Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  expand section
   
   
   
   
   
   
   
  expand section
   
   
  expand section
   
  expand section
   
བདེ་མཆོག་ལྷ་ལྔའི་སྒོ་ནས་སློབ་མ་རྗེས་སུ་འཛིན་པའི་རིམ་པ་ཟབ་མོའི་སྒོ་འབྱེད།
   
   
   
   
   
   


 
previousབདེ་མཆོག་ལྷ་ལྔའི་སྒོ་ནས་སློབ་མ་རྗེས་སུ་འཛིན་པའི་རིམ་པ་ཟབ་མོའི་སྒོ་འབྱེད། next

བདེ་མཆོག་ལྷ་ལྔའི་སྒོ་ནས་སློབ་མ་རྗེས་སུ་འཛིན་པའི་རིམ་པ་ཟབ་མོའི་སྒོ་འབྱེད།


SPN001_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་མཆོག་ལྷ་ལྔའི་སྒོ་ནས་སློབ་མ་རྗེས་སུ་འཛིན་པའི་རིམ་པ་ཟབ་མོའི་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། །


SPN001_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་སྭསྟཱི། བདེ་མཆོག་དབང་བསྐུར་སྐབས། ཡུལ་གྲོང་གཏོར་མས་ས་བཟུང་བ་སོགས་གང་བདེ་སྐབས་ཐོབ་དང་། སྔོན་གཏོར་ནས་བདག་བསྐྱེད་དང་། བུམ་ཆོག་བསྐྱེད་བཟླས་གྲུབ་མཚམས། སློབ་མར་སྟ་གོན་ལ་ཁྲུས་དང་མེ་ཏོག་བཀྱེ་བསྡུ་བྱས་ཟིན་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་ཆོས་ཟབ་མོ་གསན་དགོངས་པའི་ཐུགས་བསྐྱེད་གསལ་བཏབ་ནས་གསན་པར་མཛད་འཚལ། གསན་པར་བྱ་བའི་ཆོས་ནི་གསང་སྔགས་རྡོ་རྗེ་ཐེག་པ་ཉིད་ཀྱི་དབང་དུ་བྱས་ན། སྒྲོན་གསལ་ལས། དེ་ལ་རབ་འབྲིང་གི་གཏི་མུག་ཅན་ལ་དགོངས་ཏེ་བྱ་བའི་རྒྱུད་བསྟན་ཏོ། །


SPN001_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

གཏི་མུག་དམན་པའི་རིགས་ཅན་རྣམས་ལ་སྤྱོད་པའི་རྒྱུད་བསྟན་ཏོ། །དམན་པ་དང་བར་མའི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་རིགས་ཅན་རྣམས་ལ་རྣལ་འབྱོར་གྱི་རྒྱུད་བསྟན་ཏོ། །འདོད་ཆགས་དང་ཞེ་སྡང་གཏི་མུག་རབ་ཀྱི་རིགས་ཅན་རྣམས་ལ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་བསྟན་ཏོ། །རབ་དང་རབ་ཀྱི་འདོད་ཆགས་དང་ཞེ་སྡང་གཏི་མུག་རིགས་ཅན་རྣམས་ལ་རྣལ་འབྱོར་མའི་རྒྱུད་བསྟན་ཏེ། ཞེས་དང་། རྡོ་རྗེ་གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་མཆོག །རྣལ་འབྱོར་བླ་མེད་དེ་ལྟག་གོ། །ཞེས་གསུངས་


SPN001_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་གདུལ་བྱའི་ཞིང་ཁམས་དང་མོས་པ་དབང་པོ་རབ་འབྲིང་ཐ་མའི་དོན་སོགས་ལ་དགོངས་ནས། བྱ་བའི་རྒྱུད་དང་། སྤྱོད་པའི་རྒྱུད་དང་། རྣལ་འབྱོར་གྱི་རྒྱུད་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དེ། རྒྱུད་སྡེ་རིན་པོ་ཆེ་རྣམ་པ་བཞིར་བཞུགས་པ་ལས་ཕྱི་མ་ཡིན་ཞིང་། །དེ་ལའང་ཐབས་ཤེས་ཀྱི་རྒྱུད་སྡེ་གཉིས་སུ་ཡོད་པ་ལས་ཤེས་རབ་ཀྱི་རྒྱུད་དམ་མ་རྒྱུད་ཡིན། །དེ་ལའང་རྡོ་རྗེ་གུར་ལས། མཁའ་འགྲོ་བདེ་དང་རྒྱ་མཚོ་བདེ་དང་ནམ་མཁའ་དང་། །གསེར་གྱི་ཆར་པ་དང་ནི་དགའ་ཆེན་ཟ་ནུས་དང་། །བདེ་ཆེན་སྒེག་པ་དང་ནི་གསང་པ་ཡིད་བདེ་དང་། །རྒྱུད་སྡེ་ཀུན་ལ་ཕན་པའི་རྡོ་རྗེ་མཁའ་འགྲོ་དང་། །སངས་རྒྱས་ཐམས་ཅད་དགྱེས་པའི་རྡོ་རྗེའི་དཀྱིལ་འཁོར་དང་། །གསང་བ་མཛོད་དང་རྡོ་རྗེ་བདུད་རྩི་ལས་བྱུང་བ། །འཁོར་ལོ་བདེ་མཆོག་གུར་དང་ཕུན་སུམ་ཚོགས་པ་རྣམས། །རྣལ་འབྱོར་མ་རྒྱུད་རྣམས་སུ་གྲགས་པ་ཡིན། །ཞེས་གསུངས་པའི་མ་རྒྱུད་སྤྱི་དང་། སྙིང་པོ་དང་། ཡང་སྙིང་གི་དབྱེ་བ་ཡོད་པ་ལས་འདིར་ཡང་སྙིང་འཁོར་ལོ་སྡོམ་པ་ཡིན་ཏེ། མར་པའི་མགུར་ལས། ཕ་རྒྱུད་གསང་བ་འདུས་པ་ཐོབ། །མ་རྒྱུད་མ་ཧཱ་མཱ་ཡཱ་ཐོབ། །སྙིང་པོ་ཀྱེ་ཡི་རྡོ་རྗེ་ཐོབ། །ཡང་སྙིང་འཁོར་ལོ་བདེ་མཆོག་ཐོབ། །ཅེས་པ་ལྟར་


SPN001_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ལགས། དེའང་བདེ་མཆོག་རྩ་བའི་རྒྱུད་རྒྱས་པ་མངོན་བརྗོད་འབུམ་པ་ཞེས་བྱ་བ་ས་བཅུའི་དབང་ཕྱུག་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་པ་ཞིག་ཡོད་པ་ལས། བདེ་མཆོག་ཉུང་ངུའི་རྒྱུད་འདི་བསྡུས་པའི་རྒྱུད་ཡིན་ཏེ། སྒྲོལ་མ་འབྱུང་བའི་རྒྱུད་ལས། ཚེ་ཐུང་བརྩོན་འགྲུས་ཞེན་པ་དང་། །སྲོག་ཆགས་གསོད་ལ་དགའ་བ་དང་། །འདོད་ལ་སྤྱོད་ལས་གཡེང་གྱུར་པ། །དེ་ལྟར་རྒྱུད་རྣམས་ཉུང་ངུར་གསུངས། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་སྡོམ་པའི་རྒྱུད་ལེའུ་ལྔ་བཅུ་རྩ་གཅིག་པ་དེ་ཐེག་པ་ཆེན་པོའི་ཆོས་རྣམས་མི་ཡུལ་དུ་ཕེབས་པའི་སྐབས་སུ་བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་རྣམས་ཀྱང་ཕེབས་པ་ཡིན་ཅིང་། དེ་དག་དང་ལྷན་ཅིག་རྒྱུད་ཀྱི་རྒྱལ་པོ་འདི་ཡང་མི་ཡུལ་དུ་ཕེབས། དེ་ནས་ཕྱིས་ཤིག་ན་གྲུབ་ཐོབ་ཤ་བ་རི་པས་དཔལ་ལཱུ་ཧི་པ་ལ་གདམས། གྲུབ་ཆེན་དེ་ཉིད་སྡོམ་པའི་རྒྱུད་ཀྱི་བདག་པོར་གྱུར་ཅིང་རྣལ་འབྱོར་མ་ཀུན་སྤྱོད་ཀྱི་རྒྱུད་སྤྱན་དྲངས། རྡོ་རྗེ་དྲིལ་བུ་པས་དཔལ་མངོན་བརྗོད་བླ་མའི་རྒྱུད་སྤྱན་དྲངས། གྲུབ་ཆེན་ནག་པོ་སྤྱོད་པས་དཔལ་འཁོར་ལོ་སྡོམ་པའི་ཆོས་ཚུལ་རྒྱ་ཆེན་དར་བ་མཛད་པ་སྟེ། སློབ་དཔོན་དེ་གསུམ་ལ་ལཱུ་ནག་དྲིལ་གསུམ་ཞེས་རྒྱུད་འདིའི་སྲོལ་འབྱེད་ཉི་ཟླ་ལྟར་གྲགས་པ་ཡིན། གཞན་ཡང་བདེ་མཆོག་རྩ་བཤད་ཀྱི་རྒྱུད་རྣམས་ནས་དངོས་སུ་བསྟན་པའི་དཀྱིལ་འཁོར་རྒྱས་བསྡུས་མང་པོ་གྲུབ་བརྙེས་ཀྱི་སློབ་དཔོན་སོ་སོར་ནས་བརྒྱུད་པའི་བཀའ་སྲོལ་མི་འདྲ་བ་དུ་མ་ཞིག་ཡོད་ཀྱང་། འདིར་སློབ་


