Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
ཚེ་སྒྲུབ་ཐབས་ཤེས་ཁ་སྦྱོར་དབང་གི་མཚམས་སྦྱོར་སྐལ་བཟང་རྣ་བའི་བདུད་རྩི།
   
   
   
   
   
   
   
   
   
   
   


 
previousཚེ་སྒྲུབ་ཐབས་ཤེས་ཁ་སྦྱོར་དབང་གི་མཚམས་སྦྱོར་སྐལ་བཟང་རྣ་བའི་བདུད་རྩི། next

ཚེ་སྒྲུབ་ཐབས་ཤེས་ཁ་སྦྱོར་དབང་གི་མཚམས་སྦྱོར་སྐལ་བཟང་རྣ་བའི་བདུད་རྩི།


SPN001_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྒྲུབ་ཐབས་ཤེས་ཁ་སྦྱོར་དབང་གི་མཚམས་སྦྱོར་སྐལ་བཟང་རྣ་བའི་བདུད་རྩི་ཞེས་བྱ་བ་བཞུགས་སོ། །ན་མོ་ཨཱ་ཡུཿཨ་མི་ཏ་བྷ་པདྨཱ་ཀཱ་ར་ཡེ། འདིར་གཏེར་ཆེན་མི་འགྱུར་རྡོ་རྗེའི་གཏེར་བྱོན་ཚེ་སྒྲུབ་ཐབས་ཤེས་ཁ་སྦྱོར་གྱི་སྨིན་དབང་ཟབ་མོའི་མཚམས་སྦྱོར་དང་དབང་བཤད་དད་ལྡན་དང་བ་འདྲེན་པའི་ཕྱིར་དུ་སྤྲོ་ན། ཐོག་མར་དཀྱིལ་འཁོར་གཞུང་བཞིན་བསྲང་ནས་བཀའ་སྲུང་རྣམས་ཀྱི་གཏོར་འབུལ་གྲུབ་མཚམས་སྒོ་དབྱེ་འདོན། བླ་མ་རིག་འཛིན་གྱིས་དབང་ལེན། རཀྵཿབར། དེ་ནས་སློབ་མ་སྒོ་དྲུང་དུ་འདུག་བཅུག་ནས་བདུད་བཞི་རྣམས་ཀྱང་བཏོན་ལ་རིམ་བཞིན་ཕྱི་རོལ་རྒྱང་རིང་པོར་སྐྱེལ། སྲུང་འཁོར་བསྒོམ། བཀའ་སྲུང་གཏོར་འབུལ་རྣམས་ཕུལ་གྲུབ་ནས། ཧཱུྃ། ཡེ་ཤེས་ལྔ་ཡི་སོགས་ཀྱིས་ཁྲུས་བྱས་ནས་ནང་དུ་འོང་ལ་བགེགས་བསྐྲད། དེ་ནས་དཀྱིལ་འཁོར་ཡོལ་བའི་ཕྱི་རོལ་དུ་གནས་པ་ལ་སློབ་དཔོན་གྱིས་དྲི་བ། ཀྱཻ་ཧོཿརིགས་ཀྱི་བུ་སོགས་ནས། དྲང་པོར་སྨོས༔ བར་དང་། དེ་ནས་སློབ་མ་རྣམས་ཀྱིས་སམ་ཡང་ན་རྗེས་ཟློས་ཀྱིས། ཀྱཻ་ཧོཿརྡོ་རྗེ་འཛིན་པ་སོགས་དང་། སློབ་དཔོན་གྱིས། ཀྱཻ་ལེགས་སོ་སོགས་དང་། ཡང་རྗེས་ཟློས་སམ་སློབ་མས། ལྷ་ཚེ་ལྷ་རིག་འཛིན་སོགས་ཞུ། ཡང་སློབ་དཔོན་གྱིས། ལེགས་སོ་སྐྱེས་བུ་སོགས་དང་རྗེས་ཟློས་སམ། སློབ་མས། ལེགས་སོ་ལེགས་སོགས་ཞུ་ནས་ཕྱག་འཚལ། ཡོལ་བ་བསལ་ནས་དྲུང་དུ་འཁོད། སློབ་དཔོན་གྱིས། སྔོན་ཆད་དཀྱིལ་འཁོར་གཉན་པོ་མ་མཐོང་པའི་བརྡར་གདོང་གཡོགས་འཆིང་བའི་མོས་


