Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  expand section
   
   
   
   
   
   
   
  expand section
   
   
  expand section
   
  collapse section
སྨིན་དབང་ཟབ་མོའི་མཚམས་སྦྱོར་རིགས་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ངོ་མཚར་བདུད་རྩིའི་གཏེར་མཛོད།
   
   
   
   
   
   
   
   
   
   
   
   
   
   


 
previousསྨིན་དབང་ཟབ་མོའི་མཚམས་སྦྱོར་རིགས་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ངོ་མཚར་བདུད་རྩིའི་གཏེར་མཛོད། next

སྨིན་དབང་ཟབ་མོའི་མཚམས་སྦྱོར་རིགས་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ངོ་མཚར་བདུད་རྩིའི་གཏེར་མཛོད།

རཏྣ་གླིང་པའི་གཏེར་བྱོན་ཐུགས་རྗེ་ཆེན་པོ་གསང་འདུས་དབང་གི་བཤད་པ་སྐལ་ལྡན་ཡིད་ཀྱི་གདུང་སེལ་རྣ་བའི་བདུད་རྩི།


SPN001_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་དབང་ཟབ་མོའི་མཚམས་སྦྱོར་རིགས་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ངོ་མཚར་བདུད་རྩིའི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། །


SPN001_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

རཏྣ་གླིང་པའི་གཏེར་བྱོན་ཐུགས་རྗེ་ཆེན་པོ་གསང་འདུས་དབང་གི་བཤད་པ་སྐལ་ལྡན་ཡིད་ཀྱི་གདུང་སེལ་རྣ་བའི་བདུད་རྩི་བཞུགས་སོ། །འདིའི་གཤམ་དུ་ཕན་ཡོན་བརྗོད་པ་ཡང་ཡོད། ནམ་མཁའ་དང་མཉམ་པའི་མ་གྱུར་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་བདེ་བླག་ཏུ་ཐོབ་པར་བྱ་སྙམ་པའི་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ལེགས་པར་གསལ་བཏབ་ནས་གསན་པར་མཛད་འཚལ། དེ་ལ་འདིར་བཅོམ་ལྡན་འདས་འགྲོ་འདུལ་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་སྒོ་ནས་གདུལ་བྱ་སྐལ་བ་དང་ལྡན་པ་རྣམས་ཡང་དག་པའི་ལམ་ལ་དཀྲི་བའི་ཐབས་ཚུལ་དུ་མ་ལས་སྐབས་སུ་བབ་པ་སྒྲུབ་ཆེན་དང་འབྲེལ་བའི་སྐྱེ་བདུན་མྱོང་གྲོལ་རིལ་བུ་སྒྲུབ་པ་ལ་བརྟེན་ནས་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་བགྱིད་པ་ཡིན་ཅིང་། ཐོག་མར་ཡིད་ཆེས་དང་བ་འདྲེན་པའི་ཕྱིར་དུ་ལོ་རྒྱུས་ཟུར་ཙམ་སྨོས་ན།


SPN001_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་འཕགས་པ་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་ནི་དུས་གསུམ་གྱི་རྒྱལ་བ་མ་ལུས་པ་ཐམས་ཅད་ཀྱི་ཐུགས་རྗེ་གཅིག་ཏུ་འདུས་པའི་རང་གཟུགས་རྒྱ་མཚོ་ཆེན་པོ་ལྟ་བུ་སྟེ། ཆོས་ཀྱི་སྐུ་འཁོར་འདས་ཐམས་ཅད་ལ་ཡེ་གདོད་མ་ནས་ཁྱབ་པའི་རང་བཞིན་དུ་ངེས་ཤིང་། དེས་ན་ཀུན་ཁྱབ་དང་པོའི་སངས་རྒྱས་འོད་མི་འགྱུར་བ་ཞེས་བྱ་བ་བདེ་བར་གཤེགས་པ་རྣམས་ཀྱི་དབྱིངས་དང་ཡེ་ཤེས་རོ་གཅིག་པའི་ངང་དུ་ལྷུན་གྱིས་གྲུབ་པར་གནས་སོ། །རྒྱུད་ཆེན་ལས། ཕྱོགས་བཅུ་དུས་གསུམ་སངས་རྒྱས་རྣམས། །ཐུགས་རྗེ་ཆེན་པོར་མ་གྱུར་མེད། །དེ་ཉིད་སྐུ་གསུང་ཐུགས་བཅས་པ། །གསང་འདུས་རྒྱུད་འདིར་མ་འདུས་མེད། །ཅེས་གསུངས་པ་དང་། མདོ་སྡེ་ཟ་མ་ཏོག་ལས། ནམ་མཁའ་ནི་ཀུན་ཏུ་ཁྱབ་པ་


SPN001_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོའི་ཞལ་དང་། རླུང་གི་འགྲོ་འོང་ནི་གྲག་སྟོང་གསུང་གི་རང་བཞིན། ཉི་མ་དང་ཟླ་བ་རབ་ཏུ་གསལ་བ་ཡེ་ཤེས་སྤྱན་གྱི་རྣམ་པ་སྟེ་ཞེས་གསུངས་པ་དེ་ལ་སོགས་པ་བརྡ་དང་བརྡའི་སྒོ་ནས་གཅིག་དང་དུ་མའི་རྣམ་པར་རོལ་པ་འགྲོ་བའི་དོན་དུ་བསྟན་པ་དང་། རྒྱལ་བ་རྣམས་ཀྱི་གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོར་སྒྱུར་བའི་ལོངས་སྤྱོད་ཡོངས་སུ་རྫོགས་པའི་སྐུའི་བཀོད་པའི་དབང་དུ་བྱས་ན། དེ་ཡང་འོག་མིན་སྟུག་པོ་བཀོད་པ་ཞེས་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ཁམས་རྒྱ་ཁྱོན་ཚད་ལས་འདས་པ་བཀོད་པ་དང་ཡོན་ཏན་ཕུན་སུམ་ཚོགས་པའི་ཞིང་དེའི་སྟོན་པ་རྣམ་པར་སྣང་མཛད་སྤྱན་རས་གཟིགས་གངས་ཅན་མཚོ་ཞེས་བྱ་བ། གནས་ངེས་པ་འོག་མིན་གྱི་ཞིང་དེར། འཁོར་ངེས་པ་ས་བཅུའི་བྱང་ཆུབ་སེམས་དཔས་བསྐོར་ཞིང་། དུས་ངེས་པ་འཁོར་བ་ཇི་སྲིད་ཀྱི་བར་དུ། ཆོས་ངེས་པ་ཐེག་ཆེན་གསང་སྔགས་འབའ་ཞིག་འཆད་པ། གཙོ་མཆོག་ངེས་པ་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། དེའི་བ་སྤུའི་ཁུང་བུ་རེ་རེར་ཡང་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་སྤྲུལ་པའི་ཐུགས་རྗེ་ཆེན་པོའི་རང་གཟུགས་ཀྱིས་འགྲོ་བའི་དོན་མཐའ་ཡས་པར་མཛད་པ་དང་། ཕྱག་གི་ལྷུང་བཟེད་ཀྱི་ནང་སྤོས་ཆུའི་རྒྱ་མཚོ་ཆེན་པོའི་དབུས་སུ་མེ་ཏོག་པདྨ་ཉི་ཤུ་རྩ་ལྔ་བརྩེགས་མར་སྐྱེས་པའི་ཟེའུ་འབྲུ་རེ་རེའི་ནང་ནའང་། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་


SPN001_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྤྲུལ་པའི། མེ་ཏོག་བཅུ་གསུམ་པའི་ཟེའུ་འབྲུ་དབུས་མ་གཅིག་གི་ནང་དུ་སྟོང་གསུམ་མི་མཇེད་འཇིག་རྟེན་གྱི་ཁམས་འདི་ཆགས་ཤིང་། དེ་ཡང་ཐུགས་ཀའི་ཐད་དུ་གནས་པའི་རྟེན་འབྲེལ་གྱིས་འཇིག་རྟེན་གྱི་ཁམས་འདིར་དགེ་སྡིག་གང་བྱས་སྟོབས་དང་འགྱུར་གཞན་ལས་ཆེ་བར་གསུངས་པའི་བསོད་ནམས་མཆོག་གི་འདུ་བྱས་པ་ཐར་པའི་ལམ་སྟེགས་ཀྱི་གཞི་ཁོ་ནར་གྲུབ་པ་དང་། ངེས་པའི་དོན་དུ་ཐོག་མའི་མགོན་པོ་ཀུན་བཟང་དང་པོའི་སངས་རྒྱས་ཀྱི་རང་བཞིན་དང་། དྲང་བའི་དོན་དུ་འགྲོ་བའི་དོན་ལ་སླར་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཚུལ་དང་། ལམ་ལ་སློབ་པ་སོགས་སྣང་ཚུལ་དུ་མར་བསྟན་པ་དང་། མ་འོངས་པར་སངས་རྒྱས་འོད་ཟེར་དཔལ་བརྩེགས་ཀྱི་རྒྱལ་པོར་མངོན་པར་འཚང་རྒྱ་བ་སོགས་དུས་གསུམ་དང་དུས་མེད་ཀྱི་སེམས་ཅན་རྣམས་འདུལ་བའི་ཆེད་དུ། དེ་ལྟ་བུའི་མཐུ་སྟོབས་དང་རྫུ་འཕྲུལ་སྣ་ཚོགས་པར་དབང་བསྒྱུར་བའི་འཕགས་ཆེན་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་སྤྱད་ཅིང་། སྟོང་ཉིད་ཤེས་རབ་བདེ་བ་ཆེན་པོའི་རང་བཞིན་ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་མ། དུས་གསུམ་གྱི་རྒྱལ་བ་རྣམས་བསྐྱེད་པའི་གཞི་གསང་བ་ཡེ་ཤེས་དང་དབྱེར་མེད་ཟུང་དུ་འཇུག་པའི་རང་རྩལ་སྣང་བའི་རྣམ་པར་རོལ་པ་སྲས་ནོར་བུ་འཛིན་པ་དང་སྲས་མོ་གསང་སྔགས་འཛིན་མ། དེ་ལས་མ་གཡོས་པར་རྒྱལ་བ་རིགས་ཀྱི་ཡབ་ལྔ་དང་། ཡུམ་ལྔ། སེམས་དཔའ་


SPN001_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཡུམ་བཅུ་དྲུག །བསྐལ་བཟང་ཞིང་གི་འདྲེན་པ་སངས་རྒྱས་སྟོང་དང་རྩ་གཉིས། འགྲོ་འདུལ་སྤྲུལ་སྐུ་ཐུབ་དྲུག །སྒོ་སྐྱོང་ཁྲོ་རྒྱལ་ཡབ་ཡུམ་སོགས་མདོར་ན་ཞི་བ་དང་ཁྲོ་བོའི་དཀྱིལ་འཁོར་གྱི་འཁོར་ལོ་རབ་འབྱམས་མཐའ་ཡས་པ་བསམ་མི་ཁྱབ་པའི་རང་བཞིན་ཅན་རྣམས་ཀྱང་འདི་ཉིད་ཀྱི་རོལ་གར་ལས་མ་འདས་ཤིང་། འོ་སྐོལ་གྱི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོས་བསྟན་པའི་དམ་ཆོས་པདྨ་དཀར་པོ་དང་། སྣང་བ་རོལ་པ། ཟ་མ་ཏོག་ཆེ་ཆུང་ལ་སོགས་མདོ་སྡེ་མང་པོ་དང་། བྱ་རྒྱུད་པདྨ་དྲྭ་བ་དང་དོན་ཡོད་ཞགས་པ་སོགས་དང་། སྤྱོད་རྒྱུད་ལ་སྙིང་རྗེ་ཆེན་པོ་རང་བཞིན་རྒྱུད་སོགས་དང་། རྣལ་འབྱོར་རྒྱུད་ལ་པདྨ་ཅོད་པན་གྱི་སྐོར་རྣམས་དང་། བླ་མེད་ལ་པདྨ་རྒྱལ་པོའི་རྒྱུད་ལ་སོགས་པ་སྤྱན་རས་གཟིགས་ཀྱི་སྒོས་རྒྱུད་དཔག་ཏུ་མེད་པ་རྣམས་རྒྱ་གར་གྱི་ཡུལ་ལྗོངས་ཐ་གྲུར་སྤེལ་ཞིང་ཐུགས་རྗེ་ཆེན་པོའི་འོད་ཟེར་གྱིས་ཁྱབ་པར་མཛད་ཅིང་། བོད་ཡུལ་འདིར་ཇི་ལྟར་དར་བའི་ཚུལ་ནི་བཅོམ་ལྡན་འདས་ཀྱིས་མཛད་པ་ཐ་མའི་ཚུལ་བསྟན་པའི་ཚེ། སྤྱན་རས་གཟིགས་ཀྱིས་བོད་ཁ་བ་ཅན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་ན། འཕགས་པ་ཁྱོད་ཀྱི་གདུལ་བའི་ཞིང་ཁོ་ནར་ངེས་པས་དེ་ལྟར་ཡིད་དམ་འཆའ་བར་གྱིས་ཤིག་ཅེས་གསུངས་པས། འཕགས་པ་ཉིད་ཀྱི་པོ་ཊ་ལའི་རི་བོ་ནས་བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས་སུ་དགོངས་པ་གཏད་ཙམ་ན། ས་འོག་ཏུ་གྲང་


SPN001_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

དམྱལ་མི་བཟད་པའི་སྡུག་བསྔལ་གྱི་ཚོར་བས་ཉེན་པ་དཔག་ཏུ་མེད་པ་རྣམས་སྙིང་རྗེའི་ལྕགས་ཀྱུས་ཉེ་བར་དྲངས་ནས་ཐར་པའི་ལམ་ལ་བཀོད། དེ་ནས་འཕགས་པ་མཆོག་དང་། རྗེ་བཙུན་སྒྲོལ་མས་སྤྲུལ་སྒྱུར་གྱི་སྒོ་ནས་ཆོས་ཀྱི་སྣོད་དང་རྟེན་དུ་རུང་བའི་ཕྱིར་ཐབས་མཁས་ཐུགས་རྗེའི་འཕྲུལ་ཀྱིས་བྷོ་ཊ་ཞེས་པའི་རྐང་གཉིས་པ་རྣམས་སྤེལ་ཞིང་། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོའི་རྣམ་འཕྲུལ་རྒྱལ་པོའི་ཐོག་མ་གཉའ་ཁྲི་བཙན་པོ་འཁྲུངས་པ་དེས་རྒྱལ་ཁྲིམས་ལ་བརྟེན་ནས་མི་ཆོས་ཀྱི་སྲོལ་ཚུགས། དེ་ནས་བྱང་སེམས་ཀུན་ཏུ་བཟང་པོའི་སྤྲུལ་པ་ཐོ་ཐོ་རི་སྙན་ཤལ་གྱི་སྐབས། ཕོ་བྲང་གི་ཡང་རྩེར་མདོ་ཟ་མ་ཏོག །དཔང་ཀོང་ཕྱག་རྒྱ་པ། ཤེལ་གྱི་མཆོད་རྟེན་རྣམས་ནམ་མཁའ་ནས་བབས་ཏེ་དམ་པ་ཆོས་ཀྱི་དབུ་བརྙེས། དེ་ནས་སྤྱན་རས་གཟིགས་དངོས་སྲོང་བཙན་སྒམ་པོ་ཞེས་གྲགས་པ་དབུ་གཙུག་ཏུ་རིགས་བདག་སྣང་མཐའ་འདུ་འབྲལ་མེད་པར་བཞུགས་པ་དེས་ཆོས་འཁོར་ལྷ་སའི་གཙུག་ལག་ཁང་སོགས་བཞེངས་པ་དང་ཇོ་ཤཱཀ་རྣམ་གཉིས་སྤྱན་དྲངས། གཞན་ཡང་སེམས་ཅན་རྣམས་གསུང་ཡི་གེ་དྲུག་པའི་སྒོ་ནས་འགྲོ་དོན་ཕྲིན་ལས་རྒྱ་ཆེར་སྤེལ་བ་སོགས་ལྷ་ཆོས་ཀྱི་སྲོལ་གཏོད། དེ་ནས་འཇམ་དཔལ་སྤྲུལ་པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་ཐུགས་བསྐྱེད་རྨད་དུ་བྱུང་བའི་སྒོ་ནས། སངས་རྒྱས་གཉིས་པ་ཨོ་རྒྱན་རིན་པོ་ཆེ་པདྨ་འབྱུང་གནས། ཟ་ཧོར་གྱི་མཁན་


SPN001_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བོ་དྷི་སཏྭ། བི་མ་ལ་མི་ཏྲ། གཞན་ཡང་རྒྱ་གར་གྱི་པཎ་གྲུབ་མང་པོ་སྤྱན་དྲངས། བོད་ཡུལ་གྱི་ལྷ་སྲིན་མི་བསྲུན་པ་རྣམས་བཏུལ་ཞིང་དམ་ལ་བཞག་ནས་བཀའི་སྲུང་མར་བསྐོས་པ་དང། ཟན་ཡང་དཔལ་གྱི་བསམ་ཡས་གཙོས་གཙུག་ལག་ཁང་ཆེན་པོ་བརྒྱ་དང་རྩ་བརྒྱད། ཕྲན་བུ་སྟོང་དང་རྩ་གཉིས་བཞེངས་པར་མཛད། ལོ་ཙཱ་བ་བཻ་རོ་ཙ་ན། ཀ་ཅོག་རྣམ་གཉིས། ལྡན་མ་རྩེ་མང་སོགས་སྐད་གཉིས་སྨྲ་བ་རྣམས་ཀྱིས་མདོ་སྔགས་ཀྱི་ཆོས་ཚུལ་དུ་མ་བསྒྱུར་ཞིང་གཏན་ལ་ཕབ། ཁྱད་པར་གསང་བ་འདུས་པའི་རྒྱུད་མཁའ་འགྲོའི་བརྡའ་ཡིག་ལས་ཨོ་རྒྱན་ཆེན་པོས་སྒྲ་རང་འགྱུར་གནང་། བཀའི་བསྡུ་བ་པོ་ཡེ་ཤེས་མཚོ་རྒྱལ་དང་། རྒྱལ་བ་མཆོག་དབྱངས། ལང་གྲོ་ལོ་ཙཱ་བ་གསུམ་གྱིས་ཤོག་སེར་ལ་དག་པར་བཀོད། ཨཪྱ་པཱ་ལོའི་གླིང་དང་། ལྷོ་བྲག་གནམ་སྐས་ཅན་རྣམས་སུ་གསང་བ་འདུས་པའི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེས་ནས་ལས་ཅན་རྣམས་རྒྱུད་སྨིན་པར་བཛད་དེ། སྨོན་ལམ་ཟབ་མོས་མཚམས་སྦྱར་ཏེ། བཀའི་སྲུང་མ་རྣམས་ལ་གཉེར་དུ་གཏད་ཅིང་བསེ་ཡི་སྒྲོམ་བུར་བཅུག་ནས་ཟབ་གཏེར་དུ་སྦས་པ་སྟེ། ཐེམ་བྱང་ལས། ཐུགས་རྗེ་ཆེན་པོ་གསང་འདུས་ཞི་ཁྲོའི་སྐོར༔ མོན་མཁར་སྟེང་དུ་མཁའ་རིས་གདན་དྲངས་ཚེ༔ མཚོ་རྒྱལ་བདག་དང་བཙུན་པ་མཆོག་དབྱངས་དང་༔ ཤེལ་དཀར་བཟའ་དང་ལང་གྲོ་ལོ་ཙཱ་ཱདང་༔ ཨ་ཙར་ཡེ་ཤེས་རྣམས་ཀྱིས་ཡི་གེར་


SPN001_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས༔ གནམ་སྐས་བྲག་ལ་གཏེར་ཁ་གསུམ་སྦས་ཏེ༔ ཞེས་དང་། ཁྱད་པར་སྔོན་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་འགྲོ་བའི་དོན་དུ་ཐབས་ལ་མ་རྨོངས་པའི་ཚུལ་དུ་མའི་སྤྲུལ་སྒྱུར་གྱིས་བྲམ་ཟེའི་རིགས་དང་། གཞན་ཡང་གང་ཟག་མཆོག་གི་སྐྱེ་བ་བདུན་བརྩེགས་ཅན་ཁོ་ནར་བཞེས་པའི་སྐུ་ཤ་རྣམས་དང་། རྩ་བརྒྱད་སྟོང་སྦྱར་གྱི་བདུད་རྩི་ཆོས་སྨན་དམ་རྫས་ལ་སོགས་པ་གཏེར་གནས་གཞན་རྣམས་ལའང་རིམ་པར་སྦས་ཤིང་། གཏེར་ཁ་འདིར་ཡང་ཤོག་སེར་དང་སྐྱེ་བདུན་དམ་རྫས་སོགས་རྒྱ་རིམ་པ་བདུན་གྱིས་བཏབ་ནས། དགེ་བསྙེན་སྐུ་ལྷ་མཁའ་རི་དང་༔ ཀླུ་བདུད་ནག་པོ་མགོ་དགུ་དང་༔ མ་མོ་སྔགས་ཀྱི་སྲུང་མ་དང་༔ དམ་ཅན་རྡོ་རྗེ་ལེགས་པ་ལ༔ བཀའ་འདི་གཏད་དོ་ས་མ་ཡཿམ་འོངས་དུས་ཀྱི་ཐ་མ་ལ༔ ལས་ཅན་ཐུགས་རྗེ་ཆེན་པོ་ཡི༔ སྐལ་ལྡན་གཅིག་དང་འཕྲད་པར་ཤོག༔ ཅེས་སྨོན་ལམ་མཛད་པ་བཞིན་ཕྱིས་དུས་ལ་བབ་པ་ན་ལང་གྲོ་ལོ་ཙཱའི་སྐྱེ་བ་འགྲོ་འདུལ་གླིང་པའམ། ཞིག་པོ་གླིང་པའམ། རཏྣ་གླིང་པ་ཞེས་ཡོངས་སུ་གྲགས་པ་དེ་ལྟར་གླིང་པ་གསུམ་གྱི་མཚན་དང་ལྡན་པ། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་གྲུབ་པའི་དབང་ཕྱུག་དེ་ཉིད་ཀྱིས་ཟབ་གཏེར་ཞལ་ཕྱེ་བའི་སྐབས། གཏེར་སྲུང་དགེ་བསྙེན་མཁའ་རི་ལྕམ་དྲལ་ཡང་ཁྲོམ་ཚོགས་རྣམས་ཀྱིས་དངོས་སུ་མཐོང་བར་གཏེར་སྒོ་བསྟན་པ་དང་།


SPN001_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་གི་ཆར་འབབས་ཤིང་། དྲི་བཟང་གི་ངད་ལྡང་བ། དབང་པོའི་གཞུ་ལྟ་བུ་ཁ་དོག་ལྔ་ལྡན་གྱི་འཇའི་གུར་ཁང་དང་། དར་ཡུགས་བརྐྱང་པ་ལྟ་བུ་སོགས་ཡ་མཚན་རྨད་དུ་བྱུང་བའི་ལྟས་དུ་མ་བཅས་ཤོག་སེར་དང་དམ་རྫས་སོགས་སྤྱན་དྲངས་ཤིང་། སྤྱིར་ཨོ་རྒྱན་ཆེན་པོས་གཏེར་ཁ་གཞན་རྣམས་ཀྱི་ཆོས་བདག་གི་གཙོ་བོ་ཡང་རྒྱལ་དབང་ཀརྨ་པ་ན་རིམ་ལུང་གིས་ཟིན་བཞིན་དང་། སྒོས་སུ་ཆོས་འདིའི་བཀའ་བབས་ཀྱི་མངའ་བདག་རྗེ་བདུན་པ་ཆོས་གྲགས་རྒྱ་མཚོ་ལ་གཏེར་བྱོན་གྱི་ཟབ་ཆོས་ཚང་མ་དང་། དམ་རྫས་ཨ་མ་སོགས་འབུལ་ཞིང་། གཞན་ཡང་རྗེ་འབྲུག་པ་རྒྱལ་དབང་ཆོས་རྗེ་སོགས་བཀའ་བབས་ཆོས་ཀྱི་བདག་པོ་ལྔ། ཉེ་བའི་ཐུགས་སྲས་རྣམ་བཞི། རིགས་ལྡན་ལྔ་དང་དཀྱིལ་འཁོར་འཛིན་པ་བརྒྱད། ལས་ཅན་ཆོས་བདག་ཉེར་ལྔ་ལ་སོགས་པ་བྱོན་དང་འབྱོན་འགྱུར་གྱི་བུ་སློབ་ནམ་མཁའི་སྐར་ཚོགས་ཙམ་གྱིས་གཞན་དོན་ཕྲིན་ལས་ཀྱི་སྒོ་དུ་མས་ས་ཆེན་པོའི་རྡུལ་དང་མཉམ་པའི་འགྲོ་བ་རྣམས་ཡང་དག་པའི་ལམ་ལ་བཀོད་པ་སོགས་ཕན་པའི་ཡོན་ཏན་རང་རེ་སོ་སྐྱེའི་བློ་ལས་འདས་ཤིང་བརྗོད་པར་དཀའ་ནའང་ཆ་ཤས་ཙམ་ཞིག་སྨོས་ན། དོན་ཏིག་འགྲོ་བ་ཀུན་གྲོལ་གྱི་རྒྱུད་ལས། ཐུགས་རྗེའི་ཕྲིན་ལས་ཤུགས་འབྱུང་བ༔ འདི་ཉིད་མྱོང་བ་ཙམ་གྱིས་ནི༔ བློ་དང་བྲལ་བའི་དོན་རྟོགས་ནས༔ བསྒོམ་མི་དགོས་པ་མྱོང་གྲོལ་ལོ༔ ཞེས་དང་།


