བཀོད་


SPN001_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་པར། །རང་རིག་ཡེ་ཤེས་མངོན་དུ་གྱུར་ནས་སུ། །དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །དེ་སྐད་ཤར་ཕྱོགས་གདུལ་བྱར་གྱུར་པའི་འགྲོ། །ཡང་དག་ལམ་སྟོན་འདུལ་འཛིན་དགེ་བའི་བཤེས། །ངུར་སྨྲིག་འཆང་བ་བླ་མ་ནཱ་ཐ་ཞེས། །གང་དེའི་བཞེད་ངོར་ཨོ་རྒྱན་ལུང་ཟིན་ཙམ། །སི་ཏུ་པདྨ་ཉིན་བྱེད་དབང་པོས་སྤེལ། །དགེ་དེས་འགྲོ་ཀུན་བླ་མེད་སངས་རྒྱས་ཤོག །ཅེས་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་ཡང་དབེན་སྒྲུབ་ཁང་ནས་དགེ། །།༈ རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར། །སྙིང་པོ་དོན་བརྒྱུད་རྣམས་དང་རང་སེམས་དང་། །དབྱེར་མེད་འདུ་འབྲལ་མེད་ངང་རྣམ་ཀུན་དུ། །ཆོས་མཐུན་གསོལ་གདབ་བསགས་སྦྱང་སྔོན་འགྲོའི་རིགས། །འབད་ཅིང་སེམས་ཅན་ཕ་མའི་རང་བཞིན་ལ། །བྱང་ཆུབ་སེམས་ཀྱི་རྩི་ཡིས་ཟིན་པ་ནས། །ཚད་མེད་བཞི་ལྡན་སྒོ་ནས་འགྲོ་ཕན་དུ། །ཕྱོགས་རིས་མེད་པར་སྨན་སྦྱིན་བཏང་བ་ལས། །སེམས་ཀྱི་དྲི་མ་ནམ་ཡང་རིང་དུ་སྤོངས། །བསྟན་སྒོར་འཇུག་པའི་སྐལ་བཟང་བསླབ་སྡོམ་ལ། །གསོ་སྦྱང་དང་ནི་ཤ་ཆང་བག་ཡོད་གནད། །བསྟན་དང་བླ་མ་དགེ་འདུན་སྤྱི་ཡི་དོན། །ལྷག་བསམ་དག་པས་ལྷུར་ལེན་གང་འགྲུབ་དང་། །རྣམ་ཀུན་དགེ་སྒྲུབ་སྡིག་སྤང་ཚད་ལྡན་བྱ། །དྲན་རིག་ཡེངས་མེད་ངོ་བོ་སྐྱོང་བཞིན་དུ། །ཉིན་སྣང་སྒྱུ་མ་རྨི་ལམ་རྟོགས་བྱས་ནས། །མཚན་སྣང་དེ་ཡི་ལ་ཟླར་གོམས་འདྲིས་ཀྱི། །མ་ཡེངས་དེ་ངང་སྤྱོད་ལམ་བརྟན་བྱས་ན། །ཆོས་སྐུའི་རང་རྩལ་སེམས་ཀྱི་ངོ་མཐོང་ཞེས། །རྡོ་རྗེའི་གསུང་གསང་


SPN001_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལས་བྱུང་བ་བཞིན། །བྱིན་རླབས་འཕོ་དབང་ངེས་ཐོབ་སྐལ་ལྡན་གྱི། །ཉམས་ལེན་མོས་ཐོབ་འཚོ་བྱེད་སྨན་བླ་ཡིས། །བསྐུལ་ཕྱིར་སི་ཏུ་པདྨས་བཀོད་པའི་དགེས། །རང་གཞན་དོན་གཉིས་ཡོངས་གྲུབ་བྱིན་གྱིས་རློབས།། ༈ །།བཀའ་བརྒྱུད་པའི་བླ་མར་གསོལ་བ་འདེབས། །སེམས་གང་ཤར་རིག་པ་ཧྲིག་གེ་བ། །ཕྱི་སྣང་བའི་ཡུལ་ཕྱིར་མི་འབྲང་ཞིང་། །ནང་འཛིན་པས་མ་བསླད་རྗེན་ལྷང་ངེ། །དེ་མཉམ་རྗེས་རེས་འཇོག་མ་ཡིན་ཅིང་། །རྐྱེན་བཟང་ཞན་གང་ཤར་དེ་ངང་སྐྱོང་། །མོས་གུས་ཅན་སྒོམ་གྱི་མགོ་བོ་དང་། །ཞེན་ལོག་ཅན་སྒོམ་གྱི་རྐང་པ་ཞེས། །སྔོན་གྲུབ་བརྙེས་རྣམ་ཐར་ཚུལ་བཞིན་དུ། །རྗེས་སློབ་པའི་དགེ་བས་ནམ་ཞིག་ཏུ། །སེམས་ཆོས་སྐུའི་རང་ཞལ་མཐོང་ངོ་ཞེས། །ལྷ་བྲིས་པ་བསྟན་འཛིན་གཡར་ངོ་རུ། །སི་ཏུ་པ་པདྨའི་མིང་དེས་སྤེལ།། ༈ །།གང་ཁྱོད་སྔོན་ཚེ་ཚོགས་ཟུང་གི། །བསགས་སྦྱངས་ལེགས་སྨོན་དགེ་དེ་ཡིས། །དལ་རྟེན་མཆོག་ཐོབ་སྙིང་པོའི་བསྟན། །སྒོར་ཞུགས་ཆོས་ཟབ་ལམ་མ་ནོར། །ཕྱག་རྫོགས་ཉམས་ལེན་སྐལ་བཟང་ཐོབ། །ཆོས་ཀུན་རྩ་བ་སེམས་ཉིད་དེ། །རིག་པ་ཧྲིག་གེར་རང་སར་ཞོག །ལེགས་ཉེས་རྩིས་གདབ་མི་བྱ་བར། །དུས་གསུམ་རྣམ་རྟོག་རྗེས་མི་འབྲང་། །དེ་ལྟར་ཡང་ཡང་གོམས་པ་ན། །སེམས་ཉིད་གཞི་མེད་རྩ་བྲལ་གྱི། །ཆོས་སྐུའི་ངོ་བོ་རང་ཞལ་མཐོང་། །དེའང་མོས་གུས་ཞེན་ལོག་དང་། །དམ་ཚིག་དགེ་སྡིག་བླང་དོར་


SPN001_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

གནད། །བཀའ་བརྒྱུད་གོང་མའི་བྱིན་རླབས་ཀྱི། །ཡེ་ཤེས་རྒྱུད་སྨིན་གྲོལ་གྱུར་ཅིག །སི་ཏུ་པས་གཅོད་བླ་ཚེ་དབང་བཞེད་ལྟར་སྤེལ།། ༈ །།ཀ་དག་གདོད་མའི་མགོན་ལ་ཕྱག་འཚལ་འདུད། །སེམས་ཉིད་ལྷན་སྐྱེས་རང་བྱུང་རིག་པའི་དོན། །གཏན་ལ་འབེབས་པའི་ཡེ་ཤེས་ངོ་སྤྲད་ཕྱིར། །ཐ་མལ་འཁྲུལ་པ་རྒྱ་འབྱམས་རྣམ་རྟོག་གི། རྗེས་སུ་མི་འབྲང་མ་འོངས་མདུན་མི་བསུ། །ད་ལྟའི་ཤེས་པ་སོ་མའི་ངང་དུ་བཞག །དེ་ལ་བཅས་བཅོས་གནས་དགའ་འགྱུ་སྡུག་སྤངས། །གང་ཤར་དེ་ཡི་གནས་ལུགས་རྒྱུན་དུ་སྐྱོངས། །མ་གྱུར་སེམས་ཅན་འགྲོ་ལ་ཕན་སེམས་ཀྱི། །བྱང་སེམས་སྙིང་རྗེ་བསྐྱེད་ཅིང་རྣམ་ཀུན་དུ། །དཀོན་མཆོག་ཀུན་འདུས་རྩ་བའི་བླ་མ་ལ། །མོས་གུས་དད་དང་དམ་ཚིག་མོས་བློ་ཡི། །རྩ་བ་བརྟན་ཅིང་འཁོར་བར་ཞེན་ལོག་གི། །བསམ་པ་འགྱུར་བ་མེད་ཅིང་དུས་ཐམས་ཅད། །སྒོ་གསུམ་དགེ་བའི་ལས་ལ་བཀོལ་བར་བྱ། །ཅི་བྱེད་ཆོས་ཀྱི་ཕྱོགས་ལ་འབད་པས་ན། །ནམ་ཞིག་ཆོས་སྐུ་བདེ་བ་ཆེན་པོ་ཡི། །གོ་འཕང་རང་རྒྱུད་བདེ་བླག་ཐོབ་པར་འགྱུར། །ཅེས་པའང་ལྷ་སྲས་རིན་པོ་ཆེའི་བཞེད་དགོངས་ལྟར་སི་ཏུ་པདྨའི་མིང་གིས་བཀོད་པའོ།། ༈ །།དུས་གསུམ་སངས་རྒྱས་ཀྱི་སྐུ་གསུང་ཐུགས། །ཡེ་ཤེས་རྡོ་རྗེ་ཡི་ངོ་བོ་ཉིད། །གདོད་ནས་ཡོངས་གྲུབ་ཀྱི་རྡོ་རྗེ་འཆང་། །ཟླ་འོད་གཞོན་ནུ་ལ་གསོལ་བ་འདེབས། །རང་བྱུང་རིག་པ་དང་དབྱེར་མེད་ངང་། །ཀུན་ཁྱབ་ལྷན་སྐྱེས་ཀྱི་རང་མདངས་རྩལ། །ཀུན་བཟང་བདེ་ཆེན་གྱི་རོལ་པ་རུ། །སྣང་བཞིན་དུ་བདེ་གསལ་མི་རྟོག་པའི། །གཞི་མ་


SPN001_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་གཉུག་མ་སྤྲོས་དང་བྲལ། །ལམ་འོད་གསལ་ཕྱག་རྒྱ་ཆེན་པོའི་གཤིས། །ཡིན་ལ་ཡིན་བཞིན་པའི་ཐུགས་རྗེའི་འོད། །བྱིན་རླབས་ཀྱི་ཟེར་ཐག་འགོག་མེད་པར། །བདུན་བརྒྱུད་དུ་ངེས་པར་ཟབ་མོའི་དོན། །ཡེ་ཤེས་གཏད་ཙམ་གྱིས་སྨིན་གྲོལ་ལམ། །བཀོད་པ་ཡི་ཞལ་བཞེས་རྗེས་དགོངས་ལ། །རྗེ་ནཱ་རོ་དངོས་སྤྲུལ་དཔལ་འབྲུག་པའི། །ཆོས་བདུད་རྩིའི་ཉིང་ཁུ་ཡང་བཅུད་འདི། །ཞལ་བརྒྱུད་ནས་མངའ་བདག་ལོ་ཙཱ་ཆེ། །དགྱེས་མཛད་ཀྱི་སྒྱུ་འཕྲུལ་གར་རོལ་པ། །གྲུབ་རྣམས་ཀྱིས་དབུགས་དབྱུང་མིང་དབང་གིས། །གསལ་བ་རུ་མངོན་པར་གཟེངས་བསྟོད་པའི། །རྗེ་སངས་རྒྱས་རས་ཆེན་སྐྱེས་རབས་ཕྲེང་། །འཛིན་པ་པོ་པདྨའི་མིང་ཅན་ལ། །རྒྱུད་བྱིན་རླབས་རྡོ་རྗེ་བཞི་དབང་གིས། །དེང་རྟོགས་གྲོལ་ཡོན་ཏན་སིམ་པ་སྟེ། །སྙིགས་དུས་འདིར་ལས་ཅན་དམ་ཚིག་ཅན། །ཀུན་གྱི་སྤྱི་ནོར་དུ་གཞན་ཕན་བློས། །མོས་པས་སྤེལ་བགྱི་ན་སྣོད་ལྡན་གྱི། །སྐལ་ལྡན་རྣམས་དྭངས་པ་ཆེར་བསྐྱེད་ལ། །གཞི་མོས་གུས་འདུན་པ་བརྟན་པོ་ཡིས། །ལམ་བཟང་འདིར་འཇུག་པ་ཡོད་སྲིད་ན། །གནད་བྱིན་རླབས་ཐུགས་རྗེའི་རྟེན་འབྲེལ་དབང་། །ལས་སྨོན་ལམ་བཟང་པོས་མཚམས་སྦྱར་མཐུས། །རྟེན་ཐོག་འདིར་མཆོག་གཉིས་གྲུབ་པ་ཡི། །དངོས་གྲུབ་བདེ་བླག་ཏུ་ཐོབ་པར་ངེས། །རང་དང་གཞན་སེམས་ཅན་རིས་མེད་འགྲོ། །ཐར་པའི་གོ་འཕང་དུ་བཀོད་པ་ལ། །སྒྲོལ་བའི་དེད་དཔོན་མཆོག་ཐོབ་པར་ཤོག །ཅེས་རིག་འཛིན་འཇའ་ཚོན་པའི་གཏེར་བྱོན་གསང་ལམ་བླ་སྒྲུབ་


SPN001_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་པ་བདུན་བར་དུ། སློབ་མ་སྣོད་ལྡན་གྱུར་ན། གྲོལ་བ་མངོན་གྱུར་ཞལ་བཞེས་སྣང་བར། ཁོ་བོ་བདུན་པར་ངེས་ཤེས་བརྟན་ཐོབ་ཟླ་སྤྲུལ་པས་ཉམས་ལེན་དང་། རྟེན་ཞལ་ཐང་བཞེས་པར་སྨོན་ལམ་བསྐུལ་ངོར། སི་ཏུ་པདྨ་ཉིན་མོར་བྱེད་པས་སྤེལ་བྲིས་ཆོས་འདི་འབྲེལ་ཚད་སྨིན་གྲོལ་དོན་དང་ལྡན་པར་གྱུར་ཅིག །སརྦ་མངྒ་ལམ།། ༈ །།སྔོན་ཚེ་དགེ་ཚོགས་བཟང་པོའི་འབྲས་སྨིན་མཐུས། །དལ་རྟེན་མཆོག་ཐོབ་ངེས་དོན་བསྟན་སྒོར་ཞུགས། །མ་ནོར་ལམ་སྟོན་ཡོངས་འཛིན་རྣམས་དང་མཇལ། །ཤཱཀྱའི་རྗེས་འཇུག་སློབ་པའི་སྐལ་བཟང་དང་། །བླ་མེད་རྡོ་རྗེ་ཐེག་པའི་ལམ་ཟབ་མོར། །སྨིན་ཅིང་གྲོལ་ནས་རྒྱུད་བྱིན་བརླབ་པ་དང་། །བྱང་ཆུབ་སེམས་བསྐྱེད་རྩིས་ཟིན་སྡོམ་གསུམ་གྱི། །དམ་ཚིག་གཅེས་སྤྲས་རྣམ་ཀུན་འབད་པར་གནད། །དེང་འདིར་དམ་ཆོས་ཕྱག་རྒྱ་ཆེན་པོ་གང་། །བགོ་སྐལ་ཐོབ་འདི་བརྒྱ་ལམ་རེས་འགའ་ཙམ། །དོན་བརྒྱུད་བཀའ་གསང་བདུད་རྩིའི་རྒྱུན་དྲི་མེད། །ཡིད་ལ་སིམ་པ་ཨེ་མ་ངོ་མཚར་རྨད། །ཐུན་མོང་སྔོན་འགྲོ་ཆོས་བཞིས་བློ་སྦྱངས་ནས། །ཐུན་མིན་སྐྱབས་འགྲོ་སེམས་བསྐྱེད་སྒྲིབ་སྦྱོང་དང་། །ཚོགས་བསགས་བླ་མའི་རྣལ་འབྱོར་ཡི་དམ་གྱི། །བསྐྱེད་བཟླས་དངོས་གཞི་ཉམས་ལེན་རྩ་བ་སྟེ། །རྣམ་ཀུན་འཁོར་བའི་ལས་ལ་ཞེན་ལོག་གི། །རྒྱུ་འབྲས་ཕྲ་ཞིབ་སྤང་བླང་འཆོལ་མེད་ཅིང་། །བླ་མར་མོས་གུས་ལྟེམ་རྐྱང་མ་ཤོར་བར། །སྙིང་ནས་ཐེ་ཚོམ་བྲལ་བའི་གསོལ་འདེབས་འབུངས། །མཉམ་མེད་ཟླ་འོད་གཞོན་ནུའི་ཞལ་སྔ་ནས། །སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ལྷན་ཅིག་སྐྱེས་


SPN001_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆོས་སྐུའི་འོད། །སྣང་སེམས་དབྱེར་མེད་བདེ་སྟོང་ལྷན་ཅིག་སྐྱེས། །ལྷན་སྐྱེས་རང་ངོ་ཤེས་པར་བྱིན་གྱིས་རློབས། །ཅེས་གསུངས་ཐ་མལ་སེམས་འདི་གདོད་མ་ནས། །ཆོས་སྐུར་གནས་ཀྱང་གློ་བུར་ཨ་འཐས་ཀྱི། །དྲི་མས་སྒྲིབ་བཞིན་དེ་དག་བསལ་བའི་ཕྱིར། །ཚོགས་དྲུག་སྣང་བ་གང་ཤར་བདེན་མེད་དུ། །སྒྱུ་མའི་རང་མདངས་རྨི་ལམ་ཅི་བཞིན་པར། །རྟོགས་ནས་སྣང་སེམས་རོ་གཅིག་འདུ་ཤེས་ངང་། །མ་བཅོས་རང་བབས་ཡེངས་མེད་ཉམས་ལེན་སྐྱོངས་། །རྣམ་ཀུན་དྲན་རྫི་བརྟན་ཅིང་དུས་གསུམ་གྱི། །རྣམ་རྟོག་མི་འཕྲེང་ཆེད་དུའང་མི་བཀག་པར། །མ་ཡེངས་ཙམ་དུ་མཉམ་པར་བཞག་པ་དང་། །སྤྱོད་ལམ་ཀུན་དུ་གཡེལ་མེད་རྟག་པར་འབད། །ཞི་གནས་སྐྱོན་བྲལ་རབ་ཏུ་བརྟན་པ་ན། །རང་རིག་ལྷག་གེར་མཐོང་བའི་ངེས་ཤེས་ཐོབ། །འོན་ཀྱང་བདེ་གསལ་མི་རྟོག་ཉམས་བཟང་ལའང་། །ཞེན་འཛིན་སྤངས་ནས་མ་བཅོས་རང་ངོ་སྐྱོངས། །རིམ་བཞིན་རྩེ་གཅིག་སྤྲོས་བྲལ་སྒོམ་མེད་སོགས། །རྟོགས་པ་མངོན་གྱུར་ཐ་མལ་སྣང་ཞེན་བྲལ། །རང་རིག་ཆོས་སྐུའི་རྒྱལ་ས་ཟིན་གྱུར་ན། །གཞན་དོན་ཕྲིན་ལས་རླབས་ཆེན་སྤྱོད་པ་དང་། །སྐུ་བཞིའི་དབང་ཕྱུག་རྒྱལ་ས་ཐོབ་པར་ངེས། །གནས་སྐབས་ཆོས་ལྡན་བཤེས་དང་མི་འབྲལ་ཞིང་། །སྒྲུབ་པ་མཐར་ཕྱིན་ཚེ་རིང་ནད་མེད་ཅིང་། །གེགས་དང་གོལ་ས་མི་མཐུན་གནོད་པ་ཞི། །དོན་གཉིས་བསམ་དོན་ལྷུན་གྲུབ་འབྱུང་བར་སྨོན། །དེ་སྐད་ཚུལ་འདིར་འདུན་པའི་མོས་