SPN001_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཛོད། མིག་དར་བཅིངས་ལ། བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་དབང་བསྐུར་ཟབ་མོ་ཞུ་བའི་དོན་ཏུ་མཎྜལ་འབུལ་བར་ཞུ། མཎྜལ་ནི། ཧོཿབདག་ལུས་ཕུང་ཁམས་སོགས་ཀྱིས་མཎྜལ་ཕུལ་ལ། སློབ་དཔོན་གྱིས་འདི་སྐད་དུ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་འོད་སྣང་མཐའ་ཡས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ་སྙམ་པས་ཐུགས་བསྐྱེད་རྣམ་པར་དག་པའི་སྒོ་ནས་ལེགས་པར་གསན་འཚལ། དེ་ཡང་དུས་གསུམ་གྱི་རྒྱལ་བ་ཀུན་གྱི་བདག་ཉིད་ཤཱཀྱའི་དབང་པོའི་རྒྱལ་ཚབ་དམ་པར་བསྔགས་པའི་སངས་རྒྱས་གཉིས་པ་ཨོ་རྒྱན་གྱི་སློབ་དཔོན་མཚོ་སྐྱེས་རྡོ་རྗེ་འཆང་ཆེན་པོ་གུ་རུ་པདྨ་འབྱུང་གནས་དེ་ཉིད་ཀྱིས་གདུལ་བྱ་མཐའ་དག་སྨིན་གྲོལ་ཐར་ལམ་ལ་བཀོད་པའི་ཕྱིར་དུ་ཟབ་མོའི་གདམས་པ་ཆེས་ཆེར་དུ་མར་སྩལ་བའི་ནང་ཚན་ལས། འཆི་བ་མེད་པའི་རྡོ་རྗེའི་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་སྒྲུབ་པའི་ཉེ་ལམ་ཟབ་མོའི་གཏེར་ཁ་མ་འོངས་ཕྱི་མའི་སེམས་ཅན་རྣམས་ལ་ཐུགས་བརྩེ་བའི་སླད་དུ་གངས་ཅན་བོད་ཀྱི་ཡུལ་འདིར་ཚེ་རིལ་དང་། ཚེ་ཆུ་ལྷག་པར་ཟབ་མོའི་གདམས་པ་འགའ་ཞིག་སྦས་ཤིང་། གནས་ཁྱད་པར་ཅན་བསམ་ཡས་མཆིམས་ཕུ། གཡའ་མ་ལུང་། འབྲས་མོ་ལྗོངས། པདྨ་བཀོད། ཟམ་བུ་ལུང་ལ་


SPN001_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་རྣམས་ཚེ་ཡི་སྒྲུབ་གནས་རྣམས་སུ་བྱིན་གྱིས་བརླབས། ཚེ་མི་འགྱུར་བའི་རྒྱ་ཡིས་མཚན་པའི་བྲག་ཕུག་མཱ་ར་ཏི་ཀ། ཡར་ལུང་ཤེལ་བྲག །སྒྲགས་ཀྱི་ཡང་རྫོང་། ལྷོ་བྲག་མཁར་ཆུ། ཁམས་ཀྱི་སེང་གེ་གནམ་མཆོངས། སྐྱིད་འབྱམས་ཀྱི་ཉི་ཟླ་ཕུག་དང་ཐབས་ཤེས་ཕུག་ལ་སོགས་པ་ཡང་ཚེ་བསྒྲུབ་པའི་རང་བྱུང་གི་སྒྲུབ་ཕུག་མང་པོར་བྱིན་གྱིས་བརླབས། རི་བོ་ལྷུན་ཆགས་པ་དཔལ་གྱི་ཙཱ་རི་ཏྲ། གཙང་གི་ཇོ་མོ་ཁ་རག །ཡར་ལྷ་ཤམ་པོ་སོགས་དང་། ཁྱད་པར་ཏི་སེ་གངས་ཀྱི་རི་དང་། ཀམ་པོ་གངས་ཀྱི་ར་བ། རོང་བཙན་ཁ་བ་དཀར་པོ་སོགས་བོད་ཀྱི་འབྲོག་ཆེན་དང་། གངས་རི་ཐམས་ཅད་ཀྱང་རྡོ་རྗེ་ཚེ་ཡི་སྒྲུབ་པའི་གནས་མཆོག་ཏུ་བྱིན་གྱིས་བརླབས། མ་ཕམ་གཡུ་མཚོ། གནམ་མཚོ་ཕྱུག་མོ། ཙཱ་རི་གཡུ་མཚོ། རྨ་ཀུང་ལུང་སོགས་གཏན་འཁྱིལ་གྱི་མཚོ་རྣམས་དང་། ཆུ་མིག་མང་པོ་ཚེ་ཆུ་གཏེར་གནས་སུ་བྱིན་གྱིས་བརླབས་པ་སོགས་རྫུ་འཕྲུལ་གྱི་བཀོད་པས་གཏེར་དུ་སྦས་པ་ལས། ད་ལམ་སྐབས་སུ་བབས་པའི་ཚེའི་སྒྲུབ་པའི་སྒོ་ནས་སྨིན་གྲོལ་གྱི་གདམས་པ་ཟབ་མོ་འདི་ནི་སྔོན་གུ་རུ་པདྨ་འབྱུང་གནས་དང་། ཌཱ་ཀི་ལྷ་ལྕམ་མནྡ་ར་བ་རྣམ་གཉིས་བྲག་ཕུག་མཱ་ཱར་ཏི་ཀར་ཚེ་ཡི་རིག་འཛིན་སྒྲུབ་པའི་ཚེ་མགོན་པོ་ཚེ་དཔག་མེད་དངོས་སུ་བྱོན་ཏེ་བྱིན་གྱིས་བརླབས་ནས་ཚེ་སྒྲུབ་ཀྱི་སྐོར་དུ་མ་གསུངས་ཤིང་། ཨོ་རྒྱན་ཡབ་ཡུམ་དང་གཉིས་མེད་གཅིག་ཏུ་