SPN001_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གསང་བ་འདུས་པའི་རྒྱུད་ལས། མ་སྒྲུབ་སངས་རྒྱས་ཐོབ་ཐབས་ལྔ༔ སྔོན་སྦྱང་ལས་དང་ཐོས་གྲོལ་དང་༔ རང་བྱུང་རྒྱུད་མཆོག་བཏགས་གྲོལ་དང་༔ མཚན་ལྡན་པད་ཅན་རྩ་ཡི་གནད༔ གསང་ལམ་ཟབ་མོའི་འཕོ་བ་དང་༔ ངོ་མཚར་མཆོག་རྫས་སྐྱེ་བདུན་ནོ༔ ཞེས་པ་ལྟར་གཏེར་ཆེན་ཉིད་ནས་ཀྱང་འཕན་ཡུལ་དུ་ཆོས་རྗེ་སྨོན་ལམ་རྒྱལ་པོས་བསྐུལ་བའི་བུམ་སྒྲུབ་དང་། གཞན་ཡང་སྒྲུབ་ཆེན་སུམ་ཅུ་ལྷག་ཙམ་མཛད་པས། གཞུང་དུ་གསལ་བའི་ཕྱི་ནང་གི་རྟགས་མཚན་ཁྱད་པར་ཅན་རྣམས་དང་། ཐུན་པ་རྣམས་ཀྱིས་ཀྱང་ཐུགས་རྗེ་ཆེན་པོ་ཞལ་མཇལ་བ་སོགས་ངོ་མཚར་བའི་གནས་དུ་མ་བྱུང་ཞིང་། ཕྱོགས་དང་རིས་སུ་མ་ཆད་པའི་སྐྱེ་འགྲོ་གྲངས་མེད་པ་རྣམས་འཁོར་བ་མཐའ་ཅན་ཆོས་ཉིད་མངོན་གྱུར་གྱི་གནས་ལ་བཀོད་པའི་ཕྲིན་ལས་རྒྱ་ཆེན་རྒྱུན་མི་ཆད་པར་སྤེལ་ཞིང་། རྒྱལ་སྲས་ཚེ་དབང་གྲགས་པ་ཞེས་དབང་ཆེན་རྟ་མགྲིན་དངོས་སུ་སྤྲུལ་པའི་གྲུབ་པ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་དེ་ཉིད་དགུང་ལོ་བརྒྱ་དང་བཅུར་བཞུགས་ཤིང་། ཟབ་ཆོས་ཀྱི་རྒྱལ་ཐབས་ཆེན་པོར་གྱུར་པ་དེ་ལས་རིམ་པར་བརྒྱུད་བའི་རྔོད་ཤཱཀྱ་བཀྲ་ཤིས། མཁོར་དྲུང་པ་བསོད་ནམས་བཀྲ་ཤིས། ཚེ་ཆོག་པ་པདྨ་དབང་ཕྱུགརྡོ་རྗེ་འཛིན་པ་བཀྲ་ཤིས་དབང་ཕྱུག །ཡོངས་


SPN001_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཀརྨ་དོན་ཡོད། དྲིན་ཆེན་ཀརྨ་ཆགས་མེད། ཆེ་ཚང་པ་གསུང་རབ་རྒྱ་མཚོ། འཇམ་མགོན་བསྟན་པའི་ཉིན་བྱེད། རིག་འཛིན་ཐུགས་ཀྱི་རྡོ་རྗེ་སོགས་མཁས་པ་དང་གྲུབ་པའི་དབང་ཕྱུག་དམ་པ་རྣམས་ཀྱི་བཀའ་དྲིན་ལས་ཐོབ་པའི་སྨིན་བྱེད་དབང་བསྐུར་ཟབ་མོ་བགྱིད་པ་ལ། དེ་ཡང་ཐུགས་རྗེ་ཀུན་ལ་ཁྱབ་པ་སྙིང་རྗེའི་སྤྱན་རས་ཀྱིས་འགྲོ་ལ་དུས་དྲུག་གཟིགས་པའི་མཁའ་དབྱིངས་ཡངས་པོར་རྩ་བ་དང་བརྒྱུད་པའི་བླ་མ་རིག་འཛིན་གྲུབ་ཐོབ་རྣམས་ཀྱི་བྱིན་རླབས་ཀྱི་སྤྲིན་ཕུང་གཏིབས་ཤིང་། ཡི་དམ་དཔའ་བོ་མཁའ་འགྲོས་དངོས་གྲུབ་རྣམ་པ་གཉིས་ཀྱི་ཆར་རྒྱུན་ནི་འབེབས། རྟེན་དང་བརྟེན་པའི་དཀྱིལ་འཁོར་སྒྲུབ་རྫས་ཀྱི་མདངས་འཇའ་ཚོན་ལྟར་བཀྲ་ཞིང་གསལ། དམ་ཅན་སྲུང་མ་དགྱེས་པའི་གད་རྒྱངས་ཆེན་པོའི་དབྱར་རྔ་ནི་ལྡིར། སྒྲུབ་པའི་རྣལ་འབྱོར་དཔོན་སློབ་རྣམས་ཀྱང་དམ་ཚིག་དང་ལྡན་པའི་སྒོ་ནས་བསྐྱེད་རྫོགས་ཟུང་དུ་འཇུག་པའི་ས་མ་དྷི་དང་མ་བྲལ་བར་སྒྲུབ་པ་ཆེན་པོའི་སྦྱོར་དངོས་རྗེས་གསུམ་གཞུང་དང་མཐུན་པར་གྲུབ་ཅིང་། དེས་ན་ལུང་བསྟན་བཀའ་རྒྱ་མ་ལས། མདོར་ན་ཨོ་རྒྱན་ངས་བསྟན་ཆོས་རྣམས་ལ༔ གཞུང་བཞིན་སུ་དང་སུ་ཡིས་སྤྱད་པ་ཀུན༔ ཐམས་ཅད་ང་སྤྲུལ་ཡིན་པར་ཤེས་པར་བྱ༔ ཕྱི་རབས་ཀུན་གྱིས་ཡིད་གཉིས་ཐེ་ཚོམ་སྤང༔ གུས་པས་བཀུར་སྟི་ཕུ་


SPN001_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

དུད་འབྲེལ་བ་ཐོབ༔ ཅེས་གསུངས་པ་དང་། དབང་བསྐུར་འདི་ཉིད་ཐོབ་པའི་ཕན་ཡོན་ནི། གསང་འདུས་རྒྱུད་ཀྱི་དབང་གི་ལེའུ་ལས། དུས་གསུམ་བདེར་གཤེགས་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་མ་ལུས་པ༔ ཡིག་བདུན་དག་ལ་ཡང་དག་རྫོགས༔ དབང་ཐོབ་ཡོན་ཏན་མཐའ་ཡས་ཏེ༔ ཞེས་སོགས་དང་། ཡིག་བདུན་དབང་དང་ལུང་ཐོབ་མིའི༔ ལས་དང་ལས་ཀྱི་རྣམ་སྨིན་རུང༔ མི་དགེ་བཅུ་དང་མཚམས་མེད་ལྔ༔ དུས་འདི་ཉིད་ལ་བྱང་བར་འགྱུར༔ ཞེས་སོ། །དེ་དག་ལ་སོགས་པ་བཀའ་གཏེར་གྱི་གཞུང་རྣམས་སུ་དུ་མར་གསུངས་ཤིང་། སྔགས་རྙིང་མའི་ལུགས་འདིར་རིང་བརྒྱུད་བཀའ་མ་དང་། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་བརྒྱུད་པ་སྟེ་བཀའ་སྲོལ་དེ་གསུམ་གཅིག་ཏུ་འདུས་པའི་སྨིན་ཅིང་གྲོལ་བའི་དབང་བསྐུར་ཟབ་མོ་ཞུ་བའི་ཕྱིར་ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པའི་མཎྜལ་ཞིག་གནང་འཚལ། ཞེས་པའང་རྒྱལ་དབང་མཆོག་གི་སྤྱན་རས་ཨུཏྤལ་གྱི་འབབས་སྟེགས་སུ། སི་ཏུ་པདྨ་ཉིན་བྱེད་དབང་པོས་བཀོད་པ་མངྒ་ལཾ།། །།

ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་སྒྲུབ་ཆེན་དབང་དང་འབྲེལ་བའི་ཕན་ཡོང་བརྗོད་པ།


SPN001_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་སྒྲུབ་ཆེན་དབང་དང་འབྲེལ་བའི་ཕན་ཡོང་བརྗོད་པ་བཞུགས་སོ། །ན་མོ་ལོ་ཀཱི་ཤྭ་ར་ཡ། འོ་ན་ད་ལམ་སྐབས་སུ་བབས་པ་སྐྱེ་བདུན་དམ་རྫས་ཀྱི་བུམ་སྒྲུབ་ཆེན་མོའི་ལོ་རྒྱུས་མདོར་བསྡུས་པ་ཙམ་ཞུ་ན། དེ་ལ་སྤྱིར་རྒྱུད་སྡ-ེ་བཞི་ཀ་ནས་རིལ་བུ་ལ་བརྟེན་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་བསྒྲུབ་པའི་ཐབས་དཔག་ཏུ་མེད་པ་གསུངས་ཏེ། འཇམ་དཔལ་དམར་པོའི་སྒོ་ནས་ཤེས་རབ་རིལ་བུ་དང་། དབྱངས་ཅན་མའི་ཤེས་རབ་རིལ་བུ་སོགས་བསྒྲུབ་པ་ལ་བརྟེན་ནས་ཤེས་རབ་དང་བློ་གྲོས་སྐྱེད་ཐབས་གསུངས་པ་དང་། གསར་མའི་བདེ་དགྱེས་གསང་གསུམ། དམར་ནག་འཇིགས་གསུམ་སོགས་བླ་མེད་ཀྱི་རྒྱུད་སྡེ་ཐམས་ཅད་དང་། རྙིང་མའི་བཀའ་དགོངས་ཕུར་གསུམ་སོགས་རྒྱུད་སྡེ་ཐམས་ཅད་ནས་ཀྱང་། བཟའ་བའི་དམ་ཚིག་གི་སྐབས་བདུད་རྩི་རིལ་བུ་བྱ་ཐབས། དེའི་ཕན་ཡོན་མྱོང་བ་ཙམ་གྱིས་མཆོག་གི་དངོས་གྲུབ་ཐོབ་ཚུལ་མཐའ་ཡས་པར་གསུངས་ཤིང་། མ་ཎི་རིལ་བུ་འདི་ལའང་གཏེར་ཁ་དུ་མ་ནས་བྱོན་པའི་བདུད་རྩི་རིལ་བུ་དང་། གཏེར་སྟོན་དུ་མས་བསྒྲུབས་པའི་བདུད་རྩི་རིལ་བུ་དང་། མཉམ་མེད་དྭགས་པོ་བཀའ་བརྒྱུད་རིམ་བྱོན་དང་། དཔལ་ལྡན་ས་སྐྱ་ན་རིམ་གྱིས་བསྒྲུབས་པའི་བདུད་རྩི་རིལ་བུ། འབྲི་གུང་བའི་བདུད་རྩི་རིལ་བུ་སོགས་ཀྱང་འདྲེས་ཤིང་དོན་ལ་མཆོག་གི་དམ་རྫས་རིལ་བུ་ཡིན་པའི་


SPN001_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དང་། བདུད་རྩི་རིལ་བུ་ཡང་ཤ་ལྔ་བདུད་རྩི་ལྔ་ཡིན་ལ། འདི་མཆོག་གི་སྐྱེ་བདུན་གཙོ་བོར་བྱས་པའི་རིལ་བུ་ཡིན་པས། རྒྱུད་སྡེ་རྣམས་ནས་བདུད་རྩི་རིལ་བུའི་ཕན་ཡོན་ཇི་སྐད་བཤད་པ་ཐམས་ཅད་མ་ཎི་རིལ་བུ་འདི་ལ་འབྱུང་ངོ་། །ཁྱད་པར་གསར་མའི་བདེ་མཆོག་རྩ་བ་དང་བཤད་པའི་རྒྱུད་ཆེན་པོ་རྣམས་ནས་ཀྱང་སྐྱེ་བ་བདུན་པ་ཡིན་མིན་བརྟག་པའི་ཐབས་དང་། སྐྱེ་བདུན་དེ་ཡི་ཤ་ལ་བརྟེན་ནས་མཁའ་སྤྱོད་སྒྲུབ་པའི་ཐབས་རྒྱ་ཆེན་པོ་གསུངས་ཤིང་། རྙིང་མའི་ཐུགས་རྗེ་ཁྲོས་མའི་ཆོས་སྐོར་ལ་ཡང་གསུངས་སོ། །ཁྱད་པར་དུ་གསང་སྔགས་རྙིང་མ་བཀའ་རྫོགས་པ་ཆེན་པོའི་རྒྱུད་སྡེ་རྣམས་ནས་གཞན་ལས་ཁྱད་པར་དུ་འཕགས་པའི་གདམས་ངག་མ་བསྒོམ་པར་སངས་རྒྱས་པའི་ཐབས་བཞི་གསུངས་ཏེ། བཏགས་པས་གྲོལ་བ་བཏགས་གྲོལ་འཁོར་ལོ། ཐོས་པས་གྲོལ་བ་ཐོས་གྲོལ་དང་འཕོ་བ། རིིག་པས་གྲོལ་པ་ཌཱ་ཀི་མཚན་ལྡན་པདྨ་ཅན། ཟོས་པས་གྲོལ་བ་སྐྱེ་བདུན་རིལ་བུ་དང་བཞིའོ། །དེ་ལ་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་རྒྱུད་ལས། དེ་ནས་སྐྱེ་བདུན་ཤ་བསྒྲུབ་པ༔ དེ་ཉིད་བརྟགས་བསྒྲུབ་འགྲོ་དོན་བྱ༔ བརྟག་པ་སྐྱེ་བདུན་གང་ཡིན་དེས༔ མི་ཡི་སྐྱེ་བ་བདུན་སོགས་དྲན༔ དེ་ཡང་ཆོས་ལྡན་སྐྱེ་བདུན་པའི༔ རོ་བླངས་ཤ་རྣམས་ལེགས་བསྐམས་ཏེེ༔ ཞེས་དང་། ཐུགས་རྗེ་ཆེན་པོ་གསང་བ་འདུས་


SPN001_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུད་ལས། དལ་འབྱོར་ཆོས་ལྡན་མི་ལུས་ནི༔ བདུན་ནི་བརྩེགས་མར་བླངས་པ་ཡི༔ ངེས་པར་ཡིད་ཆེས་ལྡན་པ་དེའི༔ རོ་བླངས་ཤ་རྣམས་ལེགས་པར་བསྐམ༔ ཞེས་གསུངས་པ་ལྟར། སྤྲུལ་པའི་གཏེར་ཆེན་དྲི་མེད་ལྷུན་པོ་དང་། གཞན་ཡང་གཏེར་ཁ་བཅུ་གསུམ་ནས་བྱོན་པའི་བྲམ་ཟེ་སྐྱེ་བདུན་གྱི་ཤ་དང་། བྲམ་ཟེ་དུང་རྣ་ཅན་གྱི་སྐུ་ཤ་པདྨ་གླིང་པའི་གཏེར་མ་དང་། རཏྣ་གླིང་པས་པཉྩ་ལྷ་ཁང་ནས་བཏོན་པའི་བྲམ་ཟེ་ལོ་ལི་ཇོ་སའི་སྐུ་ཤ་དང་། གནམ་སྐས་ཅན་ནས་བཏོན་པའི་བྲམ་ཟེ་ཛྭེ་ཏ་རི་པའི་སྐུ་ཤ་དང་། བྲམ་ཟེ་དྲི་མེད་སྙིང་པོས་གཙོས་བྲམ་ཟེ་ཉི་ཤུ་རྩ་ལྔའི་སྐུ་ཤ་རྣམས་གཙོ་བོ་བྱས་ནས་གསར་རྙིང་རིས་མེད་ཀྱི་དམ་རྫས་ཟབ་མོ་མཐའ་དག་ཀུན་འདུས་ཀྱི་རིལ་བུ་སྟེ། དེ་ལྟར་ཡིད་ཆེས་ཁུངས་བཙུན་དང་བ་འདྲེན་པའི་གནས་ཀྱི་རང་བཞིན་ལ། དེའང་། སྐྱེ་བདུན་བསྒྲུབ་པའི་ཕན་ཡོན་དང་། རིལ་བུ་ཟོས་པའི་ཕན་ཡོན། དབང་ཐོབ་པའི་ཕན་ཡོན་དང་གསུམ་མོ། །དང་པོ་བསྒྲུབ་པའི་ཕན་ཡོན་ནི། གསང་བ་འདུས་པའི་རྒྱུད་ལས། རྒྱལ་བ་མཉེས་མཆོད་རྒྱུན་མི་ཆད༔ སེམས་ཅན་སྒྲིབ་སྦྱོང་རྒྱུན་མི་ཆད༔ བདག་ལ་དངོས་གྲུབ་རྒྱུན་མི་ཆད༔ རྒྱུན་ཆད་མེད་པ་གསུམ་ལྡན་གྱི༔ ཏིང་འཛིན་འདི་ཟབ་འཇིག་རྟེན་འདིར༔ མ་བྱུང་མི་འབྱུང་འབྱུང་མི་འགྱུར༔ དངོས་གྲུབ་མ་ལུས་ཀུན་འབྱུང་ཞིང་༔ མྱུར་དུ་འགྲུབ་པར་ཐེ་ཚོམ་མེད༔ སྒྲུབ་ཐབས་གསུམ་པོ་བསྒྲུབ་ལམ་སྦྱངས༔ དོན་གཉིས་མཐར་


SPN001_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་སངས་རྒྱས་སོ༔ ཞེས་དང་། གསང་སྒྲུབ་ལས། སྤྱན་རས་གཟིགས་དང་གཉིས་མེད་དེ༔ བར་དོའི་འཇིགས་པ་ཀུན་བྲལ་ཏེ༔ གསང་བ་འདུས་དང་གཉིས་མེད་འགྱུར༔ ཞེས་དང་། སྒྲུབ་པ་བྱེད་པའི་རྣལ་འབྱོར་རྣམས༔ ཚེ་འདིར་རིག་འཛིན་ཐོབ་པར་འགྱུར༔ དང་དུ་ལོངས་ཤིག་སྐལ་ལྡན་རྣམས། །ཞེས་དང་། སྒྲུབ་ཆེན་ལས། སྙིགས་མའི་དུས་སུ་ཐུགས་རྗེ་ཆེན་པོའི་བསྟན་པ་དར་བར་འབྱུང་སྟེ༔ ཀུན་ཀྱང་མ་ཎི་དུང་ཕྱུར་ལ་སོགས་དར་བའི་ཚེ༔ རང་བཞིན་དུ་བཟླས་པས་སྒྲུབ་ཆེན་འདི་ཉིད་བརྒྱ་འགྱུར་གྱི་ཡོན་ཏན་ཆེའོ༔ ཞེས་ཨོ་རྒྱན་ང་ཡི་བཀའོ༔ ཞེས་པས་སྒྲུབ་ཆེན་འདི་ལ་བྱེ་ཆུང་གཅིག་ཐོན་ན་དུང་ཕྱུར་གཅིག་འོང་ངེས་སོ། སྤྱིར་ཡིག་དྲུག་གི་ཕན་ཡོན་མཐའ་ཡས་པ་མདོ་རྒྱུད་དུ་མ་ནས་གསུངས་ཤིང་། དེ་ཡང་ཕྱི་ཡིག་དྲུག །ནང་ཡིག་བཅུ། གསང་བ་ཡིག་བདུན་ཡིན་པར་གསུངས་པས། ཡི་གེ་བདུན་པ་འདི་ཡི་ཕན་ཡོན་ནི། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་རྒྱུད་ལས། འཇིག་རྟེན་སེམས་ཅན་སྲོག་གཏོན་པའི༔ བསོད་ནམས་འཕགས་པས་བགྲང་བར་ནུས༔ ཡིག་བདུན་ལན་གཅིག་བརྗོད་པ་ཡི༔ ཡོན་ཏན་བརྗོད་པར་ག་ལ་ནུས༔ ཁམས་གསུམ་སེམས་ཅན་མ་ལུས་ཀུན༔ སངས་རྒྱས་སར་བཀོད་ཡོན་ཏན་རྣམས༔ བགྲང་བར་


SPN001_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་ཀྱི་ཡིག་བདུན་པ༔ གཅིག་བརྗོད་ཡོན་ཏན་བརྗོད་མི་ནུས༔ རྒྱལ་བ་ནམ་མཁའ་གང་བ་ལཿམཆོད་པ་ཕུལ་བའི་བསོད་ནམས་ཚོགས༔ བགྲང་བར་ནུས་ཀྱི་ཡིག་བདུན་པ༔ གཅིག་བརྗོད་ཡོན་ཏན་བརྗོད་མི་ནུས༔ ཡང་སྙིང་ཡིད་ལ་སུས་བྱེད་ཚད༔ ཐུགས་རྗེ་ཆེན་པོ་ཉིད་ཡིན་ཕྱིར༔ བར་ཆད་བགེགས་ཞི་འགྲོ་བ་འདུལ༔ སྣང་སྲིད་འཁོར་འདས་དབང་དུ་འགྱུར༔ ཡང་སྙིང་ཐོས་ཚད་དྲན་རེག་རུང༔ སྒོམ་བཟླས་འདྲི་འཆང་བཏོན་པ་རྣམས༔ ཡོན་ཏན་ལྡན་ཞིང་གར་སྐྱེས་ཀྱང༔ སྤྱན་རས་གཟིགས་དང་བྲལ་མི་སྲིད༔ ཅེས་སོགས་གསུངས་པ་དང་། གཉིས་པ་རིལ་བུ་ཟོས་པའི་ཕན་ཡོན་ནི། ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་རྒྱུད་ལས། དེ་ནས་བཅོམ་ལྡན་རིགས་བདག་ལ༔ འདུས་པའི་འཁོར་གྱིས་ཡོངས་ཞུས་པ༔ རྩོལ་མེད་ངོ་མཚར་མཆོག་གི་རྫས༔ ཟོས་པས་སངས་རྒྱས་ཐོབ་པའི་ཐབས༔ བདག་ཅག་འཁོར་ལ་བཀའ་སྩོལ་ཅིག༔ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ༔ ངོ་མཚར་དེ་ཉིད་བསྒྲུབ་པ་ན༔ བྱང་ཆུབ་སེམས་ལྡན་རྣལ་འབྱོར་གྱིས༔ འགྲོ་དོན་འཁོར་བ་དོང་སྤྲུགས་ཐབས༔ ཞེས་པ་ནས། རིལ་བུ་སུ་ཡི་ལྟོར་སོང་བ༔ ཚེ་རབས་གང་དང་གར་སྐྱེས་ཀྱང༔ སྤྱན་རས་གཟིགས་དང་འབྲལ་མི་སྲིད༔ བདག་པས་གཞན་གཅེས་འགྲོ་དོན་