SPN001_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ལཱུ་ཧི་པ་ནས་རིམ་པར་བརྒྱུད་དེ་དཔལ་ནཱ་རོ་པའི་ལུགས་ཀྱི་སྡོམ་པ་ལྷ་ལྔ་འདི་ནི་ཨུ་པའི་རྒྱུད་ལས་འཁོར་ལོ་གསུམ་གྱི་ལྷ་ཚོགས་ཐམས་ཅད་བསྟན་ཟིན་པའི་རྗེས་སུ་སླར་ཡང་རྣལ་འབྱོར་མ་བཞི་པོ་བསྐྱར་ཏེ་བསྟན་པ་ཡིན་ལ་ལྷོ་བྲག་མར་པ་ལོ་ཙཱ་དེ་ཉིད་འཕགས་ཡུལ་དུ་ལན་བཞི་བྱོན་པའི་རྗེས་མའི་དུས་ནཱ་རོ་པ་ཆེན་པོ་སྤྱོད་པ་ལ་གཤེགས་ཀྱང་། སྔར་བླ་མ་ཉིད་ཀྱི་བཀའ་གནང་ཡོད་བཞིན་དུ་དངོས་སུ་མཇལ་ནས་འཁོར་ལོ་སྡོམ་པའི་དབང་དང་རྒྱུད་བཤད་མན་ངག་ཞིབ་རྒྱས་སུ་བསྩལ། དེས་སྲས་ཀྱི་གཙོ་བོ་མི་ལ་མཐུ་ཆེན་ལ། དེས་རྒྱལ་བས་ལུང་བསྟན་ཆོས་རྒྱལ་ཟླ་འོད་གཞོན་ནུ་ལ། དེས་རྗེ་དུས་གསུམ་མཁྱེན་པ་ལ་ཡི་གེ་མེད་པའི་སྙན་བརྒྱུད་དུ་གནང་བ་ཐུགས་དམ་ལྔ་ཚན་ལྔའི་ནང་ནས་འཁོར་ལོ་སྡོམ་པ་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ལ་བླ་མེད་སྔགས་ཀྱི་ཐེག་པ་མཐའ་དག་གི་འཇུག་སྒོ་ཐུན་མོང་མ་ཡིན་པ་ནི་སྨིན་བྱེད་ཀྱི་རིམ་པ་ཁོ་ན་སྟེ། སངས་རྒྱས་ཐོད་པའི་རྒྱུད་ལས། དཔེར་ན་བུ་ཚ་མེད་པའི་ཁྱིམ། །ཤི་བ་ཙམ་གྱིས་སྟོང་པ་ཉིད། །དེ་བཞིན་དབང་དང་བྲལ་ན་ནི། །ཡེ་ཤེས་ཀུན་གྱིས་སྟོང་པ་ཉིད། །དཔེར་ན་པི་ཝང་སྦྱོར་ཀུན་གྱི། །རྒྱུད་དང་བྲལ་ན་བརྡུང་མི་རུང་། །དེ་བཞིན་དབང་དང་བྲལ་ན་ནི། །སྔགས་དང་བསམ་གཏན་འགྲུབ་མི་འགྱུར། །རྨོངས་པ་


SPN001_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་དབང་མེད་པར། །བདག་ནི་དབང་བསྐུར་ཞེས་སྨྲ་ན། །ཇི་སྲིད་སངས་རྒྱས་བཞུགས་ཀྱི་བར། །སློབ་མར་བཅས་ཏེ་དམྱལ་བར་འགྲོ། །ཞེས་དབང་མ་ཐོབ་པའི་ཉེས་དམིགས་དང་། ཐོབ་པའི་ཕན་ཡོན་ཡང་། དྲི་མེད་འོད་ལས། སྐྱེ་བ་བདུན་གྱི་མཐར་ཐུག་པར་བརྩོན་འགྲུས་མི་ལྡན་ཞིང་ཡེ་ཤེས་མ་བསྒོམ་པས་ཀྱང་སངས་རྒྱས་པར་འགྱུར་རོ། །ལམ་འདི་འགྲུབ་པའི་རྒྱུའི་གཙོ་བོ་ནི་དམ་ཚིག་དང་སྡོམ་པ་རྣམ་པར་དག་པ་དང་སྨོན་ལམ་གྱི་སྟོབས་ཡིན་ནོ། །ཞེས་པ་ལྟར་དཀྱིལ་འཁོར་དུ་འཇུག་ཅིང་སྨིན་པར་བྱེད་པའི་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་གལ་ཆེ་བར་གདམས་པ་ནི། གསང་བ་སྤྱི་རྒྱུད་ལས་གསུངས་པ་འདི་ལ་གསན་པས་ཁྱབ་པར་གདའ། སྔགས་ཀྱི་དངོས་གྲུབ་དོན་གཉེར་གང་། །དཀྱིལ་འཁོར་འདི་ནི་འཇུག་པར་བྱེད། །དེ་ལས་གཞན་པའི་དངོས་གྲུབ་འདོད། །གཞན་དག་འཇིག་རྟེན་གཞན་དོན་གཉེར། །འཇིག་རྟེན་ཕ་རོལ་དོན་གཉེར་བའི། །དད་པ་མང་དུ་བྱེད་པ་ཡི། །བློ་ལྡན་དཀྱིལ་འཁོར་འཇུག་བྱ་ཡི། །ཚེ་འདིའི་འབྲས་བུ་འདོད་མི་བྱ། །ཚེ་འདི་འདོད་པ་གྱུར་པ་ལ། །འཇིག་རྟེན་ཕ་རོལ་དོན་མི་འབྱུང་། །འཇིག་རྟེན་ཕ་རོལ་དོན་གཉེར་སྐྱེས། །ཚེ་འདིར་འབྲས་བུ་རབ་ཏུ་རྒྱས། །ཞེས་བཤད་པའི་ཐུགས་བསྐྱེད་


SPN001_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པའི་ངོས་ནས་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་མནྜལ་འབུལ་བར་ཞུ། དེ་ནས་མནྜལ་འབུལ། དེ་ལྟར་མནྜལ་འབུལ་བ་སྔོན་དུ་སོང་ནས་ཐལ་མོ་མེ་ཏོག་དང་བཅས་པའི་སྙིམ་པ་སྦྱར་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། དགའ་ཆེན་ཁྱོད་བདག་སོགས་ལན་གསུམ། དེ་ནས་སྔར་གྱི་ལམ་ཐུན་མོང་མ་ཡིན་པ་འདིར་འཇུག་པ་དོན་ཆེ་བར་གདམས་པ་ནི། བུ་ཚུར་ཐེག་པ་ཆེན་པ ོ་པ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པ་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་དང་། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་རྣམས། །དེ་དག་ཀུན་གྱི་གསང་སྔགས་ཀྱི། །ཆོ་ག་ཟབ་མོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་པས། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །འཇིག་རྟེན་མཐུན་པར་གཤེགས་ནས་སུ། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡི་བློ་གྲོས་འདི་གྱིས་ཤིག །ཅེས་བརྗོད། དེ་


SPN001_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཁྱེད་རང་རྣམས་རྡོ་རྗེ་ཐེག་པའི་ལམ་དུ་རྒྱུད་སྨིན་པར་བྱེད་པ་ལ་རྒྱུད་དག་པ་གལ་ཆེ་བས་སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པའི་སྤྱན་སྔར་ལྔ་རྣམ་པར་དག་པར་བྱ་སྙམ་པས་འདི་ཡི་རྗེས་ཟློས་མཛོད། འདོད་ཆགས་ཞེ་སྡང་གཏི་མུག་ལས་གྱུར་པའི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བགྱིད་དང་དེ་བཞིན་བགྱིད་བསྩལ་རྣམས། །ཐམས་ཅད་རྒྱལ་བ་རྣམས་ཀྱི་མདུན་དུ་འཆགས། །གང་ཡང་དེ་བཞིན་གཤེགས་ཀུན་སངས་རྒྱས་དང་། །གཞན་ཡང་རྫོགས་པའི་སངས་རྒྱས་ལ་བརྟེན་དང་། །རང་སངས་རྒྱས་དང་བླ་མ་མཆོག་རྣམས་ཀྱི། །དགེ་བ་ཀུན་ལ་བདག་ནི་རྗེས་ཡི་རངས། །དུས་གསུམ་ཀུན་ཏུ་གཤེགས་པའི་སངས་རྒྱས་དང་། །ནམ་མཁའི་ཕྱོགས་ཁྱབ་བརྩེ་ལྡན་ཡོན་ཏན་ཚོགས། །ཆོས་དང་སྐྱོན་སྤངས་འཕགས་པའི་ཚོགས་རྣམས་ལ། །གུས་པས་བདག་ནི་སྐྱབས་སུ་ཉེ་བར་མཆི། །སྡིག་པ་ཐམས་ཅད་རྩད་ནས་ཟད་བྱེད་ཅིང་། །གང་འདིར་བསོད་ནམས་ཚོགས་ནི་ཉེར་བསགས་པ། །དངོས་བྲལ་གཟུང་འཛིན་རྣམས་སྤངས་ཆོས་བདག་མེད། དབྱེར་མེད་བྱང་ཆུབ་སེམས་ནི་བདག་གིས་བསྐྱེད། ཚངས་པ་དབང་པོ་སོགས་ཀྱིས་རྙེད་དཀའ་བ། །དྲི་མེད་རྣམ་དག་རྙོགས་པ་ཡང་མ་མཆིས། །