SPN001_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས། སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་ཐོབ་ནས་སླར་གུ་རུ་ཉིད་གདོང་དམར་བོད་ཀྱི་ཡུལ་དུ་འབྱོན་པའི་སྐབས་མངའ་བདག་འཇམ་དབྱངས་ཀྱི་སྤྲུལ་པ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་དབུ་རྩེར་གཏན་ལ་ཕབ་ནས་བཀོད་ཅིང་། ཕྱིས་ལྷ་སྲས་མུ་ཁྲི་བཙན་པོར་སྔོན་འཕྲལ་སྨོན་ལམ་བཟང་པོས་མཚམས་སྦྱར་ནས་གཏེར་དུ་སྦས་ཤིང་། དེ་ཉིད་ཀྱི་སྐྱེ་བའི་རྣམ་འཕྲུལ་པ་རིག་འཛིན་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་ཞེས་གྲགས་པ་སྤྲུལ་པའི་གཏེར་ཆེན་གང་དེར་སྔོན་སྦྱངས་སྐྱེས་སྟོབས་ཀྱི་ཡོན་ཏན་སྨིན་པའི་མཐུ་ལས་རྫུ་འཕྲུལ་སྣ་ཚོགས་ལ་དབང་བསྒྱུར་བ་དེ་ཉིད་ཀྱིས་ཨོ་རྒྱན་རིན་པོ་ཆེའི་བྱིན་གྱིས་བརླབས་པའི་སྒྲུབ་གནས་ཆེན་པོ་ཁམས་ཀྱི་སེང་གེ་གནམ་མཆོངས་བྲག་དང་འབྲེལ་བའི་སྙིང་ཐང་སྐྱིད་འབྱམས་ཉི་ཟླ་ཕུག་གི་གཡོན་ཟུར། སྲ་བརྟན་རང་བྱུང་རྡོ་རྗེའི་བྲག་གི་དབུས་ནས་དངོས་སུ་སྐལ་ལྡན་ཀུན་གྱིས་མཐོང་བར་གཏེར་སྒྲོམ་སྤྱན་དྲངས་ནས་མཁའ་འགྲོའི་བརྡའི་ཡི་གེ་བཀྲོལ་ནས་ཇི་ལྟ་བར་གཏན་ལ་ཕབ་ནས་ཟབ་ཆོས་རིན་པོ་ཆེ་གཞན་ལས་ཁྱད་པར་དུ་འཕགས་པ་དཔེར་ན་རྒྱུ་སྐར་སྟོང་གི་དབུས་སུ་ཟླ་བའི་དཀྱིལ་འཁོར་གསལ་ལ་དྭངས་བ་བཞིན་ཚེ་སྒྲུབ་ཐབས་ཤེས་ཁ་སྦྱོར་དུ་གྲགས་པ་འདི་ཉིད་བྱིན་རླབས་ཀྱི་ཚན་ཁ་རྨད་དུ་བྱུང་བ་སྟེ། དེ་དག་གི་དཀྱིལ་འཁོར་གཉེན་པོའི་སྒོ་ནས་སྨིན་བྱེད་ཀྱི་དབང་བསྐུར་