SPN001_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཅན། །དད་གསུམ་ལྡན་པ་ཀརྨ་བཀྲ་ཆོས་པས། །རིང་ནས་བསྐུལ་བར་དོན་ཡོད་བྱ་བའི་ཕྱིར། །སི་ཏུ་པདྨའི་མིང་གིས་བཀོད་པ་སྟེ། །དགེ་བས་རང་གཞན་འགྲོ་བ་མ་ལུས་པ། །རྡོ་རྗེ་འཆང་དབང་དབྱེར་མེད་འགྲུབ་གྱུར་ཅིག །ཤུ་བྷཾ།། ༈ །།རྒྱལ་བ་གོང་མ་དག་གི་བགྲོད་གཅིག་ལམ། །ཟབ་མོ་ཕྱག་ཆེན་གནད་ལ་བརྩོན་བྱས་ན། །བརྒྱད་ཁྲི་བཞི་སྟོང་ལམ་གྱི་ཉམས་ལེན་ཀུན། །གཅིག་ཆར་རྒྱུད་ལ་རྫོགས་པར་རྩོད་པ་བྲལ། །དེས་ན་བླ་མའི་མོས་གུས་གཞིར་བཟུང་སྟེ། །མ་ཡེངས་མི་བསྒོམ་ངང་ལ་དྲན་རིག་གིས། །ཟིན་ཙམ་དེ་ལས་སྤྲོས་པ་ཀུན་སྤང་བའི། །ལམ་འདིར་མོས་པས་ཀུན་ནས་འཇུག་པར་མཛོད། །སྐྱབས་ཀུན་འདུས་ཀྱི་སངས་རྒྱས་ཀརྨ་པ། །ཡིད་མོས་གུས་ཀྱི་གདུང་ཤུགས་དྲག་པོ་ཡིས། །འབྲལ་མེད་དུ་སྙིང་དབུས་འཆང་ལགས་ན། །བརྗོད་བྲལ་གྱི་ལྷན་སྐྱེས་ཡེ་ཤེས་དངོས། །ཚེགས་མེད་དུ་རྟོགས་པར་བྱིན་གྱིས་རློབས། །དབོན་ཀརྨ་བསྟན་པའི་ངོར་སྤེལ།། ༈ །།ན་མོ་ཤྲཱི་ཡ་ན་ཨུཏྟ་ར་བཛྲ་ཡེ། སྔོན་བསགས་ལེགས་བྱས་ཀྱི་རང་གཟུགས་བདོ་བའི། །དབང་ཤུགས་ཀྱི་དལ་བརྒྱད་འབྱོར་བཅུ་ཐོབ་ཅིང་། །དེ་ལས་ཀྱང་རྒྱལ་བས་རྗེས་སུ་འཛིན་ཕྱིར། །མི་མངོན་གྱི་དབྱིངས་ནས་གཟིགས་པ་བཞིས་དགོངས། །མཆོག་གི་སྣང་བརྙན་སྐྱེད་བྱེད་ཀྱི་ཡུམ་གྱུར། །དམ་པའི་རྣམ་ཐར་ལ་མི་ཕྱེད་འདུན་པ། །ཕྱོགས་མེད་ཀྱི་དག་སྣང་འབྱོངས་ཤིང་རྣམ་ཀུན། །བྱམས་པ་དང་སྙིང་རྗེས་ཡོངས་ལ་ཕན་བདེའི། །ལྷག་བསམ་གྱི་ཟླ་ཟེར་དཀར་པོས་ཁྱབ་


SPN001_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །ངེས་དོན་ལ་ཕྱོགས་པའི་ཉམས་ལེན་གནད་གསང་། །སྙིང་པོར་བསྒྲིལ་བའི་རྣལ་འབྱོར་ལ་གཞོལ་པ། །ཁ་ཙམ་དུ་མ་ཡིན་གཏིང་ནས་གུས་པ། །མཚན་ལྡན་སློབ་མ་སྐལ་བ་ཅན་འཕགས་མའི། །རྣམ་པར་འཕྲུལ་ཤེས་རབ་མ་ཡི་ཟོལ་འཛིན། །གདོད་ནས་དག་པའི་ཡེ་ཤེས་རང་བརྙེས་མོད། །ཚུར་མཐོང་ངོར་ཐེག་པ་ལ་རིམ་འཇུག་གིས། །སྨོན་པའི་ཆོས་ཀུན་གྱི་ཡང་རྩེའི་ཏོག་གྱུར། །བླ་མར་གསོལ་བཏབ་ཟབ་ལམ་གྱི་གདུང་དབྱངས། །རིང་ནས་བསྐུལ་པ་དོན་ཡོད་ཀྱི་ཆེད་དུ། །གང་ཤར་ངང་ནས་འདི་སྐད་དུ་གསོལ་ལོ། །ཀྱེ་ཧོ། ཐོག་མེད་ཀྱི་དུས་རིང་ནས་ང་བདག་ཏུ་འཛིན་པའི། །འཁྲུལ་པ་ཡང་འཁྲུལ་རྒྱ་འབྱམས་ཀྱི་དྲྭ་བར་འཐུམས་ནས། །འཁོར་བའི་ལས་ལ་ཟད་མེད་ཆུ་བོའི་རྒྱུན་ལྟ་བུ། །བཟློག་ཏུ་མེད་པའི་སེམས་ཅན་ལ་བརྩེ་བས་དགོངས་ཤིག །རྩོད་ལྡན་དུས་འདིར་རྒྱལ་བ་དང་རྒྱལ་སྲས་སློབ་ཚོགས། །ལྷག་པར་ཐུགས་བསྐྱེད་དམ་བཅའ་རྩལ་སྤྲུགས་ཀྱི་ངང་ནས། །གཟུགས་སྐུར་བཞེངས་པ་ཀུན་རྫོབ་ངོར་ཐ་དད་སྟོན་ཀྱང་། །དོན་དམ་སྐྱེ་འགགས་གནས་མེད་ཀྱི་དབྱིངས་སུ་གཅིག་པས། །རང་སེམས་ལྷན་སྐྱེས་ཆོས་སྐུ་ཡི་ཀློང་ཡངས་སུ་དྲན་ཆོག །དྭངས་མའི་མགོན་པོ་སྙིང་གི་ཏི་ལ་ཀར་གདོད་གནས། །ཀུན་བཟང་འོད་མི་འགྱུར་བ་ཀརྨ་ཀ་མཁྱེན་ནོ། །སྣང་སྲིད་བླ་མའི་རོལ་པ་རུ་ཤར་བར་བྱིན་རློབས། །ཞེས་སོ། །དེ་སྐད་རྒྱལ་ཡུམ་དགོངས་བསྐང་ཕྱིར། །སྤྱི་བརྟོལ་བསྐྱེད་པའི་ཚིག་གི་ཕྲེང་། །པདྨ་ཉིན་བྱེད་དབང་གིས་


SPN001_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས། །དགེ་དེས་ཆོས་སྐུ་ཐོབ་གྱུར་ཅིག །ཤུ་བྷམ།། ༈ །།ཨེ་མ། རིང་ནས་བསོད་ནམས་ཡེ་ཤེས་འདུ་བྱས་པའི། །དལ་རྟེན་ལུས་ཐོབ་དེ་ལས་ཁྱད་པར་དུ། །རྒྱལ་བའི་མཆེད་ལྕམ་ཚུལ་དུ་གནས་པ་ཡི། །བག་ཆགས་བཟང་པོས་བསྐུལ་བས་ཆོས་ཀྱི་སྒོར། །འཇུག་ཅིང་ལྷག་པའི་བློ་དང་རབ་ལྡན་པའི། །དོན་དམ་གནས་ལུགས་ཕྱོགས་ལ་འདུན་པ་ཅན། །དེ་ཚུལ་གླེང་བའི་གདམས་པ་དོན་གཉེར་བ། །སྐལ་བཟང་སྐལ་བར་ལྡན་པའི་རང་བཞིན་ངེས། །དེའང་དང་པོར་མི་རྟག་རྒྱུད་བསྐུལ་ཞིང་། །འཁོར་བའི་ཆོས་ལ་བློ་ལོག་བྱང་ཆུབ་སེམས། །ཕྱོགས་མེད་འབྱོང་ཞིང་མཆོག་གསུམ་རྩ་བ་གསུམ། །ཀུན་འདུས་ངོ་བོ་དྲན་མཆོག་བླ་མ་ལ། །རྣམ་ཀུན་མོས་གུས་ལྟེམ་རྐྱང་མེད་པ་ཡི། །གསོལ་འདེབས་ངང་ནས་དུས་གསུམ་རྣམ་རྟོག་ཀུན། །རྒྱུན་བཅད་གང་ཤར་སོ་མའི་ངོ་བོ་སྐྱོངས། །མ་བཅོས་རང་བབས་དྲན་པའི་རྒྱང་སོ་ནི། །མ་བྲལ་ངང་ལ་ལྷན་ནེར་འཇོག་པ་གནད། །དེ་ཡང་སྤྱོད་ལམ་རྣམ་པ་ཐམས་ཅད་དུ། །ཉམས་ལེན་རྩི་ཡིས་ཟིན་བཞིན་ཡེངས་མེད་ཀྱིས། །དེ་ལ་གོམས་འདྲིས་བརྟན་པ་ཆེར་ཐོབ་ན། །ཞི་གནས་ལྷག་མཐོང་ལ་སོགས་རིམ་བཞིན་པར། །རྟོགས་པ་ན་འཕར་རང་སེམས་ཆོས་ཀྱི་སྐུ། །གནས་ལུགས་དེ་ཁོ་ན་ཉིད་མངོན་གྱུར་ནས། །བླ་མེད་སྐུ་བཞིའི་རྒྱལ་ས་མཆོག་ཐོབ་འགྱུར། །ཅེས་པའང་རྗེ་བཙུན་མའི་དགོངས་བཞེད་ལྟར་གདམས་པའི་ཚུལ་དུ་སི་ཏུ་པདྨ་ཉིན་བྱེད་དབང་པོས་བཀོད་པའོ།། ༈ །།ཨ་ཧོ། རིགས་ཀུན་གྱི་ཁྱབ་


SPN001_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

བདག་བཀའ་དྲིན་ཅན། །དཔལ་པདྨ་འབྱུང་གནས་ཀརྨ་ཀ། དབྱེར་མེད་པ་སྤྱི་བོའི་རྒྱན་མཆོད་ནས། །དེང་མོས་པའི་བུ་ལ་བྱིན་གྱིས་རློབས། །ཕྱི་ཀུན་རྫོབ་སྒྱུ་མའི་འཁྲུལ་འཁོར་ལ། །བདེན་ཞེན་འཛིན་ཨ་འཐས་ཐེར་ཟུག་གི། །བློ་རྣམ་རྟོག་ཕྲེང་བ་ལུག་རྒྱུད་བཞིན། །གང་ཤར་བའི་འགྱུ་ུབ་དེ་ངང་ལྷོད། །ཡིད་མ་བཅོས་འཛིན་བྲལ་སྣང་ཞིང་སྟོང་། །དོན་གསལ་ལ་འགགས་མེད་རང་ཞལ་ལྟོས། །བློས་བྱས་ཀྱི་རྩོལ་བས་མ་བསླད་པར། །གནས་དགའ་དང་འཕྲོ་བའི་རེ་དོགས་སྤང་། །ཡེངས་མེད་ཀྱི་དྲན་རྫིའི་རྒྱང་སོ་བཙུགས། །སྤྱོད་ལམ་ཀུན་གཉུག་མའི་ངོ་བོ་སྐྱོངས། །མཚན་སྣང་གི་ཉིང་འཁྲུལ་ལྡོག་མེད་པར། །ལམ་ཁྱེར་ཕྱིར་སེམས་ཀྱི་འཕེན་པར་བཏང་། །ཉམས་ལེན་གྱི་རྩི་དང་མ་བྲལ་ན། །གཉིད་འོད་གསལ་ཕྱག་རྒྱ་ཆེན་པོར་རྟོགས། །སངས་རྒྱས་ཞེས་བྱ་བའི་བཅོམ་ལྡན་འདས། །དུག་ལྔ་བཅོམ་ཡེ་ཤེས་ལྔ་དང་ལྡན། །འཁོར་བ་ལས་འདས་པས་དེ་ཉིད་དང་། །སེམས་ཅན་དུ་བཏགས་པའི་འཁྲུལ་འབྱམས་མཁན། །ཉོན་མོངས་པའི་ཕུང་པོ་འདི་དག་ཀྱང་། །དོན་སེམས་ཉིད་རྟོགས་དང་མ་རྟོགས་ཁྱད། །གཞི་གཅིག་ལས་ལམ་གཉིས་གསུངས་པའི་ཕྱིར། །རང་རེ་རྣམས་དལ་འབྱོར་ཐོབ་དུས་འདིར། །ཆོས་ཕྱིར་དུ་དཀའ་བ་སྤྱད་ནས་སུ། །ཆོས་མ་ནོར་ཕྱག་རྫོགས་ཉམས་ལེན་སྒོམས། །ཆོས་གེགས་འདུ་འཛི་ཡི་རྣམ་གཡེང་སྤོངས། །ཆོས་མིན་འདྲེས་ཁྱེར་རིགས་རྒྱང་བསྐྱུར་ལ། །ཆོས་བླང་དོར་


SPN001_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་བཞིན་དབྱེ་བསལ་གནད། །ཆོས་དམ་ཚིག་དད་པ་འགྱུར་མེད་བརྟན། །ཆོས་སྒྲུབ་པའི་རྣལ་འབྱོར་ལ་མོས་པས། །ཆོས་རང་བྱུང་ལྷན་སྐྱེས་ཡེ་ཤེས་ཀྱི། །ཆོས་རང་རྡོལ་སེམས་ཀྱི་རྡོ་རྗེ་ཆེ། །ཆོས་སྨྲ་བསམ་ལས་འདས་ཀུན་བཟང་གི། །དགོངས་དོན་མཆོག་རྟོགས་པའི་སྐལ་ལྡན་ནས། །རང་གཞན་ཀུན་ཕྱམ་གཅིག་བྱང་ཆུབ་ཀྱི། །གོ་འཕང་ལ་དཀྲི་བའི་ནུས་ཐོབ་དེས། །འཁོར་བ་རྣམས་དོང་སྤྲུགས་སངས་རྒྱས་ཤོག །དེ་སྐད་ཅེས་གསང་སྔགས་རྙིང་མ་ཡི། །ཆོས་བརྒྱུད་འཛིན་གྲུབ་དབང་རིམ་བྱོན་གྱི། །གནས་གདན་ས་སྐྱོང་བའི་ལས་སྨོན་ཅན། །དབོན་བླ་མ་གསང་སྔགས་བསྟན་འཛིན་ཞེས། །མིང་དོན་མཚུངས་གང་དེའི་དད་པའི་གསོས། །རྒྱས་ཕྱིར་དུ་བཞེད་པ་བསྐང་བའི་བློས། །སི་ཏུ་པ་པདྨ་ཉིན་བྱེད་ཀྱིས། །གསལ་གདབ་ཀྱི་ཚུལ་དུ་བཀོད་པ་དགེ། །མངྒ་ལམ།། ༈ །།སྐུ་གསུམ་ངོ་བོ་རྩ་བའི་བླ་མ་ཞེས། །རྒྱལ་བས་ལུང་ཟིན་ངེས་པའི་སྐྱེས་མཆོག་ལ། །དད་གུས་མོས་བློ་འགྱུར་ལྡོག་བྲལ་བ་ཡིས། །དུས་གསུམ་སངས་རྒྱས་ཀུན་འདུས་ངོ་བོ་རུ། །རྩ་བརྒྱུད་བླ་མ་ཡེ་ཤེས་ཀློང་གཅིག་པར། །རང་རིག་ལྷན་སྐྱེས་ཆོས་སྐུ་དབྱེར་མེད་ངང་། །སྐྱེ་འགགས་གནས་བྲལ་གང་ཤར་འཛིན་མེད་ཀྱི། །མི་བསྒོམ་མ་ཡེངས་རིག་པའི་རྒྱུན་བསྐྱང་ནས། །མ་ཡེངས་དྲན་པའི་རྩི་དང་མ་བྲལ་གནད། །ཐ་མལ་སྣང་བ་རྒྱ་འབྱམས་མ་ཡིན་པར། །སྣང་སྲིད་ཆོས་རྣམས་རང་རིག་རང་རྩལ་ལས། །


SPN001_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་མ་གྲུབ་དེ་ཕྱིར་ཉམས་ལེན་གྱི། །གནད་གསང་སེམས་ཉིད་སྤྲོས་བྲལ་ཉིད་ལ་འདུས། །རང་སེམས་ཆོས་སྐུར་རྟོགས་པའི་ཐབས་ཟབ་མོ། །ཚེ་གཅིག་རྡོར་འཆང་གོ་འཕང་ཐོབ་པར་ངེས། །ཅེས་པའང་སི་ཏུ་པདྨའི་མིང་ཅན་གྱིས། །གནས་མདོ་ཆོས་གྲྭའི་དགེ་བཤེས་དད་དམ་ཅན། །ལས་སྐལ་ལྡན་པ་རྣམས་ཀྱི་བགོ་སྐལ་ཆོས། །གདམས་པའི་དགེ་དེས་ཆོས་སྐུ་མངོན་གྱུར་ཤོག། །།༈ བཀའ་བརྒྱུད་གོང་མ་རྣམ་གསུམ་ལ་ཕྱག་འཚལ། །གང་ཉིད་སྔོན་བསགས་ལས་སྨོན་དུས་སྨིན་ཅིང་། །བརྒྱུད་པའི་བྱིན་རླབས་ཚན་ཁ་མ་ཉམས་བཞིན། །སྔོན་འགྲོའི་ཡོན་ཏན་ཚུལ་བཞིན་སྐྱེས་པ་ལེགས། །དངོས་གཞི་ཉམས་ཀྱི་སྐབས་ཏེ་ཅི་ལྟར་ཡང་། །རྡོ་རྗེ་འཆང་སོགས་དོན་བརྒྱུད་བླ་མ་ལ། །གསོལ་འདེབས་བླ་མའི་རྣལ་འབྱོར་གཞིར་བཟུང་ནས། །བདེ་གསལ་མི་རྟོག་འཕྲོ་རྒོད་བྱིང་རྨུགས་སོགས། །བདེ་དང་མི་བདེའི་འཛིན་རྟོག་གང་འཆར་བའི། །ངོ་བོར་བལྟས་ཚེ་རང་གྲོལ་ཆུ་རླབས་བཞིན། །སྤྲོས་བྲལ་རིག་སྟོང་རང་ངོ་འཕྲོད་པར་ངེས། །མ་བཅོས་སོ་མ་ལྷུག་པར་ཞོག་ཅིག་ཅེས། །བཀའ་བརྒྱུད་ཁྲིད་དང་ཞལ་གདམས་ཐམས་ཅད་ལས། །བཤད་ཀྱང་བཞག་ཐབས་གནད་ཁེལ་དཀའ་བར་སྣང་། །འོན་ཀྱང་སྤང་བླང་བཅོས་སྒྱུར་རེ་དོགས་ཀྱི། །འཆིང་བ་ཀུན་བྲལ་མ་ཡེངས་ཙམ་དུ་ནི། །ངོ་བོ་ཁོ་ན་བསྐྱང་ལས་ཕྱག་ཆེན་གྱི། །ཉམས་ལེན་འདི་ཞེས་སྨྲ་བརྗོད་ཡུལ་ལས་འདས། །དེས་ན་སྟོང་པ་ཕྱང་ཆད་ལ་སོགས་པ། །གོལ་ཤོར་བཞི་པོའི་ལམ་ལོག་རྒྱང་