SPN001_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེ་ལྡན་སྲས་བཅས་རྒྱལ་བས་གསུངས་པའི་ལམ། །རྣམ་དག་བསམ་ཡས་ཡང་དག་བསྟེན་པར་བགྱི། །ཞེས་ལན་གསུམ། དེ་ནས་སློབ་དཔོན་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པའི་སྤྱན་སྔར་རིགས་ལྔ་སྤྱི་དང་བྱེ་བྲག་གི་དམ་ཚིག་དང་སྡོམ་པ་རྣམས་ཁས་བླངས་ནས་ལེགས་པར་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། སངས་རྒྱས་སྲས་བཅས་ཐམས་ཅད་དང་། །དཔའ་བོ་རྣམ་འབྱོར་མ་རྣམས་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བས་ནི། །དུས་འདི་ནས་ནི་བཟུང་ནས་སུ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོ་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་བཟུང་བར་བགྱི། །ནམ་དུ་ཡང་ནི་མི་སྤང་ངོ་། །རྡོ་རྗེའི་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་


SPN001_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ནི་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་བཟུང་པར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པ་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱིད། །བླ་ན་མེད་པའི་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང་། །མ་བརྒལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་བདག་གིས་གྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་ལན་གསུམ་གྱིས་སྡོམ་པ་བཟུང་། དེ་ནས་ཁྱེད་རང་རྣམས་ཀྱི་གནས་གསུམ་བྱིན་གྱིས་བརླབ་པའི་དོན་དུ་དམིགས་པ་འདི་བཞིན་གནང་བར་ཞུ། སློབ་མའི་སྙིང་གར་མགྲིན་པར་དཔྲལ་བར་རྣམས་སུ། ཧཱུྃ་ཨཱཿༀ། བརྗོད་བཞིན་དྲི་ཡི་ཐིག་ལེ་བྱས། སྙིང་གར་རྡོ་རྗེའི་ལྟེ་བར་ཧཱུྃ་སྔོན་པོ། །མགྲིན་པར་པདྨའི་ཟེའུ་འབྲུར་ཨཱཿདམར་པོ། །དཔྲལ་བར་འཁོར་ལོར་ༀ་དཀར་གྱིས་མཚན་པར་གྱུར། །ཞེས་བྱིན་གྱིས་


SPN001_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

བརླབས། དེ་ལྟར་གདོད་མ་ནས་རྡོ་རྗེ་གསུམ་གྱི་བདག་ཉིད་དུ་གྱུར་པ་ལ། སློབ་དཔོན་གྱིས་མཆོད་པའི་མོས་པ་མཛོད། ༀ་བཛྲ་པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ་ཨཱཿཧཱུྃ། ཞེས་ཕྱག་རྒྱ་དང་བཅས་པས་མཆོད། དེ་ནས་མནྜལ་ལ་དྲི་བཟང་གི་ཆུས་གྲུ་བཞིར་བྱུག་ནས་སློབ་མའི་མདུན་དུ་བཞག །སློབ་མ་རྣམས་ལ་སོ་ཤིང་གཏད་ནས། དེ་ནས་དངོས་གྲུབ་ཀྱི་མཚན་མ་བརྟག་པར་བྱ་བའི་དོན་དུ་ཁྱེད་རང་རྣམས་ཞལ་ཤར་རམ་བྱང་དུ་ལྟ་བས་ཐལ་མོ་སྦྱར་བའི་བར་དུ་སོ་ཤིང་བཟུང་ནས་རྩེ་མོ་ཅུང་ཟད་འཆའ་བའི་ཚུལ་དང་བཅས་ཏེ། ༀ་བཛྲ་ཧཱ་ས་ཧ། ཞེས་བརྗོད་ནས་དཀྱིལ་འཁོར་དུ་འདོར་བར་ཞུ། ཞེས་སོ་ཤིང་འདོར་བཅུག་ལ། དེའི་དངོས་གྲུབ་ཀྱི་མཚན་མ་བཤད་པ་ནི། རྩེ་མོ་བདག་ལ་བལྟས་ན་མཆོག་གི་དངོས་གྲུབ། གྱེན་ཐུར་མཁའ་དང་ས་སྤྱོད་ཕྱོགས་བལྟས་ན་འཇིག་རྟེན་སྐྱོང་བ་བརྒྱད་ཀྱི་དངོས་གྲུབ་ཐོབ་བོ། །སྲུང་སྐུད་དམར་པོ་ལ། ༀ་ཁནྜ་རོ་ཧེ་ཧཱུྃ་ཧཱུྃ་ཕཊ། ཞེས་པའི་སྔགས་བདུན་བཟླས་བཞིན་མདུད་པ་གསུམ་རེ་གདབ་ལ། ཧཱུྃ་ཡིག་ལས་བསྐྱེད་པའི་སྲད་བུ་དམར་པོ་སྐྱེས་པའི་དཔུང་པ་གཡོན་དང་། བུད་མེད་ཀྱི་གཡས་སུ་བཅིངས་པས་བགེགས་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་བསྲུང་བའི་མོས་པ་མཛོད། ༀ་བུདྡྷ་མཻ་ཏྲི་རཀྵ་རཀྵ་སརྦཾ་སྭཱ་ཧཱ། ཞེས་བརྗོད་བཞིན་


SPN001_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

སྐུད་པ་བཅིངས། བཾ་ཡིག་ལས་སྐྱེས་པའི་དུང་ཆོས་ཀྱི་ཆུས་སྡིག་སྒྲིབ་མཐའ་དག་བཀྲུ་བའི་མོས་པ་མཛོད། ༀ་ཧྲཱིཿབི་ཤུདྡྷ་དྡྷརྨཿསརྦ་པ་པཱ་ནི་ཙ་ཨ་སྱེ་བི་ཤྭ་དྷ་ཡ་སརྦ་བི་ཀལྤཱན་ཨ་པ་ན་ཡ་ཧཱུྃ། ཞེས་ཁྱོར་ཆུ་ལན་གསུམ་འཐུང་དུ་གཞུག །དེ་ནས་ཟབ་མོའི་ཆོས་བཤད་པ་ནི། རྣམ་སྣང་མངོན་བྱང་ལས་གསུངས་པ་འདི་ལ་གསན་པས་ཁྱབ་པར་གདའ། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམྦཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གི་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་འདའ་བྱེད་པ་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་བྱས་པ་གྱུར་པ་གང་། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་བས་བྱང་བར་འགྱུར་ལགས་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་འདི་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་བརྟན་ཅིང་མི་གཡོ་བ། །དེ་དག་གིས་ནི་ངན་འགྲོའི་རྒྱུ། །སྡུག་བསྔལ་ཀུན་འབྱུང་རབ་ཏུ་བཅད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱི། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་


SPN001_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ལ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བས་ན། །རང་བྱུང་སྐལ་པ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །ཞེས་བརྗོད། ༀ་བཛྲ་ཨ་མྲྀ་ཏ་ཀུནྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་གསུངས། ཧཱུྃ་དང་དྷཱིཿཡིག་ལས་སྐྱེས་པའི་ཀུ་ཤའི་ཆུན་པོ་དག་མི་གཙང་བ་སེལ་ཞིང་དགེ་བའི་ལྟས་རྟོགས་པར་བྱེད་པའི་ནུས་ལྡན་དུ་འགྱུར། །ཧཱུྃ། དང་། བྷཱིཿདང་། ཁནྜ་རོ་ཧེ་སོགས་སོ་སོར་བདུན་རེ་ཙམ་བཟླས། ༀ་བཛྲ་ཏིཀྵྞ་བཾ། ཞེས་བརྗོད་བཞིན་ཆེ་བ་སྟན་དང་ཆུང་བ་སྔས་སུ་གཏད། དེ་ལྟར་གཏད་པའི་ཀུ་ཤའི་ཆུན་པོ་ཆེ་བ་སྟན་དང་། ཆུང་བ་སྔས་སུ་གྱིས་ལ་དཀྱིལ་འཁོར་གྱི་ཁང་པ་འདིར་ཉལ་ནས་ནངས་པར་རྨི་ལམ་གང་བྱུང་བ་ང་ལ་སྨྲོས་ཤིག །བསོད་ནམས་འདི་ཡིས་སོགས། དགེ་བ་བསྔོས་ནས་ཅི་བདེར་བྱའོ། །དངོས་སྟ་མ་སྦྲེལ་ན་འདིར་འདས་མ་འདས་གཏོར་བསྔོས་དང་། བདག་བསྐྱེད་བསྡུ་རིམ་སོགས་རྗེས་ཆོག་བྱ། ཕྱི་ཉིན་བདག་མདུན་བུམ་གསུམ་ཚོགས་བཅས་གྲུབ་ནས་དངོས་བཞི་དབང་བསྐུར་ཞིང་། སྦྲེལ་ན་འདིར་རས་བྲིས་