SPN001_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པ་ལ་ཞིང་ཁམས་ཀྱི་ལོ་རྒྱུས་གཏེར་གཞུང་རྡོ་རྗེའི་ཚིག་ནས་གསུངས་པ་ལྟར་བརྗོད་པར་བྱ་སྟེ། དེ་ཡང་ཐ་ཚིག་ལོ་རྒྱུས་མདོར་ཙམ་བསྟན་པ་ནི༔ སོགས་ནས། ཞལ་གདམས་མ་ནོར་བ་ཉིད་མཐར་ཕྱིན་པའོཿཅེས་པའི་བར་བརྗོད་ལ། དེ་ལྟར་སྐལ་ལྡན་ཁྱེད་རྣམས་ཀྱིས་དད་པ་མོས་གུས་དག་པའི་སྣང་བས་སྤྲོ་བ་བསྐྱེད་པར་མཛོད་ལ། གསང་བ་སྔགས་ཀྱི་རྣལ་འབྱོར་དཀྱིལ་འཁོར་གཉེན་པོ་འཇུག་པའི་བློས་ཐོག་མར་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པའི་དྲུང་དུ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་དང་སོགས། ལན་གསུམ། མ་གྱུར་དུས་གསུམ་སོགས། དེ་ནས་ཁྱེད་རང་རྣམས་ཀྱི་ཚེ་རབས་འཁོར་བ་ཐོག་མེད་ནས་བསགས་པའི་རྒྱུ་དང་འབྲས་བུའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་སྤྱན་སྔར་གནོང་འགྱོད་དྲག་པོས་བཤགས་པའི་སྒོ་ནས་འདིའི་རྗེས་ཟློས། ན་མོ་ཡེ་ནས་ལས་དབང་སོགས། དེ་ལྟར་ནོངས་བཤགས་ཚངས་པར་བསྩལ་ནས་ལས་དང་ཉོན་མོངས་ཀྱི་སྒྲིབ་པའི་མུན་པ་རྣམས་བསལ། ཤེས་རབ་ཡེ་ཤེས་གསལ་བའི་སྤྱན་དང་ལྡན་པར་མོས་ཤིག །གསེར་གྱི་ཐུར་མ་ཐོགས་ལ། ཧོཿསྐྱེས་བུ་ཁྱེད་རྣམས་སོགས་ཀྱིས་མིག་དར་བསལ་ལ་ལྷ་ངོ་བསྟན་པ་ནི། ཧོ་གསན་དུ་གསོལ་ལོ་སོགས། རྡོ་རྗེའི་དཀྱིལ་འཁོར་ལ་རེག་པའི་མོས་


SPN001_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

པས། འོ་རིགས་ཀྱི་བུ་རྣམས་སོགས་ནས། བསོད་ནམས་ཕུན་སུམ་ཚོགས་པའོ། །བར་བརྗོད་ལ། དེ་ནས་མདུན་བསྐྱེད་ཡེ་ཤེས་ཀྱི་དཀྱིལ་འཁོར་བ་རྣམས་དང་། སློབ་དཔོན་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་དུས་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྒྱུད་བསྐུལ་ནས་ཁྱད་པར་དུ་ཚེ་འོད་སྣང་བ་དཔག་ཏུ་མེད་པ་ཡེ་ཤེས་སེམས་དཔའི་ལྷ་ཚོགས་རྣམས་སྐུ་ཆེ་ཆུང་སྣ་ཚོགས་པ་མདུན་གྱི་ནམ་མཁར་བྱོན་ནས་དེ་དག་རྣམས་ཀྱི་ཡེ་ཤེས་ཆེན་པོའི་གསང་བ་བསམ་གྱིས་མི་ཁྱབ་པའི་ཕྲིན་ལས་ཀྱིས་བྱིན་གྱིས་བརླབ་པའི་མོས་པ་མཛོད་ཅིག །དེ་ནས་རོལ་ཆས་རྣམས་ལྡིར་ལ་མདའ་དར་གཡབ། སྤོས་འགྲིམ་ལ། ཧཱུྃ། ཞིང་ཁམས་རྣམ་དག་སོགས་ཀྱིས་སློབ་མ་ལ་བྱིན་འབེབས་དང་། རང་ཉིད་ཀྱང་ཐབས་ཤེས་ཀྱི་དཀྱིལ་འཁོར་གསལ་བཏབ། ཧཱུྃ། ཡེ་ཤེས་ལྔ་ལྡན་སོགས་ཀྱིས་སྤྱན་འདྲེན། ས་མ་ཡ་ཛཿཛ་ཧཱུྃ་བྃ་ཧོཿབར་བརྗོད་ལ། སྤྲོས་མེད་ཀྱི་མཆོད་བསྟོད་དམིགས་པ་བྱ། དེ་ནས་དབང་གི་གཞི་འགོད་པའི་སླད་དུ་ཁྱེད་རང་རྣམས་དམིགས་པ་འདི་བཞིན་མཛོད། ཧྲཱིཿའདིར་ཚོགས་སྐལ་ལྡན་སོགས་ནས། ཏིཥྛ་བཛྲཿཞེས་རྡོ་རྗེ་སྤྱི་བོར་བཞག་ལ་ཡེ་ཤེས་པ་རྣམས་དབྱེར་མེད་དུ་བསྟིམ་པར་བྱའོ། །དེ་ལྟར་རྡོ་རྗེ་སྤྱི་བོར་བཞག་པས་ཡེ་ཤེས་པ་དེ་ཉིད་བྱང་ཆུབ་མ་ཐོབ་བར་དུ་འདུ་འབྲལ་མེད་པའི་མོས་པ་མཛོད། དེ་ནས་མདུན་བསྐྱེད་ཀྱི་དཀྱིལ་འཁོར་ལྷ་