SPN001_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

བསྲིངས་ཏེ། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་ཐེག་མཆོག་ལམ། །འཁྲུལ་མེད་ཉམས་ལེན་མཐར་ཕྱིན་འབད་འཚལ་ཞུ། །དེ་སྐད་སི་ཏུ་པདྨའི་མིང་ཅན་གྱིས། །དགེ་རྒྱལ་རྗེ་དྲུང་སྤྲུལ་སྐུར་གདམས་པ་དགེ། །།༈ རྒྱལ་བ་གོང་མའི་ཕྱག་ཆེན་ཁྲིད་རིམ་ལས། །ཚིག་དང་ཡི་གེས་ནམ་ཡང་བསྟན་དུ་ུམེད། །བླ་མར་སངས་རྒྱས་ཤེས་པས་གསོལ་འདེབས་དང་། །བྱིན་རླབས་མཐུ་ཡིས་ནང་ནས་སྒྲོག་ཁྲོལ་དགོས། །དང་པོའི་ལས་ཅན་སེམས་འཛིན་ཞི་གནས་སྒྲུབ། །གོམས་ནས་ལྷག་མཐོང་རང་ངོ་ཤེས་པ་ནས། །རྣལ་འབྱོར་བཞི་རིམ་གོ་རྟོགས་མྱོང་བ་སྐྱེ། །དེའང་མི་ཉམས་གོང་དུ་སྤེལ་བའི་ཕྱིར། །ཞེན་ལོག་ངེས་འབྱུང་ལས་འབྲས་བག་ཡོད་སོགས། །སྒོམ་གྱི་བདག་པོ་ཡིན་པས་ཚུལ་བཞིན་བསྟེན། །ཆོས་མཁས་སྒོམ་བཟང་ང་རྒྱལ་གཏིང་ནས་སྤོངས། །བདེ་ཆེན་ཞིང་དུ་སྨོན་ལམ་ཡང་ཡང་ཐོབ། །ཚུལ་དེས་གཏན་བདེའི་གོ་འཕང་ཐོབ་པར་ངེས། །དེ་སྐད་དད་གསུམ་ལྡན་པ་ཚེ་བརྟན་ངོར། །སི་ཏུས་སྤེལ་དགེས་དོན་གཉིས་ཡོངས་འགྲུབ་ཤོག། །།༈ འཁོར་འདས་གཉིས་ཆོས་ཀུན་སེམས་ཀྱི་རང་མདངས། །སྣང་བ་འཁྲུལ་པའི་རྗེས་འབྲང་འདི་འཁོར་བའི་གཞི་མ། །དེ་རྗེས་མི་འབྲང་བར་རང་ངོ་ཤེས་བཞིན། །རིག་རྩལ་ཐོག་བབ་ཏུ་འཇོག་པ་ཉམས་ལེན་གྱི་མཐིལ་སོ། །མི་གཡེལ་ལྷོ་ཆགས་དབོན་མཛོད་མཁས་གྲུབ་ངོར་སྤེལ།། ༈ །།རང་ཉིད་ཐ་མལ་གནས་པའི་སྤྱི་བོ་རུ། །དཀོན་མཆོག་ཀུན་འདུས་ངོ་བོ་པདྨའི་མཚན། །རབ་བྱུང་ཆ་ལུགས་གསལ་བར་བསྐྱེད་ནས་སུ། །


SPN001_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བཟུང་བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །དད་གསུམ་མོས་པས་གསོལ་བ་བཏབ་པའི་མཐུས། །ཚེ་འདིར་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་མཆོག །བདེ་བླག་ཉིད་དུ་ཐོབ་པར་བྱིན་གྱིས་རློབས། །འགྲོ་ཀུན་འདྲེན་པའི་དཔལ་དུ་བདག་གྱུར་ཅིག །ཅེས་དང་། སེམས་ཀྱི་བཞག་ཐབས་ནི། རང་སེམས་གདོད་ནས་ཆོས་སྐུར་གནས་པ་ལ། །བསག་སྦྱང་མོས་གུས་བླ་མའི་བྱིན་རླབས་ཀྱིས། །རང་ངོ་ཤེས་བཞིན་འཁྲུལ་རྗེས་མི་འབྲང་བར། །སྟོང་གསལ་འཛིན་མེད་མ་བཅོས་ངང་ལ་བཞག །འགྲོ་ཀུན་སངས་རྒྱས་ཐོབ་པའི་བསྔོ་སྨོན་བྱ། །སྡིག་སྤང་དགེ་སྒྲུབ་རྣམ་ཀུན་འབད་པར་བྱོས། །བཟོ་རིག་ཚངས་དབྱངས་དང་། ལྷ་འོད་ངོར་སྤེལ།། ༈ །།བཀའ་བརྒྱུད་གོང་མ་གཤེགས་ཤུལ་ཕྱག་རྒྱ་ཆེའི། །ཉམས་ལེན་གནད་ལ་རྩ་བའི་བླ་མ་ཉིད། །སངས་རྒྱས་ཀུན་འདུས་ངོ་བོར་གསོལ་འདེབས་པ། །མོས་གུས་སྒོམ་གྱི་མགོ་བོར་གསུངས་པ་ཡིན། །བར་དུ་རང་སེམས་རིག་རིག་ཏུར་ཏུར་པོ། །བདེ་གསལ་མི་རྟོག་ཉམས་ཀྱི་སྣང་ཆ་ལ། །ཞེན་མེད་རང་ངོ་རྟག་ཏུ་སྐྱོང་བ་ནི། །ཡེངས་མེད་སྒོམ་གྱི་དངོས་གཞི་ཞེས་སུ་གྲགས། །ཚེ་འདིའི་འདོད་ཡོན་རིགས་རུས་ཆོས་བརྒྱད་ལ། །ཞེན་མེད་དགེ་རྩ་ཆེ་ཕྲ་གང་འགྲུབ་པ། །ཕྱི་བཤོལ་མེད་པར་ལག་ལེན་འདེབས་པ་ནི། །ཞེན་ལོག་སྒོམ་གྱི་རྐང་པ་ཞེས་བྱར་གསུངས། །གེགས་སེལ་བོགས་འདོན་ངོ་སྤྲོད་ལ་སོགས་པའི། །གནད་འགག་ཐམས་ཅད་ངེས་པར་འདིར་ཚང་བས། །ཉམས་སུ་བླངས་པས་ཚེ་གཅིག་སངས་རྒྱས་ཀྱི། །


SPN001_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

གོ་འཕང་ཚེགས་མེད་ཉིད་དུ་འགྲུབ་གྱུར་ཅིག །དེ་སྐད་སི་ཏུ་པདྨའི་མིང་ཅན་གྱིས། །དགེ་མ་ཚངས་སྤྱོད་དཔལ་མོའི་བཞེད་ངོར་སྤེལ།། ༈ །།མ་ཧཱ་མུ་ུདྲ་སིདྡྷི་ཧཱུྃ། སྔོན་བསགས་དཀར་པོའི་འབྲས་སྨིན་དལ་རྟེན་ཐོབ། །མཚན་ལྡན་བླ་མ་མཇལ་ཞིང་ཆོས་དང་འཕྲད། །དུས་འདིར་སྡིག་སྤོང་དགེ་སྒྲུབ་སེམས་དོན་གྱི། །ཚུལ་ལ་མོས་པ་དེ་བཞིན་སྤྲོ་བ་རྨད། །བཀའ་བརྒྱུད་བྱིན་རླབས་རྩ་བ་མོས་གུས་དང་། །སྙིང་རྗེ་དག་སྣང་སྦྱང་པ་གལ་ཆེ་གསུངས། །དེ་ཕྱིར་སྔོན་འགྲོ་བསག་སྦྱང་ཆོས་རྣམས་ལ། །འབད་ཅིང་བླ་མ་རྡོར་འཆང་ངོ་བོ་རུ། །སྤྱི་བོར་བསྒོམ་ཞིང་དབང་བཞི་ལེན་པ་དང་། །འོད་ཞུ་རང་ཐིམ་སེམས་ཉིད་མ་བཅོས་ངང་། །མཉམ་པར་བཞག་ཅིང་ངོ་བོ་སྐྱོང་བ་གནད། །དྲན་རྫི་འབྲལ་མེད་སྤྱོད་ལམ་རྣམ་ཀུན་དུ། །ཉིན་སྣང་ཐམས་ཅད་སྒྱུ་མ་རྨི་ལམ་བཞིན། །བདེན་མེད་མཚན་སྣང་དེ་བཞིན་བསྐྱངས་ནས་སུ། །རྣམ་རྟོག་འཁྲུལ་བའི་དབང་དུ་མ་སོང་བར། །རང་བབ་རང་བཞིན་རིག་པའི་རྒྱུན་སྐྱོང་གནད། །ནམ་ཞིག་རང་སེམས་རང་ངོ་འཕྲོད་པ་ཡི། །བླ་མེད་སྐུ་བཞིའི་རྒྱལ་ས་ཟིན་པར་སྨོན། །དེ་སྐད་མོས་ལྡན་དད་ཅན་རྣམས་ཀྱི་ངོར། །སི་ཏུ་པདྨའི་མིང་གིས་སྨྲས་པ་དགེ། །སརྦ་ཛ་ཡ།། ༈ །།རྣམ་ཀུན་མཆོག་ལྡན་སྟོང་ཉིད་གཟོད་མའི་གཤིས། །མི་ཤིགས་མི་འགྱུར་བཟོ་མེད་བདེ་བ་ཆེའི། །གནས་ལུགས་མངོན་གྱུར་བཀའ་བརྒྱུད་རྒྱ་མཚོ་ཡིས། །ལྷན་སྐྱེས་ཡེ་ཤེས་སྣང་བ་རྒྱས་བྱིན་རློབས། །གང་ཁྱོད་


SPN001_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་བསགས་ལས་སྨོན་འབྲས་སྨིན་མཐུས། །དལ་འབྱོར་དོན་ལྡན་སྒྲུབ་ལ་འབད་བརྩོན་དེའི། །ཉམས་མྱོང་རྟོགས་པ་ན་འཕར་འཆར་སྒོའི་ཚུལ། །ཇི་བཞིན་སྐྱེས་ལ་ངོ་མཚར་ཡི་རང་གནས། །ད་དུང་ཉམས་ལ་ཞེན་དང་ཚེ་འདིའི་འཁྲིས། །ཆོས་བརྒྱད་སྣང་ཤས་དབང་དུ་མ་ཤོར་བར། །ལས་འབྲས་དམ་སྡོམ་ཕྲ་ཞིབ་བླང་དོར་གནད། །སྐབས་སུ་རོ་སྙོམས་བྱང་སེམས་བློ་སྦྱོང་འབད། །རིམ་བཞིན་སྒོ་གསུམ་རྒྱུད་སྨིན་གྲོལ་གྱུར་ནས། །སེམས་ཉིད་ཆོས་སྐུའི་རང་ཞལ་མཐོང་བར་སྨོན། །དེ་སྐད་སི་ཏུ་པདྨའི་མིང་ཅན་གྱིས། །འབྲོང་རིགས་སྒྲུབ་པ་ཀརྨ་དར་རྒྱས་ངོར། །ཉམས་ལེན་གསལ་འདེབས་ཆེད་དུ་བཀོད་དགེ་དེའི། །འགྲོ་ཀུན་བྱང་ཆུབ་གོ་འཕང་ཐོབ་ཕྱིར་བསྔོ། །མངྒ་ལམ།། ༈ །།བྱིན་རླབས་དོན་བརྒྱུད་མར་མི་དྭགས་གསུམ་ལ། །གསོལ་འདེབས་རང་སེམས་ལྷན་སྐྱེས་ཆོས་ཀྱི་སྐུ། །གདོད་མའི་གནས་ལུགས་མངོན་སུམ་རྟོགས་གྱུར་ནས། །སྐུ་བཞིའི་གོ་འཕང་མྱུར་ཐོབ་བྱིན་གྱིས་རློབས། །སྐྱེ་འགགས་གནས་བྲལ་མ་བཅོས་སོ་མའི་ངང་། །གང་ཤར་དེ་ཡི་ངོ་བོ་སྐྱོང་བཞིན་དུ། །སྡོམ་པ་དམ་ཚིག་སེལ་མེད་ལས་འབྲས་ཀྱི། །བླང་དོར་གཅེས་སྤྲས་རྒྱུན་སྤྱོད་འབད་པར་འཚལ། །ཟླ་བོ་དབུ་མཛད་ཀརྨའི་ངོར་སྤེལ་བ་དགེ།། ༈ །།སེམས་ཉིད་མ་བཅོས་གཉུག་མའི་གཤིས། །ཡེངས་མེད་རྒྱུན་སྐྱོང་ནམ་ཞིག་ཚེ། །བསྒོམ་བྱ་སྒོམ་བྱེད་དང་བྲལ་ནས། །སྤྲོས་བྲལ་ཆོས་སྐུ་མངོན་གྱུར་ཤོག །གནས་སྐབས་ཚེ་ནོར་ཆོས་གསུམ་གྱི། །མངའ་དབང་


SPN001_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པའི་དཔལ་གྱུར་ཅིག །རྟོགས་ལྡན་ཕྲིན་ལས་ཆོས་དབང་བསྐུལ་ངོར་སྤེལ་བ་དགེ། །།༈ རིགས་ཀུན་ཁྱབ་བདག་བདུད་འདུལ་རྡོ་རྗེ་འཆང་། །འབྲལ་མེད་བདེ་ཆེན་འཁོར་ལོར་རྟག་བཞུགས་བཞིན། །དམ་པ་གང་གིས་བཀའ་མཆིད་བསྩལ་བའི་ལེན། །མདོར་བསྡུས་གསོལ་གྱིས་ཐུགས་ལ་འཆང་བར་རིགས། །སྡོམ་གསུམ་དྲི་མེད་ཚུལ་བཞིན་བསྲུང་བ་དང་། །ཚོགས་གཉིས་ཆུ་གཏེར་གོང་དུ་སྤེལ་བ་དང་། །ཐུན་མོང་སྔོན་འགྲོས་རྟག་ཏུ་རྒྱུད་སྦྱོང་བ། །འདི་གསུམ་རང་དོན་སྒྲུབ་ལ་མེད་ཐབས་མེད། །ཚད་མེད་སྙིང་རྗེ་ཕྱོགས་རིས་བྲལ་བ་དང་། །བསྡུ་བའི་དངོས་པོ་རང་འདོད་མ་གོས་དང་། །དག་སྣང་རབ་འབྱམས་ངོ་སྲུང་མེད་པ་སྟེ། །འདི་གསུམ་གཞན་དོན་སྒྲུབ་ལ་མེད་ཐབས་མེད། །ཕྱོགས་མེད་ཐོས་པའི་ནོར་གྱིས་ཕྱུག་པ་དང་། །ཐོས་དོན་སྒོམ་པས་རང་རྒྱུད་དུལ་བ་དང་། །དེ་ཡི་གྲོགས་སུ་བརྩོན་འགྲུས་རྩོམ་པ་གསུམ། །སངས་རྒྱས་བསྟན་པ་འཛིན་ལ་མེད་ཐབས་མེད། །གཙོ་བོར་མོས་གུས་རྣལ་འབྱོར་སྐྱོང་བ་དང་། །ཆོས་བརྒྱད་སྣང་ཤས་རྒྱང་དུ་དོར་བ་དང་། །གཉུག་མའི་དྲན་ཤེས་ཁོར་ཡུག་བསྟེན་པ་གསུམ། །སྒྲུབ་བརྒྱུད་རྣམ་ཐར་སྐྱོང་ལ་མེད་ཐབས་མེད། །དེ་ཕྱིར་བཀའ་བརྒྱུད་རྣམ་ཐར་དྲི་མེད་ལ། །རྟག་པར་རྗེས་སུ་སློབ་ཅིང་འབད་པར་ཞུ། །མཆོག་གསུམ་རྩ་གསུམ་བདེན་པའི་བྱིན་རླབས་དང་། །བདག་གཞན་དུས་གསུམ་བསགས་ཡོད་དགེ་བའི་མཐུས། །དཔལ་ལྡན་ཀརྨ་པ་ཡི་ཕྲིན་ལས་མཆོག །ཕྱོགས་མཐར་འདྲེན་པའི་ཤིང་རྟ་དམ་པ་མཆོག །རྟག་པར་འཚོ་གཞེས་ཕྲིན་


SPN001_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རབ་རྒྱས་ཤིང་། །དུས་གསུམ་གཤེགས་པའི་བཀའ་བརྒྱུད་རིན་ཆེན་གྱི། །དགོངས་པ་མཐའ་དག་རྫོགས་པར་སྐོང་བྱེད་ཤོག །ཅེས་གོ་ཤྲི་སྤྲུལ་སྐུའི་དགོངས་བཞེད་བཞིན་བཀོད་པ་ཕུལ་བ་དགེ། ཤུ་ུབྷམ།། ༈ །།ངེས་པ་དོན་མཆོག་བཀའ་བརྒྱུད་ནོར་བུའི་ཕྲེང་། །ཀུན་འདུས་རྗེ་བཙུན་བདུད་འདུལ་རྡོ་རྗེ་འཆང་། །རང་སེམས་དབྱེར་མེད་ཉིད་དུ་ངེས་བཞིན་པར། །འདི་བཟུང་བྱང་ཆུབ་བར་དུ་ཐུགས་རྗེས་སྐྱོངས། །སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །གདོད་གནས་རང་བྱུང་ཡེ་ཤེས་ངོ་བོ་ཉིད། །མ་རིག་འཁྲུལ་པའི་བག་ཆགས་དབང་གྱུར་ཀྱང་། །བཅོམ་ལྡན་རྩ་འདོར་ཞབས་ཀྱི་གདམས་བའི་བཅུད། །གཉུག་མའི་ཤེས་པ་གསལ་དྭངས་རྙོག་པ་མེད། །ངོས་བཟུང་མེད་ཅིང་འཕྲོ་གནས་འགྲོ་འོང་མེད། །བཅས་བཅོས་བྱར་མེད་རང་གར་གློད་ལ་བཞག །གློད་པའི་སེམས་ཉིད་ནམ་མཁའ་ལྟ་བུའོ། །ཅེས་གསུངས་བྱིན་རླབས་མཆོག་གྱུར་ངེས་བ་འདི། །དེ་བཞིན་རྣམ་ཀུན་ཉམས་ལེན་སྐྱོང་གྱུར་ན། །སེམས་ཉིད་ཆོས་སྐུའི་རྒྱལ་ས་ཟིན་པར་སྨོན། །པདྨའི་མིང་གིས་མགོན་སྤྲུལ་བཞེད་ངོར་སྤེལ། །སརྦ་ཐཱ་ཤྲེ་ཡསྟུ།། ༈ །།གཏན་སྐྱབས་བླ་མ་ཡིད་བཞིན་དུས་ཀུན་ཏུ། །གསོལ་འདེབས་མོས་གུས་འཁོར་བར་ཞེན་ལོག་གི། །རང་སེམས་དུག་གསུམ་རྟོག་པས་མ་བསླད་པར། །རང་བཞིན་བཟོ་བཅོས་བྲལ་ངང་མཉམ་པར་བཞག །དང་པོར་དུག་གསུམ་རྣམ་རྟོག་མང་འགྱུ་ཡང་། །གང་ཤར་རང་ངོ་ཤེས་པའི་ཐོག་ཏུ་གློད། །མདོར་ན་སྐྱིད་སྡུག་ལེགས་