SPN001_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

བཤམས་ནས་མདུན་བསྐྱེད་འདོན། སྟ་གོན་གྱིས་ལྷ་རྣམས་བསྲེ། མཆོད་བསྟོད། གཏོར་བསྔོས། ཕྱི་རོལ་གཏོར་མ། ཉེ་རེག །བདག་འཇུག །ཚོགས་འཁོར་བཅས་གྲུབ་ནས་དངོས་གཞིའི་དབང་བསྐུར་སྐབས་སུ། ཁྲུས་དང་མེ་ཏོག་བཀྱེ་བསྡུ་གྲུབ་ནས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཁྱབ་བདག་རྡོ་རྗེ་འཆང་གི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པ་དམ་པའི་ཆོས་ཟབ་མོ་གསན་དགོངས་པའི་ཐུགས་བསྐྱེད་གསལ་བཏབ་ནས་གསན་པར་ཞུ། གསན་པར་བྱ་བའི་ཆོས་ཀྱི་དབང་དུ་བྱས་ནས། འདིར་མ་རྒྱུད་ཐམས་ཅད་ཀྱི་ཡང་སྙིང་འཁོར་ལོ་སྡོམ་པ་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བར་བྱེད་པ་ལ། དེ་ཡང་དཀྱིལ་འཁོར་སྔོན་དུ་འགྲོ་བ་ཅན་ཡིན་པས། རྡོ་རྗེ་རྩེ་མོ་ལས། སེམས་ཅན་ཤིན་ཏུ་ུགདུལ་དཀའ་གང་། །སྡོམ་པ་འཛིན་པ་མི་མཛད་ཅིང་། །དད་དང་ལྡན་པ་མེད་པ་ཡང་། །འཇུག་པ་ཉིད་ནི་དགག་མི་བྱ། །ཞེས་གསུངས་པ་ལྟར་ཁར་སང་གི་སྐབས་སུ་སྔོན་དུ་འགྲོ་བ་སྟ་གོན་གྱི་རིམ་པ་རྣམས་གྲུབ་ནས། དེ་རིང་གི་སྐབས་འདིར་རྡོ་རྗེ་སློབ་དཔོན་གྱི་ངོ་སྐལ་དུ་གྱུར་པའི་བདག་བསྐྱེད་བུམ་བསྐྱེད་མདུན་བསྐྱེད་མཆོད་བསྟོད་བཟླས་པ་


SPN001_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ་བདག་ཉིད་འཇུག་ཅིང་དབང་བླང་པ་རྣམས་ལེགས་པར་སྔོན་དུ་སོང་ནས་དངོས་གཞིའི་དབང་བསྐུར་ལ། ཡེ་ཤེས་ཐེག་པ་ལས། ཆུ་ཡི་དབང་བསྐུར་དབུ་རྒྱན་དག །བྱ་བའི་རྒྱུད་ལས་རབ་ཏུ་གྲགས། །རྡོ་རྗེ་དྲིལ་བུ་དེ་བཞིན་མིང་། །སྤྱོད་པའི་རྒྱུད་ལས་རབ་ཏུ་གསལ། །ཕྱིར་མི་ལྡོག་པ་ཡི་ནི་དབང་། །རྣལ་འབྱོར་རྒྱུད་དུ་གསལ་བར་བྱ། །དེ་ནི་དྲུག་གི་བྱེ་བྲག་དབང་། །དེ་ནི་སློབ་དཔོན་དབང་ཞེས་བྱ། །རྣལ་འབྱོར་བླ་མ་ཡི་ནི་དབང་། །གསང་བ་ཡི་ནི་དབང་རྒྱལ་བཤད། །ཤེས་རབ་ཡེ་ཤེས་བླ་ན་མེད། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་པ་ལྟར་རྒྱུད་སྔེ་འོག་མ་དང་ཆ་མཐུན་བུམ་དབང་སྟེང་དུ་བླ་མེད་རྒྱུད་ཀྱི་རྣམ་བཞག་ཐུན་མོང་མ་ཡིན་པ་མཆོག་དབང་གོང་མ་གསུམ་བསྣན་ནས་དབང་བཞི་བསྐུར་བས་སྣོད་རུང་དུ་བྱ་བའི་ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མནྜལ་འབུལ་བར་ཞུ། མནྜལ་འབུལ། དེ་ལྟར་མནྜལ་འབུལ་བ་སྔོན་དུ་སོང་ནས་སྔགས་ཀྱི་སྐལ་པ་ཡོད་མེད་བརྟག་པའི་དོན་དུ། བུ་ཁྱོད་ཅི་ཡིན་དངོས་པོ་ཅི་ལ་དགའ། །ཞེས་པའི་ལན་དུ་འདིའི་རྗེས་ཟློས་མཛོད། སྐལ་བཟང་བདག་ནི་བདེ་བ་ཆེན་པོ་ལའོ། །དེ་ནས་སྐལ་པ་དང་ལྡན་པར་འདུག་པས་དབང་བསྐུར་བའི་ཐོག་མར་སྔོན་ཆད་དཀྱིལ་འཁོར་ཆེན་པོ་འདི་མ་མཐོང་བའི་བརྡར་རས་ཡུག་


SPN001_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ་ཁ་ཚར་མ་ཉམས་པ་རེས་གདོང་གཡོགས་འཆིང་བར་ཞུ། ༀ་ཙཀྵུ་བྷནྡྷ་ཝ་ར་མ་ན་ཡ་ཧཱུྃ། སླད་མར་དཀྱིལ་འཁོར་མཇལ་བའི་ཚེ་ཕྱག་རྟེན་མེད་པར་མཇལ་དུ་མི་གཏུབ་པས་ཐལ་མོ་སྦྱར་བའི་བར་དུ་ཡངས་ཤིང་སྙོམས་པའི་མེ་ཏོག་གི་ཕྲེང་བ་རེ་འཛིན་པའི་མོས་པ་མཛོད། ཨཱ་ཁཾ་བཱི་ར་ཧཱུྃཿཐལ་མོ་མེ་ཏོག་དང་བཅས་པའི་སྙིམ་པ་སྦྱར་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། དགའ་ཆེན་སོགས་ལན་གསུམ། དེ་ནས་རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གྱི་འཁོར་ལོ་དང་གཉིས་སུ་མེད་པ་གཙོ་བོར་གྱུར་པའི་རྒྱལ་བ་སྲས་བཅས་རྣམས་ཀྱི་སྤྱན་སྔར་སྡིག་པ་བཤགས་པ་དང་། དགེ་བ་ལ་རྗེས་སུ་ཡི་རང་བ་དང་། སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ་དང་། དགེ་བ་བསྔོ་བ་སྟེ་ལྔ་རྣམ་པར་དག་པ་ཚུལ་བཞིན་དུ་མཛད་སྙམ་པས་འདིའི་རྗེས་ཟློས་མཛོད། བདག་གིས་སྡིག་པ་བགྱིས་པ་དང་། །བགྱིད་དུ་བསྩལ་དང་ཡི་རང་བ། །སངས་རྒྱས་སྤྱན་སྔར་མཆིས་ནས་སུ། །དེ་དག་བདག་གིས་བཤགས་པར་བགྱི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རང་རྒྱལ་དགྲ་བཅོམ་འགྲོ་རྣམས་ཀྱི། །སྒོམ་དང་བཟླས་བརྗོད་བསོད་ནམས་གང་། །དེ་ལ་བདག་ནི་ཡི་རང་ངོ་། །སེམས་ཅན་མངོན་པར་སངས་རྒྱས་དང་། །ཆོས་ཀྱི་འཁོར་ལོ་


SPN001_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བ་དང་། །བྱང་ཆུབ་སེམས་དཔའི་ཚོགས་ཀྱི་མཆོག །དེ་ལ་བདག་ནི་སྐྱབས་སུ་མཆི། །སངས་རྒྱས་འབྱུང་བ་ཇི་ལྟ་བ། །སྐལ་ལྡན་བྱང་ཆུབ་སེམས་དཔའ་ཡིས། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ལྟར། །དེ་ཉིད་དུ་ནི་སེམས་བསྐྱེད་དོ། །བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་འདིར་ནི་མྱུར་དུ་སངས་རྒྱས་ཤོག །འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བགྱིད་ཅིང་། །སེམས་ཅན་སྡུག་བསྔལ་མང་པོ་གཟིར་ལས་གྲོལ། །ཞེས་ལན་གསུམ་གྱིས་ལྔ་རྣམ་དག་བྱ། དེ་ནས་སྔགས་ཀྱི་ཐུན་མོང་མ་ཡིན་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕྱིར་དམིགས་པ་འདི་བཞིན་དུ་མཛོད། བདག་ཉིད་ཧེ་རུ་ཀ་གསལ་སྙིང་གར་ནི། །ཀུན་རྫོབ་བྱང་སེམས་ངོ་བོའི་ཟླ་དཀྱིལ་དབུས། །དོན་དམ་བྱང་སེམས་ངོ་བོའི་རྡོ་རྗེ་དཀར། །རྩེ་ལྔ་འོད་ཟེར་འབར་བས་མཚན་པར་གྱུར། །དེ་ལྟར་གསལ་བཏབ་ནས་ཀུན་རྫོབ་དང་དོན་དམ་པ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་མོས་པས་འདིའི་རྗེས་ཟློས་མཛོད། །ༀ་སརྦ་ཡོ་ག་ཙིཏྟ་ཨུ་པཱ་ད་ཡ་མི། ལན་གསུམ། རྡོ་རྗེ་སྙིང་གར་རེག་ཅིང་། ༀ་སུ་ར་ཏེ་སྟྭཱྃ་ཧོཿསིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཞེས་བརྟན་པར་བྱའོ། །དེ་ལྟར་སེམས་བསྐྱེད་པའི་གདམས་པ་བླངས་ནས་དེའི་བསླབ་བྱ་མཐའ་དག་ལ་ཚུལ་བཞིན་དུ་སློབ་སྙམ་པའི་འདིའི་རྗེས་ཟློས་མཛོད།