SPN001_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྣམས་དང་། སློབ་དཔོན་ལྷར་གསལ་བའི་བུམ་པའི་དཀྱིལ་འཁོར་དང་། ནམ་མཁར་གནས་པའི་ལྷ་ཚོགས་རྣམས་ཏེ་ཐབས་ཤེས་ཁ་སྦྱོར་གྱི་དཀྱིལ་འཁོར་བ་རྣམས་ཀྱི་སྐུ་ཡི་ཆ་ལས་ཡེ་ཤེས་བདུད་རྩིའི་རྒྱུན་བབས། བུམ་ནང་ནས་ཁོལ་ཞིང་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་སེམས་བདེ་བ་ཆེན་པོས་ཁྱབ་པར་སྒོམས་ཤིག །ཧཱུྃ། པདྨ་རཱ་གའི་བུམ་དཀྱིལ་དབུས༔ ཞེས་སོགས་དབང་བསྐུར་ཡོངས་རྫོགས་བཏོན་ནས། དེ་དག་རྣམས་ཀྱིས་རྒྱལ་བ་སྲས་དང་བཙུན་མོ་ཡབ་ཡུམ་ཉན་རང་བྱང་སེམས་རིགས་ལྔ་དང་ཡུམ་ལྔ། སེམས་དཔའ་དང་སེམས་མ་ཐུབ་པ་རིགས་དྲུག །ལྷ་མོ་བཅུ་དྲུག །སྒོ་སྲུང་ཁྲོ་བོ་ཡབ་ཡུམ་རྣམས་ཀྱི་སྨིན་བྱེད་བདུད་རྩིའི་རྒྱུན་གྱི་དབང་མཆོག་དམ་པ་ཐོབ་པ་ཡིན་ནོ། །དེ་ནས་ལྷ་དབང་ལུས་ལ་བསྐུར་བའི་དོན་དུ་འདིའི་རྗེས་ཟློས། ཀྱེ། རྡོ་རྗེ་འཛིན་པ་སོགས། སློབ་དཔོན་གྱིས། ཀྱཻ། ཡི་དམ་ལྷ་ཡི་བསྐྱེད་རིམ་ལ༔ སོགས་ནས། རིགས་ཀྱི་བུ༔ བར་བརྗོད། དེ་ནས་མདུན་བསྐྱེད་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་སྐུ་ལས་མར་མེ་གཅིག་ལ་གཉིས་མཆེད་ཀྱི་ཚུལ་དུ་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པས་རྣམ་དག་རྒྱལ་བའི་དཀྱིལ་འཁོར་མ་ལུས་པ་གཅིག་ཆར་དུ་དབྱེར་མེད་པར་རྟོགས་པའི་འདུན་པ་མཛོད་ཅིག །ཧཱུྃ། རྒྱལ་བ་རབ་འབྱམས་གཅིག་བསྡུས་པའི༔ སོགས་སྐུ་གཟུགས་དབང་རྣམས་ཡོངས་རྫོགས་བསྐུར་


SPN001_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ནས། དེ་ལྟར་བཅོམ་ལྡན་འདས་རྡོ་རྗེ་ཚེ་དང་ཡེ་ཤེས་ཀྱི་འོད་དཔག་ཏུ་མེད་པ་ཡབ་ཡུམ་སྲས་དང་བཙུན་མོ་ཉན་རང་རྣམས་དང་། རྒྱལ་བ་རིགས་ལྔ་ཡབ་ཡུམ་སོགས་ཀྱི་དབང་བསྐུར་བས་ཕུང་པོ་ལྔ་དང་ཁམས་ལྔ་རྣམ་པར་དག་སྟེ་སྐུ་ལྔ་ཡེ་ཤེས་ལྔ་མངོན་དུ་གྱུར་པའི་གོ་འཕང་ཐོབ། ཉེ་སྲས་སེམས་དཔའ་རྣམས་ཀྱི་དབང་བསྐུར་བས་ཚོགས་བརྒྱད་ཀྱི་འཆིང་བ་རང་སར་གྲོལ། སྤྲུལ་སྐུ་ཐུབ་པ་དྲུག་གི་དབང་བསྐུར་བས་རིགས་དྲུག་གི་རྣམ་སྨིན་དག་ནས་སྐྱེ་བའི་སྒོ་ཆོད། ལྷ་མོ་བཅུ་དྲུག་གི་དབང་བསྐུར་བས་ཡུལ་དང་ཡུལ་ཅན་གྱི་སྣང་བ་ཐམས་ཅད་རྣམ་པར་དག་སྟེ་གཉིས་འཛིན་འཁྲུལ་པའི་སྒྲིབ་པ་རང་སར་དག །སྒོ་སྲུང་ཁྲོ་བོ་ཁྲོ་མོའི་དབང་བསྐུར་བས་བདུད་བཞིའི་བར་ཆད་རྩད་ནས་གཅོད་ཅིང་ལས་བཞི་གྲུབ་པ་ཆེན་པོ་བརྒྱད་ཀྱི་དངོས་གྲུབ་དང་། ཁྱད་པར་དུ་འཆི་མེད་ཚེའི་གོ་འཕང་བདེ་བླག་ཏུ་ཐོབ་པའི་སྐལ་བ་དང་ལྡན་པར་བྱས་སོ། །དེ་ནས་ལྷུང་བཟེད་དང་། །འཁར་གསིལ་ཆོས་གོས་གཏད་ལ། ཧཱུྃ། རྡོ་རྗེ་ཚེ་ཡི་ལྷ་ཚོགས་ཀྱིས༔ སོགས་དང་། དེ་ལྟར་ཀུན་རྫོབ་མཚན་མ་རྫས་ཀྱི་དབང་བསྐུར་བའི་རྟེན་འབྲེལ་ལས་དོན་དམ་པར་སྤྲུལ་པའི་སྐུའི་རོལ་པས་འགྲོ་བ་རྣམས་ཡང་དག་པའི་ལམ་ལ་བཀོད་པའི་སྨོན་ལམ་འབྲ ེལ་པ་འདི་དགོས་པ་ཁྱད་པར་དུ་འཕགས་པའོ། །ཁྲོ་ཆས་རྣམས་ཐོགས་ལ། ཧཱུྃ། དཔལ་གྱི་དུར་ཁྲོད་