SPN001_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད༔ ཡིག་བདུན་བཟླས་ཤིང་དམ་ཚིག་བསྲུངས༔ ཐམས་ཅད་འཁོར་བ་དོང་ནས་སྤྲུགས༔ ཅེས་པའི་བར་གསུངས་པ་དང་། འདི་དག་གི་སྒྲུབ་པའི་ཕན་ཡོན་རིག་འཛིན་རཏྣ་གླིང་པའི་གཏེར་ལུང་ལས། གསང་འདུས་རྒྱུད་དོན་སྐྱེ་བདུན་སྒྲུབ་པའི་ཐབས༔ མ་འོངས་དོན་དུ་ཨོ་རྒྱན་པདྨ་ངས༔ ཆོས་དང་དམ་རྫས་གནམ་སྐས་བྲག་ལ་སྦས༔ མ་འོངས་སྲིན་མོ་ཁྲོས་འདྲའི་བྲག་དེ་ནས༔ གཏེར་སྟོན་འགྲོ་འདུལ་རྡོ་རྗེས་བཏོན་པ་ལས༔ ཕན་ཡོན་གནས་སྐབས་མཐར་ཐུག་གཉིས་སུ་བཤད༔ གནས་སྐབས་འཇིགས་པ་བརྒྱད་གྲོལ་མཐར་ཐུག་ནི༔ འགྲོ་བའི་དོན་དུ་སྤྲུལ་བ་འབྱོན་པའོ༔ སྒྲུབ་གནས་སྤ་གྲོ་སྟག་ཚང་སྦས་པ་ཡི༔ འཛད་མེད་རིག་འཛིན་དངོས་གྲུབ་རྒྱ་མཚོའི་གཏེར༔ རིལ་བུ་ཨཱཿཡིག་རང་བྱོན་ཁ་དོག་གསུམ་དུ་ཡོད༔ མ་འོངས་སྙིགས་མ་ལྔ་བཅུ་ཁ་རལ་དུསཿཔདྨ་རྡོ་རྗེའི་མིང་ཅན་དེ་ལ་སྤྲོད༔ གཟའ་དང་རྡོར་ལེགས་དམ་ཚིག་གཉེར་དུ་བསྐོས༔ ཅེས་དང་། པདྨ་བཀའ་ཡི་ཐང་ཡིག་ལས། རྒྱལ་སྲས་ལྷ་རྗེའི་སྐུ་ཤ་གཏེར་དུ་སྦས་སྐབས་སུ། དབང་པོ་ལྔ་དང་ཟག་ཆུ་ཤ་དང་རུས༔ ཤིག་གི་སྙིང་ཙམ་སུ་ཡི་ལྟོར་སོང་བ༔ རྨོངས་པའི་ལྟོར་སོང་མི་ཡི་དངོས་གྲུབ་འབྱུང༔ དབུལ་པོའི་ལྟོར་སོང་ནོར་གྱི་དངོས་གྲུབ་ཐོབ༔ འཆི་འཕོའི་ལྟོར་སོང་ཚེ་ཡི་དངོས་གྲུབ་ཐོབ༔ དད་ཅན་ལྟོར་སོང་ཆོས་ཀྱི་


SPN001_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཐོབ༔ དེ་ལ་སོགས་ཀྱི་ཡོན་ཏན་མང་ཡོད་ཀྱང༔ ལོག་ལྟ་ཅན་གྱིས་ཡོན་ཏན་སྐྱོན་དུ་མཐོང་༔ དེ་ཡང་འབྲེལ་བ་སྣ་གཅིག་ཐོབ་པ་ཡིན༔ སྒྲིབ་པ་དག་སྟེ་ཆོས་ཉིད་ལས་སད་འགྱུར༔ ཅེས་གསུངས་པ་དང་། སྐྱེ་བདུན་རིལ་བུས་འདུལ་བའི་དུས་ཚོད་ནི་དེང་གི་སྐབས་ཉིད་དུ་ངེས་པ་སྟེ། དོན་ཏིག་འགྲོ་བ་ཀུན་སྒྲོལ་གྱི་རྒྱུད་ལས། སྙིགས་མའི་དུས་སུ་ཚེ་ཐུང་ནད་མང་ཞིང་། །ལོངས་སྤྱོད་དབུལ་ཕོངས་ཉོན་མོངས་རང་སར་གྲོལ། །ཆོས་ལ་ཉན་བསམ་སྒོམ་གསུམ་གུས་མཁན་མེད། །དེ་དུས་ཚེགས་ཆུང་དོན་ཆེའི་དམ་རྫས་འདི། །འགྲོ་དོན་ཕྱོགས་བཅུར་སྐྱོ་ངལ་མེད་པར་སྤེལ། །ཞེས་པ་ལ་སོགས་པའི་ཕན་ཡོན་བརྗོད་ལས་འདས་པར་མཆིས་སོ། །རིལ་བུ་འདི་ཉིད་རི་བོ་ཆེན་པོའི་རྩེར་སྦས་ན། རི་དེ་ལ་རླུང་ཕོག་ཚད་ཀྱི་སྐྱེ་འགྲོ་ཕོ་མོ་དང་། སྣང་སྲིད་ཀྱི་མི་མ་ཡིན་པ་ཐམས་ཅད་ཐར་པའི་ལམ་ལ་འགོད་པར་འགྱུར་རོ། །ལྷ་སྲིན་སྡེ་བརྒྱད་ཀྱི་གནོད་འཚེ་ཐམས་ཅད་ཞི་བར་འགྱུར་རོ། །ཚོང་འདུས་དང་ས་མདོ་རྣམས་སུ་སྦས་ན་དེར་ཕྱིན་ཚད་ཐམས་ཅད་ཀྱི་ལས་སྒྲིབ་དག་ནས་ཐར་པའི་ལམ་སྣ་ཟིན་པར་འགྱུར་རོ། །དཀོར་མཛོད་དུ་སྦས་ན་ལོངས་སྤྱོད་འཕེལ་བར་འགྱུར་རོ། །ནོར་ལྷས་སུ་སྦས་ན་གོད་ཡམས་མི་འབྱུང་ཞིང་རྟ་ནོར་འཕེལ་བར་འགྱུར་རོ། །ཞིང་ལ་སྦས་ན་ལོ་ཏོག་ལེགས་པར་འགྱུར་རོ། །མཚོའམ་ཆུ་མིག་གི་འགོར་སྦས་ན་ཆར་ཆེན་པོ་


SPN001_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

འབབ་པ་འགྱུར་རོ། །མེ་ལ་བསྲེག་ན་དུད་པ་ཕོག་ཚད་ཀྱི་སྐྱེ་འགྲོ་ཐམས་ཅད་སངས་རྒྱས་པ་དང་། སྡེ་བརྒྱད་ཀྱི་གདུག་རྩུབ་ཐམས་ཅད་ཞི་བ་དང་། འགོ་བའི་ནད་རིམས་རྒྱུན་ཆད་པར་འགྱུར་རོ། །ལུས་ལ་འཆང་ན་འགོ་ནད་དང་མཚོན་ཆའི་རིགས་ཐམས་ཅད་ཐུབ་པར་འགྱུར་རོ། །རིལ་བུ་ཆུར་སྦྱངས་ནས་ཞིང་ལ་འཐོར་ན་འབུ་སྲིན་དང་བཙའ་སད་སོགས་གནོད་པ་ཐམས་ཅད་ཐུབ་པར་འགྱུར་རོ། །སྐུ་གསུང་ཐུགས་རྟེན་གྱི་ནང་དུ་འཇུག་ན་ཕྱག་སྐོར་འབྲེལ་ཚད་རྫོགས་པའི་སངས་རྒྱས་ཀྱི་ས་ལ་ཕྱིན་པར་འགྱུར་རོ། །ཁྱད་པར་དུ་ུས་གནད་གསོ་བའི་ནང་གཞུག་བྱས་ན་མཐའ་ཡི་དམག་ཚོགས་བཟློག་པར་འགྱུར་རོ། །གང་དུ་བསྒྲུབ་པའི་ཡུལ་དེར་བཀྲ་ཤིས་ཤིང་བྱིན་ཆགས་པ་དང་། འཇའ་འོད་དང་སྤྲིན་རྒྱུན་ལྡན་དུ་འབྱུང་བ་དང་ཆར་ཆུ་དུས་སུ་འབེབས་པར་འགྱུར་རོ། །ཐན་པ་དང་ལོ་ནད་བཙའ་སད་ཐམས་ཅད་མི་འབྱུང་ཞིང་ལོ་ཕྱུགས་རྟག་ཏུ་ལེགས་པ་དང་མུ་གེའི་བསྐལ་པ་ཐམས་ཅད་ཞི་བར་འགྱུར་རོ། །མི་ནད་དང་ཕྱུགས་ནད་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །ཕྱི་ནང་གི་དུས་འཁྲུགས་ཐམས་ཅད་ཞི་བ་དང་མཐའ་ཡི་དམག་དཔུང་ཐམས་ཅད་བཟློག་པར་འགྱུར་རོ། །དབང་ཐོབ་པའི་ཕན་ཡོན་ནི།


SPN001_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་མཐོང་ཞིང་དབང་བསྐུར་ཐོབ། །ཕུང་པོ་བདག་ཉིད་སྨིན་པར་འགྱུར། །སྡིག་པ་ཐམས་ཅད་རྣམ་པར་སྤང་། །རྡོ་རྗེ་འཛིན་པའི་གནས་ཐོབ་བོ། །ཞེས་སོགས་གསུངས་པ་དང་། རིག་འཛིན་པདྨ་འབྱུང་གནས་ཀྱིས། གཏེར་སྟོན་རཏྣ་གླིང་པ་ཉིད་ལུང་བསྟན་ཞལ་གདམས་དང་བཅས་པའི་མཇུག་ནས། སྐལ་ལྡན་དེ་ཡི་གདུལ་བྱ་རྗེས་འཇུག་རྣམས༔ ། སློབ་མ་བས་ཀྱང་ཡང་སློབ་རྗེས་སློབ་དུས༔ རིམ་པ་བཞིན་དུ་བསྟན་པ་མཐའ་རྒྱས་འགྱུར༔ མཐའ་དབུས་ཕྱོགས་མཚམས་ཀུན་ཏུ་ཆོས་འདི་དར༔ སྙིགས་མའི་འགྲོ་བ་ཕྱམ་གཅིག་ཐར་ལམ་བགྲོད༔ འཕྲད་ཆོག་མཐོང་གྲོལ་འགྱུར་ཏེ་ངོ་མཚར་ཆེ༔ བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་མ༔ ལས་ཅན་སྐྱེས་བུ་རྣམས་ཀྱིས་འདི་སྤྱོད་ཅིག༔ ཅེས་དང་། ལང་གྲོས་ཞུས་པའི་ལན་ལས་ཀྱང་། བུ་བས་ཀྱང་ཡང་སློབ་ཀྱི་དུས་ན་བསྟན་པ་མཐའ་རྒྱས་སུ་འགྲོ་བར་འགྱུར་རོ༔ ཞེས་ལུང་བསྟན་པ་དང་། རཏྣའི་གཏེར་ཆོས་ཀྱི་ནང་ནས་ཀྱང་ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་འདི་བོད་ཡུལ་དུ་ཡུན་རིང་དར་ཏེ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་དང་སྲས་བྱང་ཆུབ་སེམས་དཔའི་རིགས་དེ་དག་གི་སློབ་བརྒྱུད་ལ་སོགས་རིམ་པ་བཞིན་དུ་རྒྱུན་མ་ཆད་པར་


SPN001_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན་ནས་ཡིག་བདུན་གྱི་བསྟན་པ་འཛིན་པ་དང་། ལ་ལས་སྐྱོང་བ་དང་། ལ་ལས་སྲུང་བར་བྱེད། རང་གཞན་ཀྱི་དོན་རྒྱ་ཆེན་པོར་བྱེད་པ་ལུང་བསྟན་པ་ནི། ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་རྒྱུད་ཆེན་པོ་ཉིད་ལས། མ་འོངས་བསྟན་པའི་སྒྲོན་མེ་འདི༔ ཤཱཀ་ཐུབ་མྱ་ངན་འདས་ནས་ཀྱང༔ ལོ་ནི་སུམ་སྟོང་ཉེ་བ་ན༔ རྡོ་རྗེ་གདན་གྱི་བྱང་ཕྱོགས་ངོས༔ རི་བོ་ནག་པོ་བཅུ་གསུམ་འདས༔ ཁ་བ་ཅན་གྱི་རྒྱལ་ཁམས་སུ༔ འགྲོ་ཀུན་ཐུགས་རྗེ་ཆེན་པོའི་ཞིང་༔ ཐུགས་རྗེའི་སྤྲུལ་སྲས་བརྒྱུད་འཛིན་གྱིས༔ ཡིག་བདུན་བསྟན་པ་འཛིན་སྐྱོང་སྲུངས༔ རིམ་པ་བཞིན་དུ་དོན་གཉིས་སྤྱོད༔ རྒྱུད་མཆོག་འདི་ཡང་དེར་སྣང་འགྱུར༔ ཞེས་བཀའ་སྩལ་ཏོ། །དེ་ལྟར་སྐལ་ལྡན་གྱི་སློབ་མ་ཁྱེད་རྣམས་ཀྱིས་དད་གསུམ་རྣམ་པར་དག་པའི་མོས་པ་བརྟན་པོའི་སྒོ་ནས་ཐུགས་ཀྱི་དཔལ་བེའུར་སིམ་པ་ཞུ། ཞེས་ཆགས་མེད་རིན་པོ་ཆེའི་གསུང་ལས་མདོར་བསྡུས་ཏེ་སི་ཏུ་པདྨ་ཉིན་བྱེད་དབང་པོས་བཀོད་པ་དགེ་ལེགས་འཕེལ། སརྦ་དཱ་ཀ་ལྱྭ་ཎཾ་བྷ་ཝ་ཏུ།། །།

ཚེ་སྒྲུབ་ཐབས་ཤེས་ཁ་སྦྱོར་དབང་གི་མཚམས་སྦྱོར་སྐལ་བཟང་རྣ་བའི་བདུད་རྩི།


SPN001_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྒྲུབ་ཐབས་ཤེས་ཁ་སྦྱོར་དབང་གི་མཚམས་སྦྱོར་སྐལ་བཟང་རྣ་བའི་བདུད་རྩི་ཞེས་བྱ་བ་བཞུགས་སོ། །ན་མོ་ཨཱ་ཡུཿཨ་མི་ཏ་བྷ་པདྨཱ་ཀཱ་ར་ཡེ། འདིར་གཏེར་ཆེན་མི་འགྱུར་རྡོ་རྗེའི་གཏེར་བྱོན་ཚེ་སྒྲུབ་ཐབས་ཤེས་ཁ་སྦྱོར་གྱི་སྨིན་དབང་ཟབ་མོའི་མཚམས་སྦྱོར་དང་དབང་བཤད་དད་ལྡན་དང་བ་འདྲེན་པའི་ཕྱིར་དུ་སྤྲོ་ན། ཐོག་མར་དཀྱིལ་འཁོར་གཞུང་བཞིན་བསྲང་ནས་བཀའ་སྲུང་རྣམས་ཀྱི་གཏོར་འབུལ་གྲུབ་མཚམས་སྒོ་དབྱེ་འདོན། བླ་མ་རིག་འཛིན་གྱིས་དབང་ལེན། རཀྵཿབར། དེ་ནས་སློབ་མ་སྒོ་དྲུང་དུ་འདུག་བཅུག་ནས་བདུད་བཞི་རྣམས་ཀྱང་བཏོན་ལ་རིམ་བཞིན་ཕྱི་རོལ་རྒྱང་རིང་པོར་སྐྱེལ། སྲུང་འཁོར་བསྒོམ། བཀའ་སྲུང་གཏོར་འབུལ་རྣམས་ཕུལ་གྲུབ་ནས། ཧཱུྃ། ཡེ་ཤེས་ལྔ་ཡི་སོགས་ཀྱིས་ཁྲུས་བྱས་ནས་ནང་དུ་འོང་ལ་བགེགས་བསྐྲད། དེ་ནས་དཀྱིལ་འཁོར་ཡོལ་བའི་ཕྱི་རོལ་དུ་གནས་པ་ལ་སློབ་དཔོན་གྱིས་དྲི་བ། ཀྱཻ་ཧོཿརིགས་ཀྱི་བུ་སོགས་ནས། དྲང་པོར་སྨོས༔ བར་དང་། དེ་ནས་སློབ་མ་རྣམས་ཀྱིས་སམ་ཡང་ན་རྗེས་ཟློས་ཀྱིས། ཀྱཻ་ཧོཿརྡོ་རྗེ་འཛིན་པ་སོགས་དང་། སློབ་དཔོན་གྱིས། ཀྱཻ་ལེགས་སོ་སོགས་དང་། ཡང་རྗེས་ཟློས་སམ་སློབ་མས། ལྷ་ཚེ་ལྷ་རིག་འཛིན་སོགས་ཞུ། ཡང་སློབ་དཔོན་གྱིས། ལེགས་སོ་སྐྱེས་བུ་སོགས་དང་རྗེས་ཟློས་སམ། སློབ་མས། ལེགས་སོ་ལེགས་སོགས་ཞུ་ནས་ཕྱག་འཚལ། ཡོལ་བ་བསལ་ནས་དྲུང་དུ་འཁོད། སློབ་དཔོན་གྱིས། སྔོན་ཆད་དཀྱིལ་འཁོར་གཉན་པོ་མ་མཐོང་པའི་བརྡར་གདོང་གཡོགས་འཆིང་བའི་མོས་


SPN001_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཛོད། མིག་དར་བཅིངས་ལ། བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་དབང་བསྐུར་ཟབ་མོ་ཞུ་བའི་དོན་ཏུ་མཎྜལ་འབུལ་བར་ཞུ། མཎྜལ་ནི། ཧོཿབདག་ལུས་ཕུང་ཁམས་སོགས་ཀྱིས་མཎྜལ་ཕུལ་ལ། སློབ་དཔོན་གྱིས་འདི་སྐད་དུ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་འོད་སྣང་མཐའ་ཡས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ་སྙམ་པས་ཐུགས་བསྐྱེད་རྣམ་པར་དག་པའི་སྒོ་ནས་ལེགས་པར་གསན་འཚལ། དེ་ཡང་དུས་གསུམ་གྱི་རྒྱལ་བ་ཀུན་གྱི་བདག་ཉིད་ཤཱཀྱའི་དབང་པོའི་རྒྱལ་ཚབ་དམ་པར་བསྔགས་པའི་སངས་རྒྱས་གཉིས་པ་ཨོ་རྒྱན་གྱི་སློབ་དཔོན་མཚོ་སྐྱེས་རྡོ་རྗེ་འཆང་ཆེན་པོ་གུ་རུ་པདྨ་འབྱུང་གནས་དེ་ཉིད་ཀྱིས་གདུལ་བྱ་མཐའ་དག་སྨིན་གྲོལ་ཐར་ལམ་ལ་བཀོད་པའི་ཕྱིར་དུ་ཟབ་མོའི་གདམས་པ་ཆེས་ཆེར་དུ་མར་སྩལ་བའི་ནང་ཚན་ལས། འཆི་བ་མེད་པའི་རྡོ་རྗེའི་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་སྒྲུབ་པའི་ཉེ་ལམ་ཟབ་མོའི་གཏེར་ཁ་མ་འོངས་ཕྱི་མའི་སེམས་ཅན་རྣམས་ལ་ཐུགས་བརྩེ་བའི་སླད་དུ་གངས་ཅན་བོད་ཀྱི་ཡུལ་འདིར་ཚེ་རིལ་དང་། ཚེ་ཆུ་ལྷག་པར་ཟབ་མོའི་གདམས་པ་འགའ་ཞིག་སྦས་ཤིང་། གནས་ཁྱད་པར་ཅན་བསམ་ཡས་མཆིམས་ཕུ། གཡའ་མ་ལུང་། འབྲས་མོ་ལྗོངས། པདྨ་བཀོད། ཟམ་བུ་ལུང་ལ་


SPN001_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་རྣམས་ཚེ་ཡི་སྒྲུབ་གནས་རྣམས་སུ་བྱིན་གྱིས་བརླབས། ཚེ་མི་འགྱུར་བའི་རྒྱ་ཡིས་མཚན་པའི་བྲག་ཕུག་མཱ་ར་ཏི་ཀ། ཡར་ལུང་ཤེལ་བྲག །སྒྲགས་ཀྱི་ཡང་རྫོང་། ལྷོ་བྲག་མཁར་ཆུ། ཁམས་ཀྱི་སེང་གེ་གནམ་མཆོངས། སྐྱིད་འབྱམས་ཀྱི་ཉི་ཟླ་ཕུག་དང་ཐབས་ཤེས་ཕུག་ལ་སོགས་པ་ཡང་ཚེ་བསྒྲུབ་པའི་རང་བྱུང་གི་སྒྲུབ་ཕུག་མང་པོར་བྱིན་གྱིས་བརླབས། རི་བོ་ལྷུན་ཆགས་པ་དཔལ་གྱི་ཙཱ་རི་ཏྲ། གཙང་གི་ཇོ་མོ་ཁ་རག །ཡར་ལྷ་ཤམ་པོ་སོགས་དང་། ཁྱད་པར་ཏི་སེ་གངས་ཀྱི་རི་དང་། ཀམ་པོ་གངས་ཀྱི་ར་བ། རོང་བཙན་ཁ་བ་དཀར་པོ་སོགས་བོད་ཀྱི་འབྲོག་ཆེན་དང་། གངས་རི་ཐམས་ཅད་ཀྱང་རྡོ་རྗེ་ཚེ་ཡི་སྒྲུབ་པའི་གནས་མཆོག་ཏུ་བྱིན་གྱིས་བརླབས། མ་ཕམ་གཡུ་མཚོ། གནམ་མཚོ་ཕྱུག་མོ། ཙཱ་རི་གཡུ་མཚོ། རྨ་ཀུང་ལུང་སོགས་གཏན་འཁྱིལ་གྱི་མཚོ་རྣམས་དང་། ཆུ་མིག་མང་པོ་ཚེ་ཆུ་གཏེར་གནས་སུ་བྱིན་གྱིས་བརླབས་པ་སོགས་རྫུ་འཕྲུལ་གྱི་བཀོད་པས་གཏེར་དུ་སྦས་པ་ལས། ད་ལམ་སྐབས་སུ་བབས་པའི་ཚེའི་སྒྲུབ་པའི་སྒོ་ནས་སྨིན་གྲོལ་གྱི་གདམས་པ་ཟབ་མོ་འདི་ནི་སྔོན་གུ་རུ་པདྨ་འབྱུང་གནས་དང་། ཌཱ་ཀི་ལྷ་ལྕམ་མནྡ་ར་བ་རྣམ་གཉིས་བྲག་ཕུག་མཱ་ཱར་ཏི་ཀར་ཚེ་ཡི་རིག་འཛིན་སྒྲུབ་པའི་ཚེ་མགོན་པོ་ཚེ་དཔག་མེད་དངོས་སུ་བྱོན་ཏེ་བྱིན་གྱིས་བརླབས་ནས་ཚེ་སྒྲུབ་ཀྱི་སྐོར་དུ་མ་གསུངས་ཤིང་། ཨོ་རྒྱན་ཡབ་ཡུམ་དང་གཉིས་མེད་གཅིག་ཏུ་


SPN001_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས། སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་ཐོབ་ནས་སླར་གུ་རུ་ཉིད་གདོང་དམར་བོད་ཀྱི་ཡུལ་དུ་འབྱོན་པའི་སྐབས་མངའ་བདག་འཇམ་དབྱངས་ཀྱི་སྤྲུལ་པ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་དབུ་རྩེར་གཏན་ལ་ཕབ་ནས་བཀོད་ཅིང་། ཕྱིས་ལྷ་སྲས་མུ་ཁྲི་བཙན་པོར་སྔོན་འཕྲལ་སྨོན་ལམ་བཟང་པོས་མཚམས་སྦྱར་ནས་གཏེར་དུ་སྦས་ཤིང་། དེ་ཉིད་ཀྱི་སྐྱེ་བའི་རྣམ་འཕྲུལ་པ་རིག་འཛིན་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་ཞེས་གྲགས་པ་སྤྲུལ་པའི་གཏེར་ཆེན་གང་དེར་སྔོན་སྦྱངས་སྐྱེས་སྟོབས་ཀྱི་ཡོན་ཏན་སྨིན་པའི་མཐུ་ལས་རྫུ་འཕྲུལ་སྣ་ཚོགས་ལ་དབང་བསྒྱུར་བ་དེ་ཉིད་ཀྱིས་ཨོ་རྒྱན་རིན་པོ་ཆེའི་བྱིན་གྱིས་བརླབས་པའི་སྒྲུབ་གནས་ཆེན་པོ་ཁམས་ཀྱི་སེང་གེ་གནམ་མཆོངས་བྲག་དང་འབྲེལ་བའི་སྙིང་ཐང་སྐྱིད་འབྱམས་ཉི་ཟླ་ཕུག་གི་གཡོན་ཟུར། སྲ་བརྟན་རང་བྱུང་རྡོ་རྗེའི་བྲག་གི་དབུས་ནས་དངོས་སུ་སྐལ་ལྡན་ཀུན་གྱིས་མཐོང་བར་གཏེར་སྒྲོམ་སྤྱན་དྲངས་ནས་མཁའ་འགྲོའི་བརྡའི་ཡི་གེ་བཀྲོལ་ནས་ཇི་ལྟ་བར་གཏན་ལ་ཕབ་ནས་ཟབ་ཆོས་རིན་པོ་ཆེ་གཞན་ལས་ཁྱད་པར་དུ་འཕགས་པ་དཔེར་ན་རྒྱུ་སྐར་སྟོང་གི་དབུས་སུ་ཟླ་བའི་དཀྱིལ་འཁོར་གསལ་ལ་དྭངས་བ་བཞིན་ཚེ་སྒྲུབ་ཐབས་ཤེས་ཁ་སྦྱོར་དུ་གྲགས་པ་འདི་ཉིད་བྱིན་རླབས་ཀྱི་ཚན་ཁ་རྨད་དུ་བྱུང་བ་སྟེ། དེ་དག་གི་དཀྱིལ་འཁོར་གཉེན་པོའི་སྒོ་ནས་སྨིན་བྱེད་ཀྱི་དབང་བསྐུར་