SPN001_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་སྲས་བཅས་ཐམས་ཅད་དང་། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བྱ་བ་ནི། །དུས་ནི་འདི་ནས་བཟུང་ནས་སུ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་བཟུང་བར་བགྱི། །ནམ་དུ་ཡང་ནི་མི་སྤང་ངོ་། །རྡོ་རྗེའི་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་བཟུང་བར་བགྱི། །


SPN001_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པ་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བླ་ན་མེད་པའི་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང་། །མ་བརྒལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་བདག་གིས་གྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་ལན་གསུམ་གྱིས་སྡོམ་པ་འཟུང་། དེ་ནས་ཁྱེད་རང་རྣམས་ཀྱི་གནས་གསུམ་བྱིན་གྱིས་བརླབས་པའི་དོན་དུ་དམིགས་པ་འདི་གཞིན་གནང་བར་ཞུ། སློབ་མའི་སྤྱི་མགྲིན་སྙིང་གར་གསུམ་དུ། ༀ་ཨཱཿཧཱུྃ། བརྗོད་ཅིང་དྲི་ཡི་ཐིག་ལེ་བྱ། སྤྱི་བོར་ཟླ་བའི་སྟེང་དུ་ༀ་དཀར་པོ། །མགྲིན་པར་པདྨའི་ལྟེ་བར་ཨཱཿདམར་པོ། །སྙིང་གར་ཉི་སྟེང་ཧཱུྃ་སྔོན་ལས་འོད་འཕྲོས། །ཕྱོགས་བཅུའི་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །བྱིན་རླབས་བསྡུས་ཏེ་ཡི་གེ་སོ་སོར་ཐིམ། །དེ་ནས་སྔགས་ཀྱི་གསང་བ་སྐལ་དམན་ལ་མི་བསྒྲག་པར་གདམས་པ་ནི། དེང་ཁྱོད་དེ་བཞིན་གཤེགས་ཀུན་བྱིན་རླབས་ཀྱིས། །དེ་བཞིན་གཤེགས་པ་ཀུན་གྱི་གསང་བ་འདི། །ཁྱོད་ཀྱི་དཀྱིལ་འཁོར་མ་ཞུགས་པ་རྣམས་ལ། །སྨྲ་བར་མི་བྱ་མ་དད་པ་ལའང་མིན། །དེ་


SPN001_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སློབ་དཔོན་གྱི་ལག་གི་རྡོ་རྗེའི་རྭ་སྣེ་ནས་ཁྱེད་རང་རྣམས་ཀྱིས་བཟུང་སྟེ་ཡོལ་བའི་ནང་དུ་ཁྲིད་པའི་མོས་པ་མཛོད་ཅིག །ཧཱུྃ་ཛཿཧཱུྃ། ཞེས་དཀྱིལ་འཁོར་ཡོལ་བ་ཕྱེ། ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཤར་གྱི་སྒོ་དྲུང་དུ་གནས་པས་ལུས་ངག་ཡིད་གསུམ་འདུད་པའི་བརྡར་ཐལ་མོ་གནས་གསུམ་དུ་སྦྱར་ནས་ཕྱག་འཚལ་བའི་མོས་པ་མཛོད། ༀ་ན་མ་སྟེ་ཧཱུྃ། ན་མ་མི་ཧཱུྃ། ན་མོ་ན་མ་ཧཱུྃ་སྭཱ-་ཧཱ། ལན་གསུམ། ཤར་གྱི་སྒོ་དྲུང་དེ་ཉིད་དུ་གནས་ཏེ་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །གཙོ་བོར་ལྷ་མོར་བཅས་པ་ཡི། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །འཁོར་ལོ་གསུམ་གྱི་བདག་ཉིད་ཅན། །ཀུན་ལ་བདག་ནི་སྐྱབས་སུ་མཆི། །ལན་གསུམ། སློབ་དཔོན་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་ངོ་ཆེན་གྱི་ཚུལ་གྱིས་གསོལ་བ་གདབ་པ་ནི། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གི་སློབ་མ་གཞུག་པར་བགྱི། །ཞེས་གསོལ་བ་བཏབ་པས་ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཤར་སྒོ་ནས་ཞུགས་སྟེ་སྒོ་ཁྱམས་སུ་གནས་པ་ལ་ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག་པ་ནི། ཁྱེད་རང་


SPN001_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་སྤྱི་བོར་རྡོ་རྗེ་བཞག་པའི་མོས་པ་མཛོད་ཅིག །དེང་ཁྱོད་དཔའ་བོ་རྣལ་འབྱོར་མ་ཀུན་གྱི། །རིགས་སུ་ཞུགས་ཀྱི་ངས་ཁྱོད་ལ་ཡེ་ཤེས། །གང་གི་བདེ་གཤེགས་ཀུན་གྱི་དངོས་གྲུབ་ཀྱང་། །ཐོབ་ན་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི། །དགོས་པས་དེ་ལྟར་ཡེ་ཤེས་བསྐྱེད་པར་བྱའི། །ཁྱེད་ཀྱིས་དཀྱིལ་འཁོར་མ་མཐོང་མདུན་ཉིད་དུ། །བརྗོད་མི་བྱ་སྟེ་དམ་ཚིག་ཉམས་ཏ་རེ། །ཞེས་རྡོ་རྗེ་མགོར་བཞག །དེ་ལྟར་ཉེས་དམིགས་ཀྱི་སྒོ་ནས་དམ་ལ་བཞག་པའི་ཆེད་དུ་སྙིང་གར་རྡོ་རྗེ་བཞག་པའི་མོས་པ་མཛོད། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་སྙིང་གར་རྡོ་རྗེ་བཞག །དེ་ནས་ཕན་ཡོན་དང་ཉེས་དམིགས་གཉིས་ཀའི་སྒོ་ནས་དམ་ལ་བཞག་པའི་དོན་དུ་ཐོད་པའི་བདུད་རྩི་མཐེ་བོང་དང་མིང་མེད་སྦྱར་བས་བྱིན་པའི་མོས་པ་མཛོད། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་ཡིས་འགྲུབ། །ༀ་བཛྲ་ཨུ་ད་ཀ་ཋཿཋཿཋཿཞེས་དམ་ཆུ་སྦྱིན། ཡང་རྡོ་རྗེ་སློབ་དཔོན་གྱི་བཀའ་གཉན་པའི་སྒོ་ནས་དམ་ལ་བཞག་པ་ནི། ཁྱེད་རང་རྣམས་ཀྱི་སྤྱི་བོར་རྡོ་རྗེ་བཞག་པའི་མོས་པ་མཛོད། དེང་