SPN001_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་ཐམས་ཅད་ཀུན། །གང་ཤར་ལམ་དུ་ཁྱེར་ཞིང་བླ་མ་ལ། །བློ་གཏད་ལིང་སྐྱུར་སྡིག་སྤང་དགེ་སྒྲུབ་འབད། །ལས་འབྲས་བླང་དོར་དེ་ཡིས་བསམ་དོན་འགྲུབ། །དད་གསུམ་ལྡན་པ་སོག་རུ་ཇོ་འབུམ་ངོར་སྤེལ་བ་དགེ། །།༈ དུས་གསུམ་རྒྱལ་བ་ཀུན་འདུས་ངོ་བོ་ཉིད། །དྲུག་པ་སེང་གེ་དཔལ་ལྡན་ཀརྨ་ཀ། བདུད་འདུལ་རྡོ་རྗེ་སྤྱི་བོའི་རྒྱན་དུ་མཆོད། །རྣམ་ཀུན་མཆོག་ལྡན་ཕྱག་རྒྱ་ཆེ་རྟོགས་ཤོག །བསག་སྦྱང་སྔོན་དུ་སོང་བའི་ལས་སྐལ་ཅན། །གང་ཉིད་སྐུ་འཚོ་གཞོམ་བྲལ་རྟག་བརྟན་ཅིང་། །བསླབ་གསུམ་རྣམ་དག་ཚུལ་གནས་ཐོས་སྒོམ་ལ། །རྣམ་ཀུན་གཅེས་སྤྲས་བག་ཡོད་ནོངས་མེད་ཞུ། །སྙིགས་དུས་རྒྱལ་བའི་བསྟན་ལ་མི་གུས་པའི། །དམུ་རྒོད་འགྲོ་རྣམས་མི་བསྲུན་བརླང་སྤྱོད་ལ། །སྐྱོ་བ་རྒྱང་བསྲིང་ཕ་རོལ་ཕྱིན་དྲུག་དང་། །བསྡུ་དངོས་བཞི་ཡིས་བསྟན་དང་འགྲོ་དོན་སྐྱོངས། །རྡོ་རྗེ་ཐེག་པའི་ལམ་ཟབ་བསྐྱེད་རིམ་གྱི། །རྩལ་སྦྱང་ཐ་མལ་སྣང་ཞེན་ལྷ་སྐུར་ལྡང་། །བཟླས་པ་སྔགས་ཀྱི་འཁོར་ལོ་རྟག་པར་འབད། །འཕྲོ་འདུས་དོན་གཉིས་ལྷུན་གྱིས་འགྲུབ་པར་བྱ། །ཐུན་མོང་སྔོན་འགྲོ་བཞི་ཡིས་རྒྱུད་བསྐུལ་ཞིང་། །ནང་པ་སངས་རྒྱས་བསྟན་ལ་སྐྱབས་འགྲོས་ཚུད། །ཐེག་ཆེན་ལམ་ཀྱི་གཞི་མ་སེམས་བསྐྱེད་འབད། །རིགས་འདུས་རྡོར་སེམས་སྒོམ་བཟླས་སྒྲིབ་གཉིས་སྦྱོངས། །ཚོགས་ཟུང་མྱུར་རྫོགས་ཕྱི་ནང་མཎྜལ་དང་། །བྱིན་རླབས་རྒྱུད་སྨིན་བླ་མའི་རྣལ་འབྱོར་སྒྲུབས། །དབང་བཞིའི་ཡེ་ཤེས་རྟོགས་གྲོལ་ཐུགས་ཡིད་བསྲེ། །རང་སེམས་བླ་མའི་ངོ་བོར་ཤེས་པར་བྱ། །དང་པོ་


SPN001_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཉིད་གཏན་ལ་འབེབས་པ་ལ། །སྣང་ཕྱོགས་སྟོང་ཕྱོགས་དབྱེར་མེད་གསུམ་གོ་དགོས། །སྣང་བ་སེམས་ཀྱི་འགྱུ་བ་ཕྱི་རུ་ཕྱོགས། །སྟོང་པ་རྣམ་རྟོག་རྒྱུན་འགགས་ཕྱམ་མེར་གནས། །དེ་གཉིས་རིག་པས་དབྱེར་མེད་གཅིག་ཏུ་བསྡུས། །སྟོང་གསལ་མ་འགགས་རིག་པའི་སྙིང་པོ་ཅན། །འཁོར་འདས་གྱེས་སོ་གཉུག་མའི་རང་ཞལ་ཏེ། །བསྐྱང་བྱའི་སྙིང་པོ་ཡིན་པ་དགོངས་པར་མཛོད། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །རྣམ་རྟོག་ལྷན་སྐྱེས་ཆོས་སྐུའི་རྩལ་ཤེས་པས། །མ་བཅོས་སོ་མར་བཞག་པས་རྟོགས་པ་འཆར། །ཆུ་བོའི་རྒྱུན་བཞིན་སྐྱོང་ན་ཡང་བསྐྱར་འཆར། །དེ་ལ་གེགས་དང་གོལ་ས་ལ་སོགས་པ། །རྣམ་རྟོག་སྦུན་པོའི་རྗེས་འབྲང་མི་བྱ་བར། །གང་ཤར་རིག་པ་དེ་ཀའི་སྣང་ཐོག་ཏུ། །རྩེ་གཅིག་རྦད་གཅོད་བྱེད་པ་གནད་དུ་ཟབ། །ཐ་མལ་སྣང་ཞེན་ལྷ་སྐུར་གསལ་བ་དང་། །བླ་མར་མོས་གུས་ལྟེམ་རྐྱང་མེད་པ་རུ། །འགྲོ་བའི་དོན་དུ་སྟོང་ཉིད་སྙིང་རྗེ་སྒོམས། །འཁོར་འདས་དབྱེར་མེད་བསྔོ་བས་རྒྱས་འདེབས་འཚལ། །མདོར་ན་རྒྱལ་བའི་བཀའ་དང་གྲུབ་པའི་ལུང་། །བཀའ་བརྒྱུད་གོང་མའི་རྣམ་ཐར་རྒྱ་མཚོ་རྣམས། །ཉམས་སུ་ལེན་བྱའི་གདམས་པ་ཡིན་པའི་ཕྱིར། །དེ་ཀུན་ལས་ལྷག་སྨོས་སུ་ཅི་ཞིག་ཡོད། །དེ་སྐད་ཟུར་མང་བསྟན་འཛིན་མཆོག་སྤྲུལ་གྱི། །བཞེད་སྐོང་ཆེད་དུ་དཔལ་སྤུངས་ཡང་དབེན་ནས། །སི་ཏུ་པདྨའི་མིང་གིས་སྤེལ་བའི་དགེས། །སྒྲུབ་བརྒྱུད་བསྟན་བའི་རྒྱལ་མཚན་འཛིན་གྱུར་ཅིག །སུ་ཛ་ཡ། །༈ ། །དོན་དམ་


SPN001_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

རང་གསལ་ངོ་བོ་ཀུན་ཏུ་བཟང་། །མ་འགགས་སྣ་ཚོགས་རྟོག་པའི་རོལ་རྩེད་ཅན། །མཁའ་ལ་སྤྲིན་ལྟར་འགྲོ་འོང་དང་བྲལ་བ། །ཀ་དག་ལྷན་སྐྱེས་རྫོགས་པ་ཆེ་འགྲུབ་ཤོག །རིག་འཛིན་རྣམ་རྒྱལ་ངོར་སྤེལ།། ༈ །།དཔལ་རིགས་ཀུན་ཁྱབ་བདག་དཀྱིལ་འཁོར་གཙོ། །མགོན་སྐྱབས་གནས་མཚུངས་མེད་ཀརྨ་པ། །དུས་འདི་བཟུང་བླ་མེད་སྙིང་པོའི་བར། །འབྲལ་མེད་པ་སྤྱི་བོར་རྟག་བཞུགས་གསོལ། །སེམས་གདོད་ནས་དག་པའི་རང་བཞིན་ལ། །གློ་བུར་གྱི་མ་རིག་འཁྲུལ་པའི་དྲི། །རང་ཤར་དང་རང་གྲོལ་ངང་ཉིད་དུ། །བློ་འདས་ཀྱི་བརྗོད་མེད་དོན་རྟོགས་ཤོག །ཅེས་པའང་ཆོས་དགྱེས་ལ་སྤེལ།། ༈ །།ན་མོ་གུ་རུ། གཞི་གདོད་ནས་རྣམ་དག་གཉུག་མའི་གཤིས། །ལྷན་སྐྱེས་ཀྱི་རང་བྱུང་ཡེ་ཤེས་ངང་། །གང་སྣང་བ་སྣ་ཚོགས་རྟེན་འབྲེལ་བའི། །ཆོས་ཉིད་ཀུན་ཟད་སར་འཁྱོལ་གྱུར་ཅིག །ཀརྨ་བཀྲ་ཤིས་ལ་སྤེལ།། ༈ །།རང་བྱུང་མཐའ་བྲལ་ཀུན་ཏུ་བཟང་པོའི་ཀློང་། །ཡེ་ནས་མ་བཅོས་གཉུག་མའི་རང་རྩལ་གདངས། །གཟུང་འཛིན་དང་བྲལ་གསལ་སྟོང་བདེ་བ་ཆེ། །བྱར་མེད་ངང་ལ་གྲོལ་འགྱུར་ཨེ་མ་ཧོ། །སྒྲུབ་པ་རྒྱལ་བྱེད་ལའོ།། ༈ །།དུས་གསུམ་རྣམ་པར་རྟོག་པའི་ཆོས་ཐམས་ཅད། །མཁའ་ལས་སྤྲིན་ལྡང་སླར་ཡང་མཁར་ཐིམ་བཞིན། །གང་ཤར་བཟོ་མེད་རིག་རྩལ་འགགས་མེད་ངང་། །འཆི་མེད་ཆོས་སྐུའི་རང་ཞལ་གནས་མཐོང་ཤོག །སྒྲུབ་ཐེག་འཕེལ་ལའོ།། ༈ །།ན་མོ་རཏྣ་གུ་རུ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱིན་


SPN001_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་ཆེན་པོའི་འོད་སྟོང་ལྡན། །ཐུགས་རྗེས་མ་རིག་མུན་པ་སེལ། །ནུས་མཐུས་འགྲོ་བློའི་སྐྱེད་ཚལ་དུ། །རྣམ་དག་དགེ་བའི་རྫིང་བུ་བསྐྱིལ། །དྲི་མེད་ཡོན་ཏན་པད་དཀར་བཀྲ། །བསྡུ་དངོས་བཞི་ཡི་ཡལ་གས་བཏེགས། །ཡང་དག་དམ་པའི་བཅུད་སྟེར་བ། །སྐྱབས་དང་མགོན་པོ་བླ་ན་མེད། །ལོ་ཀི་ཤྭ་ར་ཀརྨ་ཀ། རྗེ་བཙུན་བདུད་འདུལ་རྡོ་རྗེ་ཡི། །ཞབས་ཀྱི་པདྨ་ཚེ་རབས་སུ། །འབྲལ་མེད་ཉིན་བྱེད་དབང་པོ་བཞིན། །མོས་པའི་ཡིད་མཁར་རྟག་ཏུ་འཆར། །སྒྲིབ་གཉིས་སྨག་རུམ་དྲུངས་ནས་འབྱིན། །ཚོགས་གཉིས་ལྗོན་པའི་རྩ་བ་བརྟན། །གཞན་ཕན་ལོ་འདབ་ཕྱོགས་བཅུར་གཡོ། །རང་བྱུང་གཉུག་མའི་འབྲས་བུ་སྨིན། །མ་རྒན་མཁའ་ཁྱབ་འཚོ་བའི་གཞི། །སྨན་མཆོག་དམ་པར་བདག་གྱུར་ཅིག །ཀྱེ་མ། ཡེ་ནས་འཁྲུལ་པའི་སྣང་བ་ཆེར་འཕེལ་ནས། །བདག་འཛིན་ཉོན་མོངས་ཞགས་པས་དམ་དུ་བཅིངས། །ཐར་མེད་འཁོར་བའི་སྡུག་བསྔལ་མེ་འོབས་ཀྱི། །བཙོན་དོང་འདི་རུ་རང་ཉིད་རང་གིས་ཁྲིད། །དེ་ལས་ཐར་བར་འདོད་བའི་བློ་སྐྱེས་ན། །དཀར་པོ་དགེ་བ་བཅུ་ཡི་ཐེམ་སྐས་འཛེགས། །ཆོས་ཀྱི་མཆོག་གྱུར་ཕྱག་ཆེན་ཉམས་ལེན་བསྐྱང་། །རྟག་ཏུ་བྱང་ཆུབ་སེམས་ནི་བརྗེད་མི་བྱ། །མོས་གུས་དད་པའི་འདུན་མ་མ་ཞན་པར། །འཆི་ཆོས་རྣམ་པར་དག་པའི་བློ་ཆོད་ན། །བཀའ་བརྒྱུད་བྱིན་རླབས་མི་འཇུག་མི་སྲིད་མོད། །འོན་ཀྱང་རང་རང་ཉོན་མོངས་སྟོབས་ཆེ་བས། །འབད་དང་རྩོལ་བ་མི་ནུས་ཉིན་རེ་བཞིན། །ངག་གི་བཟླས་བརྗོད་ཡིད་ཀྱིས་བསྐྱེད་མི་ནུས། །འདི་དག་ཆུ་ལ་རི་


SPN001_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

མོ་བྲིས་པའི་དཔེ། །འབྲས་མེད་ལགས་སོ་དེས་ན་ཁྱོད་ཉིད་ཀྱིས། །ཐུགས་ཀྱི་གཏིང་ནས་ཕྱི་མའི་དོན་གཉེར་ན། །དད་གུས་དམ་ཚིག་མི་ལྡན་རང་དབང་མེད། །དཔེར་ན་སྐོམ་པ་ཆུ་ལ་བསྙེགས་པ་བཞིན། །གཞན་ནས་རྩོལ་སྒྲུབ་དགོས་པར་མི་སྣང་ངོ་། །དེ་སྐད་སྔོན་བྱོན་གྲུབ་པའི་དབང་པོ་མཆོག །རྒྱལ་སྲས་བླ་མ་རྣམས་ཀྱི་ཚད་མའི་གསུང་། །གསུང་རབ་རྣམས་ལས་དད་པ་སྐྱེ་དགོས་པའི། །ཞལ་གདམས་སྙིང་པོར་འདུག་པས་དེ་བཞིན་མཛོད། །ཅེས་པའང་བསམ་གཏན་ཆོས་མཆོག་གླིང་གི་ཀུན་སྤངས་པ་རྟོགས་ལྡན་ཀརྨ་ཀུན་དགའི་ངོར་སི་ཏུས་བྲིས། མངྒ་ལམ་།། ༈ །།བསོད་ནམས་ཚོགས་ཆེན་འབྲས་སྨིན་པས། །དལ་བརྒྱད་འབྱོར་བ་བཅུ་ལྡན་པའི། །མི་ཡི་རྟེན་མཆོག་དེང་འདིར་ཐོབ། །ཡོངས་ཀྱི་བཤེས་གཉེན་དམ་པ་མཇལ། །ཟབ་དང་རྒྱ་ཆེའི་ཆོས་ཚུལ་གྱིས། །རང་རྒྱུད་སིམ་པའི་སྐལ་བཟང་དང་། །གཞན་ཕན་རླབས་ཆེན་བྱང་ཆུབ་ཀྱི། །སེམས་གཉིས་དག་གིས་ཡོངས་བསྐུལ་ཏེ། །སྔོན་བྱོན་གྲུབ་པའི་རྣམ་ཐར་བསྐྱང་། །ཆོས་བརྒྱད་འཁྲི་བ་རྒྱབ་ཏུ་བོར། །མི་རྟོག་ཡེ་ཤེས་ཕྱག་རྒྱ་ཆེའི། །གནས་ལུགས་ཇི་བཞིན་མངོན་གྱུར་ཤོག །ཅེས་ཝ་རའི་སྒྲུབ་ཆེན་ནས་བསྐུལ་བཞིན་སྤེལ་བ་མངྒ་ལམ།། ༈ །།ཚོགས་གཉིས་མཐར་ཕྱིན་སྔོན་གོམས་བྱང་ཆུབ་ཀྱི། །སྤྱད་པ་སྤྱོད་ཟིན་ནའང་ཐུགས་རྗེའི་འཕྲུལ། །དེང་འདིར་རྒྱལ་ཀུན་ཕྲིན་ལས་འགྲོ་བའི་མགོན། །མངོན་པར་གསལ་གང་ཀུན་ཏུ་རྒྱལ་གྱུར་ཅིག །མགོན་ཁྱོད་ཚེ་འོད་དཔག་མེད་རྣམ་པར་རོལ། །སྐྱེས་རབས་ཚར་དངར་ས་སྐྱོང་ཨིནྡྲའི་མཚན། །ནཱ་ག་རྫུ་ུན་ལ་སོགས་མཁས་


SPN001_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་བརྙེས། །རིམ་བྱོན་ཟླ་བྲལ་ཐུབ་མཆོག་བསྟན་གསལ་བྱེད། །ཁྱད་པར་སྒྲུབ་བརྒྱུད་རིང་ལུགས་སྤེལ་བའི་གཉེན། །གང་འདིར་གཞན་ཕན་གཟུགས་སྐུར་སྟོན་པ་ཉིད། །བདག་བློའི་ཡིད་ཀྱི་པདྨོའི་དགའ་ཚལ་དུ། །རྫོགས་ལྡན་བསྐལ་བཟང་ནམ་མཁའི་ནོར་བུ་བཞིན། །ཚེ་རབས་འབྲེལ་བའི་དམ་ཚིག་བཙན་པོ་ཡིས། །ཟབ་གསང་རྡོ་རྗེའི་ཆོས་སྒོ་སྟོན་པ་ལ། །རེས་འགའ་སློབ་དཔོན་རེས་འགའ་སློབ་མའི་ཚུལ། །ཅིར་ཡང་བསྒྱུར་བ་ཕྲིན་ལས་དཔག་དཀའ་ཞིང་། །རྒྱལ་མཆོག་ཀརྨའི་ངེས་དོན་སྲོལ་འཛིན་པ། །ཡིན་ལ་ཡིན་པར་ངེས་པའི་གནའ་བོའི་ལུགས། །བཀུར་སྟི་རྗེ་ས་ཕུལ་འདི་དོན་མེད་མིན། །འོན་ཀྱང་བཀའ་བརྒྱུད་གོང་མའི་རྣམ་པར་ཐར། །ཇི་བཞིན་བླ་མ་བསྟེན་པའི་ཐབས་ཚུལ་ཡང་། །ནཱ་རོས་ཏིལླི་བསྙེན་པའི་དཔེ་བཞིན་པར། །ཕྱོགས་མཚུངས་དགོངས་དོན་ངེས་པ་ཅན་འབབ་པའི། །བཀའ་ནན་ཆེ་ཐང་བསྩལ་ལ་ཡི་རང་ཞིང་། །ཕྱིས་འབྱོན་མཐོན་པོའི་གོ་སར་བཞུགས་པ་རྣམས། །ཆོས་ཕྱིར་ཇི་མི་སྙམ་གྱི་ཀུན་རྟོག་ནི། །ཆེས་ཆེར་བདོ་བས་རྒྱལ་བཀའ་རས་བོར་བའི། །སྤྱོད་ཚུལ་གོ་ལྡོག་ཁོ་ནར་སྐྱོང་རྣམས་ཀྱང། །སྟོན་པར་ཞལ་འཆེས་ཚུལ་འཆོས་སྤེལ་བཞིན་དུ། །ཆེ་དང་སྙན་པའི་གྲགས་པས་གདུལ་བྱ་རྣམས། །འདུལ་བའི་སྤང་བླང་ལས་འབྲས་འདིར་གཞིག་ཚེ། །བཅོམ་ལྡན་ཞལ་ནས་གསུངས་པ་དབང་བཞག་ན། །ལས་དེའི་འབྲས་བུ་ཅི་ཞིག་མྱོང་གྱུར་ཀྱེ། །དཔལ་ལྡན་ཀརྨའི་ཐུགས་རྗེས་བཟུང་དུ་གསོལ། །ཞེས་ཏྲེ་ཧོ་ཞབས་དྲུང་རིན་པོ་ཆེར་སྔར་ཐོབ་ཀྱི་ཕྱག་