SPN001_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པ་ལ་ཞིང་ཁམས་ཀྱི་ལོ་རྒྱུས་གཏེར་གཞུང་རྡོ་རྗེའི་ཚིག་ནས་གསུངས་པ་ལྟར་བརྗོད་པར་བྱ་སྟེ། དེ་ཡང་ཐ་ཚིག་ལོ་རྒྱུས་མདོར་ཙམ་བསྟན་པ་ནི༔ སོགས་ནས། ཞལ་གདམས་མ་ནོར་བ་ཉིད་མཐར་ཕྱིན་པའོཿཅེས་པའི་བར་བརྗོད་ལ། དེ་ལྟར་སྐལ་ལྡན་ཁྱེད་རྣམས་ཀྱིས་དད་པ་མོས་གུས་དག་པའི་སྣང་བས་སྤྲོ་བ་བསྐྱེད་པར་མཛོད་ལ། གསང་བ་སྔགས་ཀྱི་རྣལ་འབྱོར་དཀྱིལ་འཁོར་གཉེན་པོ་འཇུག་པའི་བློས་ཐོག་མར་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པའི་དྲུང་དུ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་དང་སོགས། ལན་གསུམ། མ་གྱུར་དུས་གསུམ་སོགས། དེ་ནས་ཁྱེད་རང་རྣམས་ཀྱི་ཚེ་རབས་འཁོར་བ་ཐོག་མེད་ནས་བསགས་པའི་རྒྱུ་དང་འབྲས་བུའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་སྤྱན་སྔར་གནོང་འགྱོད་དྲག་པོས་བཤགས་པའི་སྒོ་ནས་འདིའི་རྗེས་ཟློས། ན་མོ་ཡེ་ནས་ལས་དབང་སོགས། དེ་ལྟར་ནོངས་བཤགས་ཚངས་པར་བསྩལ་ནས་ལས་དང་ཉོན་མོངས་ཀྱི་སྒྲིབ་པའི་མུན་པ་རྣམས་བསལ། ཤེས་རབ་ཡེ་ཤེས་གསལ་བའི་སྤྱན་དང་ལྡན་པར་མོས་ཤིག །གསེར་གྱི་ཐུར་མ་ཐོགས་ལ། ཧོཿསྐྱེས་བུ་ཁྱེད་རྣམས་སོགས་ཀྱིས་མིག་དར་བསལ་ལ་ལྷ་ངོ་བསྟན་པ་ནི། ཧོ་གསན་དུ་གསོལ་ལོ་སོགས། རྡོ་རྗེའི་དཀྱིལ་འཁོར་ལ་རེག་པའི་མོས་


SPN001_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

པས། འོ་རིགས་ཀྱི་བུ་རྣམས་སོགས་ནས། བསོད་ནམས་ཕུན་སུམ་ཚོགས་པའོ། །བར་བརྗོད་ལ། དེ་ནས་མདུན་བསྐྱེད་ཡེ་ཤེས་ཀྱི་དཀྱིལ་འཁོར་བ་རྣམས་དང་། སློབ་དཔོན་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་དུས་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྒྱུད་བསྐུལ་ནས་ཁྱད་པར་དུ་ཚེ་འོད་སྣང་བ་དཔག་ཏུ་མེད་པ་ཡེ་ཤེས་སེམས་དཔའི་ལྷ་ཚོགས་རྣམས་སྐུ་ཆེ་ཆུང་སྣ་ཚོགས་པ་མདུན་གྱི་ནམ་མཁར་བྱོན་ནས་དེ་དག་རྣམས་ཀྱི་ཡེ་ཤེས་ཆེན་པོའི་གསང་བ་བསམ་གྱིས་མི་ཁྱབ་པའི་ཕྲིན་ལས་ཀྱིས་བྱིན་གྱིས་བརླབ་པའི་མོས་པ་མཛོད་ཅིག །དེ་ནས་རོལ་ཆས་རྣམས་ལྡིར་ལ་མདའ་དར་གཡབ། སྤོས་འགྲིམ་ལ། ཧཱུྃ། ཞིང་ཁམས་རྣམ་དག་སོགས་ཀྱིས་སློབ་མ་ལ་བྱིན་འབེབས་དང་། རང་ཉིད་ཀྱང་ཐབས་ཤེས་ཀྱི་དཀྱིལ་འཁོར་གསལ་བཏབ། ཧཱུྃ། ཡེ་ཤེས་ལྔ་ལྡན་སོགས་ཀྱིས་སྤྱན་འདྲེན། ས་མ་ཡ་ཛཿཛ་ཧཱུྃ་བྃ་ཧོཿབར་བརྗོད་ལ། སྤྲོས་མེད་ཀྱི་མཆོད་བསྟོད་དམིགས་པ་བྱ། དེ་ནས་དབང་གི་གཞི་འགོད་པའི་སླད་དུ་ཁྱེད་རང་རྣམས་དམིགས་པ་འདི་བཞིན་མཛོད། ཧྲཱིཿའདིར་ཚོགས་སྐལ་ལྡན་སོགས་ནས། ཏིཥྛ་བཛྲཿཞེས་རྡོ་རྗེ་སྤྱི་བོར་བཞག་ལ་ཡེ་ཤེས་པ་རྣམས་དབྱེར་མེད་དུ་བསྟིམ་པར་བྱའོ། །དེ་ལྟར་རྡོ་རྗེ་སྤྱི་བོར་བཞག་པས་ཡེ་ཤེས་པ་དེ་ཉིད་བྱང་ཆུབ་མ་ཐོབ་བར་དུ་འདུ་འབྲལ་མེད་པའི་མོས་པ་མཛོད། དེ་ནས་མདུན་བསྐྱེད་ཀྱི་དཀྱིལ་འཁོར་ལྷ་


SPN001_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྣམས་དང་། སློབ་དཔོན་ལྷར་གསལ་བའི་བུམ་པའི་དཀྱིལ་འཁོར་དང་། ནམ་མཁར་གནས་པའི་ལྷ་ཚོགས་རྣམས་ཏེ་ཐབས་ཤེས་ཁ་སྦྱོར་གྱི་དཀྱིལ་འཁོར་བ་རྣམས་ཀྱི་སྐུ་ཡི་ཆ་ལས་ཡེ་ཤེས་བདུད་རྩིའི་རྒྱུན་བབས། བུམ་ནང་ནས་ཁོལ་ཞིང་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་སེམས་བདེ་བ་ཆེན་པོས་ཁྱབ་པར་སྒོམས་ཤིག །ཧཱུྃ། པདྨ་རཱ་གའི་བུམ་དཀྱིལ་དབུས༔ ཞེས་སོགས་དབང་བསྐུར་ཡོངས་རྫོགས་བཏོན་ནས། དེ་དག་རྣམས་ཀྱིས་རྒྱལ་བ་སྲས་དང་བཙུན་མོ་ཡབ་ཡུམ་ཉན་རང་བྱང་སེམས་རིགས་ལྔ་དང་ཡུམ་ལྔ། སེམས་དཔའ་དང་སེམས་མ་ཐུབ་པ་རིགས་དྲུག །ལྷ་མོ་བཅུ་དྲུག །སྒོ་སྲུང་ཁྲོ་བོ་ཡབ་ཡུམ་རྣམས་ཀྱི་སྨིན་བྱེད་བདུད་རྩིའི་རྒྱུན་གྱི་དབང་མཆོག་དམ་པ་ཐོབ་པ་ཡིན་ནོ། །དེ་ནས་ལྷ་དབང་ལུས་ལ་བསྐུར་བའི་དོན་དུ་འདིའི་རྗེས་ཟློས། ཀྱེ། རྡོ་རྗེ་འཛིན་པ་སོགས། སློབ་དཔོན་གྱིས། ཀྱཻ། ཡི་དམ་ལྷ་ཡི་བསྐྱེད་རིམ་ལ༔ སོགས་ནས། རིགས་ཀྱི་བུ༔ བར་བརྗོད། དེ་ནས་མདུན་བསྐྱེད་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་སྐུ་ལས་མར་མེ་གཅིག་ལ་གཉིས་མཆེད་ཀྱི་ཚུལ་དུ་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པས་རྣམ་དག་རྒྱལ་བའི་དཀྱིལ་འཁོར་མ་ལུས་པ་གཅིག་ཆར་དུ་དབྱེར་མེད་པར་རྟོགས་པའི་འདུན་པ་མཛོད་ཅིག །ཧཱུྃ། རྒྱལ་བ་རབ་འབྱམས་གཅིག་བསྡུས་པའི༔ སོགས་སྐུ་གཟུགས་དབང་རྣམས་ཡོངས་རྫོགས་བསྐུར་


SPN001_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ནས། དེ་ལྟར་བཅོམ་ལྡན་འདས་རྡོ་རྗེ་ཚེ་དང་ཡེ་ཤེས་ཀྱི་འོད་དཔག་ཏུ་མེད་པ་ཡབ་ཡུམ་སྲས་དང་བཙུན་མོ་ཉན་རང་རྣམས་དང་། རྒྱལ་བ་རིགས་ལྔ་ཡབ་ཡུམ་སོགས་ཀྱི་དབང་བསྐུར་བས་ཕུང་པོ་ལྔ་དང་ཁམས་ལྔ་རྣམ་པར་དག་སྟེ་སྐུ་ལྔ་ཡེ་ཤེས་ལྔ་མངོན་དུ་གྱུར་པའི་གོ་འཕང་ཐོབ། ཉེ་སྲས་སེམས་དཔའ་རྣམས་ཀྱི་དབང་བསྐུར་བས་ཚོགས་བརྒྱད་ཀྱི་འཆིང་བ་རང་སར་གྲོལ། སྤྲུལ་སྐུ་ཐུབ་པ་དྲུག་གི་དབང་བསྐུར་བས་རིགས་དྲུག་གི་རྣམ་སྨིན་དག་ནས་སྐྱེ་བའི་སྒོ་ཆོད། ལྷ་མོ་བཅུ་དྲུག་གི་དབང་བསྐུར་བས་ཡུལ་དང་ཡུལ་ཅན་གྱི་སྣང་བ་ཐམས་ཅད་རྣམ་པར་དག་སྟེ་གཉིས་འཛིན་འཁྲུལ་པའི་སྒྲིབ་པ་རང་སར་དག །སྒོ་སྲུང་ཁྲོ་བོ་ཁྲོ་མོའི་དབང་བསྐུར་བས་བདུད་བཞིའི་བར་ཆད་རྩད་ནས་གཅོད་ཅིང་ལས་བཞི་གྲུབ་པ་ཆེན་པོ་བརྒྱད་ཀྱི་དངོས་གྲུབ་དང་། ཁྱད་པར་དུ་འཆི་མེད་ཚེའི་གོ་འཕང་བདེ་བླག་ཏུ་ཐོབ་པའི་སྐལ་བ་དང་ལྡན་པར་བྱས་སོ། །དེ་ནས་ལྷུང་བཟེད་དང་། །འཁར་གསིལ་ཆོས་གོས་གཏད་ལ། ཧཱུྃ། རྡོ་རྗེ་ཚེ་ཡི་ལྷ་ཚོགས་ཀྱིས༔ སོགས་དང་། དེ་ལྟར་ཀུན་རྫོབ་མཚན་མ་རྫས་ཀྱི་དབང་བསྐུར་བའི་རྟེན་འབྲེལ་ལས་དོན་དམ་པར་སྤྲུལ་པའི་སྐུའི་རོལ་པས་འགྲོ་བ་རྣམས་ཡང་དག་པའི་ལམ་ལ་བཀོད་པའི་སྨོན་ལམ་འབྲ ེལ་པ་འདི་དགོས་པ་ཁྱད་པར་དུ་འཕགས་པའོ། །ཁྲོ་ཆས་རྣམས་ཐོགས་ལ། ཧཱུྃ། དཔལ་གྱི་དུར་ཁྲོད་


SPN001_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཆས་སོགས། དེ་ལྟར་དུར་ཁྲོད་དཔའ་ཆས་བརྒྱད་ཀྱིས་བརྒྱན་པའི་དབང་བསྐུར་བའི་མཐུས་བདུད་བཞི་དང་ཉོན་མོངས་མ་ལུས་རྩད་ནས་འཇོམས་ཤིང་ཚེ་འདི་ཉིད་ལ་དཔལ་ཧེ་རུ་ཀའི་གོ་འཕང་ཐོབ་པའི་རྟེན་འབྲེལ་ཕུན་སུམ་ཚོགས་པའོ། །འདོད་ཡོན་ལྔ་ཐོགས་ལ། ཧཱུྃ། མཛེས་ཤིང་ཡིད་འོང་སོགས། དེ་ལྟར་ཚེ་རབས་ཐམས་ཅད་དུ་འདོད་པའི་ཡོན་ཏན་རྣམས་ལ་རྟག་པར་ལོངས་སྤྱོད་ཅིང་མི་ཟད་པའི་ནམ་མཁའ་མཛོད་ལ་དབང་འབྱོར་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མཆོག་ཏུ་གྱུར་པའི་སྐལ་བ་དང་ལྡན་པའི་དགོས་པའོ། །དེ་ནས་སྤྱི་འགྲེ་ལྟར་ན་ཚེ་འགུགས་ལ་འཇུག །དེ་མིན་སྐབས་འདིར་སྦྱིན་སྲེག་ལས་མཐའ་དང་། པུསྟིའི་ལུང་སྦྱིན་གཉིས་དང་འོག་ནས་འབྱུང་བའི་ཆོས་སྐྱོང་བཀའ་གཏད་བཅས་ཆོས་བརྒྱུད་སྤེལ་ངེས་ཀྱི་སློབ་མ་མ་གཏོགས་གར་ཐོད་ཐོད་དུ་མི་བྱ། སྤྲོ་ན། ལིང་ག་ལ་ཚེ་བདུད་འགུགས་པ་ནི། ཧཱུྃ། དཀོན་མཆོག་གསུམ་དང་སོགས་བདེན་སྟོབས་ཀྱིས་བཀུག །ཧཱུྃ། རྡོ་རྗེ་ཚེ་དཔག་སོགས་ཀྱིས་ཕུར་པས་བསྒྲལ། ལིངྒ་མེར་བསྲེག་ཞལ་བསྟབ་འདོན། ལས་མཐའ་སློབ་མར་སྦྱིན། དེ་ནས་ཕྱི་ལྟར་ན་གསུང་རབ་ཀྱི་གླེགས་བམ་ཨ་ཡིག་དཀར་པོས་མཚན་པ། ནང་ལྟར་ན་རྒྱལ་བ་རབ་འབྱམས་རྣམས་ཀྱི་གསང་སྔགས་དམ་པའི་ཆོས་ཀྱི་རང་སྒྲ་སྒྲོགས་པ་འདིའི་དབང་བསྐུར་བས་ཁྱེད་རང་རྣམས་ཀྱི་རྒྱུད་ལ་གསུང་དབྱངས་ཡན་ལག་དྲུག་ཅུའི་


SPN001_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པ་མཐར་ཕྱིན་ནས་འགྲོ་བའི་དོན་རླབས་པོ་ཆེ་མྱུར་བ་ཉིད་དུ་སྤྱོད་ནུས་པ་ལ་དབང་ཐོབ་པའི་མོས་པ་མཛོད། ཧཱུྃ། རབ་འབྱམས་རྒྱལ་བའི་གསུངས་སོགས་དང་། དེ་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་གསོལ་བ་བཏབ་པས་གཙོ་འཁོར་རྣམས་དང་ཁྱད་པར་ཚེ་བདག་རྒྱལ་བ་རིགས་ལྔ་ཡབ་ཡུམ་རྣམས་ཀྱིས་རང་འདྲའི་སྤྲུལ་པ་དཔག་ཏུ་མེད་པ་ཕྱོགས་བཅུར་སྤྲོས་ནས་ཁྱེད་རང་རྣམས་ཀྱི་ཚེ་ཡར་བ་དང་ཆད་པ་དང་འཐོར་བ་རྣམས་དང་། འབྱུང་བ་བཞི། ཁམས་གསུམ་སྲིད་བཅུད་དཔལ་འབྱོར་གྱི་དྭངས་མ། ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་གསང་གསུམ་མི་བཟད་པ་རྒྱན་གྱི་འཁོར་ལོའི་དངོས་གྲུབ་ཐམས་ཅད་ཚེ་བདག་ཚེ་འགུགས་ཆེན་པོ་ཡབ་ཡུམ་བཅུའི་ཕྱག་གི་བུམ་པར་བསྡུས་ནས་ཁྱེད་རང་རྣམས་ཀྱི་རྒྱུད་ལ་དབྱེར་མེད་དུ་བསྟིམ་ནས་ཚེ་མི་ནུབ་པ་རྒྱལ་མཚན་ལྟ་བུ། མི་འགྱུར་བ་གཡུང་དྲུང་ལྟ་བུ། མི་ཤིགས་པ་རྡོ་རྗེ་ལྟ་བུར་རྟག་བརྟན་གཞོམ་བྲལ་ཆེན་པོར་རྒྱས་གདབ་པའི་མོས་པ་མཛོད། ཀྱཻ། ཉི་མ་ཤར་ཕྱོགས་རྡོ་རྗེའི་རིགས༔ སོགས། དབྱངས་སྙན་པོས་བརྗོད་ཅིང་མདའ་དར་གཡབ་ནས་མགོར་བཞག །རྡོ་རྗེ་འཆང་དབང་མྱུར་འགྲུབ་ཤོག༔ བར་བརྗོད་ནས། དེ་ལྟར་ཡེ་ཤེས་ལྔ་ཡི་ངོ་བོས་དུག་ལྔའི་ཟེར་བཅོམ་སྟེ་འགུགས་པ་དང་། ལྷ་མོ་ལྔ་ཡི་ངོ་


SPN001_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

བོས་ཁམས་ལྔའི་བཅུད་བསྡུས་ཏེ་ཚེ་འགུགས་པ་དང་། དབྱིངས་རིག་རྡོ་རྗེ་དབྱིངས་ཕྱུག་མ་དང་རྡོ་རྗེ་འཆང་གཉིས་ངོ་བོར་འདྲེས་ཏེ་ཁྱེད་རང་རྣམས་ཀྱི་སེམས་ཀུན་ཏུ་བཟང་པོ་སྐྱེ་འཆི་དང་བྲལ་བའི་ཀློང་དུ་སྐྱེ་མེད་དུ་ཐག་བཅད། འཆི་མེད་དུ་གདེང་བཅའ། རེ་དོགས་ལ་བདེན་མེད། སྣང་བའི་ཡུལ་དང་བྱེད་ལས་ཀུན་རྫོབ་སྒྱུ་མ་སྨིག་རྒྱུ་ལྟ་བུར་མདོར་ན་དངོས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་དག་པ་ཡེ་ཤེས་ཀྱི་ངང་དུ་རོལ་པ་མཛོད་ཅིག །དེ་ནས་དཔལ་གྱི་གཏོར་མ་འདི་ཉིད་རྡོ་རྗེ་ཚེ་ཡི་ལྷ་ཚོགས་རྣམས་ཀྱི་དཀྱིལ་འཁོར་ཆེན་པོའི་གནས་ཏེ། ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་པས་དབང་བཞི་ཐོབ། རྒྱུད་བཞི་སྨིན། སྐུ་བཞི་འགྲུབ། ལམ་བཞི་འབྱོང་། འཆི་བ་མེད་པའི་ཚེ་ཐོབ། རྒུད་པ་མེད་པའི་ལང་ཚོ་རྒྱས། རྟག་བརྟན་གཞོམ་གཞིག་དང་བྲལ་བའི་མགོན་པོ་ཚེ་དཔག་མེད་དང་དབྱེར་མེད་པ་གཏོར་མ་ལྷར་གསལ་བ་མཚོ་ལ་ཆར་བབ་པ་ལྟར་ཁྱེད་རང་རྣམས་ལ་ཐིམ་པའི་མོས་པ་མཛོད་ཅིག །ཧཱུྃ། དཔལ་གྱི་གཏོར་མ་རི་རབ་འབར༔ སོགས་བརྗོད་ནས། གཏོར་མ་སྤྱི་བོར་བཞག །འདིར་གཞུང་ལས་མ་གསལ་ཀྱང་ཚེ་རིལ་ཆང་སྦྱིན་པ་ནི། བཀྲ་ཤིས་ཚེ་ཡི་རང་བཞིན་ཅན། །རྩི་བཅུད་སྙིང་པོའི་རིལ་བུ་འདི། །ཚེ་དཔལ་འགྱུར་བ་མེད་པའི་རྫས། །དངོས་གྲུབ་དམ་


SPN001_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདིར་རོལ་ཅིག །བཀྲ་ཤིས་ཚེ་མཆོག་རྒྱ་མཚོ་ཆེ། །འཆི་མེད་ལྷ་ཡི་བདུད་རྩི་དངོས། །ཚེ་རིང་དཔལ་གྱི་གཏེར་ཆེན་པོའི། །དངོས་གྲུབ་དམ་པ་རྟག་རོལ་ཅིག །ཅེས་བརྗོད་ལ་བར་སྐབས་ཚེ་གཟུངས་རྣམས་བཟླས་སོ། །སྐབས་འདིར་སྤྲོ་ན་ཆོས་སྐྱོང་བཀའ་གཏད་གཞུང་ལྟར་བྱ། དེ་ནས་དབང་གི་མཐའ་རྟེན་ནི། དེང་ཕྱིན་ཆད་ཁྱེད་རྣམས་ཀྱིས་ཐེག་ཆེན་བྱང་ཆུབ་སྤྱོད་པའི་སེམས་དང་མ་བྲལ་བར་གྱིས་ལ་རིགས་ཀུན་གྱི་ཁྱབ་བདག་དཀྱིལ་འཁོར་ཡོངས་ཀྱི་གཙོ་བོ་རྡོ་རྗེ་འཆང་སྤྱི་བོར་བསྒོམ་ནས་ཚད་མེད་སྙིང་རྗེ་ཆེན་པོའི་གོ་ཆ་བགོས་ཏེ་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་ས་ལ་འགོད་ནུས་པའི་དབང་ཐོབ་པའི་མོས་པ་མཛོད། ཧཱུྃ། རང་ལས་གཞན་གཅེས་བསམ་པ་ཡིས༔ སོགས་སྐུ་སྤྱི་བོར་བཞག །དེ་ནས་བྱང་ཆུབ་སྙིང་པོའི་བར་དུ་བླ་མ་བཅོམ་ལྡན་འདས་ཚེ་དཔག་མེད་དབྱེར་མེད་པར་སྤྱི་བོར་བསྒོམ་ལ་ལྷག་པའི་ལྷར་འཛིན་ནས་དམ་ཚིག་སྲུང་སྡོམ་རྣམས་ཚུལ་བཞིན་དུ་འཛིན་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་དང་། ཧཱུྃ། བདག་ལུས་ཕུང་ཁམས་སོགས་ཀྱིས་མཎྜལ་འབུལ། ལུས་ལོངས་སྤྱོད་གཏང་རག་གིས་ཡོན་དུ་འབུལ་བའི་བློས་འདིའི་རྗེས་ཟློས། དེང་ནས་བརྩམས་ཏེ་སོགས། དེ་ལྟར་སྤྲུལ་པའི་གཏེར་ཆེན་རིག་པ་འཛིན་པ་