SPN001_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བརྩམས་ཏེ་ཁྱོད་ཀྱི་དཔལ་ཧེ་རུ། །ཀ་ང་ཡིན་གྱི་ངས་འདི་གྱིས་ཤིག་ཅེས། །བསྒོ་བ་གང་ཡིན་ཁྱོད་ཀྱིས་བྱ་དགོས་ཏེ། །ང་ལ་བརྙས་པར་མ་བྱེད་གལ་ཏེ་ན། །མི་བདེ་མ་སྤང་དུས་བྱས་དམྱལ་ཏ་རེ། །ཞེས་རྡོ་རྗེ་མགོར་བཞག །དེ་རྣམས་དམ་ལ་བཞག་པ་བཞི་བསྒྲགས་སུ་གྲགས་པ་ཡིན་ལ། ད་ནི་ཡེ་ཤེས་པ་དབབ་པའི་སླད་དུ་གསོལ་བ་བཏབ་པ་འདི་ཡི་རྗེས་ཟློས་མཛོད། དཔའ་བོ་རྣལ་འབྱོར་མ་ཀུན་བདག་བྱིན་རློབས། །ཧེ་རུ་ཀ་ཡི་ཡེ་ཤེས་བདག་ལ་ཕོབ། །ལན་གསུམ་བརྗོད། དེ་ནས་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རྣམས་ཧེ་རུ་ཀ་མཆོག་ཡབ་ཡུམ་དུ། །གསལ་བའི་ལྟེ་བར་ༀ་ལས་མེ་འབར་བས། །སྙིང་གའི་ཧཱུྃ་དང་མགྲིན་པའི་ཨོ་བསྲེགས་པས། །སྤྱི་བོའི་ཧཾ་ལས་བདུད་རྩིའི་རྒྱུན་བབས་ཏེ། །ལུས་ཀུན་ཟག་མེད་བདེ་ཆེན་སྐྱེས་པར་གྱུར། །ༀ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཛྙཱ་ན་ཨ་ཝེ་ཤ་ཡཱ་ཨ་ཨ་ཨ་ཧྲི་བཾ། ཏིཥྛ་མ་ཧཱ་ཀྲོ་དྷ་ཨ་ཝེ་ཤ་ཡ་ཧཱུྃ། ཤྲཱི་ཧེ་རུ་ཀ་ཡ་བིསྨ་ཧེ་བིདྱ་ར་ཛ་ཡ་དྷཱི་མ་ཧེ་སྭཱ་ཧཱ། བརྗོད་ཅིང་རོལ་མོ་དཀྲོལ། གུ་གུལ་ལ་སོགས་པའི་དུད་པས་བདུག །དེ་ནས་ཡེ་ཤེས་པ་དེ་ཉིད་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ། ཞེས་པས་བརྟན་པར་བྱས། ཁྱེད་རང་རྣམས་མིག་དར་གྱི་འོག་ནས་དཀྱིལ་འཁོར་གྱི་ཐད་ཀྱི་བར་སྣང་དུ་ལྟོས་ལ་ཁ་དོག་ཇི་ལྟར་མཐོང་བ་སྨྲོས་ཤིག །དེ་ལྟར་བལྟས་པས་ཁ་དོག་དཀར་པོ་མཐོང་ན་ཞི་བ། སེར་པོ་ལ་རྒྱས་པ།


SPN001_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ་ལ་དབང་། ནག་པོ་ལ་དྲག་པོ། ཁ་དོག་སྣ་ཚོགས་མཐོང་ན་ལས་སྣ་ཚོགས་འགྲུབ་པ་ཡིན་ནོ། །ཁྱེད་རང་རྣམས་ལ་སྔར་བྱིན་པའི་མེ་ཏོག་གི་ཕྲེང་བ་དེ་ཉིད་སྔོན་ཚེ་གང་ལ་སྦྱོང་བའི་རིགས་ཀྱི་ལྷ་སྐལ་བརྟག་པའི་དོན་དུ་དཀྱིལ་འཁོར་གྱི་གཙོ་བོའི་དབུ་ལ་དབུལ་བའི་མོས་པས་མེ་ཏོག་ལྟོས་མེད་དུ་སྔགས་འདིས་འདོར་བར་ཞུ། པྲ་ཏཱིཙྪ་བཛྲ་ཧོཿཞེས་བརྗོད་པས་མེ་ཏོག་དོར། མེ་ཏོག་དབུས་ཀྱི་གཙོ་བོ་ལ་བབས་པར་གྱུར་པས་དེ་ཉིད་ལས་ལྷ་སྐུ་གཉིས་པ་ཞིག་འཕྲོས་ནས་ཁྱེད་རང་གི་སྤྱི་བོར་ཐིམ་པའི་མོས་པ་མཛོད། སེམས་དཔའ་སྟོབས་ཆེན་ཁྱོད་ཀྱིས་ནི། །འདི་ནི་རབ་ཏུ་བཟུང་བར་བགྱི། །ཞེས་མེ་ཏོག་སྤྱི་བོར་བཞག །མ་རིག་པའི་སྒྲིབ་གཡོགས་དང་མིག་དར་ལྷན་ཅིག་ཏུ་བསལ་བའི་མོས་པ་མཛོད། ༀ་བཛྲ་ནེ་ཏྲ་ཨ་པཱ་ཧཱ་ར་པ་ཊ་ལམ་ཧྲཱིཿབརྗོད་ཅིང་གདོང་གཡོགས་བསལ། དེ་ནས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མཐའ་དག་མངོན་སུམ་དུ་མཐོང་བའི་མོས་པ་མཛོད། དེའང་ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད། དེའི་ནང་དུ་རྡོ་རྗེའི་རྭ་གུར་མེ་རི་དང་བཅས་པའི་སྲུང་འཁོར། དེའི་ནང་དུ་པདྨའི་རྭ་བ། དེའི་ནང་སྣ་ཚོགས་རྡོ་རྗེ་རྭ་ཉི་ཤུ་པའི་ལྟེ་བར་ཐར་པ་ཆེན་པོའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན་པ། ཐོག་ཕྱུར་བུར་ཕུབ་པའི་རྩེ་མོར་རྡོ་རྗེ་ནོར་བུའི་ཏོག་གིས་


SPN001_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲས་པ། དེའི་དབུས་སུ་སྣ་ཚོགས་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཉི་མ་དང་འཇིགས་དུས་ཀྱི་གདན་ལ་དཔལ་འཁོར་ལོ་སྡོམ་པ་ཧེ་རུ་ཀ་སྐུ་མདོག་མཐིང་ནག་རྡོ་རྗེ་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་ཅིང་གཡས་བརྐྱང་གི་སྟབས་ཀྱིས་མེ་དཔུང་འབར་བའི་དབུས་སུ་བཞུགས་པའི་ཕྱོགས་ཀྱི་འདབ་མ་བཞི་ལ་གཡོན་བསྐོར་དུ་མཁའ་འགྲོ་མ། ལཱ་མཱ། དུམ་སྐྱེས་མ། གཟུགས་ཅན་མ་རྣམས་དང་། མཚམས་ཀྱི་འདབ་མ་བཞིར་བདུད་རྩི་ལྔས་བཀང་བའི་བུམ་པའི་སྟེང་དུ་ཤ་ལྔས་གང་བའི་ཐོད་པ་དང་བཅས་པ་རང་སེམས་བདེ་བ་ཆེན་པོའི་སྣང་ཆ་ལས་གཞན་མ་ཡིན་པ་མངོན་སུམ་དུ་མཇལ་བའི་མོས་པ་མཛོད། དེ་ལྟར་ཡོལ་བ་ཕྱི་ནང་དུ་འཇུག་པའི་རིམ་པ་རྣམས་ལེགས་པར་གྲུབ་ནས་དངོས་གཞི་དབང་བསྐུར་བ་ལ་བུམ་དབང་གསང་དབང་ཤེས་རབ་ཡེ་ཤེས་ཀྱི་དབང་དང་། དབང་བཞི་པ་རྣམས་སུ་ཡོད་པ་ལས་རིགས་པའི་དབང་ལྔ་ཞུ་བའི་ཡོན་དུ་མནྜལ་འབུལ་བར་ཞུ། དེ་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོག་ཆེན་ཇི་ལྟར་བསྩལ་བ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། དེ་ནས་མི་བསྐྱོད་པ་ཆུ་དབང་གི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་མ་དང་དབང་


SPN001_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་བུམ་པ་བཅས། ༀ་ཁཎྜ་རོ་ཧེ་ཧཱུྃ་ཧཱུྃ་ཕཊ། ཅེས་བསངས། ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱཿསྭ་བྷ་ཝཱ་ཤུདྡྷོ྅་ཧཾ། ཞེས་སྦྱངས། སྟོང་པའི་ངང་ལས་སློབ་མ་དབང་གི་རྫས། །བུམ་ཆུ་དང་བཅས་པད་ཉིར་ཧཱུྃ་ཡིག་ལས། །རྡོ་རྗེ་ཧཱུྃ་མཚན་ཡོངས་གྱུར་མི་བསྐྱོད་པ། །སྐུ་མདོག་སྔོན་པོ་རྡོ་རྗེ་དྲིལ་བུ་འཛིན། །རང་འདྲའི་ཡུམ་འཁྱུད་ཕྱག་རྒྱ་ལྔ་ཡིས་བརྒྱན། །གཡས་བརྐྱང་སྟབས་བཞུགས་སྙིང་གའི་ས་བོན་ལས། །འོད་འཕྲོས་བསྐྱེད་པ་དང་འདྲའི་ཡེ་ཤེས་སེམས། །སྤྱན་དྲངས་ཛཿཧཱུྃ་བྃ་ཧོཿགཉིས་མེད་གྱུར། །མི་བསྐྱོད་ཡབ་ཡུམ་སྙོམས་ཞུགས་ཞུ་གྱུར་པ། །བུམ་པའི་ཆུར་གྱུར་སྙིང་གའི་ས་བོན་གྱི། །འོད་ཀྱིས་དྲངས་པའི་དབང་ལྷ་མཁར་བཞུགས་པའི། །དེ་བཞིན་གཤེགས་རྣམས་དབང་གི་དགོངས་པ་མཛད། །ལྷ་མོ་རྣམས་ཀྱིས་བུམ་པ་བདུད་རྩི་ཡིས། །གང་བ་བསྣམས་ནས་དབང་བསྐུར་ཁྲོ་བོ་རྣམས། །བགེགས་བསྐྲད་སེམས་དཔའ་རྣམས་ཀྱིས་ཤིས་མཛད་དེ། །བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཐམས་ཅད་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །སེམས་ཅན་མ་ལུས་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །མཆོད་པའི་ལྷ་མོས་མཆོད་བཞིན་དབང་བསྐུར་རོ། །སངས་རྒྱས་