SPN001_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་དང་། ཁྲི་གདན་སོགས་བཀུར་བཟོས་ཞུས་པར། ཁོ་བ་ོལ་སྨིན་གྲོལ་གསན་བཞེས་རིགས་བདག་བསྟེན་པའི་དེས་ན་སྔོན་བྱོན་གྲུབ་པའི་རྣམ་ཐར་སྐྱོང་བ་ཐུགས་བཞེད་སྤྲོ་ཚུལ་ཕེབས་པའི་བཀའ་ལེན་དུ་ཕུལ་བའོ།། ༈ །།རང་བྱུང་བློ་འདས་ཆོས་སྐུའི་རོལ་པ་ལས། །བདེ་ཆེན་ལོངས་སྤྱོད་ཡོངས་སུ་རྫོགས་པའི་སྐུ། །མ་འགགས་ཐུགས་རྗེའི་རོལ་རྩེད་སྤྲུལ་པའི་གར། །སྐུ་གསུམ་ངོ་བོ་བླ་མར་གསོལ་བ་འདེབས། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྒྲིབ་བྲལ་བ། །གནས་ལུགས་ཇི་བཞིན་མངོན་དུ་རྟོགས་པར་ཤོག །གཞི་དད་དང་དམ་ཚིག་བརྟན་པོ་ལ། །ལམ་རྒྱུ་དང་འབྲས་བུའི་དགེ་སྡིག་གི། །སྤང་བླང་ཀུན་གཅེས་སྤྲས་རྣམ་ཀུན་དུ། །ཡེངས་མེད་དང་སྒོམ་མེད་གཉུག་མའི་གཤིས། །སེམས་ཆོས་སྐུའི་རང་ཞལ་མ་བཅོས་ངང་། །དྲན་རྫིའི་བྱ་ར་དང་དབྱེར་མེད་པར། །ཆུ་བོའི་རྒྱུན་རྣལ་འབྱོར་དབྱེར་མེད་ཀྱིས། །ཉིན་མཚན་ཀུན་འབྲལ་མེད་ཉམས་ལེན་འཚལ། །དུས་ནམ་ཞིག་རང་བྱུང་ཡེ་ཤེས་དོན། །ལྷན་སྐྱེས་ཀྱི་རང་ངོ་མངོན་གྱུར་ངེས། །དེ་སྐད་པདྨའི་མིང་ཅན་གྱིས། །དད་དམ་ལྡན་བཞེད་ངོར་སྤེལ་དགེའོ། །སྤྲེའུ་སྤྲུལ་སྐུས་བསྐུལ་ལྟར་བྲིས་པ་བཀྲ་ཤིས།། ༈ །།སྭསྟི། རང་རིག་ཡེ་ཤེས་མངོན་སུམ་སྟོན་མཛད་པ། །རྩ་བརྒྱུད་བླ་མ་རྣམས་ཀྱིས་བྱིན་རླབས་སྩོལ། །ཕྱག་རྫོགས་དབུ་གསུམ་བཞེད་གཞུང་མང་མོད་ཀྱང་། །བླ་སློབ་སོ་སོའི་རྒྱུད་ཚོད་དང་བསྟུན་པའི། །འཆད་ཚུལ་མང་ཡང་འགགས་དོན་གཅིག་ལས་ཅི། །འོན་ཀྱང་དད་བརྩོན་གོམས་པས་མ་འཆུན་ན། །སླ་ཆོས་གོ་བ་ཙམ་གྱིས་གནད་ཁེལ་དབེན། །


SPN001_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་གསལ་རིག་པའི་སྙིང་པོ་ཅན་རྟོགས་ན། །ཐོག་མཐའ་བར་གསུམ་གེགས་གོལ་མི་འབྱུང་ཞེས། །རྒྱལ་བ་རྒོད་ཚང་ཆེན་པོས་བཞེད་ལྟར་ལ། །སྟོང་ཞེས་ཕྱང་ཆད་ཚོགས་དྲུག་བསྒག་པ་དང་། །སྟོང་པར་ཞེན་པའི་ལས་འབྲས་བླང་དོར་བྲལ། །སྙིང་རྗེ་བྱང་སེམས་སྤང་སོགས་བདུད་ལས་ཀྱི། །གེགས་ལ་རྣམ་ཀུན་དོགས་འཛེམ་ཤིན་ཏུ་གཅེས། །གསལ་བ་ལའང་དཔྱད་པ་མང་གྱུར་ཀྱང་། །བལྟ་བར་སེམས་པའི་ངོ་དེ་མཐོང་མ་ཐག །སྟོང་པ་གཤིས་ཡིན་རང་གདངས་གསལ་ཧྲིག་གེ། །ཉམས་ལ་འབྱུང་བ་དེ་ཉིད་ཁོ་ན་ལས། །གསལ་ཞེས་སྒྲ་ལ་དངོས་པོར་འཛིན་བྱས་ནས། །བློ་ཡིས་བཅོས་བསྒྱུར་མང་པོ་བྱེད་པ་ནི། །རྟོག་གེའི་ཡུལ་ལས་ཉམས་སུ་ལེན་པའི་གེགས། །རིག་པ་རྗེན་པ་མངོན་སུམ་མཐོང་བ་ནི། །རྟོགས་པ་ཐོབ་པའི་དུས་ལས་མི་འབྱུང་ཡང་། །ཕྱོགས་མཚུངས་གསལ་ཉམས་དེ་ཀ་སེམས་ཉིད་ལས། །གཞན་དུ་མེད་པའི་ངོ་བོ་ཤེས་ཐོག་གློད། །སྐད་ཅིག་མ་ཡི་ཉམས་དེ་མ་ཤོར་ན། །མཉམ་གཞག་མིང་དུ་བཏགས་ཤིང་ཉམས་ལེན་མཐིལ། །སླར་ཡང་ཤེས་པ་ཡུལ་དུ་འཕྲོ་ཙམ་ལ། །སྐད་ཅིག་གསུམ་ལས་མི་འགྱང་ངོ་ཤེས་བྱ། །དེ་ལྟར་སྨོས་པ་མདོ་དོན་ཙམ་དུ་སྟེ། །ཞིབ་པར་ཉམས་ཁྲིད་སྔོན་བྱོན་བཀའ་བརྒྱུད་ཀྱི། །རྡོ་རྗེའི་གསུང་ལ་གོམས་འདྲིས་དཔང་པོར་འཚལ། །གང་ཉིད་སྐྱེས་སྦྱངས་ལྡན་ཞིང་དད་དམ་གཙང་། །རིག་འཛིན་མཆོག་གི་བརྒྱུད་པར་ལྡན་གྱུར་པས། །རང་གཞན་དོན་གཉིས་


SPN001_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྲུབ་མཐར་ཕྱིན་ནས། །རྣམ་ཀུན་བཀྲ་ཤིས་དགེ་བའི་དཔལ་ལྡན་ཤོག །ཛ་ཡནྟུ།། ༈ །།དུས་གསུམ་ཀུན་མཁྱེན་ཀརྨ་པར། །གསོལ་འདེབས་བདག་རྒྱུད་སྨིན་གྲོལ་གྱི། །ལམ་ལ་འགོད་པར་བྱིན་གྱིས་རློབས། །སྐུ་བཞི་མངོན་གྱུར་བྱིན་གྱིས་རློབས། །རང་སེམས་སྟོང་པར་གནས་པ་འདི། །གང་ཤར་རྣམ་རྟོག་རྗེས་མི་འབྲངས། །ད་ལྟའི་ཤེས་པ་སོ་མ་ཡི། །ངང་ལ་བཅས་བཅོས་མེད་པར་བཞག །ས་ལེ་སེང་ངེ་ཡེ་རེར་བཞག །དེ་ཡང་དྲན་རྫིའི་སོ་པས་བསྐུལ། །ཡང་ཡང་བསྟར་ཆགས་འབད་པ་དང་། །འགྲོ་ལ་སྙིང་རྗེ་སྐྱབས་གསུམ་ལ། །མོས་གུས་དམ་ཚིག་དག་གཙང་གི། མཐུ་ཡིས་ཕྱག་ཆེན་ཡེ་ཤེས་ཀྱི། །ཉམས་མྱོང་རྒྱུད་ལ་སྐྱེ་བར་འགྱུར། །ཅེས་པའང་རིག་འཛིན་ངོར་སྤེལ།། ༈ །།གྲུབ་ཐོབ་རྒྱ་མཚོའི་གཙོ་མཆོག་ཐོས་པ་དགའ། །གང་དེར་གསོལ་འདེབས་བྱང་ཆུབ་བར་དུ་སྐྱོངས། །ཕྱག་རྒྱ་ཆེན་པོའི་ཡེ་ཤེས་རྒྱུད་ཐོག་འདིར། །འཕྲལ་རྐྱེན་སྒྲིབ་པས་མ་གོས་ཆོས་སྐུ་ཡི། །ངོ་བོ་གནད་དུ་སྨིན་པར་བྱིན་གྱིས་རློབས། །སྣང་སྲིད་དག་པ་ཆེན་པོའི་ངང་ཉིད་ལ། །འདས་པའི་རྗེས་བཅད་སྤངས་ཤིང་མ་འོངས་པའི། །རྣམ་རྟོག་ཡིད་ལ་མི་འཕྲེང་ད་ལྟ་ཡི། །ཤེས་པ་མ་བཅོས་སོ་མའི་ངང་དེར་སྐྱོངས། །དེ་ཡང་དྲན་རྫི་བརྟན་པོའི་རྩི་ཡིས་འདེབས། །མོས་གུས་དག་སྣང་སྦྱངས་དང་སྙིང་རྗེ་འབྱོངས། །བར་མ་ཆད་པར་སྙིང་རུས་བརྩོན་པ་ན། །ནམ་ཞིག་དོན་དམ་ཡེ་ཤེས་མངོན་དུ་འཆར། །བྱང་ཆུབ་སྙིང་པོའི་གོ་འཕང་མཆོག་ཐོབ་


SPN001_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། །ཅེས་པའང་ཀརྨ་ཕུན་ཚོགས་ངོར་སྤེལ།། ༈ །།སྣང་སྲིད་ཆོས་སྐུའི་རང་བཞིན་ལ། །རྒྱས་བཏབ་རྣལ་འབྱོར་ཐོས་པ་དགའ། །རས་པ་མཆོག་དེས་བྱང་ཆུབ་བར། །མི་འབྲལ་རྟག་ཏུ་སྐྱོང་གྱུར་ཅིག །བདེ་གཤེགས་སྙིང་པོ་ཞེས་བྱ་བ། །སེམས་ཀྱི་དོན་དམ་དེ་ཁོ་ནའི། །གནས་ལུགས་གཞི་དང་ལམ་འབྲས་བུ། །མཐར་ཕྱིན་ཕྱག་རྒྱ་ཆེ་རྟོགས་ཤོགསྔོན་སོང་རྣམ་རྟོག་གི་རྗེས་མི་འབྲང་། རྗེས་ནས་བསམ་བློ་འཕྲོ་མི་འཇུགད་ལྟར་གྱི་ཤེས་པ་ཧྲིག་གེ་བའི་ངང་ལ་ཡག་ཏུ་རེ་བ་དང་། ཉེས་ཀྱིས་དོགས་པ་སྤངས་ཏེ། དྲན་རྫིའི་རྒྱང་སོ་བཙུགས་ལ་རྒྱུན་པར་ཉམས་ལེན་ངོ་བོ་སྐྱོང་བའི་མཉམ་བཞག་རྒྱ་མཚོ་ལྟ་བུ། རྗེས་ཐོབ་སྒྱུ་མ་ལྟ་བུའི་སྤྱོད་ལམ་གྱིས། མཐར་ཐུག་བླ་མེད་ཐོབ་པར་འགྱུར་རོ། །སྒོམ་ཆེན་འཕགས་མཆོག་ངོར་སྤེལ།། ༈ །།དོན་དམ་བློ་འདས་སེམས་ཉིད་ཆོས་ཀྱི་སྐུ། །གདོད་ནས་རྣམ་དག་མ་སྐྱེས་འདུས་མ་བྱས། །རང་བཞིན་འོད་གསལ་ལྷུན་གྲུབ་དེ་བཞིན་ཉིད། །གློ་བུར་འཁྲུལ་བའི་དྲི་མས་མ་བསླད་ཅིང་། །མི་རྟོག་ཟག་མེད་བདེ་ཆེན་ཞི་བའི་ངང་། །བསྒོམ་བྱ་སྒོམ་བྱེད་རྩོལ་བ་རྣམས་སྤངས་ནས། །འབད་མེད་ཉིད་དུ་མ་བཅོས་རང་སར་བཞག །བརྗོད་བྲལ་བློ་འདས་རང་བྱུང་ཡེ་ཤེས་ནི། །སྐུ་གསུམ་དབྱེར་མེད་མཆོག་གི་ངོ་བོ་སྟེ། །བདུད་བཞི་ཉོན་མོངས་གཉིས་འཛིན་གཡུལ་ངོ་རྣམས། །མཐར་བྱེད་ཡོན་ཏན་རྒྱ་མཚོའི་དཔའ་བོ་ཡིན། །བླ་མེད་ཐེག་པའི་ཡང་སྙིང་གདམས་


SPN001_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནད། །སྐལ་བཟང་སྙིང་གི་པདྨོར་རོལ་པར་འོས། །དེ་སྐད་ཛམ་ཐང་ཆོས་གྲྭ་ཡི། །བསླབ་གསུམ་རིམ་གཉིས་སྐལ་ལྡན་པ། །པདྨ་མངྒའི་འགྲོ་ཆོས་སུ། །བསྐུལ་ཕྱིར་ཏཱ་ཡི་སི་ཏུ་པ། །པདྨ་ཉིན་མོར་བྱེད་པས་སྨྲས། །ཤུ་བྷམ།། ༈ །།ཀུན་བཟང་པདྨ་འབྱུང་ལ་ཕྱག་འཚལ་ལོ། །དང་པོར་སེམས་ཅན་རིགས་དྲུག་མཁའ་ཁྱབ་ལ། །བྱམས་དང་སྙིང་རྗེ་ཚད་མེད་བསྒོམ་པ་དང་། །བར་དུ་བླ་མར་མོས་གུས་དག་སྣང་སྦྱངས། །ཐ་མར་རང་སེམས་མ་བཅོས་སོ་མའི་ངང་། །སྔོན་སོང་རྗེས་གཅོད་མ་འོངས་དྲན་མེད་ངང་། །ད་ལྟའི་ཤེས་པ་དེ་ཡི་ངོ་བོ་བལྟ། །སྐབས་སུ་དྲན་པའི་རྒྱང་སོ་ཡེངས་མེད་ཀྱིས། །ཡིག་དྲུག་བཟླ་ཞིང་དུས་གསུམ་དགེ་ཚོགས་ཀུན། །རང་དང་འགྲོ་ཀུན་སངས་རྒྱས་ཐོབ་པའི་ཕྱིར། །བསྔོ་བ་སྨོན་ལམ་རྣམ་པར་དག་པ་དང་། །ཆུང་ངུའི་དགེ་སྡིག་བླང་དོར་བག་ཡོད་བྱ། །དེ་ལྟར་སྐལ་བཟང་གཡར་ངོར་སི་ཏུས་སྤེལ།། ༈ །།ཐོབ་དཀའི་དལ་འབྱོར་ལྡན་དུས་འདིར། །སྔོན་བསགས་བསོད་ནམས་སྨིན་པའི་མཐུས། །སྙིང་པོའི་བསྟན་པའི་སྒོར་ཞུགས་ནས། །མ་ནོར་བླ་མས་རྗེས་བཟུང་ཞིང་། །སྐལ་ལྡན་དད་དང་དམ་ཚིག་གི། །རྩ་བ་བརྟན་ཅིང་ལས་འབྲས་ཀྱི། །བླང་དོར་ཇི་བཞིན་འདོར་མེད་དང་། །སློབ་དཔོན་ཕ་མར་བཀུར་སྟི་སོགས། །ཆོས་དང་འཇིག་རྟེན་མཐུན་འཇུག་གིས། །བྱང་ཆུབ་སེམས་ལ་རྟག་གཞོལ་ཞིང་། །སྒོ་གསུམ་ཁྱེར་སོ་གསུམ་ལྡན་གྱི། །ཉམས་ལེན་རྒྱས་གདབ་མི་འབྲལ་འཚལ། །


SPN001_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཀརྨ་རྒྱལ་བའི་ངོར་སྤེལ།། ༈ །།འཁོར་བ་བློས་བཏང་ཐར་པ་དོན་གཉེར་བའི། །ཀུན་སྤངས་པདྨ་མཐར་ཕྱིན་དེང་ནས་བཟུང་། །སྣང་སེམས་རེ་དོགས་སྤྲོས་པ་རྒྱང་བསྐྱུར་ལ། །ནམ་འཆི་ངེས་མེད་ཚེ་འདི་རླུང་ནང་གི། །མར་མེ་ཇི་བཞིན་དེས་ན་ཡང་དག་གི། ལམ་བཟང་ངེས་པའི་དོན་ལ་གཉེར་བར་བྱོས། །དད་དང་དམ་ཚིག་མོས་གུས་སོ་ནམ་གྱིས། །བྱང་ཆུབ་ཆེན་པོའི་ལོ་འདབ་བསྐྱེད་བྱས་ནས། །རིང་མིན་བླ་མེད་འབྲས་བུ་སྤྱོད་ལ་ཉེ། །དེས་ན་བགྲང་བྱའི་གྲངས་འཛིན་འདི་བྱ་དང་། །འདི་བྱེད་གཏན་འདུན་ཆོས་བརྒྱད་རིང་སྤངས་ལ། །ཚེ་གཅིག་སངས་རྒྱས་བསྒྲུབ་ལ་དོན་གཉིས་པོ། །མཐར་ཕྱིན་མཛོད་ཅིག་པདྨ་མཐར་ཕྱིན་པ། །ཅེས་པའང་སི་ཏུས་སྨྲས་པའོ།། ༈ །།སྔར་འདས་རྟོག་པའི་རྗེས་མི་བཅད། །མ་འོངས་རྣམ་རྟོག་མདུན་མི་བསུ། །ད་ལྟའི་ཤེས་པ་ངོ་བོ་དང་། །ངོས་བཟུང་བྲལ་བ་དེའི་ངང་ཞོག །རྣམ་ཀུན་དྲན་རྫི་མ་བྲལ་བར། །མོས་གུས་སྙིང་རྗེས་རྒྱུད་བསྐུལ་ནས། །བརྩོན་པས་ཉམས་བླངས་རང་རིག་གི། །ཡེ་ཤེས་མངོན་དུ་རྟོགས་པར་འགྱུར། །ཅེས་པའང་སྨྲས་སོ།། ༈ །།གདོད་མའི་མགོན་པོ་ཀུན་ཁྱབ་ཀུན་ཏུ་བཟང་། །དབྱེར་མེད་རྗེ་བཙུན་བདུད་འདུལ་རྡོ་རྗེས་སྐྱོངས། །རང་སེམས་ལྷན་སྐྱེས་དྲི་བྲལ་ཆོས་ཀྱི་སྐུ། །བདེ་ཆེན་འགྱུར་མེད་རྡོ་རྗེའི་དོན་རྟོགས་ཤོག །དེ་ཡང་ཐ་མལ་ཤེས་པའི་རྣམ་རྟོག་འདི། །འདས་པའི་རྗེས་མི་བཅད་ཅིང་མ་འོངས་པའི། །འདི་བྱ་འདི་བྱེད་དྲན་རིག་མདུན་མི་བསུ། །གང་ཤར་སོ་མ་དེ་ངང་