SPN001_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་ཀྱི་གཙོ་མཆོག་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱི་གཏེར་བྱོན་ཟབ་ཆོས་ཚེ་སྒྲུབ་ཁྱད་པར་དུ་འཕགས་པ་ཐབས་ཤེས་ཁ་སྦྱོར་ཞེས་བྱ་བ་ཟབ་གནད་བཀའ་རྒྱ་ཅན་གྱི་དཀྱིལ་འཁོར་གཉན་པོའི་དབང་བསྐུར་ཟབ་མོ་ལེགས་པར་གྲུབ་པས་དེ་ལ་བརྟེན་ནས་རང་དང་གཞན་ཕན་རྣམ་པར་དཀར་བའི་ལས་ལ་སྦྱོར་བའི་དོན་ལ་ཡང་དག་པར་སྤྱོད་པར་མཛོད་ཅིག །སློབ་མ་རྣམས་གྲོལ། སྐུ་གསུམ་བླ་མ་དང་། རྟེན་དང་གཏོར་མའི་སོགས། བཀྲ་ཤིས་དང་སྨོན་ལམ་གྱིས་མཐའ་བརྒྱན་པར་བྱའོ། །ཅེས་པ་པུནྱ་མ་ཎི་ཞེས་པས་འདི་ལྟར་ཡོངས་ལ་ཕན་པའི་ཕྱིར་དུ་ལྷག་བསམ་བཟང་པོས་བསྐུལ་བའི་ངོར། སི་ཏུ་པདྨ་ཉིན་བྱེད་དབང་པོས་ཕུན་སུམ་ཚོགས་པའི་རྟེན་འབྱུང་གི་དུས་དང་སྦྱོར་བར་དགེ་བ་སྤེལ་བ་མངྒ་ལཾ། ཛ་ཡནྟུ། དགེའོ།། །།

ནམ་སྙིང་ཚེ་སྒྲུབ་དབང་གི་མཚམས་སྦྱོར།


SPN001_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་སྙིང་ཚེ་སྒྲུབ་དབང་གི་མཚམས་སྦྱོར་བཞུགས། ན་མོ་བཛྲ་ཨ་མི་ཏཱ་ཡུ་ུཥེ། འཆི་མེད་རིག་འཛིན་ཐུགས་ཀྱི་བཅུད། །ཡང་ཟབ་ཚེ་སྒྲུབ་ཨ་ཏིའི་ལུགས། །བྱིན་རླབས་བཅུད་དྲིལ་སྨིན་དབང་གི། མཚམས་སྦྱོར་བདུད་རྩིའི་གྲུ་ཆར་སྤྲོ། །དེ་ཡང་དང་པོ་རྩ་གསུམ་གྱི་ཞལ་ཐང་བཤམས་ཤིང་མདུན་དུ་སྟེགས་ཀྱི་ཁར་མཎྜལ་ལ་རྡུལ་ཚོན་གཞུང་མཐུན་ནམ། ཚོམ་བུ་གང་རུང་གི་སྟེང་དུ་མཉྫིའི་ཁར་དཔལ་གཏོར་རྒྱན་ལྡན་གྱི་རྩེར། སྐུ་རྟེན་ཙཀླི་ཡོད་ན་བཙུགས། མདུན་དུ་སྨན་རཀ་གཏོར་གསུམ། མཆོད་པ་ཕྲེང་ཚར། ལས་བུམ་གང་བདེར། ཚེ་རིལ་ཆང་ཡང་བཀོད། སྔོན་འགྲོ་དཀར་བགེགས། སྤོས་ཐུན་ཌཱ་དྲིལ་སོགས་འདུ་བྱས་ལ། ལས་བྱང་བསྙེན་པ་ཡན་གྲངས་གསོག་དགོས་མིན་དབང་བསྐུར་གྲངས་སམ། ལོང་སྐབས་དང་བསྟུན་ལ་བདག་འཇུག་དབང་ལེན། ཧྲཱིཿརང་གི་རང་རིག་སོགས་ཀྱིས་གཏོར་མ་སྤྱི་བོར་བཞག །ཚེ་རིལ་ཆང་དངོས་གྲུབ་ཏུ་རོལ། ལས་བུམ་རྟ་མགྲིན་བསྐྱེད་བཟླས་ཀྱང་བྱ། དེ་ནས་སློབ་མ་རྣམས་འཚོགས་ལ། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་དང་སྔོན་གཏོར་བྲན། དཀར་བགེགས་པདྨ་བཛྲ་ལྟར་བཏང་། གུ་གུལ་བདུག །ཡུངས་ཀར་བྲབ། སྲུང་འཁོར། ཧྲཱིཿསྣང་སྲིད་ལྷ་ཡི་སོགས་དང་། མཎྜལ་བཀྱེ་བསྡུ་བྱ། འོ་ན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་ཚེ་དབང་ཟབ་མོ་ཞུ་སྙམ་པ་བྱང་ཆུབ་ཀྱི་ཐུགས་བསྐྱེད་གསལ་བཏབ་ནས་གསན་འཚལ། དེ་ཡང་བསོད་ནམས་ཀྱི་


SPN001_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྒྱ་ཆེན་པོ་ལས་གྲུབ་པའི་མི་ལུས་རིན་པོ་ཆེ་ཁམས་དྲུག་ལྡན་པ་འདིའང་། སྲོག་གཅོད་པའི་དབང་གིས་ཚེ་ཐུང་བ་དང་། རྡེག་བརྡུང་བརྔན་ཆེན་བྱས་པས་ནད་མང་ཞིང་། ཁྱད་པར་སུམ་ཅུ་ཁ་རལ་གྱི་དུས་སུ་གློ་བུར་གྱི་འཆི་རྐྱེན་བསམ་གྱིས་མི་ཁྱབ་པ་དེ་དག་ཀྱང་ལས་སྔོན་སོང་གི་འབྲས་བུ་བསླུ་མེད་སྨིན་པར་ངེས་པས། མོ་བོན་རྩིས་སོགས་ཀུན་རྫོབ་ཀྱི་སྲུང་སྐྱོབ་སྤྱི་དང་། ཁྱད་པར་སྲོག་གཅོད་ཀྱི་མཆོད་སྦྱིན་སོགས་སྡིག་དང་འདྲེས་པའི་དགེ་བས་འཕྲལ་ཕུག་གཉིས་ཀར་རྣམ་སྨིན་ལོག་པར་འགྱུར་བས། རྒྱུ་སྲོག་གཅོད་སྤངས་ཤིང་མི་འཇིག་པ་སྲོག་གི་སྦྱིན་པ་སོགས་ཆོས་དང་ཟང་ཟིང་གི་གཏོང་བ་ལ་གོམས་པས་ཚེ་བསྲིང་བ་མདོ་སྔགས་ཐུན་མོང་གི་ལུགས་དང་། རྐྱེན་རྩ་གསུམ་ལྷ་ཡི་བྱིན་རླབས་ལ་བརྟེན་ཏེ་ཚེ་བསྲིང་བ་ནི་སྔགས་ལུགས་ཁྱད་པར་བ་སྟེ་ཐབས་ཟབ་ཅིང་རྒྱ་ཆེ་ལ་འཕྲལ་ཕུག་གཉིས་ཀར་རྟག་བརྟན་བདེ་བའི་དཔལ་ཡོན་གོང་འཕེལ་དུ་འགྱུར་བས། དེ་ལྟ་བུའི་རྒྱུད་དང་མན་ངག་སྒྲུབ་ཐབས་ཀྱི་རིམ་པ་གསར་རྙིང་བཀའ་གཏེར་གདམས་ངག་མཐའ་ཡས་པ་ཞིག་བཞུགས་པ་ལས། ད་ལམ་གྱི་སྐབས་འདིར་གསང་སྔགས་རྙིང་མ་བ་གཏེར་གྱི་ཕྱོགས་སུ་གཏོགས་པ་མགོན་པོ་ཚེ་དཔག་མེད་རྡོ་རྗེ་སློབ་དཔོན་གྱི་རྣམ་པར་རོལ་པ་ནམ་མཁའ་ཇི་སྲིད་སྐྱེ་འཆི་འདས་གྲོངས་མི་མངའ་བར་འཇའ་ལུས་འཕོ་བ་ཆེན་པོས་འཁོར་བ་དོང་སྤྲུགས་མཛད་པ་དུས་གསུམ་


SPN001_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མཁྱེན་པདྨ་སཾ་བྷ་བ་དེ་ཉིད་ཀྱིས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ཐུགས་བཞེད་བསྐང་ཕྱིར་བོད་ཡུལ་དུ་བསྟན་པའི་སྒྲོན་མེ་སྤར་བ་མཛད་པའི་སྐབས། ཚེ་གཅིག་གིས་གྲུབ་པ་རྣམ་གཉིས་མངོན་དུ་བརྙེས་པའི་ལོ་ཙཱ་བ་བརྒྱ་རྩ་བརྒྱད་ཀྱི་ནང་ནས། ལས་ཅན་དག་པའི་འཁོར་དགུའི་ཡ་གྱལ། ཡང་དག་ཐུགས་ཀྱི་རིག་འཛིན་གནུབ་བན་ནམ་མཁའི་སྙིང་པོས་ཕྱི་རབས་ཀྱི་དོན་དུ་གཡུ་ཡི་མཎྜལ་ཕུལ་ནས་གསོལ་བ་བཏབ་པས་ཨོ་རྒྱན་རིན་པོ་ཆེ་ར་ས་འཕྲུལ་སྣང་དུ་རབ་གནས་ལ་ཕེབས་པའི་ཤུལ་དུ། ཡེ་ཤེས་སེམས་དཔའ་སྐུ་ཚབ་གཟུགས་བརྙན་གྱི་རྣམ་པར་བྱིན་གྱིས་བརླབས་པ་དེའི་ཞལ་ནས་ཇི་ལྟར་གསུངས་པའི་ཚེ་སྒྲུབ་རྡོ་རྗེའི་ཚིག་རྐང་རྣམས་གནུབས་བན་ཆེན་པོས་ཐུགས་ཉམས་སུ་བསྟར་བས་དགུང་ལོ་ཉིས་བརྒྱ་ལྷག་ཙམ་བཞུགས་ཤིང་། ཕྱིས་སྡིག་སྤྱོད་རྒྱལ་པོ་གླང་དར་གྱིས་བསྟན་པ་ལ་འཚེ་བ་བརྩམས་པའི་སྐབས་སུ། དྲི་ཆུ་བྷནྡྷ་གང་ལ་བརྟེན་ཏེ་བསྐྱེད་བཟླས་མཛད་པ་ཙམ་གྱིས་ཚེ་ལྷའི་དཀྱིལ་འཁོར་མདུན་དུ་ལྷགས། འོད་ཟེར་དྲི་ཆུ་ལ་ཕོག་པས་ཁྲོ་ཆུ་ཁོལ་མ་དང་ཐོག་སེར་དུ་གྱུར་ནས་རྒྱལ་པོ་འཇིགས་ཤིང་སྤ་བཀོང་། སྡིག་བློན་རྣམས་ཀྱང་བརྒྱལ། ཧཱུྃ་སྒྲ་བསྒྲགས་པས་ཕ་རོལ་གཞན་སེམས་ཕམ་པ་སོགས་དངོས་གྲུབ་ནུས་མཐུ་གཅིག་ཅར་དུ་ཐོབ་པའི་ཟབ་ཆོས་དེ་ལྟ་བུ་མ་འོངས་ད་ལྟའི་སྐལ་ལྡན་ལས་ཅན་རྣམས་ཀྱི་དོན་དུ། ཁམས་ཀྱི་


SPN001_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཆེན་ཉེར་ལྔའི་ནང་ཚན་སྐྱིད་འབྱམས་སྒྲུབ་གནས་སེང་གེ་གནམ་མཆོངས་ཀྱི་ཉེ་ཆར་ཉི་ཟླ་ཕུག་གི་མདུན་ཟུར་འགྱུར་མེད་རྡོ་རྗེའི་བྲག་ལ་རྒྱས་བཏབ་པ། ཆོས་རྒྱལ་མུ་ཁྲི་བཙན་པོའི་སྐྱེ་མཐའ་སྤྲུལ་པའི་རིག་འཛིན་ཆེན་པོ་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱིས་ལས་ཅན་དུ་མ་འཚོགས་པའི་དབུས་སུ་ཟླ་བ་བདུན་དུ་འབད་རྩོལ་ཆེན་པོས་རྡོ་རྗེའི་རྒྱ་བཀྲོལ་བའི་ཚུལ་མཛད་པས་མཚོན་ཡིད་ཆེས་ངོ་མཚར་རྨད་དུ་བྱུང་ཞིང་བྱིན་རླབས་ཀྱི་ཚན་ཁ་ལྷག་པར་ཆེ་བར་རྡོ་རྗེའི་གསུང་ལས། ཆོས་རྣམས་ཀུན་གྱི་དོན་བསྡུས༔ སློབ་དཔོན་པདྨའི་ཐུགས་བཅུད༔ མ་མོ་མཁའ་འགྲོའི་སྙིང་ཁྲག༔ ནམ་མཁའི་སྙིང་པོའི་ཆོས་སྐལ༔ ཚེ་སྒྲུབ་འཆི་མེད་བཙན་རྫོང༔ གསང་སྒྲུབ་རྡོ་རྗེ་ཕ་ལམ༔ ཞེས་བྱ་བའི་དབང་བསྐུར་གྱི་རིམ་པ་སྒྲུབ་པར་བྱེད་པ་ལ། སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་སྔོན་དུ་སོང་ནས། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པའི་མཎྜལ་འབུལ་བར་ཞུ། དེ་ནས་མཎྜལ་ཕུལ་དུ་གཞུག །དེ་ནས་ཁྱེད་རང་རྣམས་རྒྱུད་དག་པར་བྱ་བའི་ཕྱིར་བླ་མ་དང་རྩ་གསུམ་ཚེ་ལྷའི་དཀྱིལ་འཁོར་དབྱེར་མེད་པའི་སྤྱན་སྔར། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་གཏན་བདེའི་གོ་འཕང་ལ་འགོད་པར་བྱ་བའི་ཕྱིར་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་སྙམ་པས་འདིའི་རྗེས་ཟློས་མཛོད། ཧྲཱིཿདུས་གསུམ་རྒྱལ་བའི་སོགས་ལན་གསུམ།


SPN001_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

དེས་དབང་དོན་གྱི་ཡེ་ཤེས་སྐྱེ་བའི་སྣོད་རུང་དུ་བསྒྲུབས་ནས། ད་བྱིན་འབེབས་ཅིང་ཏིང་ངེ་འཛིན་བསྒོམ་པ་ནི། ཧྲཱིཿསྣང་སྲིད་ལྷ་ཡི་དཀྱིལ་འཁོར་སོགས། དེ་ནས་བྱིན་རླབས་ཀྱི་གཞི་འགོད་པ་ལ། ཡུལ་སྣང་སེམས་གསུམ་གདོད་ནས་གདན་གསུམ་ཚང་བའི་ལྷའི་འཁོར་ལོར་རྫོགས་པ་དེ་ཉིད་བརྡ་སྤྲད་པའི་ཚིག་བརྗོད་པ་ན། ཡིན་པ་ལ་ཡིན་པར་གསལ་ཐོབ་མཛོད། ལས་བུམ་ཆུས་བྲན་ནས། ཧྲཱིཿཧེ་རུ་ཀ་ཡི་ཆོ་འཕྲུལ་ལསཿསོགས་ནས་སྔགས་དང་བཅས་ཌཱ་དྲིལ་སྤོས་རོལ་བྱ། དེ་ནས་ཚེ་ལྷ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་འདྲེན་པ་ནི། ཧྲཱིཿབདེ་བ་ཅན་དང་སོགས་མཐར་ཧཱུྃ་ངར་དང་ལྡན་པའི་སྒྲས་འབོད་ཅིང་སྤོས་རོལ་བྱ། དེ་ལྟར་ཕབ་པའི་ཡེ་ཤེས་སེམས་དཔའ་བརྟན་པར་གྱུར་བར་མོས་མཛོད། ཧྲཱིཿའདིར་བྱོན་ཚེ་ཡི་ལྷ་ཚོགས་རྣམསཿསོགས་དང་། དེ་ནས་དབང་གི་དངོས་གཞིའི་དོན་དུ་མཎྜལ་འབུལ། བདེ་གཤེགས་ཚེ་ཡི་ཕོ་བྲང་གཏོར་མ་རིན་ཆེན་འབར་བ་སྐུ་རྟེན་དང་བཅས་པ་འདི་ཉིད། ཐར་པ་ཆེན་པོའི་གཞལ་མེད་ཁང་། འཇའ་ཟེར་ཐིག་ལེ་ལུ་གུ་རྒྱུད་མུ་མཐའ་བྲལ་བའི་ཀློང་ན། ཀ་དག་རང་རིག་རང་གསལ་གྱི་རང་མདངས་འོད་མི་འགྱུར་བ་ཚེ་དཔག་མེད་དམ་ཡེ་དབྱེར་མེད་ཐབས་ཤེས་ཁ་སྦྱོར་གྱི་ཚོམ་བུ། མཁའ་འགྲོ་ཆོས་སྐྱོང་དང་བཅས་པའི་སྐུ་གསུང་ཐུགས་


SPN001_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་རྡོ་རྗེའི་འོད་ཟེར་དཔག་ཏུ་མེད་པ་ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་ཕུང་ཁམས་སྐྱེ་མཆེད་དུག་ལྔ་བདག་འཛིན་དང་བཅས་པ་རང་སར་དག །གཞི་རྫོགས་ཀློང་ཡངས་ཆེན་པོར་འཆི་མེད་རྡོ་རྗེ་དྭངས་མའི་སྲོག་ཏུ་སྨིན་ཅིང་གྲོལ། གནས་སྐབས་སུ་ཚེ་བསོད་ཡེ་ཤེས་འབྱོར་པ་དབང་ཐང་རླུང་རྟ་ཉམས་ཤིང་གུད་པ་སོར་ཆུད། བརྟན་གཡོའི་དྭངས་བཅུད་མ་ལུས་པ་བླ་སྲོག་གི་གཏེར་བསྡུས། འཆི་མེད་མགོན་པོའི་རྡོ་རྗེ་བཞི་དང་དབྱེར་མེད་དུ་གྱུར་སྙམ་པའི་མོས་པ་མཛོད། ཚེ་ཡི་དཔལ་གཏོར་གྱིས་དབང་བསྐུར་ཏེ། ཧྲཱིཿརང་གི་རང་རིག་གསལ་བ་ཡིཿསོགས་སྔགས་དང་བཅས་བརྗོད་ཅིང་ཚེ་རིལ་ཆང་ཡང་སྦྱིན། གྲངས་གསོག་སྐབས། ཡང་གཏོར་མ་འཆི་མེད་རྡོ་རྗེ་ཚེའི་ལྷ་ཚོགས་སུ་གསལ་བའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་འོད་ཟེར་ཁ་དོག་སྣ་ཚོགས་ཁྱེད་རང་རྣམས་ཀྱི་གནས་བཞིར་ཐིམ་པས་དབྱེར་མེད་དུ་གྱུར་སྙམ་པའི་མོས་པ་མཛོད། ཧྲཱིཿརང་གི་རང་རིག་གསལ་བ་སོགས་སྔར་ལྟར་གྱི་གྲངས་འཛིན་ནས། མཐར། དེ་ལྟར་ཡང་ཟབ་ཨ་ཏི་ཡོ་གའི་ལུགས་ཀྱི་ཚེ་དབང་ཟབ་མོ་ལེགས་པར་གྲུབ་པས། གནས་སྐབས་སུ་འཇིགས་པ་བརྒྱད་དང་བཅུ་དྲུག །ཁྱད་པར་དུ་དུས་མ་ཡིན་པའི་འཆི་བ་བཟློག་ཅིང་། མཐར་ཐུག་བཅོམ་ལྡན་འདས་མགོན་པོ་ཚེ་


SPN001_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་མེད་དབྱིངས་དང་ཡེ་ཤེས་སུ་དབྱེར་མེད་དུ་འགྱུར་ལ། སྐབས་སུ་བབས་པའི་དམ་ཚིག་སྲོག་གཅོད་པ་དང་། འདོད་པས་ལོག་སྤྱོད་གདུག་ཅན་ཨར་ལ་གཏད་པ་སོགས་སྤང་བྱ། སྲོག་བསླུ་ཉེ་འདོན་སཱཙྪ་བཏབ་པ་སོགས་བླང་བྱ། ཁྱད་པར་རང་གི་སྒོ་གསུམ་ཡེ་ནས་ཚེ་ལྷའི་རང་བཞིན་དེ་ཡི་ཏིང་ངེ་འཛིན་དང་མ་བྲལ་བར་སློབ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོའི་ཇི་ལྟར་སོགས། གཏང་རག་གི་དོན་དུ་མཎྜལ། ལུས་ལོངས་སྤྱོད་འབུལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་སོགས། དེ་ལྟར་ཚེ་སྒྲུབ་ཡོངས་ཀྱི་ཟབ་པའི་མཐར་ཐུག་གུ་རུ་རིན་པོ་ཆེའི་ཐུགས་བཅུད་འཆི་མེད་ཚེ་ཡི་དབང་བསྐུར་ལེགས་པར་གྲུབ་པས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛོད། སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་སོགས་བརྗོད། མཐར་འཁོར་གསུམ་སྤྲོས་བྲལ་ཀ་དག་རྫོགས་པ་ཆེན་པོའི་ཀློང་དུ་མཉམ་པར་བཞག་ཅིང་། བཀྲ་ཤིས་དང་བསྔོ་སྨོན་གྱིས་རྒྱས་གདབ་པར་བྱའོ། །དེ་ལྟར་རིག་འཛིན་མི་འགྱུར་རྡོ་རྗེའི་སྐྱེས་རབས་ཀྱི་ཕྲེང་བ་བཞི་པ་མཆོག་སྤྲུལ་གང་དེའི་འགྲོོ་དོན་ཆེད་དུ་དབོན་ཀརྨ་བདེ་གསལ་གྱི་བཞེད་ངོར་སི་ཏུ་པདྨའི་མིང་ཅན་གྱིས་བཀོད་པ་བསྟན་འགྲོ་ཡོངས་ལ་ཕན་དང་བདེ་བའི་རྒྱུར་གྱུར་ཅིག །ཤུབྷཾ། མངྒ་ལཾ། འདིར་རིག་འཛིན་རྟ་མགྲིན་མགོན་


SPN001_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཕྱག་བཞེས་སུ་ཁྲུས་དང་མཎྜལ། པདྨ་བཛྲ་ལྟར་གྱི་དཀར་བགེགས་བཏང་། རང་གཞུང་བགེགས་བསྐྲད། སྐྱབས་སེམས། སློབ་མ་ལྷར་བསྐྱེད་སྤྱན་འདྲེན་བཞུགས་གསོལ་ཡན་གྲུབ་ནས་དབང་ཚིག་ལན་གསུམ་བརྗོད་པའི་དང་པོས་བུམ་པ། གཉིས་པས་ཚེ་གཏོར། གསུམ་པས་སྒྲུབ་དཔེ་རྣམས་གནས་གསུམ་བཞག་ལ་དབང་བསྐུར། མཐར་སྙིང་པོ་བརྗོད་ལ་ཚེ་རིལ་ཆང་སྦྱིན། ཤིས་བརྗོད་རྗེས་ཀྱི་བྱ་བ་སྤྱི་ལྟར་མཛད་པའི་ཕྱག་སྲོལ་སྣང་སྟེ་ཟུར་མང་ཕྱོགས་སུ་བརྒྱུད་པ་སོགས་ཀྱིས་འདི་ཁོ་ན་ལྟར་མཛད་ཀྱིན་སྣང་ངོ་། །འོན་ཀྱང་དཀར་བགེགས་ནི་དཀྱུས་ཙམ་ལ་སྤྱི་འགྲོ་བཏང་བས་འཐུས་སོ།། །།