SPN001_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཆས་སོགས། དེ་ལྟར་དུར་ཁྲོད་དཔའ་ཆས་བརྒྱད་ཀྱིས་བརྒྱན་པའི་དབང་བསྐུར་བའི་མཐུས་བདུད་བཞི་དང་ཉོན་མོངས་མ་ལུས་རྩད་ནས་འཇོམས་ཤིང་ཚེ་འདི་ཉིད་ལ་དཔལ་ཧེ་རུ་ཀའི་གོ་འཕང་ཐོབ་པའི་རྟེན་འབྲེལ་ཕུན་སུམ་ཚོགས་པའོ། །འདོད་ཡོན་ལྔ་ཐོགས་ལ། ཧཱུྃ། མཛེས་ཤིང་ཡིད་འོང་སོགས། དེ་ལྟར་ཚེ་རབས་ཐམས་ཅད་དུ་འདོད་པའི་ཡོན་ཏན་རྣམས་ལ་རྟག་པར་ལོངས་སྤྱོད་ཅིང་མི་ཟད་པའི་ནམ་མཁའ་མཛོད་ལ་དབང་འབྱོར་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མཆོག་ཏུ་གྱུར་པའི་སྐལ་བ་དང་ལྡན་པའི་དགོས་པའོ། །དེ་ནས་སྤྱི་འགྲེ་ལྟར་ན་ཚེ་འགུགས་ལ་འཇུག །དེ་མིན་སྐབས་འདིར་སྦྱིན་སྲེག་ལས་མཐའ་དང་། པུསྟིའི་ལུང་སྦྱིན་གཉིས་དང་འོག་ནས་འབྱུང་བའི་ཆོས་སྐྱོང་བཀའ་གཏད་བཅས་ཆོས་བརྒྱུད་སྤེལ་ངེས་ཀྱི་སློབ་མ་མ་གཏོགས་གར་ཐོད་ཐོད་དུ་མི་བྱ། སྤྲོ་ན། ལིང་ག་ལ་ཚེ་བདུད་འགུགས་པ་ནི། ཧཱུྃ། དཀོན་མཆོག་གསུམ་དང་སོགས་བདེན་སྟོབས་ཀྱིས་བཀུག །ཧཱུྃ། རྡོ་རྗེ་ཚེ་དཔག་སོགས་ཀྱིས་ཕུར་པས་བསྒྲལ། ལིངྒ་མེར་བསྲེག་ཞལ་བསྟབ་འདོན། ལས་མཐའ་སློབ་མར་སྦྱིན། དེ་ནས་ཕྱི་ལྟར་ན་གསུང་རབ་ཀྱི་གླེགས་བམ་ཨ་ཡིག་དཀར་པོས་མཚན་པ། ནང་ལྟར་ན་རྒྱལ་བ་རབ་འབྱམས་རྣམས་ཀྱི་གསང་སྔགས་དམ་པའི་ཆོས་ཀྱི་རང་སྒྲ་སྒྲོགས་པ་འདིའི་དབང་བསྐུར་བས་ཁྱེད་རང་རྣམས་ཀྱི་རྒྱུད་ལ་གསུང་དབྱངས་ཡན་ལག་དྲུག་ཅུའི་