SPN001_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པར་བཞག །དུས་ཀུན་དྲན་རྫིའི་རྩི་དང་མ་བྲལ་བར། །མོས་གུས་དག་སྣང་སྙིང་རྗེ་ཚུལ་ཁྲིམས་བསྲུང་། །ཆོས་ཀྱི་རྩ་བ་རབ་ཏུ་བརྟན་གྱུར་ན། །བླ་མེད་བྱང་ཆུབ་རིང་མིན་ཉིད་ཐོབ་ངེས། །ཅེས་གནས་མདོ་ཀརྨ་རང་གྲོལ་ལ་སྤེལ།། ༈ །།བཀའ་བརྒྱུད་གྲུབ་པའི་འཁོར་ལོར་ཕྱག་འཚལ་ལོ། །མི་འགྱུར་ལྷན་ཅིག་སྐྱེས་པ་རང་བྱུང་གི། །རིག་པའི་ཡེ་ཤེས་བདེར་གཤེགས་སྙིང་པོ་ཆེ། །བློ་འདས་ཕྱག་རྒྱ་ཆེན་པོའི་དོན་རྟོགས་ཤོག །དུས་གསུམ་རྟོག་པའི་དྲི་མ་ཀུན་བསལ་ནས། །མ་བཅོས་སོ་མའི་ངང་དུ་བྱར་མེད་པ། །རྗེན་ནེ་ལྷོད་དེ་འབོལ་ལེ་ཤིགས་སེ་བཞག །མ་ཡེངས་སྐྱོང་བ་ཆོས་ཀུན་འདུས་པའི་མཆོག །གཞན་ཡང་འདུས་བྱས་དགེ་རྩ་གང་འགྲུབ་དང་། །ཁྱད་པར་འདུས་མ་བྱས་པའི་སེམས་ངོ་བོ། །སྐྱོང་བ་སངས་རྒྱས་ཀུན་གྱི་བགྲོད་པའི་ལམ། །མཐར་ཐུག་ཕྱིར་ན་སྒོ་གསུམ་ཆིག་དྲིལ་འཚལ། །དེ་སྐད་ཀརྨ་དར་རྒྱས་སྐྱབས་ཆེ་དབུ་མཛད་པ། མཆན། གང་དེ་ཡི། །གཡར་ངོར་སི་ཏུས་སྤེལ་བ་མངྒ་ལམ།། ༈ །།སྐྱབས་གནས་ཀུན་འདུས་བླ་མར་གསོལ་བཏབ་ནས། །རང་སེམས་མ་བཅོས་རང་བབས་གཉུག་མའི་ངང་། །མཉམ་རྗེས་ཀུན་ཏུ་་བསྐྱང་བས་གནས་ལུགས་ཀྱི། །རང་ཞལ་མངོན་མཐོང་ཚེ་གཅིག་སངས་རྒྱས་འགྱུར། །ཟུར་མང་བློ་གྲོས་ངོར་སི་ཏུས་སྤེལ།། ༈ །།བླ་མའི་རྣལ་འབྱོར་ཡིད་དང་འདྲེས་ངེས་མཐར། །བླ་མ་རང་སེམས་དབྱེར་མེད་ཕྱག་རྒྱ་ཆེ། །བྱ་རྩོལ་ལས་འདས་རང་བབས་ཆུ་རྒྱུན་ལྟར། །


SPN001_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་པར་ཆད་མེད་སྦྱོང་བའི་ཉམས་ལེན་འཚལ། །གོ་ཆེན་ཀརྨ་བློ་གྲོས་ངོར་སྤེལ།། ༈ །།ཀརྨ་བྱང་ཆུབ་རྟག་པར་དཀོན་མཆོག་ལ། །སྐྱབས་སོང་སྨོན་འཇུག་བྱང་སེམས་བསླབ་པ་སྲུངས། །བསྐྱེད་རྫོགས་མོས་གུས་ཕྱག་རྒྱ་ཆེར་འདྲིལ་བས། །ཚེ་གཅིག་གདོད་མའི་རྒྱལ་ས་ཟིན་པར་ཤོག །ཅེས་པའང་དད་ལྡན་ངོར་སྤེལ།། ༈ །།སྤྱི་བོར་བཞི་རྫོགས་གདན་སྟེང་དྲིན་ཆེན་རྗེ། །རྡོ་རྗེ་འཆང་དབང་དཀོན་མཆོག་ཀུན་འདུས་གསལ། །སྙིང་ནས་གསོལ་བཏབ་རང་ལ་ཐིམ་པའི་མཐར། །བླ་མ་རང་སེམས་དབྱེར་མེད་མཉམ་པར་བཞག །ཀརྨ་རང་གྲོལ་ངོར་སྤེལ།། ༈ །།དཀོན་མཆོག་དྭགས་རྒྱུད་གྲལ་ན་སངས་རྒྱས་ཀྱི། །རང་ཞལ་མངོན་གསལ་ཞྭ་ནག་ཅོད་པན་ཅན། །ཀརྨ་པ་ཞེས་སྐྱོབ་པ་མཚུངས་བྲལ་དེས། །ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་གྱུར་ཅིག །དེ་ལྟར་གསོལ་ཐོབ་སྦྱིན་སོགས་དགེ་བའི་ཆོས། །རྟག་ཏུ་ལྷག་པའི་བསམ་པས་བསྒྲུབ་པར་མཛོད། །སྒྲོལ་མ་ལྷ་མཚོའི་ངོར་སྤེལ།། ༈ །།ཀརྨ་ཆོས་འཛིན་ཆོས་ལ་དབང་ཐོབ་པའི། །གནས་ཚུལ་ཡི་གེར་བསྲིངས་དེར་བརྟག་པས་ན། །གནས་འགྱུའི་བར་ལག་འགྱེལ་བའི་སྒོམ་པ་ཞེས། །བཀའ་བརྒྱུད་གསུང་མཚུངས་དེ་ལྟར་རྒྱུན་སྐྱོང་འཚལ། །ཞེས་པའང་དད་པའི་ངོར་སྤེལ།། ༈ །།སྭསྟི། སྔོན་སྦྱངས་ལས་འཕྲོས་འབྲས་བཟང་དུས་སྨིན་པས། །གྲུབ་རིགས་བསྟན་འཛིན་མཆོག་ཏུ་ལྷུན་གྲུབ་ཅིང་། །ངེས་དོན་གནས་ལ་ཉམས་བཞེས་མཐར་ཕྱིན་པའི། །བཀའ་བརྒྱུད་


SPN001_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཐར་སྐྱོང་ཁྱོད་འཚོ་གྱུར་ཅིག །གང་གི་ཟབ་དོན་ཐུགས་དམ་སྐྱོང་ཚུལ་གྱི། །རྟོགས་པའི་འཆར་སྒོ་དེ་ཚུལ་འཁྲུལ་མེད་དུ། །སྣང་བས་གསལ་གདབ་དགོས་པ་དབེན་མོད་ཀྱང། །གནས་འགྱུ་བར་ལག་འགྱེལ་བ་ཉམས་མྱོང་མཐིལ། །རྟོགས་གྲོལ་དུས་མཉམ་རྟོགས་པ་མཐར་ཐུག་བཞེད། །བཀའ་ལས་འབྱུང་བཞིན་མཉམ་བཞག་ནམ་མཁའ་ལྟར། །སྐྱོང་སྐབས་ཡིད་དཔྱོད་མཐའ་དག་རྒྱང་བསྲིང་གནད། །རྗེས་ཐོབ་སྒྱུ་མ་ལྟ་བུའི་བྱང་སེམས་སྦྱོངས། །དེ་ཡང་རིག་རྩལ་ངང་དུ་རོ་གཅིག་པར། །ལྟ་བ་འཁོར་འདས་མཉམ་ཉིད་ཀློང་ཟླའོ། །གྲུབ་ཐོབ་གོང་མའི་དོ་ཧ་ལས། །ཕྱག་རྒྱ་ཆེན་པོ་ཞེས་བྱ་བ། །ཆོས་རྣམས་ཐམས་ཅད་རང་གི་སེམས། །ཕྱི་རོལ་དོན་མཐོང་འཁྲུལ་པའི་བློ། །རྨི་ལམ་བཞིན་ཏེ་ངོ་བོས་སྟོང་། །ཆུ་བོ་རྒྱུན་འབབས་ལྟ་བུར་སྒོམ། །དེ་སྐད་སི་ཏུ་པར་གྲགས་པ། །སྙོམ་ལས་པདྨའི་མིང་ཅན་གྱིས། །སློབ་མའི་ཐུ་བོར་བསྔགས་པ་ཡི། །མཚོ་སྤྲུལ་བཞེད་ངོར་སྤེལ་དགེའོ།། ༈ །།སྭ་སྟི། དུས་གསུམ་གྱི་སངས་རྒྱས་ཀུན་འདུས་པ། །དུས་སྙིགས་མར་ལྷག་པའི་ཐུགས་རྗེ་ཅན། །དུས་རྣམ་ཀུན་མཁྱེན་པ་ཨོ་རྒྱན་རྗེ། །དུས་འདིར་དགོངས་བདག་རྒྱུད་བྱིན་གྱིས་རློབས། །རང་རིག་པའི་ངོ་བོ་ལྷན་སྐྱེས་ཀྱི། །གཞི་གདོད་ནས་གྲུབ་པའི་སེམས་ཉིད་འདི། །འཕྲལ་མ་དག་འཁྲུལ་པ་ཀུན་སངས་ནས། །དོན་བདེ་ཆེན་ཡེ་ཤེས་འཆར་གྱུར་ཅིག །སོ་


SPN001_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་དང་བྱང་སེམས་གསང་བ་སྔགས། །དམ་ཚིག་གི་ཉེས་ལྟུང་ཕྲ་རགས་པ། །སྤང་བླང་རྣམས་ཇི་བཞིན་མ་རྟོགས་པའི། །ཉེས་བྱས་ཀུན་བཤགས་སོ་དག་ཚངས་སྩོལ། །ཚེ་མི་རྟག་སྒྱུ་མའི་དཔེ་བསྟན་བཞིན། །ཐེར་ཟུག་གི་ཨ་འཐས་སྙིང་པོས་དབེན། །དུས་ཕྱི་མར་བསམ་པའི་བློ་ལོང་མེད། །རྒྱུད་བསྐུལ་གྱི་ཆོས་ལ་འཇུག་པར་ཤོག །འཁོར་འདས་ཀུན་རང་སེམས་ལས་བྱུང་བ། །འཁོར་བ་ཡི་རྩ་བ་མ་རིག་པ། །བདག་འཛིན་གྱི་ཞེན་པ་རྒྱང་བསྲིང་ནས། །བདག་མེད་ཀྱི་གནད་གསང་མཐོང་གྱུར་ཅིག །སེམས་དུས་གསུམ་རྟོག་པའི་འཕྲོ་བཅད་ལ། །གང་ཤར་གྱི་ངོ་བོར་གཅེར་གྱིས་བལྟ། །གསལ་སྟོང་དང་བདེ་སྟོང་དབྱེར་མེད་པར། །བྱར་མེད་ཀྱི་ངང་དུ་མཉམ་པར་བཞག །དེ་བརྗེད་མེད་སྤྱོད་ལམ་རྣམ་པ་བཞིར། །མ་ཡེངས་ཙམ་དྲན་པའི་རྩིས་ཟིན་བཞིན། །སྒོ་གསུམ་གྱི་དགེ་ལས་མཐའ་དག་འབད། །དུས་ནམ་ཞིག་རང་སེམས་རྗེན་པར་མཐོང་། །གཞི་བདེ་གཤེགས་སྙིང་པོ་ཆོས་ཀྱི་སྐུ། །དོན་འབད་རྩོལ་བྲལ་བ་ཕྱག་རྫོགས་ཀྱི། །བཀའ་ཆིག་དྲིལ་དོན་གྱི་རྩ་བ་སྟེ། །དེ་ཀུན་གྱི་གཞི་རྟེན་བླ་མ་ལ། །མོས་གུས་དང་དག་སྣང་སྦྱོང་བ་གནད། །འཁོར་ཆོས་ལ་ཞེན་ལོག་གཟུང་འཛིན་གྱི། །རྣམ་རྟོག་གི་དྲྭ་བར་མ་འཐུམས་པར། །རྗེ་བཀའ་བརྒྱུད་ཀྱི་རྣམ་ཐར་སྐྱོང་བར་སྨོན། །དེ་སྐད་སྐྱབས་སྒར་བྱང་འདྲེན་པ། །དར་རྒྱས་གང་ནས་ཁོ་བོ་ལ། །བོང་


SPN001_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

བར་གསེར་མཐོང་འདུན་པ་ཡིས། །བསྐུལ་ངོར་གདམས་པའི་ཚུལ་དུ་སྨྲས། །དགེའོ།། ༈ །།གཞི་རྣམ་བར་དག་པའི་ཞིང་ས་ལ། །ལམ་དབང་བཞིའི་ཆུ་རྒྱུན་རྟག་འབེབས་པས། །འབྲས་སྐུ་བཞི་འགྲུབ་པར་བྱིན་གྱིས་རློབས། །ལུས་གཟུང་འཛིན་ཕྲ་རགས་རྩ་ཡི་མདུད། །སྐུ་བདེ་ཆེན་དབུ་མའི་ངོ་བོར་ཁྲོལ། །ངག་སྨྲ་བརྗོད་རྩོལ་བཅས་མིང་དང་ཚིག །གསུང་བརྗོད་མེད་ནཱ་དའི་རང་སྒྲར་བསྒྱུར། །ཡིད་འགྱུ་བ་ཆགས་སྡང་རྟོག་པའི་ཚོགས། །ཐུགས་མི་རྟོག་ཡེ་ཤེས་དབྱིངས་སུ་བསྟིམ། །ཐུགས་རྗེ་ལ་འགགས་པ་མ་མཆིས་ཤིང་། །གདུལ་བྱ་ལ་ཉེ་རིང་མི་མངའ་བས། །རྗེ་ཁྱེད་ཀྱི་གསང་གསུམ་ཡེ་ཤེས་དང་། །མི་བདག་གི་ལུས་ངག་ཡིད་དང་གསུམ། །དབྱེར་མེད་པ་ལྕགས་ལ་གསེར་འགྱུར་བཞིན། །དུས་ད་ལྟ་ཉིད་དུ་བྱིན་གྱིས་རློབས། །དུས་ནམ་ཞིག་འདུས་བྱས་དོར་བའི་ཚེ། །ཤམ་བྷ་ལ་རིགས་ལྡན་ཞིང་མཆོག་དེར། །དུས་སྐད་ཅིག་འཕོ་བར་བྱིན་གྱིས་རློབས། །ཅེས་སི་ཏུ་པདྨའི་མིང་ཅན་གྱིས། རག་ཤུལ་བེ་ཧུའི་དྲུང་ཡིག་དགེ་སློང་སྐལ་བཟང་ནོར་བུའི་ངོར་སྤེལ་བ་དགེ། །།༈ གངས་ཅན་གྲུབ་བའི་གཙུག་རྒྱན་ཐོས་པ་དགའ། །འབྲལ་མེད་སྤྱི་བོའི་གཙུག་དང་སྙིང་གི་དཀྱིལ། །བཞུགས་ནས་ལྷན་སྐྱེས་ཕྱག་རྒྱ་ཆེན་པོ་ཡི། །གཞི་ལམ་འབྲས་གསུམ་རྟོགས་པར་བྱིན་གྱིས་རློབས། །གང་ཁྱོད་སྔོན་སྨོན་བཟང་པོའི་འབྲེལ་བ་ཡིས། །དལ་རྟེན་མཆོག་ཐོབ་རྟོགས་ལྡན་


SPN001_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་མཇལ། །རྗེས་བཟུང་སྨིན་ཅིང་གྲོལ་བའི་ལམ་ཞུགས་ནས། །སེམས་དོན་ཉམས་ལེན་དེ་ཚུལ་སྐྱོང་བཞིན་པར། །རེ་དོགས་བླང་དོར་བྲལ་ངང་བརྩོན་འགྲུས་དང་། །དད་དམ་སྙིང་རྗེ་སེམས་བསྐྱེད་རྣམ་དག་གིས། །གཞིར་བཟུང་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ། །འབད་པས་དོན་གཉིས་ལྷུན་གྱིས་འགྲུབ་པར་ངེས། །དད་གསུམ་ལྡན་པ་རྟོགས་ལྡན་རྣམ་དག་བཞེད་ངོར་དགེ། །།༈ གསོལ་འདེབས་ཉམས་དབྱངས་སུ་དྲངས་པའི་སྐོར་བཞུགས། འདིར་སྣང་ཀུན་རྫོབ་སྒྱུ་མའི་འཁྲུལ་འཁོར་ལ། །གནས་ཡུལ་བདག་ཏུ་འཛིན་ནས་ཡང་འཁྲུལ་བའི། །དུག་གསུམ་ཉོན་མོངས་རྩ་བ་རབ་བརྟན་ཅིང་། །མི་དགེའི་རྣམ་རྟོག་འགྱུ་པའི་རྐང་འཐུང་རྒྱས། །བག་མེད་དབང་གྱུར་སྤྱོད་པའི་ལོ་འདབ་ལྡན། །སྒྲིབ་གཉིས་ཡོངས་འདུའི་ལྗོན་པ་བདག་ལྟ་ནི། །སྔོན་ཚེ་བསོད་ནམས་བྱང་ཆུབ་འབྲས་སྨིན་པས། །སངས་རྒྱས་དངོས་སྣང་སངས་རྒྱས་ལུང་ཟིན་པ། །རྒྱལ་དབང་ཀརྨ་པ་དང་ཞྭ་དམར་པ། །ཐུགས་ཀྱི་རྡོ་རྗེ་ཉི་མའི་མཚན་ཅན་དང་། །འཆི་མེད་དཔལ་དར་ལ་སོགས་ཞབས་བསྙེན་པའི། །ཀུན་རྫོབ་མཚན་མ་རྫས་ཀྱི་རྟེན་འབྲེལ་དང་། །དོན་དམ་འགྱུར་མེད་དཀྱིལ་འཁོར་ཆེན་པོ་ཡི། །སྨིན་གྲོལ་ཡེ་ཤེས་བྱིན་རླབས་འཕོ་དབང་ཐོབ། །རྒྱལ་རྣམས་ཐུགས་རྗེའི་འཇུག་པ་རིང་མིན་ཡང་། །རང་རྒྱུད་ལས་ཉོན་ཆུ་ཀླུང་བཟློག་དཀའ་བས། །དེ་སླད་གྲོལ་ལམ་ཚད་དུ་ཕྱིན་མ་ནུས། །