པདྨ་བཛྲ་སྙིང་ཐིག་དབང་མོ་ཆེའི་མཚམས་སྦྱོར་གསལ་བཀོད་རིན་ཆེན་ཕྲེང་བ།


SPN001_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་བཛྲ་སྙིང་ཐིག་དབང་མོ་ཆེའི་མཚམས་སྦྱོར་གསལ་བཀོད་རིན་ཆེན་ཕྲེང་བ་བཞུགས་སོ། །ན་མོ་གུ་རུ་པདྨ་བཛྲ་ཡེ། འདིར་པདྨ་བཛྲ་གྲུབ་ཐོབ་བརྒྱ་རྩའི་དཀྱིལ་འཁོར་དུ་སྐལ་ལྡན་གྱི་སློབ་མ་གཞུག་པར་འདོད་ན་འདིའི་དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་སློབ་དཔོན་གྱིས་དང་པོ་དཀྱིལ་འཁོར་བཤམས་བཀོད། ལས་བྱང་སོགས་མཐོང་བརྒྱུད་བཞིན་ཚུལ་ལྡན་ལྷག་མ་བཅས་གྲུབ་ནས། ཡེ་གསང་གི། བླ་མ་རིག་འཛིན་གྱིས་བདག་དབང་བླངས་ཏེ། སྨིན་བྱེད་དབང་གི་སྐབས་སུ་བབས་ན་སློབ་མ་རྣམས་ཕྱག་དང་བཅས་མདུན་དུ་འཁོད། སྔོན་འགྲོ་གླུད་གཏོར་དང་དཀར་གཏོར་མཚམས་སུ་རོལ་མོ་ལྡིར་ལ་ཕུལ། གུ་གུལ་བདུག །ཡུངས་ཐུན་བྲབ། མཚམས་རྔམས་དང་བཅས། ཧཱུྃ། སྟོང་གསུམ་ཀུན་ཁྱབ་སོགས་ཀྱི་སྲུང་འཁོར་དང་མཚམས་བཅད་མཐར་རོལ་མོ་བཞག །འདིའི་བར་ཚོགས་པས་མཉམ་འདོན། དེ་ནས་སློབ་དཔོན་གྱིས་མདའ་དར་མེ་ལོང་བཏགས་པ་རིམ་བཞིན་ཐོགས་ལ་གཡབ་ནས་དྲིལ་གསིལ་དང་བཅས། ཧཱུྃ། ང་ནི་ཐབས་ཀྱི་ཧེ་རུ་ཀ༔ སོགས་ནས། སྨིན་གྲོལ་དངོས་གྲུབ་སྩོལཿབར་གྱི་སྒོ་དབྱེ་གྲུབ་ནས། འོ་ན་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རིགས་ཀུན་ཁྱབ་བདག་གདོད་མའི་སངས་རྒྱས་པདྨ་བཛྲ་རྩལ་གྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་ཐུགས་གཏེར་སྙིང་ཐིག་དབང་མོ་ཆེ་གསན་དགོངས་པའི་ཐུགས་བསྐྱེད་གསལ་བཏབ་ནས་གསན་པར་ཞུ། དེའང་གཞི་འབྱུང་ཚུལ་གྱི་ལོ་རྒྱུས་ཅུང་ཞིག་བརྗོད་ན༔


SPN001_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། རྡོ་རྗེའི་ཚིག་རྐང་ཉིད་གསལ་དག་སྙན་པས་བཏོན་ལ། དེ་དག་ནི་པདྨ་བཛྲ་གྱི་ཡོན་ཏན་ཅུང་ཟད་བརྗོད་པའོཿབར་དང་། དེ་ལྟར་བྱུང་ཁུངས་ལོ་རྒྱུས་རྡོ་རྗེའི་གསུང་གིས་རྒྱས་པར་བསྟན་པའི་སྒྲུབ་ཐབས་ཟབ་མོ་འདི་ཡང་ཨུ་རྒྱན་སངས་རྒྱས་གཉིས་པ་ཡབ་ཡུམ་གྱིས་སྙིགས་དུས་ཀྱི་གདུལ་བྱ་རྣམས་ལ་དགོངས་ཏེ་ལྷོ་སྨར་ཁམས་ཕྱོགས་ཀྱི་སྦས་གནས་གྲུ་གུ་ལྷ་བྲག་ཏུ་གཏེར་དུ་སྦས། མི་འགྱུར་བའི་རྒྱ་བདུན་གྱིས་རྒྱས་བཏབ་གཏེར་བདག་ཏྲཀྵད་ནག་པོ་ལ་གཏད། གཏེར་སྲུང་ལྷ་བྲག་རྡོ་རྗེ་འབར་བ་རྩལ་ལ་བཅོལ། བདེན་ཚིག་སྨོན་ལམ་ཟབ་མོས་མཚམས་སྦྱར། ནམ་ཞིག་གདུལ་བྱ་འདུལ་བའི་དུས་ལ་བབ་པའི་ཚེ། ཇི་སྐད་དུ། གསང་བའི་བདག་པོའི་རོལ་གར་ལས༔ ཞི་རྒྱས་དབང་དྲག་མངོན་སྤྱོད་ཚུལ༔ མ་ངེས་སྣ་ཚོགས་ཅིར་ཡང་འཆར༔ ད་ལྟའི་ལྷ་སྲས་འདི་ཉིད་ཀྱང༔ སྐྱེ་བའི་ཐ་མ་རྒྱུན་ཆད་ཚེ༔ སེམས་ཅན་རྣམས་ལ་སྟོན་པར་འགྱུར༔ གང་ཞིག་ཟབ་ཆོས་ཐོད་པ་རྩལ༔ མཐོང་ཐོས་དྲན་རེག་སེམས་ཅན་རྣམས༔ སངས་རྒྱས་ཐོབ་པ་ཐེ་ཚོམ་མེད༔ ཅེས་གསུངས་པ་ལྟར་རིག་འཛིན་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱིས་རྫུ་འཕྲུལ་གྱི་ཆོ་འཕྲུལ་ངོ་མཚར་མིག་གི་བདུད་རྩི་སྐལ་ལྡན་ཀུན་གྱི་སྤྱོད་ཡུལ་དུ་མངོན་སུམ་དུ་སྣང་བ་དང་བཅས་སྤྱན་དྲངས་པ་སྟེ། རྡོ་རྗེའི་གསུང་ལས། འདི་ཉིད་ཀྱི་དཀྱིལ་


SPN001_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དུ་ཞུགས་པའི་སེམས་ཅན་ཤི་གསོན་གང་ཡང་རུང་སྟེ་སྐད་ཅིག་ཉིད་ལ་འཚང་རྒྱ་བ་ཐེ་ཚོམ་མེད་དོ༔ ཞེས་དང་། ཐོས་པས་སེམས་ཅན་གྲོལ་བར་འགྱུར༔ བསྒོམ་པས་འཇའ་ལུས་མཁའ་སྤྱོད་འགྲུབ༔ བཟླས་པས་དངོས་གྲུབ་རྣམ་གཉིས་བརྙེས༔ དད་བརྩོན་སྙིང་རྗེའི་ངང་དུ་བསྒྲུབ༔ མ་འོངས་སེམས་ཅན་ཐམས་ཅད་ཀུན༔ ཐར་ལམ་བགྲོད་པའི་གོ་ཆ་ཡིན༔ འདི་ལས་ལྷག་པ་ཡོད་རེ་ཀན༔ དེ་ཕྱིར་འདི་ལ་བརྩོན་པར་གྱིས༔ ཞེས་གསུངས་པ་ལྟར། ཐོས་གྲོལ་གྱི་དཀྱིལ་འཁོར་ཆེན་པོ་གཏེར་སྟོན་རིག་འཛིན་གྲུབ་དབང་ཆེན་པོ་ནས་བདག་ཅག་གི་དཔལ་ལྡན་བླ་མ་དམ་པའི་བར་དུ་རིམ་པར་བརྒྱུད་པ་ལ་དམ་ཚིག་གི་སེལ་མ་ཞུགས། བྱིན་རླབས་ཀྱི་སོ་མ་ཉམས། གདམས་ངག་གི་དྲོད་མ་ཡལ་བའི་དབང་བསྐུར་ཟབ་མོ་བསྒྲུབ་པ་ལ་སློབ་དཔོན་གྱི་བགྱི་བར་འོས་པ་རྣམས་སྔོན་ཏུ་སོང་ནས། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་འབུལ། ཞེས་མཎྜལ་འབུལ། དེ་ནས་དཀྱིལ་འཁོར་གྱི་གཙོ་བོ་དང་སློབ་དཔོན་དབྱེར་མེད་པ་ལ། ཐོག་མར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། རིགས་ཀུན་ཁྱབ་བདག་སོགས་རྗེས་ཟློས་ལན་གསུམ་དང་། སློབ་དཔོན་གྱིས། ལེགས་སོ་སྐལ་ལྡན་སོགས་ནས། སྐྱབས་སུ་འགྲོ་བར་གྱིས༔ བར། ཞེས་པའི་ལན་དུ་འདིའི་རྗེས་ཟློས།


SPN001_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་སོ༔ ཞེས་དང་། དེ་ནས་ཕྱི་ནང་གསང་གསུམ་གྱི་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས་མཛོད། ཞེས་མཚམས་སྦྱར་ལ་གུར་དྲག་རྡོ་རྗེ་ཕ་ལམ་ལྟར། ན་མོ༔ དཀོན་མཆོག་གསུམ་དང་བྱང་སེམས་ཉན་རང་ལྷ༔ བདག་དང་མཐའ་ཡས་དུས་གསུམ་སངས་རྒྱས་རྣམས༔ སྐྱེ་བ་འདི་ནས་སངས་རྒྱས་ཐོབ་ཀྱི་བར༔ ལུས་ངག་ཡིད་གསུམ་གུས་པས་སྐྱབས་སུ་མཆི༔ ནང་ལྟར་སྐྱབས་སུ་འགྲོ་བ་ནི། ན་མོ༔ བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ལ༔ བདག་གཞན་དུས་གསུམ་དུས་མེད་སྐྱེ་འགྲོ་རྣམས༔ ཚེ་གཅིག་འཇའ་ལུས་ཆོས་སྐུའི་འབྲས་ཐོབ་ཕྱིར༔ དབྱེར་མེང་ངང་དུ་སྙིང་ནས་སྐྱབས་སུ་མཆི༔ གསང་བ་ལྟར་སྐྱབས་སུ་འགྲོ་བ་ནི། ན་མོ༔ རང་ལུས་རྣམ་དག་ལྷ་ཡི་ཕོ་བྲང་འདིར༔ གདོད་མའི་ཀུན་བཟང་ཡེ་ནས་སངས་རྒྱས་བཞུགས༔ ཕུང་པོ་ལྔ་དག་རིགས་ལྔའི་རྒྱལ་བ་གསལ༔ ཁམས་ལྔ་དག་པ་ཡུམ་ལྔ་བདེ་སྟོང་རྒྱས༔ རྩ་རླུང་རྣམ་དག་དཔའ་བོ་མཁའ་འགྲོ་དང༔ དུག་ལྔ་རྣམ་དག་ཡེ་ཤེས་ཐིག་ལེ་འཁྱིལ༔ བརྗོད་མེད་རང་གསལ་རང་སེམས་ཀུན་ཏུ་བཟང༔ རེ་དོགས་བླང་དོར་གཉིས་འཛིན་མེད་བཞིན་དུ༔ གང་ཤར་བདེ་སྡུག་ཆོས་སྐུའི་རོལ་བ་འཕྱོ༔ མ་བསྒྲུབ་སངས་རྒྱས་སེམས་ལ་སྐྱབས་སུ་མཆི༔ སོ་སོར་ལན་གསུམ་རེ། དེ་ནས་དབང་གཞུང་བཞིན། རིགས་ཀྱི་བུ་རྣམས་ནས། སེམས་བསྐྱེད་མཛོད༔ བར། དེ་ནས་ཕྱི་


SPN001_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གསང་བའི་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། ཧཱུྃ་ཧྲཱིཿབདག་གཞན་དུས་གསུམ་དུས་མེད་སྐྱེ་འགྲོ་རྣམས༔ མི་དགེ་བཅུ་ཡི་ལས་སྒྲིབ་དག་གྱུར་ཅིང༔ མ་རིག་འཁོར་ལོ་ཀུན་རྟོག་རྣམ་དག་སྟེ༔ ཡང་དག་སངས་རྒྱས་ས་ལ་རབ་བཀོད་ཕྱིར༔ གསང་སྔགས་དྲག་པོའི་དཀྱིལ་འཁོར་བསྒྲུབ་པར་བྱ༔ འཁོར་བ་དོང་ནས་སྤྲུག་པར་སེམས་བསྐྱེད་དོ༔ ངན་སོང་གནས་གསུམ་མི་ཁོམ་གནས་བརྒྱད་པོ༔ མིང་ཡང་མེད་པར་ཟད་ཅིང་ཡུལ་འབྱིན་ཏེ༔ རྣམ་མཁྱེན་སངས་རྒྱས་མྱུར་དུ་ཐོབ་པར་ཤོག༔ དག་པ་རྣམ་དག་མྱུར་དུ་སངས་རྒྱས་ཤོག༔ ནང་ལྟར་བྱང་ཆུབ་སེམས་བསྐྱེད་པ་ནི། ཧཱུྃ་ཧྲཱི༔ བདག་དང་མཐའ་ཡས་དུས་གསུམ་སེམས་ཅན་རྣམས༔ ཡེ་གདོད་ཉིད་ནས་རང་སེམས་ཀུན་ཏུ་བཟང༔ ཕུང་པོ་ལྔ་ནི་དེ་བཞིན་གཤེགས་པ་ལྔ༔ འབྱུང་བའི་ཁམས་ལྔ་ཡེ་ཤེས་ལྷ་མོ་ལྔཿརྒྱུ་རྐྱེན་ཡེ་ནས་རང་བྱུང་ལྷ་ཡི་སྐུ༔ རང་གསལ་རང་ཆས་ལྷུན་གྲུབ་གཉུག་མའི་སེམས༔ སྟོང་པའི་ཡེ་ཤེས་འཁོར་འདས་མཉམ་པ་ཉིད༔ སྒྲིབ་གཡོགས་ཀུན་བྲལ་ངང་དུ་སེམས་བསྐྱེད་དོ༔ གསང་བ་དོན་གྱི་སེམས་བསྐྱེད་པ་ནི། ཧཱུྃ་ཧྲཱིཿབདག་གཞན་འདས་དང་ད་ལྟ་མ་འོངས་ཀྱི༔ སངས་རྒྱས་སེམས་ཅན་མིང་དུ་བཏགས་པ་ཙམ༔ སྐུ་ནི་བདེན་མེད་འཇའ་ལུས་སྣང་སྟོང་གཟུགས༔ གསུང་ནི་གྲག་སྟོང་བདེན་


SPN001_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བྲག་ཆ་ལྟར༔ ཐུགས་ནི་དུས་གསུམ་སྤྲོས་བྲལ་ལྷན་སྐྱེས་ཐུགས༔ སྐྱེ་འགགས་གནས་གསུམ་བྲལ་བའི་ཡེ་ཤེས་ལ༔ སངས་རྒྱས་མ་བསྒྲུབ་རང་ཆས་རང་གསལ་ཀློང༔ ངན་སོང་གནས་མེད་རིག་བྱེད་འཁྲུལ་ཆ་ཙམ༔ ཀུན་བྱེད་རྒྱལ་པོ་ཡེ་ནས་སངས་རྒྱས་ཉིད༔ གང་ལའང་རེ་དོགས་ཀུན་བྲལ་སེམས་བསྐྱེད་དོ༔ ཞེས་དང་། དེ་ནས་ཁྱེད་རང་རྣམས་ཀྱིས་འཁོར་བ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་བག་ཆགས་དང་བཅས་པ་སྦྱངས་ཤིང་། སྨིན་བྱེད་ཟབ་མོའི་སྣོད་དུ་རུང་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་སྐུར་ལམ་གྱིས་འདི་ལྟར་དུ་གསལ་ཐོབ་མཛོད། ཧཱུྃ་བྷྱོ༔ མི་རྟག་ཆུ་བུར་ནས། ཡིག་བརྒྱས་བསྐོར། བར། དེ་ནས་ཧེ་རུ་ཀའི་ཡིག་བརྒྱ་དཔོན་སློབ་མཉམ་དུ་གསུངས་པའི་ཚེ་ཁྲུས་ཆབ་བཏང་། དེ་ནས་དབང་གི་སྔོན་འགྲོ་འཇུག་པའི་ཆོས་རྣམས་གྲུབ་ནས། དངོས་གཞི་དབང་གི་གཞི་འགོད་པའི་ཕྱིར་ཡེ་ཤེས་པ་དབབ་པའི་སླད་དུ་ཁྱེད་རང་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་འདི་ལྟར་དུ་ུགསལ་ཐོབ་མཛོད། ༀ་ཤུ་ནྱ་ཏ་ཛྙཱ་ན་སོགས། ཧཱུྃ་ཧྲཱིཿསྣོད་བཅུད་སྣང་སྲིད་མི་དམིགས་སོགས་བརྗོད་ཅིང་བསྐྱེད་རིམ་ཕོག་ནས། སྤྱན་འདྲེན་རོལ་ཆས་ལྡིར་ལ། སྔོན་བསྐལ་མ་སོགས། ཚོགས་པ་མཉམ་གསུང་གིས། དཀྱིལ་འཁོར་


SPN001_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཁེངས་པར་གྱུར༔ བར་དབྱངས་རོལ་དང་སྤོས་འགྲིམ་བཅས་ཀྱིས་བྱིན་དབབ། སྐབས་འདིར་གཞུང་ལས་སློབ་དཔོན་གྱིས་བདག་བསྐྱེད་གསལ་བཏབ་གསུངས་ཀྱང་། བརྒྱུད་པའི་ཕྱག་བཞེས་ལ་སློབ་དཔོན་དང་། སློབ་མས་ཡིད་ཀྱི་དམིགས་པས་གདོད་ནས་ཡེ་གྲུབ་ཀྱི་རང་བཞིན་དེས་ཁྱབ་པར་གསུངས། དེ་ནས་སློབ་དཔོན་གདོད་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་གསལ་བཞིན་པ་དང་། མདུན་བསྐྱེད་རིག་འཛིན་རྒྱ་མཚོའི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བའི་གདན་གསུམ་ཚང་བའི་དབང་གི་ལྷ་རྣམས་དང་། སློབ་དཔོན་པདྨ་བཛྲར་གསལ་བའི་ཕྱག་གི་བུམ་པར་གསང་སྔགས་ཀྱི་ལྷ་ཚོགས་རྣམས་བཞུགས་པའི་དབང་ཁྱེད་རང་རྣམས་ཀྱི་ལུས་ལ་བསྐུར་བས་ལུས་ཀྱི་སྒྲིབ་པ་དག་ནས་སྐུ་རྡོ་རྗེ་མངོན་དུ་གྱུར་བའི་མོས་པ་མཛོད། ཧཱུྃ། ང་ནི་པདྨ་བཛྲ་སོགས་ནས་བུམ་པ་སྤྱི་བོར་བཞག་ལ། བུམ་ཆུ་བཏུང་། སྨོན་ལམ་དང་རབ་གནས་མེ་ཏོག་འཐོར། ཀཱ་ཡ་སུ་པྲ་ཏིཥྛ་སོགས་བརྗོད། ཤོག་སེར་པུསྟིའི་དབང་ནི། དེ་ནས་རིགས་འདུས་མ་ཧཱ་གུ་རུའི་གསུང་ཡི་གེའི་འཕྲུལ་ལས་ཤར་བའི་སྙིང་ཐིག་གླེགས་བམ་ལས་གསང་སྔགས་ཡིག་འབྲུའི་ཚོགས་ཆར་ལྟར་བབས་ནས་གསུང་དབང་ངག་ལ་བསྐུར་བས་ངག་གི་སྒྲིབ་དག་ནས་གསུང་རྡོ་རྗེ་མངོན་དུ་བྱས་པའི་མོས་པ་མཛོད། ཧཱུྃ། ང་ནི་པདྨ་བཛྲ་ཡབ་ཡུམ་སོགས་ཀྱིས་མགྲིན་པར་བཞག་ལ་མཐར་སྨོན་ལམ་རབ་གནས་བར། ཡང་དཀྱིལ་འཁོར་


SPN001_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལས་རང་བྱུང་ཡེ་ཤེས་ཀྱི་སྐུ་མར་མེ་གཅིག་ལ་གཉིས་མཆེད་ཀྱི་ཚུལ་དུ་འཕྲོས་ནས་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ། ལྷ་དབང་སེམས་ལ་བསྐུར་བས་ཡིད་ཀྱི་སྒྲིབ་པ་དག་ནས་ཐུགས་རྡོ་རྗེ་མངོན་དུ་གྱུར་པའི་མོས་པ་མཛོད། དེ་ནས་ཙཀླི་རྣམས་རིམ་པར་ཐོགས་ལ་སྙིང་གར་བཞག །ཧཱུྃ། ང་ནི་པདྨ་བཛྲ་ཡབ་ཡུམ་སོགས། ལྷ་དབང་ཡོངས་རྫོགས་བསྐུར་མཐར་སྨོན་ལམ་རབ་གནས་དང་བཅས། དེ་ནས་རིགས་ལྔ་ཡེ་ཤེས་ལྔ་དང་ཕ་རོལ་ཕྱིན་དྲུག་གི་ངོ་བོར་རྟགས་ཀྱི་ཕྱག་རྒྱས་དབང་བསྐུར་བས་སངས་རྒྱས་ཐོད་པ་རྩལ་དང་དབྱེར་མེད་པའི་ཆོས་ཀྱི་རྒྱལ་སྲིད་ལ་མངའ་བརྙེས་ནས་ཕྲིན་ལས་རབ་འབྱམས་དབང་དུ་གྱུར་པའི་མོས་པ་མཛོད། ཧཱུྃ། རིག་འཛིན་སྐྱེས་བུ་སོགས་ནས། ཞི་ཆས་ཚང་མའི་དབང་དང་། སློབ་མ་ལ་མངའ་གསོལ་གཞུང་གསལ་ལྟར། རྔ་དུང་རོལ་མོ་ལྡིར། དབྱངས་དང་བཅས། དྲག་ཆས་རྣམས་གསོལ་ལ། ཧཱུྃ། ང་ནི་ཁྱབ་བདག་རྡོ་རྗེ་འཆང༔ སོགས་ནས། དབང་དང་ལྡན་པར་གྱུར་ཅིག༔ བར། དེ་ནས་ཕྲིན་ལས་གཏོར་མའི་དབང་གི་དོན་དུ། ཡེ་ཤེས་ལས་དང་འཇིག་རྟེན་གྱི་ཆོས་སྐྱོང་བ་རྣམས་ཀྱི་བཀའ་གཏད་པ་ནི། ཧཱུྃ༔ མ་ཧཱ་ཀཱ་ལ་སོགས་ཀྱིས་གཏོར་མ་རྣམས་མགོར་བཞགདེ་ལྟར་གནས་སྐབས་སུ་ལས་བཞིའི་ཕྲིན་ལས་སྒྲུབ་པ་དང་། མཐར་ཐུག་བྱང་ཆུབ་སྒྲུབ་པའི་བར་ཆད་སེལ་བའི་སྡོང་གྲོགས་


SPN001_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པར་མོས་ལ། དེ་ནས་ཡང་གསང་དབང་བཞི་ཡོངས་རྫོགས་བསྐུར་བ་ནི། ཧཱུྃ། ང་ནི་པདྨ་བཛྲ་སོགས་རྡོ་རྗེ་འཆང་གི་སྐུ་སྤྱི་བོར་བཞག་ལ། དེ་ལྟར་དབང་བཞི་བསྐུར་བས་སྒྲིབ་བཞི་དག །རྒྱུད་བཞི་སྨིན། ལམ་བཞི་འབྱོང་། སྐུ་བཞིའི་གོ་འཕང་མངོན་དུ་གྱུར་པའི་མོས་པ་མཛོད། དེ་ལྟར་བཟླས་ལུང་སྦྱིན་པ་ནི། ཧཱུྃ། རིག་འཛིན་པདྨ་སོགས་ཀྱིས་གླེགས་བམ་མགོར་བཞག་ལ། སློབ་དཔོན་ལྷར་གསལ་བའི་ཐུགས་ཀ་ནས་སྔགས་ཕྲེང་འཕྲོས། ཁྱེད་རང་རྣམས་ལྷར་གསལ་བའི་ཐུགས་ཀར་ཧཱུྃ་གི་མཐར་སྔགས་ཀྱི་ཕྲེང་བ་འཁོར་བར་མོས་ལ་སྔགས་འདིའི་རྗེས་ཟློས། གཙོ་འཁོར་སྤྱི་དྲིལ་གྱི་སྔགས་ཚན་གསུམ་ལན་གསུམ་བཟླའོ། །དེ་ལྟར་གསུང་རིགས་སྔགས་ཀྱི་བྱིན་རླབས་ནུས་རྩལ་མཐུ་སྟོབས་ཁྱེད་རྣམས་ཀྱི་རྒྱུད་ལ་འཇུག་ཅིང་བརྟན་པར་གྱུར་ཅིག །དེ་ནས་དབང་གི་མཐའ་རྟེན་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་བྱིན་པས་རིག་པ་འཛིན་པའི་འཁོར་ལོས་སྒྱུར་བའི་རྒྱལ་ཐབས་ལ་འཁོད་ནས་ནམ་མཁའ་ཇི་སྲིད་བར་དུ་གཞན་དོན་འབད་མེད་ལྷུན་གྱིས་གྲུབ་པའི་དབང་ཐོབ་པའི་མོས་པ་མཛོད། ཧཱུྃ། གསེར་གྱི་འཁོར་ལོ་སོགས་རྒྱལ་སྲིད་ཀྱི་དབང་ལག་ཏུ་བཞག །དམ་ཚིག་གི་བསླབ་བྱ་སྦྱིན་པ་ནི། དེ་ལྟར་སྐལ་ལྡན་ཁྱེད་རྣམས་ལ་སོགས་བརྗོད། ཧོཿདགོངས་སུ་གསོལ་ལོ༔