SPN001_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པ་མཐར་ཕྱིན་ནས་འགྲོ་བའི་དོན་རླབས་པོ་ཆེ་མྱུར་བ་ཉིད་དུ་སྤྱོད་ནུས་པ་ལ་དབང་ཐོབ་པའི་མོས་པ་མཛོད། ཧཱུྃ། རབ་འབྱམས་རྒྱལ་བའི་གསུངས་སོགས་དང་། དེ་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་གསོལ་བ་བཏབ་པས་གཙོ་འཁོར་རྣམས་དང་ཁྱད་པར་ཚེ་བདག་རྒྱལ་བ་རིགས་ལྔ་ཡབ་ཡུམ་རྣམས་ཀྱིས་རང་འདྲའི་སྤྲུལ་པ་དཔག་ཏུ་མེད་པ་ཕྱོགས་བཅུར་སྤྲོས་ནས་ཁྱེད་རང་རྣམས་ཀྱི་ཚེ་ཡར་བ་དང་ཆད་པ་དང་འཐོར་བ་རྣམས་དང་། འབྱུང་བ་བཞི། ཁམས་གསུམ་སྲིད་བཅུད་དཔལ་འབྱོར་གྱི་དྭངས་མ། ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་གསང་གསུམ་མི་བཟད་པ་རྒྱན་གྱི་འཁོར་ལོའི་དངོས་གྲུབ་ཐམས་ཅད་ཚེ་བདག་ཚེ་འགུགས་ཆེན་པོ་ཡབ་ཡུམ་བཅུའི་ཕྱག་གི་བུམ་པར་བསྡུས་ནས་ཁྱེད་རང་རྣམས་ཀྱི་རྒྱུད་ལ་དབྱེར་མེད་དུ་བསྟིམ་ནས་ཚེ་མི་ནུབ་པ་རྒྱལ་མཚན་ལྟ་བུ། མི་འགྱུར་བ་གཡུང་དྲུང་ལྟ་བུ། མི་ཤིགས་པ་རྡོ་རྗེ་ལྟ་བུར་རྟག་བརྟན་གཞོམ་བྲལ་ཆེན་པོར་རྒྱས་གདབ་པའི་མོས་པ་མཛོད། ཀྱཻ། ཉི་མ་ཤར་ཕྱོགས་རྡོ་རྗེའི་རིགས༔ སོགས། དབྱངས་སྙན་པོས་བརྗོད་ཅིང་མདའ་དར་གཡབ་ནས་མགོར་བཞག །རྡོ་རྗེ་འཆང་དབང་མྱུར་འགྲུབ་ཤོག༔ བར་བརྗོད་ནས། དེ་ལྟར་ཡེ་ཤེས་ལྔ་ཡི་ངོ་བོས་དུག་ལྔའི་ཟེར་བཅོམ་སྟེ་འགུགས་པ་དང་། ལྷ་མོ་ལྔ་ཡི་ངོ་


SPN001_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

བོས་ཁམས་ལྔའི་བཅུད་བསྡུས་ཏེ་ཚེ་འགུགས་པ་དང་། དབྱིངས་རིག་རྡོ་རྗེ་དབྱིངས་ཕྱུག་མ་དང་རྡོ་རྗེ་འཆང་གཉིས་ངོ་བོར་འདྲེས་ཏེ་ཁྱེད་རང་རྣམས་ཀྱི་སེམས་ཀུན་ཏུ་བཟང་པོ་སྐྱེ་འཆི་དང་བྲལ་བའི་ཀློང་དུ་སྐྱེ་མེད་དུ་ཐག་བཅད། འཆི་མེད་དུ་གདེང་བཅའ། རེ་དོགས་ལ་བདེན་མེད། སྣང་བའི་ཡུལ་དང་བྱེད་ལས་ཀུན་རྫོབ་སྒྱུ་མ་སྨིག་རྒྱུ་ལྟ་བུར་མདོར་ན་དངོས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་དག་པ་ཡེ་ཤེས་ཀྱི་ངང་དུ་རོལ་པ་མཛོད་ཅིག །དེ་ནས་དཔལ་གྱི་གཏོར་མ་འདི་ཉིད་རྡོ་རྗེ་ཚེ་ཡི་ལྷ་ཚོགས་རྣམས་ཀྱི་དཀྱིལ་འཁོར་ཆེན་པོའི་གནས་ཏེ། ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་པས་དབང་བཞི་ཐོབ། རྒྱུད་བཞི་སྨིན། སྐུ་བཞི་འགྲུབ། ལམ་བཞི་འབྱོང་། འཆི་བ་མེད་པའི་ཚེ་ཐོབ། རྒུད་པ་མེད་པའི་ལང་ཚོ་རྒྱས། རྟག་བརྟན་གཞོམ་གཞིག་དང་བྲལ་བའི་མགོན་པོ་ཚེ་དཔག་མེད་དང་དབྱེར་མེད་པ་གཏོར་མ་ལྷར་གསལ་བ་མཚོ་ལ་ཆར་བབ་པ་ལྟར་ཁྱེད་རང་རྣམས་ལ་ཐིམ་པའི་མོས་པ་མཛོད་ཅིག །ཧཱུྃ། དཔལ་གྱི་གཏོར་མ་རི་རབ་འབར༔ སོགས་བརྗོད་ནས། གཏོར་མ་སྤྱི་བོར་བཞག །འདིར་གཞུང་ལས་མ་གསལ་ཀྱང་ཚེ་རིལ་ཆང་སྦྱིན་པ་ནི། བཀྲ་ཤིས་ཚེ་ཡི་རང་བཞིན་ཅན། །རྩི་བཅུད་སྙིང་པོའི་རིལ་བུ་འདི། །ཚེ་དཔལ་འགྱུར་བ་མེད་པའི་རྫས། །དངོས་གྲུབ་དམ་