SPN001_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་རྟོག་ཁོར་མོ་ཡུག་ཏུ་བསྐྱེད་བསྲིང་ངང་། །མགོན་རྣམས་བདག་སོགས་འགྲོ་རྒྱུད་ལེ་ལོ་ཅན། །བསྐུལ་ཕྱིར་མི་མངོན་དག་པའི་ཞིང་ཁམས་སུ། །སྐུ་གསུམ་ལྷུན་གྲུབ་བདེ་ཆེན་དབྱིངས་ཀྱི་ངང་། །ཐིམ་པའི་སྣང་བ་བསྟན་འདི་ཀྱེ་མ་ཧུད། །འོན་ཀྱང་རང་བྱུང་གདོད་མའི་སེམས་ཉིད་དང་། །དབྱེར་མེད་བླ་མ་གཅིག་འདྲེས་ངེས་ཤེས་ཀྱི། །སྙིང་གི་ཏི་ལར་རྟག་ཏུ་མཆོད་བྱེད་ན། །བདག་སོགས་འཁོར་བའི་དུཿཁ་བསྒྲལ་དུ་གསོལ། །སེམས་ཉིད་ཆོས་སྐུའི་རང་ཞལ་བསྟན་དུ་གསོལ། །གསང་གསུམ་བྱིན་རླབས་འཕོ་བའི་དབང་མཆོག་སྩོལ། །མཆོག་ཐུན་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཡང་ཡེ་ད་ལྟར་འཚོ་ཞིང་གཞེས་པ་ཡི། །ཚད་ཐུབ་རྒྱལ་བའི་ལུང་གིས་བསྔགས་འོས་པ། །གངས་ཅན་འདིར་ཡང་ཉི་མོའི་སྐར་མ་ཙམ། །ཆོས་བརྒྱད་བསླུ་བྲིད་འདོད་ཡོན་སྲེད་པ་དང་། །སྙན་པ་ལ་སོགས་སྒྲུབ་འདོད་ཚུལ་འཆོས་ཀྱི། །གང་ཟག་ཆེ་དགུ་སྟོབས་འབྱོར་དཔལ་གྲགས་ཅན། །ཡིད་སྲུབས་རྣམས་ཀྱིས་ཕྲིན་ལས་ཕྱོགས་མཐར་སྤེལ། །འབྲེལ་ཚད་ག ོལ་བའི་ལམ་སྟོན་ཆེན་པོ་ཡི། །གོ་ས་འཛིན་པའི་བཤེས་གཉེན་ས་སྟེང་ཁྱབ། །དེ་འདྲའི་བསྐལ་དུས་འཆར་བའི་དུས་འདིར་ནི། །བདག་བློའི་མོས་པས་ཡར་གཞལ་མ་ཡིན་པ། །གྲུབ་པའི་སར་གནས་གྲུབ་པ་རྣམས་ཀྱིས་ནི། །ཨེ་མ་ངོ་མཚར་ཡོན་ཏན་རབ་བརྗོད་ཅིང་། །ངེས་དོན་སྙིང་པོའི་རིང་ལུགས་རྒྱལ་མཚན་གང་། །བསྒྲེང་བར་མངའ་


SPN001_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་རྡོ་རྗེ་ཅན་མཆོག་དེ། །རྡོ་རྗེ་སློབ་དཔོན་དཔལ་ལྡན་འབྲུག་པའི་ཞབས། །འདྲེན་པ་བསེ་རུ་ལྟ་བུ་གང་ལས་སུ། །མིག་སྟོང་ལྡན་པས་དཔྱད་ཀྱང་རྙེད་བྱར་མིན། །དེས་ན་གང་ཁྱོད་བདག་སོགས་བསོད་ནམས་ཀྱི། །ཞིང་མཆོག་འདི་རུ་བསྐལ་པ་བསྐལ་པའི་བར། །གཡོ་མེད་རྟག་པར་བཞུགས་གསོལ་རྡོ་རྗེ་གསུམ། །འཕོ་འགྱུར་བྲི་གང་གདོད་ནས་གཏན་བྲལ་ཡང་། །གཉིས་སྣང་ངོ་འདིར་མི་ཤིགས་དྭངས་མའི་སྐུ། །ཚེ་འོད་མགོན་བཞིན་བཞུགས་པར་གསོལ་འདེབས་ན། །འཇིག་རྟེན་འདིར་སྣང་ཞེན་པ་རྒྱང་བསྲིང་ནས། །བླ་མེད་དེ་ཁོ་ན་ཡི་གནས་ལུགས་དོན། །གཉུག་མའི་ཡེ་ཤེས་རང་བྱུང་རིག་པའི་མདངས། །བྱར་མེད་བློ་འདས་ཆོས་ཀུན་ཡེ་དག་པའི། །ཀུན་ཁྱབ་ཀུན་བྱེད་རྒྱལ་པོ་ཀུན་ཏུ་བཟང་། །མཆོག་གི་གོ་འཕང་དེང་འདིར་ལྷུན་གྲུབ་ཤོག །ཅེས་པའང་མཆོག་རྣམས་ཐུགས་རྗེ་རྗེས་དྲན་གྱི་གསོལ་བ་བཏབ་པའོ།། ༈ །།བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོའི་ཐུགས་རྗེ་བསྐུལ་དབྱངས་བྱིན་རླབས་སྤྲིན་ཕུང་ཞེས་པ་བཞུགས། ན་མོ་གུ་རུ་པདྨཱ་ཀཱ་ར་ཡ། དཔལ་རིགས་ཀུན་བདག་པོ་བཅོམ་ལྡན་འདས། །མཆོག་ཁ་སྦྱོར་ཡན་ལག་བདུན་ལྡན་སྐུ། །རྡོ་རྗེ་འཆང་དངོས་སུ་སྣང་བ་ཅན། །རྗེ་བདུད་འདུལ་རྡོ་རྗེའི་ཞབས་ལ་འདུད། །རྩོད་ལྡན་གྱི་སྙིགས་མ་ལྔ་བདོ་བའི། །དུས་བསྐལ་པའི་རང་མདངས་ངོམ་པའི་མཐུས། །བསླུ་ཆོས་དང་སྨོན་ལམ་གོལ་བ་ཡི། །ཕྱི་


SPN001_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སྣང་བཟང་པོའི་ངང་ཚུལ་ཅན། །རྒྱལ་ཁམས་ཀུན་འགེངས་ཤིང་བསྟན་པ་སྤེལ། །ཆོས་གྲུབ་མཐར་ཐ་སྙད་ང་རྒྱལ་རློམ། །རིས་མཐུན་གྱི་ཆེ་དགུས་སྐྱབས་སུ་བསྟེན། །འཕྲལ་བློ་སྣ་ཆོས་ལ་བསྒྱུར་རོ་སྐད། །ཕུག་སྨོན་འབྲེལ་གྱི་ཐར་པའི་ལམ་དོགས་ནས། །ཡང་སྲིད་ཀྱི་གནས་ངན་ཁོར་མོ་ཡུག །ཚུལ་དེ་འདྲའི་གཡང་སར་མ་ལྷུང་བའི། །སྐལ་ལྡན་རྣམས་ལས་ཀྱི་འཕྲོ་ལྡན་སྙམ། །སྔོན་སངས་རྒྱས་གྱི་དྲང་ངེས་ཟབ་མོའི་དོན། །ཚུལ་ཇི་བཞིན་རྟོགས་པའི་གདེང་ཐོབ་པའི། །རྫུ་འཕྲུལ་གྱི་བཀོད་པ་བསམ་ལས་འདས། །བཀའ་བརྒྱུད་པ་ཆེ་བཞི་ཆུང་བརྒྱད་དང་། །ཁྱད་པར་དུ་འཕགས་པ་སྒྲུབ་པའི་བརྒྱུད། །དོན་ངེས་པ་ཀརྨ་ཀཾ་ཚང་གི། ཆོས་བརྒྱུད་པའི་རིང་ལུགས་གྲལ་ཆུད་འདི། །སྔོན་དཀར་པོ་དགེ་བའི་ས་བོན་སྨིན། །ཐོབ་དཀའ་བའི་དལ་འབྱོར་ཕུན་ཚོགས་ལྡན། །མཇལ་དཀའ་བའི་མཚན་ལྡན་རིན་པོ་ཆེ། །མཐིང་དབང་གི་ཅོད་པན་འཆང་ཞབས་བསྙེན། །དཔལ་འཇིག་རྟེན་དབང་དང་འོད་དཔག་མེད། །མཆོག་གཉིས་སུ་མེད་པའི་རང་བཞིན་ནི། །རྒྱལ་ཤཱཀ་ཐུབ་པདྨ་འབྱུང་སོགས་ཀྱིས། །མདོ་སྔགས་རྒྱུད་ཀུན་ཏུ་གསལ་བར་བསྟན། །རྗེ་སངས་རྒྱས་དངོས་སྣང་རང་གཟུགས་ཀྱི། །སྐུ་དཀྱིལ་འཁོར་མཇལ་ཞིང་གསུང་བདུད་རྩི། །ཐུགས་ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཐོབ། །སྐལ་ཅན་ལས་སྐལ་བ་ལྡན་པར་བྱས། །གསང་སྔགས་ཀྱི་ཐེག་པའི་ཡང་རྩེ་མཆོག །དཔལ་ནཱ་རོ་མཻ་ཏྲིའི་བཞེད་པའི་གཞུང་། །ཆོས་ཟབ་མོ་


SPN001_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

གངྒཱའི་རྒྱུན་བཟང་པོ། །རྗེ་མངའ་བདག་ལོ་ཙཱ་ཆེན་པོ་དེས། །བློ་གྲོས་ཀྱི་བུམ་པར་གཏམས་པ་ཡི། །ལམ་མཐར་ཐུག་དོན་གྱི་བརྒྱུད་པ་མཆོག །རྗེ་རས་པ་ཆེན་པོ་ནས་བཟུང་སྟེ། །བདུད་འདུལ་བའི་རྡོ་རྗེའི་བར་བྱོན་པའི། །གྲུབ་བརྙེས་ཀྱི་བརྒྱུད་པ་བར་མ་ཆད། །ཆོས་བརྒྱུད་པ་ཉེ་རིང་བསྒྲང་མ་དགོས། །སྐལ་ལྡན་ཀུན་དད་བརྩོན་ཤེས་རབ་ཀྱི། །སེམས་མོས་གུས་ཞེན་ལོག་ངེས་འབྱུང་བློས། །བྱམས་སྙིང་རྗེ་ཚད་མེད་མཁའ་ཁྱབ་ཀྱི། །འགྲོ་བ་ཀུན་རྣམ་གྲོལ་སར་བཀོད་པའི། །དམིགས་མེད་ཀྱི་ངང་དུ་ཉམས་ལེན་སྐྱོངས། །རང་དབང་ལ་རང་གི་ཡོད་དུས་འདིར། །ཆོས་བརྒྱད་ལས་བློ་བསྒྱུར་དབེན་ས་བཟུང་། །དམ་ཚིག་ལ་གཅེས་སྤྲས་འདུ་འཛི་སྤངས། །ཉམས་ལེན་གྱིས་ས་བོན་ཐེབས་གྱུར་ན། །དུས་ནམ་ཞིག་འདུས་བྱས་ཡལ་བའི་ཚེ། །ཆོས་དབྱིངས་ཀྱི་མཁའ་ཁྱབ་ཡངས་པ་རུ། །བདེ་ཆེན་གྱི་ལོངས་སྤྱོད་རྫོགས་སྐུ་ཐོབ། །འགགས་མེད་ཀྱི་སྤྲུལ་བསྒྱུར་སྟོན་ནུས་པ། །བཀའ་ཟབ་མོའི་བྱིན་བརླབས་དྲིན་རེ་ཆེ། །ལས་ཉོན་མོངས་དྲག་པོའི་རླུང་ཤུགས་ཀྱིས། །ཟད་མེད་ཀྱི་རྣམ་གཡེང་ཆུ་རིས་ལྟར། །འཁོར་བ་རུ་ཡང་འཁོར་བདག་འཛིན་དབང་། །ཡིད་བྱེད་ཀྱི་ཆོ་འཕྲུལ་དྭངས་དུས་མེད། །རྗེ་རྒྱལ་བའི་ཐུགས་རྗེ་ཡོལ་མིན་ཀྱང་། །རྟག་འཛིན་གྱི་རྙེད་བཀུར་བདུད་བཞི་ཡི། །ཁྲི་མུན་གྱི་དཔུང་གིས་ནོན་ལགས་ན། །མཆོག་བྱིན་རླབས་འོད་


SPN001_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བསྟན་དུ་གསོལ། །ལུས་ངག་ཡིད་ཉོན་མོངས་དབང་གྱུར་ན། །གཉེན་པོ་རྒྱུད་ཐོག་ཏུ་ཁེལ་བར་བྱིན་གྱིས་རློབས། །རྟེན་འབྲེལ་ཀུན་ལུས་ལ་འགྲིག་པར་བྱིན་གྱིས་རློབས། །ཉམས་རྟོགས་པ་སེམས་ལ་འཆར་བར་བྱིན་གྱིས་རློབས། །འགྲོ་དོན་ཕྱོགས་མེད་དུ་འགྲུབ་པར་བྱིན་གྱིས་རློབས། །ས་ལམ་གྱི་ཡོན་ཏན་འཕེལ་བར་བྱིན་གྱིས་རློབས། །ཚེ་གཅིག་ལ་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས། །སྐུ་བཞི་ཡི་རྒྱལ་ས་ཟིན་པར་བྱིན་གྱིས་རློབས། །བསམ་དོན་ཀུན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཅེས་པའང་སྒྲུབ་སྡེའི་བླ་མ་ཀུན་སྤངས་པ་ཨཱ་ནནྟ་བྷ་དྲས་གསེར་གྱི་མཎྜལ་བཅས་འདི་ལྟར་བསྐུལ་ངོར། སི་ཏུ་པདྨ་ཉིན་བྱེད་དབང་པོས་ས་ཟླའི་དཀར་ཕྱོགས་གང་བའི་དུས་དགེ་བར་སྤེལ། མངྒ་ལཾ། དགེའོ།། ༈ །།གསོལ་འདེབས་ངག་གི་གླིང་བུ་མཆོག་ཐུན་སིདྡྷིའི་གྲུ་ཆར་བཞུགས་སོ། །དུས་གསུམ་རྒྱལ་བ་ཀུན་དངོས། །དྲིན་ཆེན་རྡོ་རྗེ་འཆང་དབང་། །རྗེ་བཙུན་བདུ༵ད་འདུ༵ལ་རྡོ༵་རྗེ༵། །སྙིང་གི་ཐིག་ལེར་རྟག་བཞུགས། །ཀྱེ་མ་སྙིགས་དུས་མུན་པ། །དྲྭ་བས་འབྲེལ་བའི་དུས་འདིར། །ལོག་རྟོག་ཧུ་ལུའི་འགྲོ་རྣམས། །ཉོན་མོངས་ལས་ཀྱི་སེར་བུས། །ཐར་མེད་གཡང་སར་ལྟུང་དུས། །པད་འབྱུང་ཐུགས་རྗེའི་མཁའ་དབྱིངས། །བརྩེ་ཆེན་ཁྱུང་སྔོན་སྐྱེས་ཀྱིས། །དྲངས་པའི་འཇིག་རྟེན་མིག་གཅིག །སྐྱེ་དགུའི་འདྲེན་པ་ཟླ་མེད། །ཐུབ་


SPN001_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་རིན་ཆེན་གསལ་བྱེད། །བདུ༵ད་ཚོགས་འདུ༵ལ་བའི་རྡོ༵་རྗེ༵། །ཉིན་བྱེད་འོད་སྟོང་གསལ་ཞིང་། །དམུ་རྒོད་གདུལ་དཀའི་ས་གཞིར། །རྗེས་འཛིན་ཆུ་ཁུར་ཕྲེང་བ། །ཆོ༵ས་རྒྱལ་གྲུ༵བ་པ་རྒྱ༵་མཚོ༵འི། །སྒྱུ་མའི་གར་གྱི་བརྡ་བསྟན། །ཕྲིན་ལས་བཟང་པོས་མཁའ་ཁྱབ། །ཐར་ལམ་མྱུ་གུ་བསྐྱེད་པའི། །ཆོ༵ས་ཀྱི༵་ཆར་གྱི་སྣ༵ང་བས། །དམ་པའི་བདུད་རྩིས་བསིལ་བྱིན། །ཟབ་ལམ་པདྨོའི་དགའ་ཚལ། །མཆོག་གི་འབྱུང་གནས་དམ་པ། །ཤྲཱི༵་ཙི༵ཏྟ༵་བ༵ཛྲ༵། །རྡོ་རྗེ་ཐེག་པའི་ལོ་འདབ། །ཕྱོགས་བཅུར་སྤྲོ་བའི་དཔ༵ལ་ལྡན། །སྒྲུབ་བརྒྱུད་བསྟན་པ་ད༵ར་རྒྱས། །མཐའ་ཡས་ཡོན་ཏན་རྒྱ་མཚོའི། །དབ༵ང་ཕྱུག་མཆོག་གི༵་རྡོ༵་རྗེ༵། །བསྟ༵ན་འཛི༵ན་རིན་ཆེན་གླིང་དུ། །དགོས་འབྱུང་ཆོ༵ས་ཀྱི༵་ནོར་བུ། །ཉི༵་མ༵འི་འོད་ཟེར་ཇི་བཞིན། །འགྲོ་ཀུན་ཉེར་འཚོའི་གཞིར་གྱུར། །བདག་སོགས་སྲིད་པའི་སེམས་ཅན། །མུ་མེད་རྡུལ་གྱི་གྲངས་འདས། །བྱང་ཆུབ་ལམ་ལ་དཀྲི་བའི། །མགོན་རྣམས་ཐུགས་རྗེ་མ་གཡེལ། །བཅོས་མིན་གདུང་ཤུགས་དྲག་པོས། །སྒོ་གསུམ་རྩེ་གཅིག་ཕྱག་འཚལ། །རབ་འབྱམས་དཔག་པར་དཀའ་བའི། །མཆོད་སྤྲིན་རྒྱ་ཆེན་འབུལ་ལོ། །དུག་ལྔར་གྱུར་པའི་འཁྲུལ་ནོངས། །སྤང་བླང་འགལ་བ་བཤགས་སོ། །བདེར་གཤེགས་མཛད་པ་མཐར་ཕྱིན། །གཞན་ཕན་སྤྱོད་ལ་ཡི་རངས། །ཞིང་གི་འདྲེན་པ་མཆོག་རྣམས། །


SPN001_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཆོས་སྟོན་པར་གསོལ་ལོ། །མྱ་ངན་འདའ་བར་བཞེད་ཀུན། །གྲངས་མེད་བསྐལ་པར་བཞུགས་འཚལ། །བདག་གིས་དུས་གསུམ་བསགས་པའི། །རབ་དཀར་དགེ་ཚོགས་ཇི་སྙེད། །ཐམས་ཅད་བྱང་གྲོལ་ཆེན་པོའི། །རྒྱུ་རུ་བསྔོ་བར་བགྱིའོ། །འཛམ་གླིང་ལྷ་ཡི་ལྷར་གྱུར། །འཕགས་མཆོག་ལོ༵་ཀ༵་ནཱ༵་ཐ༵། །གཉིས་མེད་ཀརྨ་པ་ཡི། །ཕྲིན་ལས་ཆུ་ཤེལ་དབང་པོ། །དྲི་མེད་འོད་དཀར་སྣང་བས། །སྐལ་ལྡན་གདུལ་བྱའི་ཀུ་མུཏ། །ཆེས་ཆེར་སྤྲོ་བར་མཛོད་ཅིག །འོག་མིན་ཞིང་གི་བདག་པོའི། །ཞབས་དྲུང་མྱུར་བར་འཁོད་པའི། །སྟོན་ཀའི་ཟླ་འདྲའི་དཔལ་མངའ། །ཐུགས་རྗེ་བསིལ་བའི་ལྕགས་ཀྱུས། །རྟེན་ཐོག་འདི་རུ་དྲོངས་ཤིག །བདག་དང་འབྲེལ་ཐོགས་སེམས་ཅན། །ཀཾ་ཚང་ངེས་དོན་སྙིང་པོའི། །དམ་པའི་ལམ་སྲོལ་བཟང་པོ། །ཕྱག་རྒྱ་ཆེན་པོ་མཆོག་གི། །གནས་ལུགས་ངོ་བོའི་དོན་རྟོགས། །སྐུ་བཞི་མངོན་དུ་གྱུར་ནས། །རིགས་དྲུག་དོང་ནས་སྤྲུགས་པའི། །འདྲེན་པའི་དཔལ་དུ་གྱུར་ཅིག །ཀྱེ་མ་ལས་ངན་བདག་སོགས། །གཉིས་འཛིན་རེ་དོགས་དབང་གིས། །འདུས་བྱས་ཆུ་ཡི་ལྦུ་བ། །མི་རྟག་ཕ་རོལ་གྱུར་ཚེ། །གཞི་ལམ་འོད་གསལ་འདྲེས་ནས། །ཆོས་སྐུ་མཐའ་བྲལ་སངས་རྒྱས། །བར་དོར་སྒྲ་དང་འོད་ཟེར། །ཞི་དང་ཁྲོ་བོའི་ལྷ་ཚོགས། །འཆར་ཚེ་རང་ངོ་ཟིན་ཅིང་། །གཉིས་མེད་ལོངས་སྐུར་གྱུར་ཅིག །