SPN001_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བཀྲ་ཤིས་མཉམ་གསུང་མཐར་རོལ་མོ་ལྡིར་ཞིང་མེ་ཏོག་གི་ཆར་བསྙིལ། དེ་ལྟར་བཅོམ་ལྡན་ཧེ་རུ་ཀ་པདྨ་བཛྲ་སངས་རྒྱས་ཐོད་པ་རྩལ་གྱི་སྙིང་ཐིག་དབང་མོ་ཆེ་ལེགས་པར་གྲུབ་བ་ཡིན་པས་དེ་དག་གི་སྐབས་སུ་བབས་པའི་གསང་སྔགས་ཀྱི་དམ་ཚིག་དང་སྡོམ་པ་སྔོན་དུ་བརྗོད་བཞིན་པ་རྣམས་ཅི་ནུས་སུ་བསྲུང་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། དབང་བསྐུར་རྫོགས་པར་ཐོབ་པའི་གཏང་རག་གི་ཡོན་དུ་མཎྜལ། ཞེས་མཎྜལ་འབུལ། སླར་ཡང་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་དྲུག་ཆ་གཅིག་ལྷ་དང་བླ་མར་འབུལ་སྙམ་པས་འདིའི་རྗེས་ཟློས། དེང་ནས་བརྩམས་ཏེ་སོགས། དེ་ལྟར་སྨིན་བྱེད་ཀྱི་དབང་བསྐུར་ཐོབ་པའི་དགེ་རྩ་ཐམས་ཅད་མཁའ་ཁྱབ་སེམས་ཅན་མ་གྱུར་རྣམས་ཀྱི་དོན་དུ་བསྔོ་བས་རྒྱས་གདབ་པར་མཛོད། བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མ་གྲོལ། རྟེན་དང་གཏོར་མའི་སོགས་བསྡུ་རིམ་ཡང་བྱས་ལ་བསྔོ་སྨོན་མཐའ་རྒྱས་བྱའོ། །ཞེས་གཏེར་གཞུང་གི་དགོངས་དོན་ཇི་བཞིན་གཞིར་བཞག་པའི་ཅུང་ཞིག་གོ་བདེའི་ཆེད་དུ་མཚམས་སྦྱོར་འདིའང་སི་ཏུ་པདྨའི་མིང་ཅན་གྱིས་བསླབ་གསུམ་རྣམ་དག་རག་ཤུལ་དགའ་ལྡན་ཆོས་གླིང་གི་བླ་མ་འཇམ་དབྱངས་བསྟན་འཕེལ་གྱི་བཞེད་ངོར་བཀོད་པ་ནོངས་པ་གང་མཆིས་ཀུན་བཟང་ཀློང་དུ་བཟོད་པར་གསོལ་ཞིང་། དགེ་བས་འགྲོ་དོན་འཁོར་བ་དོང་ནས་སྤྲུག་པར་གྱུར་ཅིག །ཛ་ཡནྟུ།། །།

དག་སྣང་པཀྴིའི་དབང་བཞི་བྱིན་རླབས་མྱུར་འབེབས་ཀྱི་དབང་བཤད་དང་མཚམས་སྦྱོར།


SPN001_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

དག་སྣང་པཀྴིའི་དབང་བཞི་བྱིན་རླབས་མྱུར་འབེབས་ཀྱི་དབང་བཤད་དང་མཚམས་སྦྱོར་བཞུགས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཟུང་འཇུག་སྐུ་བཞི་དང་ཡེ་ཤེས་ལྔ་ཡི་བདག་ཉིད་ཀྱི་གོ་འཕང་ཐོབ་པར་བྱ་སྙམ་པའི་འདུན་པ་དྲག་པོ་རྩེ་གཅིག་པའི་ངང་ནས་གསན་པར་མཛད་འཚལ། དེ་ཡང་ད་ལམ་སྐབས་སུ་བབས་པའི་དབང་བསྐུར་ཟབ་མོ་ལས་ཀྱང་ཆེས་ཟབ་པ་འདི་ཉིད། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་སངས་རྒྱས་གཉིས་པ་དེ་ཉིད་གདུལ་བྱ་སྤྱི་དང་བྱེ་བྲག་གི་སྣང་ཚུལ་དུ་ཟ་ཧོར་གྱི་རྒྱལ་པོ་ཨིནྡྲ་བྷུ་ཏི་འཁོར་ཚོམ་བུ་འབུམ་དང་བཅས་པ་ཐུགས་རྗེ་ཐབས་མཁས་ཀྱིས་འདུལ་བར་དགོངས་ཏེ་དྷ་ན་ཀོ་ཤའི་མཚོ་གླིང་དུ་རང་བྱུང་སྐྱོན་གྱིས་མ་གོས་པདྨའི་སྡོང་པོ་ལ། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེ་གཅིག་ཏུ་བསྡུས་པའི་གོང་བུ་རང་བྱུང་ངོ་མཚར་སྤྲུལ་སྐུ་ཆེན་པོའི་བཀོད་པར་བརྫུས་ཏེ་འཁྲུངས་ནས་གསང་སྔགས་བླ་མེད་རྡོ་རྗེ་ཐེག་པ་མཆོག་གི་ཆོས་བསྟན་པར་མཛད་ཅིང་འགྲོ་བ་ལོག་པའི་ལམ་ལ་གོལ་པའི་ལྟ་ངན་ཝ་སྐྱེས་ལྟ་བུའི་ཚོགས་ཀྱིས་གཞན་ཡིད་བསླུ་ཞིང་བྲིད་པའི་ཚུལ་འཆོས་གཡོ་སྒྱུ་ཅན་རྣམས་མི་འཇིགས་སྤོབས་པ་གདོང་ལྔའི་ང་རོས་འགེམས་པར་དགོངས་ཏེ། ཁ་བ་ཅན་གྱི་དབུས་ལྗོངས་སུ་ཡང་ཆོས་རྒྱལ་མེས་དཔོན་རྣམ་པ་གསུམ་སོགས་ཀྱང་གུ་རུ་ཉིད་དང་ཐ་མི་དད་པར་སྐུ་ཡི་བཀོད་པ་ཙམ་ལས་རྒྱལ་བ་རིགས་གསུམ་གྱི་ངོ་བོའི་


SPN001_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་རོལ་པ་ཐོ་རི་སྙན་ཤལ་དང་། སྲོང་བཙན་སྒམ་པོའི་དུས་སུ་བོད་ཡུལ་གངས་རིའི་ཕྲེང་བ་འདི་ཉིད་དུ་དམ་ཆོས་ཀྱི་སྒྲོན་མེ་སྦར་བའི་དབུ་བརྙེས་པར་མཛད། མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱིས་དམ་པའི་ཆོས་ཀྱི་སྲོལ་བཏོད་པའི་ཕྱིར་རྒྱ་གར་ནས་ལོ་པཎ་སྐྱེས་མཆོག་ཇི་སྙེད་པ་དང་། ཁྱད་པར་མཁན་པོ་བྷོ་དྷི་སཏྭ། དེ་ལས་ཀྱང་ཁྱད་པར་གྱི་ཡོན་ཏན་དཔག་པར་དཀའ་བའི་མཐར་སོན་པ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སྤྱན་དྲངས་ཏེ། དེ་ཉིད་ཀྱི་མཚན་དཔེའི་ཉི་འོད་འབུམ་ཕྲག་ཏུ་བརྡལ་ཞིང་བོད་ཡུལ་གྱི་ལོག་བཤེས་རྣམས་ཀྱི་གཡང་ས་མུན་པ་སྟུག་པོར་གྱུར་བའི་དྲྭ་བ་ཡང་རྩད་ནས་འབྱིན་པར་མཛད། དཔལ་མི་འགྱུར་ལྷུན་གྱིས་གྲུབ་པའི་བསམ་ཡས་ལ་སོགས་གཙུག་ལག་ཁང་དང་། སད་མི་མི་བདུན་སོགས་དགེ་འདུན་གྱི་སྡེ་བཙུགས། བཀའ་མདོ་རྒྱུད་མཐའ་དག་བོད་སྐད་དུ་གཏན་ལ་ཕབ་ཅིང་རྒྱལ་བའི་བསྟན་པ་གསལ་བ་ལས་ཀྱང་གསལ་བའི་ཕུལ་དུ་མཛད། ལྷ་སྲིན་མ་རུངས་པ་རྣམས་ཀྱང་རྡོ་རྗེའི་ཐ་ཚིག་གཉེན་པོས་དམ་ལ་བཞག་སྟེ་རྒྱལ་བསྟན་ཡུན་གནས་ཀྱི་བཙས་སུ་ཡང་ཤར་ལྷོ་ནུབ་བྱང་དབུས་ཏེ་ས་འོག་ས་སྟེང་ཐམས་ཅད་ཆོས་དང་ནོར་གཏེར་གྱིས་བསྐངས་ནས་མ་འོངས་ལུང་ཟིན་གྱི་གང་ཟག་སོ་སོའི་ལས་སྐལ་དུ་མི་སྣང་བའི་རྒྱ་ཡིས་བཏབ་སྟེ་སྙིགས་མ་ལྔ་བདོའི་དུས་སུ་མདོ་སྔགས་བསྟན་པའི་རྒྱལ་མཚན་བསྒྲེང་བའི་དཔལ་དུ་བྱིན་གྱིས་བརླབས་ཏེ། དེ་ལྟར་གནས་དང་གང་ཟག་གི་


SPN001_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་མ་དྲེགས་བྱེད་རྣམས་ལ་གཉེར་དུ་གདམས་པར་མཛད་ཅིང་། བོད་ཡུལ་གྱི་གདུལ་བྱ་ཕྱི་རབས་ཐུགས་རྗེས་ཉེ་བར་སྐྱོང་བའི་སླད་དུ་ལྷོ་ནུབ་རཀྴ་སྲིན་པོའི་ཁ་གནོན་དུ་འབྱོན་པར་ཉེ་བ་ན། ལྷ་སྲས་མུ་ཁྲི་བཙན་པོའི་སྔོན་འཕྲལ་སྨོན་ལམ་བཙན་པའི་དམ་བཅའ་ཟབ་མོ་རྨད་དུ་བྱུང་བའི་མཐུས་སློབ་དཔོན་ཆེན་པོས་རྗེས་སུ་འཛིན་པར་གནང་སྟེ། ཕྱི་རབས་མ་འོངས་རྗེས་འཇུག་གདུལ་བྱ་སྐལ་པ་ལས་དང་ལྡན་པ་རྣམས་ཀྱི་དཔུང་གཉེན་དང་། འོད་གསལ་སྙིང་པོ་དྲི་མ་མེད་པའི་རིང་ལུགས་ཉམས་པ་མེད་པའི་ཕྱིར་སྨོན་ལམ་དག་པས་མཚམས་སྦྱར་ཏེ་སུམ་ཅུ་ཁ་རལ་གྱི་དུས་འདིར་ལྷ་སྲས་མུ་ཁྲིའི་སྐྱེས་རབས་སྤྲུལ་པའི་གཏེར་ཆེན་རིག་འཛིན་མི་འགྱུར་རྡོ་རྗེ་ཅན་ཞེས་གྲགས་པ་དེ་ཉིད་ཀྱི་ལས་སྐལ་དུ་ས་གཏེར་ལ་སོགས་གཏེར་ཁ་དུ་མར་དབང་བའི་མངའ་བདག་ཏུ་གྱུར་པ་དང་། སྐབས་སུ་བབ་པ་འདི་ཉིད་དག་སྣང་ཞལ་གཟིགས་སུ་མངོན་པར་འཆར་པ་དེ་ཡང་། རིག་འཛིན་ནུས་ལྡན་རྡོ་རྗེའི་སོགས་ནས། ཅེས་གསུངས་པ་ལྟར་གྱི་རྗེ་ཀརྨ་པཀྴི་ཞལ་གཟིགས་མར་གྲགས་པ། དེ་ལྟར་གུ་རུ་པདྨ་དང་ཀརྨ་པ་དབྱེར་མེད་གཉིས་སུ་མེད་པའི་ཚུལ་སྔགས་རྒྱུད་ཚད་མ་རྣམས་སུ་ཡང་སྤྱིར་ངེས་པ་དང་། བྱེ་བྲག་གྲུབ་ཆེན་པཀྴིས་སློབ་དཔོན་པདྨ་དང་ཀརྨ་པའི་བར་བརྒྱུད་པ་ཡོད་ཀྱང་ཆོག་མེད་ཀྱང་ཆོག་གསུངས་པ་ལྟར་སྐུ་དང་ཞིང་ཁམས་ཐ་མི་དད་པ་ཆོས་ཀྱི་དབྱིངས་སུ་གཅིག་པའི་ཞལ་


SPN001_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་ཐུན་མོང་མ་ཡིན་པ་དེ་ལྟར་ལ། དེ་དག་གི་སྒོ་ནས་ལུས་ངག་ཡིད་གསུམ་མི་ཕྱེད་པའི་དད་པ་ཆེན་པོའི་བློས་དཀྱིལ་འཁོར་གཙོ་བོ་དང་སློབ་དཔོན་དབྱེར་མེད་པ་ལ་གསང་སྔགས་ཟབ་མོའི་དབང་བསྐུར་ཡོངས་སུ་རྫོགས་པར་ཞུ་བའི་དོན་དུ་དངོས་དང་ཡིད་སྤྲུལ་རྒྱ་མཚོས་དྲངས་པའི་མཎྜལ་གནང་འཚལ། དེ་ནས་ཐོག་མར་དབང་བསྐུར་ཟབ་མོ་ཞུ་བའི་དོན་དུ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་ལ་སློབ་དཔོན་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐ་མི་དད་པའི་དྲུང་དུ་གསོལ་བ་བཏབ་པ་འདིའི་རྗེས་ཟློས་མཛོད། དེ་ནས་ཕྱི་ནང་སྣོད་བཅུད་སྣང་སྲིད་ཀྱི་དངོས་པོ་གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་དག་པ་རྒྱལ་བའི་དཀྱིལ་འཁོར་དུ་བསྐྱེད་པའི་རིམ་པ་བསྒོམས་པ་སྟེ་སྣང་སྟོང་གསལ་ལ་སྒྲིབ་མེད་ཀྱི་ངང་དུ་དམིགས་པ་འདི་བཞིན་མཛོད། ༈ དེ་ལྟར་ཡེ་ཤེས་པ་དེ་ཉིད་མི་འགྱུར་བ་རྒྱས་གདབ་པའི་མོས་པ་བརྟན་པོ་མཛོད་ཅིག །དེ་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་སྒོ་ནས་དབང་མཆོག་དམ་པའི་སྨིན་པར་བྱེད་པ་ལ། ཐོག་མར་སྐུ་མི་འགྱུར་བ་རྡོ་རྗེ་གསུམ་དང་རོ་གཅིག་པའི་ཕྱིར་བུམ་དབང་བསྐུར་བའི་མོས་པ་མཛོད། ༈ དེ་ནས་གསུང་མི་འགག་པ་ཚངས་དབྱངས་ཡན་ལག་དྲུག་ཅུ་མི་བཟད་པ་རྒྱན་གྱི་འཁོར་ལོར་དབང་ཐོབ་པའི་མོས་པ་བརྟན་པོ་མཛོད་ཅིག །༈ དེ་ནས་ཐུགས་ཇི་ལྟ་བ་དང་ཇི་སྙེད་


SPN001_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཁྱེན་པའི་ཡེ་ཤེས་ཀྱི་ཉི་འོད་འབུམ་དུ་བརྡལ་བའི་དབང་མཆོག་དམ་པ་ཐོབ་པའི་མོས་པ་མཛོད། ༈ དེ་ནས་རང་གཞན་གྱི་དཔལ་དང་ཡེ་ཤེས་ཐམས་ཅད་དགོས་འབྱུང་དཔག་བསམ་ལྗོན་པ་བཞིན་ཡོན་ཏན་ལྷུན་གྲུབ་ཏུ་འབྱུང་བའི་མོས་པ་མཛོད། ༈ དེ་ནས་ལས་དང་ཉོན་མོངས་ཀྱིས་བསླད་པའི་སྡིག་སྒྲིབ་བར་ཆད་ཐམས་ཅད་ལས་རྒྱལ་ཏེ་ཕྲིན་ལས་རྣམ་བཞིར་དབང་འབྱོར་བའི་མོས་པ་མཛོད། ༈ དེ་ནས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྣང་སྲིད་ཟུང་འཇུག་སྤྲོས་པའི་མཐའ་དང་བྲལ་བ་ཕྱག་རྒྱ་ཆེན་པོའི་ངང་དུ་མཉམ་པར་ཞོག་ཅིག །དེ་ནས་གང་ཤར་སྣང་བའི་ཆ་ཐམས་ཅད་ཡབ་དང་སྟོང་པའི་ངོ་བོ་ཡུམ་གྱི་རང་བཞིན་གཉིས་མེད་བདེ་ཆེན་གྱི་ངང་དུ་རོལ་པར་གྱིས་ཤིག །༈ དེ་ནས་སྣང་བ་ཐམས་ཅད་བརྡ་ཆོས་སུ་སྟོན་པའི་དབང་ནི་གློ་བུར་ཡིད་བྱེད་ཀྱི་དྲན་རྟོག་ཐམས་ཅད་ཆོས་སྐུའི་རྒྱན་དུ་ངོ་ཤེས་པར་སྒོམས་ཤིག །༈ དེ་ནས་རིག་པའི་ངོ་བོ་སྟོང་པའི་རང་རྩལ་གྱི་ཡེ་ཤེས་དེ་ཡི་ངང་ནས་ཉོན་མོངས་རྟོག་ཚོགས་ཐམས་ཅད་རང་གྲོལ་ཆེན་པོའི་དབང་ཐོབ་པར་སྒོམས་ཤིག །༈ དེ་ནས་གཏོར་ཆེན་ཡེ་ཤེས་འབར་བའི་དབང་བསྐུར་བ་ནི་ཁྱོད་རང་རྣམས་ལྷར་གསལ་ཐོབ་ལ་མདུན་བསྐྱེད་ལྷ་ཚོགས་རྣམས་འོད་དུ་ལྟེམ་གྱིས་ཞུ་ནས་མཚོ་ལ་ཆར་བབ་པ་བཞིན་ཐིམ་ནས་དབང་བཞི་ཐོབ། སྒྲིབ་བཞི་དག །སྐུ་བཞི་མངོན་དུ་གྱུར་པའི་མོས་པ་


SPN001_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྒྱལ་བ་རིགས་ལྔ། སྤྲུལ་སྐུ་པདྨ་འབྱུང་གནས། དཔལ་ཆེན་གྲུབ་པའི་དབང་ཕྱུག་ཀརྨ་པཀྴི། རས་ཆུང་རྡོ་རྗེ་གྲགས་པ། དབང་ཆེན་དཔའ་བོ་རྟ་མགྲིན། ཡུམ་ཆེན་དཔའ་མོ་རྡོ་རྗེ་ཕག་ཞལ་ཅན། རིག་འཛིན་མི་འགྱུར་རྡོ་རྗེ་ནུས་ལྡན་དྲག་པོ་རྩལ། འཁོར་ལོའི་མགོན་པོ་ཤྲཱི་ཙིཏྟ་བཛྲ་བཀའ་བབས་ཆོས་བདག་བརྒྱུད་པ་རྣམས་དང། དཔལ་ཡེ་ཤེས་ཀྱི་མགོན་པོ་རྡོརྗེ་བེར་ནག་པོ་ཅན། འདོད་ཁམས་དབང་ཕྱུག་རང་བྱུང་གི་རྒྱལ་མོ། དམ་ཅན་སྐྱེས་བུ་རྡོ་རྗེ་ལེགས་པ་ལ་སོགས་པ་རྩ་གསུམ་རྒྱལ་བའི་ལྷ་ཚོགས་རྣམས་ཀྱིས་རྡོ་རྗེའི་སློབ་མ་འདི་རྣམས་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་དམ་པ་མྱུར་དུ་སྩོལ་བར་མཛད་དུ་གསོལ། བར་ཆད་བདུད་བཞི་ལོག་འདྲེན་སྔོན་ལས་འཕྲལ་རྐྱེན་ཆོས་མིན་གྱི་སྣང་བ་ཐམས་ཅད་རང་སར་དག་པར་བྱིན་གྱིས་རློབས་ཤིག །དེ་ནས་དབང་གི་མཐའ་རྟེན་རྒྱས་གདབ་བརྟན་བར་གཞོམ་གཞིག་དང་བྲལ་བའི་ཕྱིར་རྡོརྗེ་རྒྱ་གྲམ་གྱི་དབང་བསྐུར་བ་ནི། ༈ དེ་ལྟར་རྩ་གསུམ་ཐུན་མོང་མ་ཡིན་པའི་དབང་བཞི་ཟབ་མོ་བཀའ་རྒྱ་ཅན་འཁྲུལ་མེད་ཉིད་དུ་ཐོབ་པ་ཡིན་པས་ཕྱི་ནང་གསང་བའི་དམ་ཚིག་མཐའ་དག་རྗེས་སུ་སློབ་པ་དང་བླ་མེད་བྱང་ཆུབ་ཀྱི་བར་འདུ་འབྲལ་མེད་པར་ཡི་དམ་དུ་ཁ་ཙམ་མ་ཡིན་པར་འཛིན་སྙམ་པའི་སྒོ་ནས་རྗེས་ཟློས། མཎྜལ། ཅེས་དག་སྣང་ཞལ་གཟིགས་མའི་དབང་གི་མཚམས་སྦྱོར་འདི་ཡང་སི་ཏུ་པདྨ་ཉིན་བྱེད་དབང་པོས་དཔལ་སྤུངས་སྒྲུབ་སྡེར་སྤེལ་བ། ཛ་ཡནྟུ།། །།

དགོངས་གཏེར་གུ་རུ་དྲག་པོའི་དབང་གི་མཚམས་སྦྱོར་དངོས་གྲུབ་དགའ་ཆར་བི་ཧ་ར།


SPN001_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་གཏེར་གུ་རུ་དྲག་པོའི་དབང་གི་མཚམས་སྦྱོར་དངོས་གྲུབ་དགའ་ཆར་བི་ཧ་ར། རྡོ་རྗེ་ཁྲོ་བོ་མ་ལུས་པ། །དྲག་པོ་ཕྲིན་ལས་སྣ་ཚོགས་གཟུགས། །འདུས་པ་ལས་རབ་ཀུན་གྱི་གཙོ། །བདེ་བ་རྩལ་གྱིས་རྣམ་ཀུན་སྐྱོངས། །འདིར་དགོངས་གཏེར་གུ་རུ་དྲག་པོའི་སྨིན་དབང་གི་སྒོ་ནས་སྐལ་ལྡན་རྗེས་སུ་འཛིན་པ་ལ། དང་པོ་ཡོ་བྱད་ཉེར་མཁོའི་བཤམས་ནི། སྟེགས་བུའི་ཁར་དཀྱིལ་འཁོར་བསྒོམ་དོན་ལྟར་གྱི་རྡུལ་ཚོན་ནམ་རས་བྲིས་བཀོད། བསྡུ་ན་མཎྜལ་ལྟེ་བར་ལྷ་གྲངས་དང་མཉམ་པའི་འབྲུ་ཡི་ཚོམ་བུ་འགོད། དེ་སྟེང་མཉྫིའི་ཁར་བུམ་པ་ཆས་ལྡན་རྫས་ཀྱིས་བཀང་བ། དེའི་ཁར་ཀ་པཱ་ལ་བདུད་རྩིས་གཏམས་པ་བཅས་དང་། གཡས་སུ་དཔལ་གཏོར་རྒྱན་ལྡན་སྐུ་ཙཀླི་དར་གདུགས་དམར་པོ་ཅན། གཡོན་དུ་རྡོར་དྲིལ། མདུན་དུ་སྐུ་ཙཀླི་རྣམས་དང་། དུད་ཁྲོད་དཔལ་ཆས། ཕྲེང་བ་དང་། ཤེལ་ལམ་མེ་ལོང་། དེའི་གཡས་གཡོན། རྡོ་རྗེ་དང་། སྡིགས་པའི་གཟུགས་བཅས་དང་། སྨན་གཏོར་རཀྟ། གཞན་ཡང་མཆོད་པ་ཕྲེང་ཚར་བཤམས། ཚོགས་ཀྱི་ཡོ་བྱད་དང་། ཆད་ཐོ། བརྟན་སྐྱོང་། བཀའ་སྲུང་གཏོར་མ་སོགས་དང་། མཎྜལ། ཁྲུས་ཆབ། སྔོན་འགྲོ་གཏོར་མ་བཅས་མཐོང་བརྒྱུད་བཞིན་དུ་འདུ་བགྱིས་ལ། གཉིས་པ་སྒྲུབ་པ་དངོས་གཞི་ལས་བྱང་ལྟར་བདག་མདུན་བུམ་གསུམ་དབྱེར་མེད་བསྐྱེད། བཟླས་པ་དང་ཚོགས་མཆོད་ཕུལ་གྲུབ་མཚམས། བདག་མདུན་འོད་ཟེར་སྤྲོ་བསྡུའི་ཏིང་ངེ་འཛིན་གྱི་དབང་བཞི་ཡང་ལེན་པར་བྱའོ། །གསུམ་པ་དབང་བསྐུར་བ་དངོས་ནི། སློབ་མ་རྣམས་ཁྲུས་བྱས།