SPN001_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་པ་ཡི་ཕྱག་བྱས་པ། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ༀ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ༀ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། རཏྣ་ཏྲཾ། པདྨ་ཧྲཱིཿཀརྨ་ཨཱཿབུདྡྷ་ༀ། བཛྲོ་དཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ། སུ་ར་ཏ་སྟྭཾ་ཨ་ཧཾ། བུམ་ཆུ་སྤྱི་བོར་བླུགས། དབང་ལྷ་སློབ་མ་ལ་ཐིམ་ཆུ་ཡི་དབང་། །བསྐུར་བས་ཉོན་མོངས་ཞེ་སྡང་རྣམ་ཤེས་ཀྱི། །ཕུང་པོ་གནས་གྱུར་མེ་ལོང་ཡེ་ཤེས་མཆོག །མངོན་བྱས་བཅོམ་ལྡན་མི་བསྐྱོད་དབུ་རྒྱན་གྱུར། །དེ་ནས་རིན་ཆེན་འབྱུང་ལྡན་ཅོད་པན་གྱི་དབང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། ཅོད་པན་ཐོགས་ལ། བསངས་སྦྱངས། སྟོང་པའི་ངང་ལས་སློབ་མ་ཅོད་པན་བཅས། །པད་ཉིའི་སྟེང་དུ་ཨཱཾ་ལས་རིན་པོ་ཆེ། །ཨཱཾ་གིས་མཚན་པ་ཡོངས་གྱུར་རིན་འབྱུང་ནི། །སྐུ་མདོག་སེར་པོ་རིན་ཆེན་དྲིལ་བུ་འཛིན། །རང་འདྲའི་ཡུམ་འཁྱུད་ཕྱག་རྒྱ་ལྔ་ཡིས་བརྒྱན། །གཡས་བརྐྱང་སྟབས་བཞུགས་སྙིང་གའི་ས་བོན་ལས། །འོད་འཕྲོས་བསྐྱེད་པ་དང་འདྲའི་ཡེ་ཤེས་སེམས། །སྤྱན་དྲངས་ཛཿཧཱུྃ་བཾ་ཧོཿགཉིས་མེད་འགྱུར། །རིན་འབྱུང་ཡབ་ཡུམ་སྙོམས་ཞུགས་ཞུ་གྱུར་པས། །དབུ་རྒྱན་དུ་གྱུར་སྙིང་གའི་ས་བོན་གྱི། །འོད་ཀྱིས་དྲངས་པའི་དབང་ལྷ་མཁར་བཞུགས་པའི། །དེ་བཞིན་


SPN001_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་རྣམས་དབང་གི་དགོངས་པ་མཛད། །ལྷ་མོ་རྣམས་ཀྱིས་རིན་ཆེན་ལས་གྲུབ་པ། །དབུ་རྒྱན་བསྣམས་ནས་དབང་བསྐུར་ཁྲོ་བོ་རྣམས། །བགེགས་བསྐྲད་སེམས་དཔའ་རྣམས་ཀྱིས་ཤིས་མཛད་དེ། །བཀྲ་ཤིས་གང་ཞིག༴ ཐམས་ཅད༴ དེས་ནི༴ མཆོད་པའི༴ སངས་རྒྱས་ཀུན་གྱི་རྒྱལ་སྲིད་ཆེ། །དབུ་རྒྱན་རིན་ཆེན་དམ་པ་སྟེ། །རིན་ཆེན་ཀུན་གྱིས་མཆོད་བྱེད་པ། །རྫོགས་སངས་རྒྱས་སུ་དབང་བསྐུར་རོ། །ༀ་སརྦ་བུདྡྷ་ཌཱ་ཀི་ནི༴ ༀ་ཨ་མུ་ཀུ་ཊཱ་ཨ་བྷི་ཥིཉྩ་ཧཱུྃ། སུ་ར་ཏ་སྟྭཾ་ཨ་ཧཾ། ཅོད་པན་མགོར་བཅིངས། བཛྲོ་དཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ། སུ་ར་ཏ་སྟྭཾ་ཨ་ཧཾ། ཞེས་ཆུའི་དབང་ཡང་བསྐུར། དབང་ལྷ་སློབ་མ་ལ་ཐིམ་ཅོད་པན་དབང་། །བསྐུར་བས་ང་རྒྱལ་སེར་སྣ་ཚོར་བ་ཡི། །ཕུང་པོ་གནས་གྱུར་མཉམ་ཉིད་ཡེ་ཤེས་མཆོག །མངོན་བྱས་བཅོམ་ལྡན་རིན་འབྱུང་དབུ་རྒྱན་གྱུར། །དེ་ནས་འོད་དཔག་མེད་རྡོ་རྗེའི་དབང་གི་དོན་དུ་དམིགས་པ་འདི་བཞིན་མཛོད། རྡོ་རྗེ་ཐོགས་ལ། བསངས་སྦྱངས། སྟོང་པའི་ངང་ལས་སློབ་མ་རྡོ་རྗེ་བཅས། །པད་ཉིའི་སྟེང་དུ་ཛྲིཾ་ལས་པདྨ་འཛིན། །མཚན་པ་ཡོངས་སུ་གྱུར་ལས་འོད་དཔག་མེད། །སྐུ་མདོག་དམར་པོ་པདྨ་དྲིལ་བུ་འཛིན། །རང་འདྲའི་ཡུམ་འཁྱུད་ཕྱག་རྒྱ་ལྔ་ཡིས་བརྒྱན། །གཡས་བརྐྱང་སྟབས་བཞུགས་


SPN001_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གའི་ས་བོན་ལས། །འོད་འཕྲོས་བསྐྱེད་པ་དང་འདྲའི་ཡེ་ཤེས་སེམས། །སྤྱན་དྲངས་ཛཿཧཱུྃ་བྃ་ཧོ་གཉིས་མེད་གྱུར། །འོད་དཔག་ཡབ་ཡུམ་སྙོམས་ཞུགས་ཞུ་གྱུར་པས། །རྡོ་རྗེ་རབ་གྱུར་སྙིང་གའི་ས་བོན་གྱི། །འོད་ཀྱིས་དྲངས་པའི་དབང་ལྷ་མཁར་བཞུགས་པའི། །དེ་བཞིན་གཤེགས་རྣམས་དབང་གི་དགོངས་པ་མཛོད། །ལྷ་མོ་རྣམས་ཀྱིས་རྡོ་རྗེ་འོད་འབར་བ། །གསོར་ཞིང་བསྣམས་ནས་དབང་བསྐུར་ཁྲོ་བོ་རྣམས། །བགེགས་བསྐྲད་སེམས་དཔའ་རྣམས་ཀྱིས་ཤིས་མཛད་དེ། །བཀྲ་ཤིས་གང་ཞིག༴ ཐམས་ཅད༴ སེམས་ཅན༴ དེས་ནི༴ མཆོད་པའི༴ སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཉིད་དུ་རབ་བསྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོངས། །ༀ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། སྙིང་གར་སོགས་གནས་གསུམ་དུ་རེག་ཅིང་གསོར་བར་བྱའོ། །ༀ་བཛྲོ་དཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ། སུ་ར་ཏ་སྟྭཾ་ཨ་ཧཾ། ཞེས་ཆུ་དབང་བསྐུར། དབང་ལྷ་སློབ་མ་ལ་ཐིམ་རྡོ་རྗེའི་དབང་། །བསྐུར་བས་ཉོན་མོངས་འདོད་ཆགས་འདུ་ཤེས་ཀྱི། །ཕུང་པོ་གནས་གྱུར་སོར་རྟོག་ཡེ་ཤེས་མཆོག །མངོན་བྱས་བཅོམ་ལྡན་འོད་དཔག་དབུ་བརྒྱན་གྱུར། །དེ་ནས་དོན་ཡོད་གྲུབ་པ་དྲིལ་བུའི་དབང་གི་དོན་དུ་དམིགས་པ་འདི་བཞིན་མཛོད། དྲིལ་བུ་ཐོགས་