SPN001_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདིར་རོལ་ཅིག །བཀྲ་ཤིས་ཚེ་མཆོག་རྒྱ་མཚོ་ཆེ། །འཆི་མེད་ལྷ་ཡི་བདུད་རྩི་དངོས། །ཚེ་རིང་དཔལ་གྱི་གཏེར་ཆེན་པོའི། །དངོས་གྲུབ་དམ་པ་རྟག་རོལ་ཅིག །ཅེས་བརྗོད་ལ་བར་སྐབས་ཚེ་གཟུངས་རྣམས་བཟླས་སོ། །སྐབས་འདིར་སྤྲོ་ན་ཆོས་སྐྱོང་བཀའ་གཏད་གཞུང་ལྟར་བྱ། དེ་ནས་དབང་གི་མཐའ་རྟེན་ནི། དེང་ཕྱིན་ཆད་ཁྱེད་རྣམས་ཀྱིས་ཐེག་ཆེན་བྱང་ཆུབ་སྤྱོད་པའི་སེམས་དང་མ་བྲལ་བར་གྱིས་ལ་རིགས་ཀུན་གྱི་ཁྱབ་བདག་དཀྱིལ་འཁོར་ཡོངས་ཀྱི་གཙོ་བོ་རྡོ་རྗེ་འཆང་སྤྱི་བོར་བསྒོམ་ནས་ཚད་མེད་སྙིང་རྗེ་ཆེན་པོའི་གོ་ཆ་བགོས་ཏེ་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་ས་ལ་འགོད་ནུས་པའི་དབང་ཐོབ་པའི་མོས་པ་མཛོད། ཧཱུྃ། རང་ལས་གཞན་གཅེས་བསམ་པ་ཡིས༔ སོགས་སྐུ་སྤྱི་བོར་བཞག །དེ་ནས་བྱང་ཆུབ་སྙིང་པོའི་བར་དུ་བླ་མ་བཅོམ་ལྡན་འདས་ཚེ་དཔག་མེད་དབྱེར་མེད་པར་སྤྱི་བོར་བསྒོམ་ལ་ལྷག་པའི་ལྷར་འཛིན་ནས་དམ་ཚིག་སྲུང་སྡོམ་རྣམས་ཚུལ་བཞིན་དུ་འཛིན་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་དང་། ཧཱུྃ། བདག་ལུས་ཕུང་ཁམས་སོགས་ཀྱིས་མཎྜལ་འབུལ། ལུས་ལོངས་སྤྱོད་གཏང་རག་གིས་ཡོན་དུ་འབུལ་བའི་བློས་འདིའི་རྗེས་ཟློས། དེང་ནས་བརྩམས་ཏེ་སོགས། དེ་ལྟར་སྤྲུལ་པའི་གཏེར་ཆེན་རིག་པ་འཛིན་པ་


SPN001_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་ཀྱི་གཙོ་མཆོག་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱི་གཏེར་བྱོན་ཟབ་ཆོས་ཚེ་སྒྲུབ་ཁྱད་པར་དུ་འཕགས་པ་ཐབས་ཤེས་ཁ་སྦྱོར་ཞེས་བྱ་བ་ཟབ་གནད་བཀའ་རྒྱ་ཅན་གྱི་དཀྱིལ་འཁོར་གཉན་པོའི་དབང་བསྐུར་ཟབ་མོ་ལེགས་པར་གྲུབ་པས་དེ་ལ་བརྟེན་ནས་རང་དང་གཞན་ཕན་རྣམ་པར་དཀར་བའི་ལས་ལ་སྦྱོར་བའི་དོན་ལ་ཡང་དག་པར་སྤྱོད་པར་མཛོད་ཅིག །སློབ་མ་རྣམས་གྲོལ། སྐུ་གསུམ་བླ་མ་དང་། རྟེན་དང་གཏོར་མའི་སོགས། བཀྲ་ཤིས་དང་སྨོན་ལམ་གྱིས་མཐའ་བརྒྱན་པར་བྱའོ། །ཅེས་པ་པུནྱ་མ་ཎི་ཞེས་པས་འདི་ལྟར་ཡོངས་ལ་ཕན་པའི་ཕྱིར་དུ་ལྷག་བསམ་བཟང་པོས་བསྐུལ་བའི་ངོར། སི་ཏུ་པདྨ་ཉིན་བྱེད་དབང་པོས་ཕུན་སུམ་ཚོགས་པའི་རྟེན་འབྱུང་གི་དུས་དང་སྦྱོར་བར་དགེ་བ་སྤེལ་བ་མངྒ་ལཾ། ཛ་ཡནྟུ། དགེའོ།། །།


previousཚེ་སྒྲུབ་ཐབས་ཤེས་ཁ་སྦྱོར་དབང་གི་མཚམས་སྦྱོར་སྐལ་བཟང་རྣ་བའི་བདུད་རྩི། next