SPN001_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་གཏོར་བཏང་ནས་མཚམས་བཅད། སྲུང་འཁོར་བསྒོམ་ལ་དབང་བཤད་སྤྱི་འགྲོ་ལྟར་གྱི་མཚམས། སྐབས་སུ་བབས་པ་དཔལ་ཆེ་མཆོག་གུ་རུ་དྲག་པོ་ཀཱི་ལ་ཡའི་སྒོ་ནས་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་བགྱིད་པ་ཡིན་ཏེ། དེ་ཡང་ཨོ་རྒྱན་ཆེན་པོ་ཉིད་གདུལ་བྱ་ཞི་བས་མི་ཐུལ་བ་རྣམས་དྲག་པོའི་ཕྲིན་ལས་ཀྱིས་འདུལ་བར་དགོངས་ཏེ་པདྨ་དྲག་པོའི་སྐུར་བཞེངས་ནས་མངོན་སྤྱོད་སྙིང་རྗེའི་དབང་གིས་འགྲོ་བ་ལོག་པར་བལྟ་བ་རྣམས་བསྒྲལ་ཞིང་། བླ་མེད་བྱང་ཆུབ་ཆེན་པོའི་གནས་སུ་འདྲེན་པར་མཛད་ཅིང་། དེ་ཉིད་ཀྱི་རྒྱུད་དང་སྒྲུབ་ཐབས་ཁྱད་པར་དུ་འཕགས་པ་སྙིགས་དུས་ཀྱི་བསྟན་པའི་བཙས་སུ་གདམས་པ་འགའ་ཞིག་གཏེར་དུ་སྦས་པ། སྔ་འགྱུར་བཀའ་གཏེར་རིང་ལུགས་འཆང་བ་སྤྲུལ་པའི་གཏེར་ཆེན་ཡོངས་ཀྱི་མངའ་བདག་ཉང་རལ་ཉི་མ་འོད་ཟེར་དང་ཐུགས་རྒྱུད་ཡེ་ཤེས་རིག་པའི་ངོ་བོ་ཆོས་ཀྱི་དབྱིངས་སུ་འདྲེས་པ་དགོངས་གཏེར་རྒྱ་མཚོའི་འབྱུང་གནས་དམ་པ་རིག་འཛིན་རྡོ་རྗེ་དྲག་པོའི་ཐུགས་ཀྱི་ཀློང་ལས་འཆར་བའི་ཟབ་ཆོས་འདི་ཉིད་ཉང་དང་། རཏྣའི་གཏེར་ཁ་ལས་བྱུང་བའི་བླ་མ་དྲག་པོའི་བྱིན་རླབས་ཀྱི་བརྒྱུད་པའི་དབང་བཞིའི་ཆུ་བོ་གཅིག་ཏུ་འདྲེས་པའི་མཐུ་སྟོབས་དུ་མ་དང་ལྡན་པ་འདི་དག་གི་སྒོ་ནས་དབང་བསྐུར་བ་ལ་སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་ལེགས་པར་གྲུབ་ནས། སློབ་མའི་བྱ་བ་དབང་བཞི་ལེགས་པར་ཞུ་བའི་དོན་དུ་མཎྜལ་ཕུལ། ཅེས་མཎྜལ་ཕུལ་ལ། དེ་ནས་བླ་མ་དང་ཆེ་


SPN001_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་པདྨ་དྲག་པོ་ཐ་མི་དད་པའི་དྲུང་དུ་དབང་བཞི་རྫོགས་པར་ཞུ་བའི་དོན་དུ་གསོལ་བ་བཏབ་པ་འདིའི་རྗེས་ཟློས་མཛོད། བླ་མ་བདུད་འདུལ་སོགས་ལན་གསུམ། དེ་ནས་མདུན་གྱི་ནམ་མཁར་སྟེང་གི་ཆ་ལ་རྩ་བརྒྱུད་ཀྱི་བླ་མ། བར་གྱི་ཆ་ལ་སངས་རྒྱས་བྱང་སེམས། པདྨ་དྲག་པོའི་ལྷ་ཚོགས། ཡི་དམ་ཞི་ཁྲོ་རབ་འབྱམས། འོག་གི་ཆ་ལ་ཡེ་ཤེས་ཆོས་སྐྱོང་སྲུང་མ་རྣམས་གསལ་བའི་དྲུང་དུ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། ན་མོ། བླ་མ་བདེ་གཤེགས་སོགས་ལན་གསུམ། སེམས་བསྐྱེད་འགྲོ་བ་སོགས་ལན་གསུམ། དེ་ནས་བདུན་རྣམ་པར་དག་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་རྒྱལ་པོ་སངས་རྒྱས་འདུས་པའི་སོགས་ལན་གསུམ། དེ་ནས་དབང་གི་གཞི་འགོད་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད་ཅིག །སློབ་མ་ལྷར་བསྐྱེད་པ་ནི། ཆོས་ཀུན་སྟོང་ཉིད་སྤྲོས་དང་སོགས་ལས་བྱང་ལྟར། སྤྱན་འདྲེན་སྐབས་སྤོས་དང་རོལ་མོ་དབྱངས་དང་བཅས་ཏེ། ཧྲཱིཿཡུལ་གྱི་མིང་ནི་རྔ་ཡབ་གླིང༔ སོགས་ནས་ཛབ་ལན་གསུམ་མམ་བདུན་གྱིས་བྱིན་དབབ་པའི་བར་བྱའོ། །དེ་ལྟར་ཡེ་ཤེས་པ་དེ་ཉིད་བྱང་ཆུབ་སྙིང་པོའི་བར་རབ་ཏུ་གནས་ཤིང་བརྟན་པར་གྱུར་པའི་མོས་པ་མཛོད། ཏིཥྛ་བཛྲ་བརྗོད་ལ་སྤྱི་བོར་རྡོ་རྗེ་བཞག །དེ་ནས་སྐུ་གསལ་སྟོང་ལྷུན་གྲུབ་འདུས་མ་བྱས་པ་ལྷ་ཡི་ངོ་བོ་བུམ་པའི་དབང་ལ་བརྟེན་པ་དང་། གསུང་གྲག་སྟོང་བརྗོད་


SPN001_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཟུང་འཇུག་བདེ་བ་ཆེན་པོའི་ངོ་བོ་ཀ་པཱ་ལ་བདུད་རྩིའི་དབང་དང་། ཐུགས་སྟོང་ཉིད་སྙིང་རྗེ་དབྱེར་མེད་ཀྱི་ངོ་བོ་རྡོ་རྗེ་དྲིལ་བུའི་དབང་དང་། དེ་ཁོ་ན་ཉིད་དོན་དམ་སྤྲོས་བྲལ་ཡེ་ཤེས་ཀྱི་ངོ་བོ་རིག་པའི་རྩལ་དབང་སྟེ་བཞི་ལས། དང་པོ་སྐུ་བུམ་པའི་དབང་ནི། བུམ་པ་ཐོགས་ལ། བུམ་པ་སྐྱེ་མེད་ཀུན་བཟང་སོགས། གཉིས་པ་གསུང་གསང་བའི་དབང་ནི། ཐོད་ཆང་ཐོགས་ལ། སྣང་བ་ཐབས་ཀྱི་སོགས། གསུམ་པ་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། རྡོར་དྲིལ་ཐོགས་ཏེ། སྟོང་དང་སྙིང་རྗེར་དབྱེར་མེད་སོགས། བཞི་པ་རིག་པའི་རྩལ་དབང་ནི། ཁྱེད་རྣམས་སེམས་མ་བཅོས་པར་རང་བབས་སུ་གློད་ལ་འཇོག་ཅིག །ཤེལ་ལམ་མེ་ལོང་ཐོགས་ལ། སེམས་ཉིད་ཀ་དག་སོགས་དང་། དེ་ལྟར་མཚོན་བྱ་རྫས་ཀྱི་དབང་བསྐུར་ནས། མཚོན་བྱེད་ཚིག་གིས་བརྡ་སྤྲད་པ་ནི། འཁོར་འདས་སྣང་བའི་སོགས་ཀྱིས་ངོ་སྤྲོད་བྱའོ། །དེ་ནས་དཀྱིལ་འཁོར་ཆེན་པོའི་ལྷ་དབང་ཡོངས་རྫོགས་བསྐུར་བའི་དོན་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་པདྨ་དྲག་པོ་དངོས་ཡིན་སྙམ་པའི་འདུ་ཤེས་དང་། མདུན་བསྐྱེད་ཆེ་མཆོག་པདྨ་དྲག་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་རིམ་བཞིན་ལྷ་སྐུ་རྣམས་འཕྲོས་ནས་ཁྱེད་རང་རྣམས་པདྨ་དྲག་པོར་གསལ་བའི་ལུས་ལ་སིབ་སིབ་ཐིམ་པར་སྒོམས་མཛོད་ཅིག །ཐོད་ཕྲེང་རྩལ་ཡབ་ཡུམ་སྐུ་སྤྱི་བོར་བཞག །རྒྱལ་བའི་སྤྱི་


SPN001_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་སོགས་བརྗོད། དེ་ནས་གཙོ་བོ་ཀཱི་ལ་ཡ་དང་། ཁྱུང་། འཇམ་དཔལ། རྟ་མགྲིན། ཕྱག་རྡོར། མཁའ་འགྲོ་སྡེ་ལྔ། མེ་དབལ། ཁྲོ་བཅུ། གིང་ཆེན་སྡེ་བཞི་བཅས་སོ་སོའི་དབང་རྫོགས་པར་བསྐུར། དེ་ལྟར་གུ་རུ་དྲག་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་གསང་གསུམ་ཡེ་ཤེས་རོལ་པའི་སྣང་ཆ་དང་གཉིས་མེད་རང་བྱུང་རིག་པའི་ཀློང་དུ་དབྱེར་མི་ཕྱེད་པར་གྱུར་པའི་ངེས་ཤེས་བརྟན་པོ་མཛོད་ཅིག །དེ་ནས་བཟླས་པའི་ལུང་འབོག་པའི་དོན་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་ཆེ་མཆོག་དཔལ་དུ་གསལ་བའི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་ཞིག་འཕྲོས། སློབ་དཔོན་གྱི་ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཁྱེད་རང་རྣམས་དྲག་པོར་གསལ་བའི་ཙིཏྟ་རིན་པོ་ཆེ་ཟུར་བརྒྱད་པའི་གུར་ཁང་དུ་པད་ཟླ་ལ་ཧཱུྃ་ཡིག་མཐིང་ནག་གི་མཐའ་སྐོར་དུ་ཞི་བའི་སྙིང་པོ་ཟླ་བ་རྒྱུ་སྐར་གྱིས་བསྐོར་བ་ལྟ་བུར་གསལ་ཐོབ་ལ་སྔགས་འདིའི་རྗེས་ཟློས་མཛོད་ཅིག །ཕྲེང་བ་གཏད་ལ། ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ལན་གསུམ། ཡང་པད་ཉི་ལ་ཧཱུྃ་ཡིག་གནས་འགྱུར་ཁ་དོག་དམར་པོ་དང་། དེ་མཐར་དྲག་སྔགས་འགལ་མེ་ལྟ་བུར་འཁོར་བ་གསལ་ཐོབ་ལ་སྔགས་འདིའི་རྗེས་ཟློས་མཛོད། ༀ་ཨཱ་ཿཧཱུྃ་ཨརྩིག་སོགས། སྔགས་རྣམས་ལན་གསུམ་རེ་དང་། སྣ་ཚོགས་ལས་གྲུབ་ཕྲེང་བ་སོགས། དེང་ཕྱིན་ཆད་འདི་ཉིད་རྩ་བའི་ཡི་དམ་དུ་བཟུང་ནས་


SPN001_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་དང་སྒྲུབ་པ་མངོན་སྤྱོད་ལ་སོགས་ལས་བཞིའི་སྒོ་ནས་རང་གཞན་གྱི་དོན་དང་། བསྟན་པ་སྲུང་བའི་མེལ་ཚེ་ལ་དབང་ཐོབ་པར་མོས་ཤིག །དུར་ཁྲོད་དཔལ་ཆས་གཏད་ལ། དེ་ནས་དྲག་པོའི་ཕྲིན་ལས་མཐའ་དག་མངའ་དབང་འབྱོར་བའི་ཕྱིར་དུར་ཁྲོད་དཔལ་ཆས་བཅུ་ཡི་རྒྱན་དང་ཆ་ལུགས་རྫོགས་པའི་མོས་པ་མཛོད། ཧཱུྃ། ཆེ་མཆོག་དམར་ནག་སོགས་དང་། རྡོ་རྗེ་དང་ལྕགས་སྡིགས་གཏད་ལ། དེ་ནས་ཁྱེད་རྣམས་ཁྲོ་རྒྱལ་ཡོངས་ཀྱི་དབང་ཕྱུག་ཆེ་བཙན་འགྲན་ཟླ་དང་བྲལ་བར་མངའ་གསོལ་ཕྱིར་ཕྱག་མཚན་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ། ལྕགས་ཀྱི་སྡིགས་པ་ནག་པོ་མགོ་དགུ་པ་གཏད་པ་ཙམ་གྱིས་དྲེགས་པ་སྡེ་བརྒྱད་ཟིལ་གྱིས་ནོན་དབང་དུ་བསྡུས་དམ་ལ་བཞག །རྒྱལ་འགོང་དམ་སྲི་ཐམས་ཅད་མེ་དང་སྦུར་མ་འཕྲད་པ་ལྟར་གཞོབ་ཐུལ་གྱིས་བསྲེག་པའི་མོས་པ་མཛོད། ཁྲོ་རྒྱལ་ཀུན་གྱི་སོགས་དང་། གནམ་ལྕགས་སྡིགས་པ་སོགས་བརྗོད། ལག་གཡས་གཡོན་དུ་གཏད། དེ་ནས་མཐའ་རྟེན་གཏོར་མའི་དབང་བསྐུར་བ་ནི། གཏོར་མ་སྤྱི་བོར་བཞག་ལ། གཏོར་མ་འདི་ཉིད་དཔལ་ཆེ་མཆོག་གུ་རུ་དྲག་པོ་པདྨ་ཐོད་ཕྲེང་ཧེ་རུ་ཀའི་དཀྱིལ་འཁོར་གྱི་ལྷ་ཚོགས་དངོས་སུ་གསལ་བ་དེ་དག་གི་གསང་བ་གསུམ་ལས་འོད་ཟེར་འཕྲོས། ཁྱེད་རང་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས་རྡོ་རྗེ་གསུམ་གྱི་བྱིན་རླབས་ཐོབ། དུག་གསུམ་རྟོགས་པའི་དྲི་མ་སྦྱང་། སྐུ་གསུམ་གྱི་བདག་ཉིད་ཆེན་པོའི་གོ་


SPN001_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

འཕང་མངོན་དུ་འགྱུར་ནུས་པའི་མཆོག་དང་ཐུན་མོང་གི་དངོས་གྲུབ་ཆར་ལྟར་བབས་ནས་བྱིན་གྱིས་བརླབས་པའི་མོས་པ་རྩེ་གཅིག་ཏུ་མཛོད་ཅིག །ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་བདེ་ཆེན་རྒྱལ་མོ། མངའ་བདག་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། རིག་འཛིན་རྡོརྗེ་དྲག་པོ་ཕྲིན་ལས་འདུས་པ་ལས་རབ་བདེ་བ་རྩལ། བཀའ་བབས་ཆོས་བདག་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཁྱད་པར་དུ་དཔལ་ཡེ་ཤེས་ཀྱི་ཁྲོ་བོ་ཆེན་པོ་ཡོངས་ཀྱི་སྤྱི་དཔལ་ཁྲག་འཐུང་པདྨ་དྲག་པོ་ཀཱི་ལ་ཡ། ཡུམ་བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མ། ཡེ་ཤེས་ཁྱུང་ཆེན་འབར་བ། འཇམ་དཔལ་ཁྲོས་པ་གཤིན་རྗེའི་གཤེད་པོ། རྟ་མཆོག་རྒྱལ་པོ་ཧེ་རུ་ཀ་དཔལ། གསང་བདག་ཕྱག་ན་རྡོ་རྗེ་གཏུམ་པོ། གནོད་སྦྱིན་ཆེན་པོ་ཡཀྴ་མེ་དབལ། རིགས་བཞིའི་ཌཱ་ཀི་སྡེ་ལྔ། རང་བྱུང་སྤྲུལ་པའི་ཁྲོ་བོ་བཅུ། བདུད་འདུལ་གིང་ཆེན་སྡེ་བཞི་ཡབ་ཡུམ་ལ་སོགས་པ་གཞན་ཡང་ཡེ་ཤེས་ལས་དང་ཆོས་ཀྱི་སྲུང་མ་རྣམས་ཀྱིས་དེང་འདིར་སྐལ་ལྡན་འདི་རྣམས་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་བདུད་རིས་ལོག་པར་ལྟ་བའི་བར་ཆད་ཉེར་འཚེ་མི་མཐུན་བའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བར་བྱིན་གྱིས་བརླབ་ཏུ་གསོལ། གནས་སྐབས་སུ་ཚེ་དཔལ་སྙན་གྲགས་དང་


SPN001_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པ་རྒྱས་ཤིང་མཐུན་རྐྱེན་བསམ་པ་ཐམས་ཅད་ལྷུན་གྱིས་གྲུབ་པ་དང་། མཐར་ཐུག་སྐུ་དང་ཞིང་ཁམས་ཐ་མི་དད་པར་རྒྱལ་བའི་དཀྱིལ་འཁོར་དང་གཉིས་མེད་དབྱིངས་སུ་གཅིག་པའི་ངང་དུ་སངས་རྒྱས་པར་གྱུར་ཅིག །ཧཱུྃ། འགྲོ་བ་འདྲེན་མཛད་སོགས་སྔགས་དང་བཅས་བརྗོད། གཏོར་ཟན་དངོས་གྲུབ་ཀྱི་ཚུལ་དུ་རོལ་ནས་འཆི་མེད་ཚེ་ཡི་སྲོག་རྩ་བརྟན་པའི་མི་ཤིགས་པར་རྒྱས་གདབ་པའི་མོས་པ་མཛོད། གཏོར་ཟན་དང་། བདུད་རྩི་བཅས་སྦྱིན། དེ་ལྟར་ཆེ་མཆོག་དྲག་པོ་ཀཱི་ལ་ཡའི་དབང་བཞི་ཟབ་མོ་ཐོབ་པས་གསང་བ་སྔགས་ཀྱི་ཐེག་པ་ཕྱི་ནང་གསང་བས་བསྡུས་པའི་དམ་ཚིག་རྣམས་ཉམས་མེད་བསྲུང་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་ལན་གསུམ། གཏང་རག་གི་མཎྜལ་ཕུལ། རྗེས་ཀྱི་རིམ་པ་ཚོགས་ལ་རོལ། ལྷག་གཏོར་བཏང་། བསྐུལ་ཆད་ཐོ། བརྟན་སྐྱོང་། དངོས་གྲུབ་ལེན་པ། མཆོད་བསྟོད། བཀྲ་ཤིས་སོགས་གཞུང་ལྟར་འགྲིགས་ཆགས་སུ་བྱའོ། །དེ་ལྟར་དགོངས་གཏེར་བླ་མ་དྲག་པོའི་སྨིན་དབང་གི་མཚམས་སྦྱོར་འདི་བཞིན་རོང་མོ་སྤྲུལ་སྐུ་ཀརྨ་རིན་ཆེན་གྱི་ཐུགས་བཞེད་ལྟར། སི་ཏུ་པདྨ་ཉིན་བྱེད་དབང་པོས་རབ་བྱུང་བཅུ་བཞི་པ་གནམ་ལོར་སྤྱོད་པའི་ཁྲུམས་སྟོད་ཟླ་བའི་དབང་ཕྱོགས་ཀྱི་རྒྱལ་བ་གཉིས་པར་ཡང་དབེན་དོན་དམ་བདེ་དགའ་གླིང་དུ་སྤེལ་བ་བཀྲ་ཤིས་པར་གྱུར་ཅིག །༈ སྭསྟི། གསུང་རབ་ཀྱི་རིགས་བཀླག་ལུང་ཇི་བཞིན་ཡོད་མེད་ལ་གདམས་གཏད་ཆགས་


SPN001_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རིན་པོ་ཆེ་སོགས་ཀྱིས་བྱིན་རླབས་འཕོ་དབང་གནང་སྲོལ་ལ། ཁོ་བོས་གསར་བཀོད་རིགས་རྣམས་ཀྱང་དེའི་རྗེས་འབྲང་འོས་པར། དང་པོ། བདེ་གླིང་གཏེར་བྱོན་ཚིག་བདུན་གསོལ་འདེབས། བྱིན་འབེབས་སྔགས་བཅས་ཚར་གསུམ་གཏོན་ལ། ཡེ་དྷར་ལ་སུ་པྲ་ཏིཥྛ་བཏགས་པ་ལན་གསུམ་མེ་ཏོག་འཐོར་བཞིན་བརྗོད། རྒྱལ་ཀུན་ཐུགས་རྗེ་ཡོངས་འདུས་ཨོ་རྒྱན་རྗེའི། །གསང་གསུམ་བྱིན་རླབས་དེང་འདིར་འཇུག་ནས་སུ། །སྐལ་ལྡན་རྒྱུད་སྨིན་གྲོལ་བའི་དབང་ཐོབ་ཅིང་། །བསྟན་དང་འགྲོ་དོན་ཕྱོགས་མེད་སྤེལ་བ་ཡི། །མཐུ་སྟོབས་ནུས་པ་མཐར་ཕྱིན་ལྷུན་གྲུབ་ནས། །བླ་མེད་བྱང་ཆུབ་གོ་འཕང་ཐོབ་གྱུར་ཅིག །ཅེས་དད་ལྡན་སྔགས་འཆང་མངྒ་སཱ་ག་རའི་ངོར་སྤེལ་བ་དགེ། ༈ བྱིན་འབེབས་མདོར་བསྡུས། རང་ཉིད་ལྷར་གསལ་བའི་ཐུགས་ཀའི་འོད་ཟེར་ཀྱིས་བསྐུལ་བའི་མཆོག་གསུམ་རྩ་གསུམ་རབ་འབྱམས་རྒྱ་མཚོའི་ཞིང་དུ་བཞུགས་པའི་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཡེ་ཤེས་ལས་དང་འཇིག་རྟེན་ཆོས་སྲུང་ནོར་ལྷ་གཏེར་བདག་ལ་སོགས་པ་རང་བཞིན་གྱི་གནས་དང་རང་རང་གི་གནས་ནས་མདུན་གྱི་ནམ་མཁར་སྤྱན་དྲངས་བཛྲ་ས་མཱ་ཛཿམདུན་བསྐྱེད་ཀྱི་རྟེན་ལ་དབྱེར་མེད་པར་བྱིན་དབབ་ནས། བདག་བསྐྱེད་སྐབས་རང་ཉིད་ལ་སིབ་སིབ་ཐིམ་པར་བསྒོམ། དེ་ནས་ལྷ་སོ་སོའི་ལས་བྱང་མངོན་རྟོགས་ལ་འཇུག་པར་བྱའོ། །ཀརྨ་བཀྲ་ཤིས་ངོར་སྤེལ་བ་དགེ། །།


previousསྨིན་དབང་ཟབ་མོའི་མཚམས་སྦྱོར་རིགས་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ངོ་མཚར་བདུད་རྩིའི་གཏེར་མཛོད། next