SPN001_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པ་བར་དོའི་འདུ་འཕྲོད། །ཆགས་སྡང་རྣམ་པར་ཤར་དུས། །དག་སྣང་ཕྱོགས་མེད་འབྱོངས་ནས། །སྐྱེ་བ་སྤྲུལ་པའི་སྐུ་ཡིས། །འགྲོ་བའི་དོན་ཆེན་སྤྱོད་པའི། །མགོན་ཁྱོད་ཐུགས་རྗེ་མ་གཡེལ། །མཐར་ཐུག་བྱང་ཆུབ་སྙིང་པོ། །དེ་མ་ཐོབ་ཀྱི་བར་དུ། །བདག་ནི་སྐྱེ་ཞིང་སྐྱེ་བར། །དཔ༵ལ་ལྡ༵ན་སྒྲུབ་བརྒྱུད་སྙིང་པོའི། །འགྱུ༵ར་མེ༵ད་བསྟ༵ན་པའི་སྒོར་ཞུགས། །འཛི༵ན་སྐྱོང་ཕྱོ༵གས་ལ༵ས་རྣ༵མ་གྲོ༵ལ། །པ༵དྨ༵་ཉི༵ན་མོར་བྱེ༵ད་བཞིན། ཁམས་དང་དབ༵ང་པོ༵འི་རིམ་པར། །སྡེ་བཞིའི་དགེ་ཚོགས་སྤེལ་ཞིང་། །རྡོ་རྗེ་འཆང་དབང་བླ་མའི། །ཕྲིན་ལས་ཤིང་རྟར་གྱུར་ནས། །ཐུབ་མཆོག་སྟོན་པ་གཉིས་པའི། །རིང་ལུགས་འཛིན་མའི་ཁྱོན་འདིར། །རྣམ་པར་རྒྱལ་བའི་རྒྱལ་མཚན། །མི་ནུབ་སྲིད་རྩེར་བསྒྲེང་བའི། །རབ་རྒྱས་ཕུན་ཚོགས་གྱུར་ཅིག །ཚུལ་འདིར་སྡང་པའི་བློ་ཅན། །ལོག་པར་ཞུགས་པའི་ཉམས་པ། །ཞིང་བཅུ་ཚང་བའི་དུཥྚན། །སྙིང་རྗེའི་སྟོབས་ཀྱིས་བསྒྲལ་ཕྱིར། །བདག་གིས་ཐལ་བར་བརླག་པའི། །དྲག་པོ་ཆེན་པོའི་མཐུ་རྩལ། །རྫུ་འཕྲུལ་ནུས་པའི་གཟི་ཡིས། །རྒྱལ་བསྟན་སྐྱོང་བར་གྱུར་ཅིག །གཞན་ཡང་དྭགས་བརྒྱུད་བསྟན་པར། །བསྙེན་དང་བཀུར་སྟི་སྲི་ཞུར། །བརྩོན་པས་དང་ལེན་ནུས་པའི། །འཁོར་ལོས་སྒྱུར་དང་རྒྱལ་ཕྲན། །མ་ངེས་སོ་སོར་སྟོན་ཅིང་། །མངའ་རིས་དགེ་བཅུའི་ཁྲིམས་ཀྱི། །བདེ་ལེགས་


SPN001_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འབྱོར་ལྡན་པས། །རྫོགས་ལྡན་ལྟ་བུར་སྤྱོད་ཅིག །མདོར་ན་ཡིད་ལུས་རྟེན་འདི། །ཉམ་ཐག་མགོན་མེད་རྣམས་ཀྱི། །གདུང་སེལ་འདོད་པ་འཇོ་བའི། །ཡིད་བཞིན་རེ་སྐོང་ཤོག་ཅིག །དེ་ལྟར་སྨོན་ལམ་རྒྱ་མཚོ། །བསོད་ནམས་མཐའ་ཡས་ཟབ་མོའི། །དགེ་ལས་བྱུང་བའི་རིན་ཆེན། །དོན་གཉིས་གླིང་དུ་བགྲོད་ཀུན། །དལ་འབྱོར་གྲུ་ུལ་བརྟེན་ནས། །སེམས་བསྐྱེད་སྐྱ་བས་བསྐུལ་ཞིང་། །ཡིད་སྲུབས་ལས་རླུང་ལ་སོགས། །མི་མཐུན་རིགས་ལས་གྲོལ་ཏེ། །ཐེག་མཆོག་མ༵་ཎི་ར༵ཏྣ། །དངོས་གྲུབ་གསེར་གྱི་བུམ་བཟང་། །དཔྱོད་ལྡན་མོས་པའི་དོན་བཞིན། །ཡོངས་སུ་ཐོབ་པར་གྱུར་ཅིག །འདི་ཀོ་སྐལ་བཟང་བུང་བའི། །གདུང་ཤུགས་དྲག་པོའི་གླུ་དབྱངས། །གསོལ་བའི་སྙིང་པོའི་གནས་ན། །ངོ་མཚར་སྤྲུལ་པའི་སྐྱེད་ཚལ། །སྐྱབས་གསུམ་པདྨ་དཀར་པོ། །རྨད་བྱུང་འདབ་སྟོང་རྒྱས་འདྲའི། །ཕུལ་བྱུང་རྩི་བཅུད་རོལ་ཕྱིར། །མཆོག་གསུམ་དམ་པའི་ངོ་བོ། །དྷི༵་པཱཾ༵་མ༵་ཧཱ༵་ས༵་ཏྭ༵། །གུ༵་རུ༵་དྷ༵རྨ༵་ར༵་ཛ༵། །འོག་མིན་ཞིང་གི་བདག་པོ། །ཤྲཱི༵་བ༵ཛྲ༵་དྷ༵་ར༵། །བྱ་སྤྱོད་རྣལ་འབྱོར་བླ་མེད། །རབ་འབྱམས་དཔའ་བོའི་དབང་པོ། །བདེ་བ་མཆོག་གི་འཁོར་ལོ། །ཡུམ་གྱུར་རྡོ་རྗེ་བཙུན་མོ། །ཆོས་དབྱིངས་རྩལ་ལས་གྲུབ་པའི། །ཧེ་རུ་ཀ་དཔལ་ཁྲོ་ཆེན། །གཅིག་བསྡུས་མ་ཧཱ་ཀཱ་ལ། །བེར་ནག་ལྕམ་དྲལ་ལ་སོགས། །ཁྱོད་རྣམས་འདས་དང་ད་ལྟ། །མ་འོངས་དུས་གསུམ་


SPN001_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་ཤིང་། །གྲག་སྟོང་གསུང་གི་བདེན་ཚིག །རྫུ་འཕྲུལ་ནུས་པའི་མཐུ་ལྡན། །གང་ཞིག་ཇི་ལྟར་གསོལ་བའི། །སྨོན་ལམ་བྱམས་པའི་སྤྲིན་ཕུང་། །ཐུགས་བསྐྱེད་ལྷ་ལམ་ངོགས་ནས། །མཐུན་འགྱུར་དབྱར་གྱིི་རྔ་ཆེན། །མོས་ལྡན་གཙུག་ཕུད་ཅན་གྱི། །དད་པའི་ཟློས་གར་བསྒྱུར་རོ། །ཞེན་ལོག་འཁོར་བའི་འདམ་ནས། །བརྒལ་ཏེ་བདེ་ཆེན་འགྲོད་དོ། །འདི་ལས་བྱུང་བའི་དགེ་ཚོགས། །ས་མུ་དྲ་ཡི་རང་བཞིན། །རྣམ་དག་ཆུ་བོའི་རྒྱུན་བཟང་། །ལུས་ཅན་པད་ཚལ་བསྐྱེད་བསྲིང་། །དྭགས་བརྒྱུད་ནམ་མཁའི་ནོར་བུ། །ངེས་གསང་སྙིང་པོའི་འོད་སྟོང་། །མཐའ་ཀླས་ཞིང་ཁམས་རྒྱ་མཚོར། །ཡོངས་སུ་ཁྱབ་པར་གྱུར་ཅིག །སྭསྟི། རྒྱལ་བསྟན་བསྟན་འཛིན་འཛིན་པའི་ནོར་བུ། །དཔལ་མགོན་མགོན་སྐྱབས་སྐྱབས་གྱུར་དམ་པ། །བཅོམ་ལྡན་ཞི་བ་ཆགས་བྲལ་ཚོགས་མཆོག །མཆོག་གསུམ་ཕྱག་འཚལ་བདེ་ལེགས་ཤོག་ཅིག །ཐུགས་རྗེའི་གཏེར་ཆེན་རིགས་ཀུན་ཁྱབ་བདག་ཀརྨ་ཀ། ཐུགས་རྗེའི་རང་གཟུགས་རྡོ་རྗེ་ཕག་མོ་བདེ་གཤེགས་ཡུམ། །བསྟན་སྲུང་ཐུགས་རྗེའི་མཐུ་ལྡན་བེར་ནག་ལྕམ་དྲལ་ཚོགས། །རྩ་གསུམ་ཐུགས་རྗེ་ཅན་ལ་ཕྱག་འཚལ་བདེ་ལེགས་ཤོག །ཅེས་གཏན་གྱི་འདུན་མའི་རེ་ལྟོས་བསླུ་བ་མེད་པ་གཅིག་ཆོག་ཏུ་ངེས་ཤིང་། དེ་ཡང་ཕྱག་རྒྱ་ཆེན་པོ་མཆོག་གི་གྲུབ་བརྙེས་ཚད་མའི་བརྒྱུད་པ་དང་ལྡན་པའི་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཁྱད་པར་དུ་འཕགས་པ་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་ཞེས་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་ངེས་


SPN001_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

དོན་སྙིང་པོ་དོན་གྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་བའི་དཔལ་མགོན་སེམས་དཔའ་ཆེན་པོ་མཚན་བརྗོད་པར་དཀའ་བ་དཔལ་ཀརྨ་པ་དང་གར་དབང་མི་ཡི་ཟོལ་ཅན་ན་རིམ་འདི་དག །བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་ཏོག་དང་རྒྱལ་དབང་པདྨ་ཀཱ་ཱར་སོགས་ཀྱི་ལུང་གིས་ཟིན་པའི་རྒྱལ་ཚབ་དམ་པར་བསྔགས་པ་འཇིག་རྟེན་གསུམ་གྱི་འདྲེན་པ་ཆེན་པོ་རྗེ་བཙུན་ཀརྨ་པ་བདུད་འདུལ་རྡོ་རྗེ་གཙོ་བོར་གྱུར་བའི་ཞལ་མཇལ་ཆོས་ཀྱི་བདུད་རྩི་ཐོབ་པ་རྣམས་ཀྱི་དྲུང་དུ་ཡན་ལག་བདུན་པ་སྔོན་དུ་འགྲོ་བའི་སྒོ་གསུམ་མི་ཕྱེད་གདུང་ཤུགས་དྲག་པོས་རྒྱུད་བསྐུལ་ཏེ་རང་བློར་ཇི་ཙམ་དཔག་པའི་སྨོན་ལམ་གྱི་ཚུལ་དུ་སྨྲས་པ་འདིས་མཚོན་དུས་གསུམ་བསགས་པའི་དགེ་བའི་ཕུང་པོ་ཇི་སྙེད་ཀྱ ི་མཐུ་ལ་བརྟེན་ནས། རྒྱལ་བསྟན་རིན་པོ་ཆེ་དར་རྒྱས་དང་། མཁའ་ཁྱབ་ཀྱི་སེམས་ཅན་ཡོངས་ལ་བསྔོ་ཞིང་། ཀུན་ཀྱང་བྱང་ཆེན་མྱུར་ཐོབ་ཀྱི་རྒྱུར་གྱུར་ཅིག །ཅེས་ཕྱོགས་བཅུའི་ཞིང་ཁམས་མུ་མེད་མཐའ་ཡས་པར་བཞུགས་པའི་སངས་རྒྱས་སྲས་དང་བཅས་པ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ། བརྩེ་བའི་ཐུགས་རྗེ། མཛད་བའི་ཕྲིན་ལས། སྐྱོབ་པའི་ནུས་མཐུ་དང་ལྡན་པ་རྣམས་ཀྱིས་ཇི་བཞིན་སྨོན་པ་ཐམས་ཅད་དེ་བཞིན་ཡོངས་སུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། དེ་ལྟར་དད་པའི་མོས་བློས་ཀུན་ནས་བསླངས་ཏེ་རང་བཞིན་ཐོ་ལེར་བརྗོད་པའི་སྨོན་ལམ་འདི། མེ་འབྲུག་གནམ་ལོ་རྒྱལ་པོར་སྤྱོད་ཅིང་། དམ་པ་དང་པོའི་རྒྱུད་རྒྱལ་གྱི་དགོངས་པར་དཔྱིད་ཟླ་འབྲིང་པོ་སྒྲོལ་བྱེད་ཕཱལྐུ་ནཿཉ་པའི་ཚེས་བརྒྱད་གཟའ་ཡི་དབང་ཕྱུག་རཽ་ཧི་ཎི་ཡཿམདུན་དུ་བཙུན་མོ་མྲྀ་ག་ཤཱིཪྵཾ་དགའ་བཞེད་རྩེད་འཇོས་བྲེལ་བའི་དཀར་ཕྱོགས་བཟང་པོར་མདོ་ཁམས་འབྲི་ཀླུང་གསེར་ལྡན་ཀྱི་ཆར་གཏོགས་པའི་


SPN001_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཨ་ཏ་རོང་དང་རྗེས་སུ་འབྲེལ་བའི་ས་སྤྱོད་དཔལ་སྤུངས་དཔལ་གྱི་གནས་མཆོག་གི་གཙུག་ལག་ཁང་ཐུབ་བསྟན་ཆོས་འཁོར་གླིང་ཞེས་པའི་བསླབ་ལྡན་ངུར་སྨྲིག་འཛིན་པའི་འདུས་པ་རྒྱ་མཚོའི་དབུས་ནས་སྐལ་ལྡན་དད་པའི་བློ་ཅན་པདྨ་ཉིན་བྱེད་དབང་པོས་གསོལ་བ་བཏབ་པ་འབྲས་སྨིན་ལྷུན་གྲུབ་ཏུ་གྱུར་ཅིག །ཨསྨརྟུ་ཛ་ཏི་སརྦཱ་ཤུདྡྷཾ་བཱ་ཙཱ་པ་རཾ་པ་རཱ་བཻ་ས་མྱ། ཀརྨཱ་ཀ་ཤཻཥྚ་བཻ་ག་ཧྱ་ཛ་ཊ་ཏུ་མཎྜི་ཧི་བྷ་ཝནྟུ་ཤྲཱི་མན། ཤྲཱི་ཛྭ་ལ་ཛམྦུ་དཱི་བ་མངྒ་ལ་བྷ་ཝནྟུ། སརྦ་མངྒ་ལཾ།། ༈ །།དཔལ་དུས་གསུམ་རྒྱལ་བ་ཀུན་འདུས་པ། །མགོན་སྙིགས་མའི་སྐྱབས་མགོན་ཆོས་ཀྱི་རྗེ། །བདུད་འདུལ་བའི་རྡོ་རྗེ་འཆང་བ་པོ། །ཁྱེད་མི་མངོན་དག་པའི་དབྱིངས་ནས་དགོངས། །བདག་མོས་པའི་བུ་ལ་རྗེས་བརྩེ་བའི། །ཐུགས་ཆོས་དབྱིངས་མི་ཟད་རོལ་པ་ལས། །དེང་མཆོག་དང་ཐུན་མོང་དངོས་གྲུབ་ཆར། །རྒྱུད་བྱིན་གྱིས་བརླབ་པར་མཛད་དུ་གསོལ། །བསྡུ་ན་དེ་ཙམ་དང་སྤྲོ་ན། སྙིགས་མ་ལས་སྙིགས་མའི་བསྐལ་པ་འདིར། །བདག་དྲེད་པོ་ཆོས་མེད་རྒྱུད་མི་འཆོས། །བཟང་བརྫུས་ཀྱི་མགོ་བསྐོར་རྣམ་གཡེང་ཅན། །ཐུགས་རྗེ་ཡིས་གཟིགས་པའི་མཐུ་མ་ཆུང་། །དཔལ་བཀའ་བརྒྱུད་གོང་མའི་གཤེགས་པའི་ཤུལ། །གནས་གཙུག་ལག་དང་དགེ་འདུན་སྡེ་ཚོགས་ཀྱི། །བསྟི་གནས་མཆོག་ས་སྤྱོད་ཀརྨ་ཡི། །སྙིང་པོ་ཡི་བསྟན་དང་བསྟན་འཛིན་ཀུན། །ཞབས་བརྟན་ཅིང་ཕྲིན་ལས་རྒྱས་པ་དང་། །བདག་དང་ནི་བདག་འདྲའི་གདུལ་བྱ་ཀུན། །ཚེ་འདིར་སྣང་


SPN001_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་དཔལ་རྒྱས་ཤིང་། །ཆོས་སྒྲུབ་ལ་ཕྱོགས་པའི་འདུན་པ་རྣམས། །གེགས་མེད་པར་འགྲུབ་པར་བྱིན་གྱིས་རློབས། །སྐྱེ་མེད་ཀྱི་ཆོས་སྐུའི་རང་རྩལ་ལས། །འགག་མེད་ཀྱི་ལོངས་སྐུའི་སྒྱུ་འཕྲུལ་ཤར། །གནས་མེད་ཀྱི་སྤྲུལ་སྐུ་མཆོག་ཐོབ་ནས། །སྐུ་གསུམ་གྱི་གོ་འཕང་ཡོངས་ཐོབ་ཤོག །མགོན་ཐུགས་རྗེ་ཆེན་པོའི་སྟོབས་ཟབ་མོ། །རྒྱལ་གཞན་ལས་ལྷག་པའི་སེམས་དཔའ་ཡི། །སྙིང་རྗེ་དང་བརྩེ་བའི་བདག་ཉིད་ཅན། །འགྲོ་དྲུག་ལ་བུ་གཅིག་མ་ཡི་ཚུལ། །སྐྱབས་སྐྱོབ་པ་མ་གཡེལ་ལྷ་ཡི་ལྷ། །རྗེ་མ་འོངས་བསྐལ་བཟང་དྲུག་པ་མཆོག །སེང་གེ་སྒྲ་ཞེས་བྱར་འཚང་རྒྱ་བའི། །དེང་གཏན་དུ་འབྲལ་མེད་ཚེ་རབས་ཀུན། །མགོན་ཐུགས་རྗེས་གཟིགས་ཤིག་ཀརྨ་ཀ། བདུད་འདུལ་བའི་རྡོ་རྗེ་དུས་འདིར་དྲན། །ཅེས་པ་འདི་ཀརྨ་དགོན་གྱི་བླ་མ་སྤྲུལ་སྐུ་བའི་བཞེད་ངོར་སྤེལ། སརྦ་མངྒ་ལཾ།། །།


previousཐུན་མིན་ཞལ་གདམས་ཀྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ངེས་དོན་བདུད་རྩིའི་གཏེར་མཛོད། next