SPN001_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ལ། བསངས་སྦྱངས། སྟོང་པའི་ངང་ལས་སློབ་མ་དྲིལ་བུ་བཅས། །པད་ཉིའི་སྟེང་དུ་ཁཾ་ལས་རལ་གྲི་ཁཾ། །མཚན་པར་ཡོངས་གྱུར་དོན་ཡོད་གྲུབ་པ་ནི། །སྐུ་མདོག་ལྗང་གུ་རལ་གྲི་དྲིལ་བུ་འཛིན། །རང་འདྲའི་ཡུམ་འཁྱུད་ཕྱག་རྒྱ་ལྔ་ཡིས་བརྒྱན། །གཡས་བརྐྱང་སྟབས་བཞུགས་སྙིང་གའི་ས་བོན་ལས། །འོད་འཕྲོས་བསྐྱེད་པ་དང་འདྲའི་ཡེ་ཤེས་སེམས། །སྤྱན་དྲངས་ཛཿཧཱུྃ་བྃ་ཧོཿ་གཉིས་མེད་གྱུར། །དོན་གྲུབ་ཡབ་ཡུམ་སྙོམས་ཞུགས་ཞུ་གྱུར་པས། །དྲིལ་བུའི་སྒྲར་གྱུར་སྙིང་གའི་ས་བོན་ལས། །འོད་ཀྱིས་དྲངས་པའི་དབང་ལྷ་མཁར་བཞུགས་པའི། །དེ་བཞིན་གཤེགས་རྣམས་དབང་གི་དགོངས་པ་མཛད། །ལྷ་མོ་རྣམས་ཀྱིས་དྲིལ་བུ་སྒྲ་ལྡན་པ། །ཕྱག་ཏུ་བསྣམས་ནས་དབང་བསྐུར་ཁྲོ་བོ་རྣམས། །བགེགས་བསྐྲད་སེམས་དཔའ་རྣམས་ཀྱིས་ཤིས་མཛད་དེ། །བཀྲ་ཤིས་གང་ཞིག༴ ཐམས་ཅད༴ སེམས་ཅན༴ དེས་ནི༴ མཆོད་པའི༴ སངས་རྒྱས་ཀུན་གྱི་དྲིལ་བུའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཉིད་དུ་རབ་བསྒྲུབ་ཕྱིར། །དྲིལ་བུ་འདི་ནི་ཁྱོད་ཀྱིས་ལོངས། །རྡོ་རྗེ་དྲིལ་བུ་འཛིན་པས་ལྟེ་བའི་ཐད་དུ་འཁྱུད་པའི་ཚུལ་གྱིས། ༀ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་མཾ་ཏིཥྛ་བཛྲ་ས་མ་ཡ་སྟྭཾ། ༀ་བཛྲོ་དཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ། སུ་ར་ཏ་སྟྭཾ་ཨ་ཧཾ། ཆུ་དབང་


SPN001_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བསྐུར། དབང་ལྷ་སློབ་མ་ལ་ཐིམ་དྲིལ་བུའི་དབང་། །བསྐུར་བས་ཉོན་མོངས་ཕྲག་དོག་འདུ་བྱེད་ཀྱི། །ཕུང་པོ་གནས་འགྱུར་བྱ་གྲུབ་ཡེ་ཤེས་མཆོག །མངོན་བྱས་བཅོམ་ལྡན་དོན་གྲུབ་དབུ་བརྒྱན་གྱུར། །དེ་ནས་རྣམ་པར་སྣང་མཛད་མིང་གི་དབང་གི་དོན་དུ་དམིགས་པ་འདི་བཞིན་མཛོད། རྡོར་དྲིལ་ཐོགས་ལ། བསངས་སྦྱངས། སྟོང་པའི་ངང་ལས་སློབ་མ་མིང་གི་དབང་། །པད་ཉིའི་སྟེང་དུ་བཾ་ལས་འཁོར་ལོ་བུམ། །མཚན་པར་ཡོངས་གྱུར་རྣམ་པར་སྣང་མཛད་ནི། །སྐུ་མདོག་དཀར་པོ་འཁོར་ལོ་དྲིལ་བུ་འཛིན། །རང་འདྲའི་ཡུམ་འཁྱུད་ཕྱག་རྒྱ་ལྔ་ཡིས་བརྒྱན། །གཡས་བརྐྱང་སྟབས་བཞུགས་སྙིང་གའི་ས་བོན་ལས། །འོད་འཕྲོས་བསྐྱེད་པ་དང་འདྲའི་ཡེ་ཤེས་སེམས། །སྤྱན་དྲངས་ཛཿཧཱུྃ་བཾཿཧོཿ་གཉིས་མེད་གྱུར། །རྣམ་སྣང་ཡབ་ཡུམ་སྙོམས་ཞུགས་ཞུ་གྱུར་པས། །མཆོག་གི་མིང་གྱུར་སྙིང་གའི་ས་བོན་གྱི། །འོད་ཀྱིས་དྲངས་པའི་དབང་ལྷ་མཁར་བཞུགས་པའི། །དེ་བཞིན་བཤེགས་རྣམས་དབང་གི་དགོངས་པ་མཛད། །ལྷ་མོ་རྣམས་ཀྱིས་སྙན་པས་དབྱངས་ཀྱིས་མིང་། །འདོགས་པར་མཛད་ནས་དབང་བསྐུར་ཁྲོ་བོ་རྣམས། །བགེགས་བསྐྲད་སེམས་དཔའ་རྣམས་ཀྱིས་ཤིས་མཛད་དེ། །བཀྲ་ཤིས་གང་ཞིག༴ ཐམས་ཅད༴ སེམས་


SPN001_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ཅན༴ དེས་ནི༴ མཆོད་པའི༴ སངས་རྒྱས་ཀུན་གྱི་མིང་གི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཉིད་དུ་རབ་བསྒྲུབ་ཕྱིར། །མིང་གི་དབང་མཆོག་ཆེན་པོ་སྦྱིན། །ༀ་བཛྲ་ས་ཏྭ་སྟྭཾ་ཨ་བྷི་ཥིཉྩ་མི་བཛྲ་ནཱ་མ་ཨ་བྷི་ཥི་ཀ་ཏ། ཀྱཻ་དཔལ་ཧེ་རུ་ཀ་ཞེས་བྱའི་དེ་བཞིན་གཤེགས་པའོ། །རྡོ་རྗེ་དྲིལ་བུ་སྤྱི་བོར་མཉམ་དུ་བཟུང་ལ་མིང་གི་དབང་བསྐུར། ༀ་བཛྲོ་དཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ། སུ་ར་ཏ་སྟྭ-ཾ་ཨ་ཧཾ། ཞེས་ཆུ་དབང་ཡང་བསྐུར། དབང་ལྷ་སློབ་མ་ལ་ཐིམ་མིང་གི་དབང་། །བསྐུར་བས་ཉོན་མོངས་གཏི་མུག་བེམ་གཟུགས་ཀྱི། །ཕུང་པོ་གནས་གྱུར་ཆོས་དབྱིངས་ཡེ་ཤེས་མཆོག །མངོན་བྱས་བཅོམ་ལྡན་རྣམ་སྣང་དབུ་བརྒྱན་གྱུར། བརྟུལ་ཞུགས་ལ་གཉིས་ལས། དེ་ནས་རྡོ་རྗེའི་བརྟུལ་ཞུགས་ཀྱི་དོན་དུ་དམིགས་པ་འདི་བཞིན་མཛོད། རྡོ་རྗེ་ཐོགས་ཏེ། པད་ཟླའི་གདན་ལ་སློབ་མ་རྡོ་རྗེ་སེམས་། །སྐུ་མདོག་དཀར་པོ་རྡོ་རྗེ་དྲིལ་བུ་འཛིན། །རིན་པོ་ཆེས་བརྒྱན་སེམས་དཔའི་སྐྱིལ་ཀྲུང་བཞུགས། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །དཔལ་ཧེ་རུ་ཀའི་ཕྱག་ན་བསྣམས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །དཔལ་ཧེ་རུ་ཀའི་བརྟུལ་ཞུགས་བརྟེན། །ༀ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷཱ་ར་ཡ་མི་ཧཱི་ཧི་ཧི་ཧི་ཧཱུྃ། རྡོ་རྗེ་སྙིང་གར་བཟུང་ངོ་། །སྤྱོད་པའི་བརྟུལ་ཞུགས་ནི།


SPN001_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པའི་བརྟུལ་ཞུགས་ཀྱི་སླད་དུ་དམིགས་པ་འདི་བཞིན་མཛོད། ཁ་ཏྭཱཾ་ཐོགས་ལ་བསངས་སྦྱངས། སློབ་མ་དབང་རྫས་བཅོམ་ལྡན་སྐུ་མདོག་མཐིང་། །བཅོམ་ལྡན་རྡོ་རྗེ་ཕག་མོ་ཡོངས་སུ་འཁྱུད། །དབང་རྫས་ཡབ་ཡུམ་ཡོངས་སུ་གྱུར་པ་ལས། །དབང་རྫས་ས་ས་སོ་སོའི་རྣམ་པར་གྱུར། །གཡས་སུ་ཅང་ཏེའུ། གཡོན་དུ་ཐོད་པ། གྲུ་ཁུང་གཡོན་པར་ཁ་ཊྭཱཾ་ག་ཚངས་སྐུད་སེ་རལ་ཁ་བྱིན་ལ། ཁ་ཊྭཱཾ་ཅང་ཏེའུ་ལྷུང་བཟེད་དག །དཔའ་བོས་བྱིན་པ་བླངས་ནས་ནི། །དཔལ་ཧེ་རུ་ཀའི་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། །ཁ་ཊྭཱཾ་ག་ནི་ལྷ་སྐུ་བདེ་བ་ཆེ། །ཌཱ་མ་རུ་ནི་ཤེས་རབ་སྟོང་པ་ཉིད། །ཐོད་པ་དེ་ཉིད་འདུས་པ་བདེ་བ་སྐྱོང་། །ཚངས་སྐུད་རྣམ་པར་མི་རྟོག་པ་ཡི་དོན། །ལུང་བསྟན་པ་ནི། ཆོས་གོས་གྲྭ་རི་དྭགས་ཀྱི་རྣ་བ་ལྟར་བྱས་ཏེ་ལག་གཡོན་པས་བཟུང་། གཡས་མི་འཇིགས་པའི་ཕྱག་རྒྱ་བྱས་ལ། དེ་ནས་སློབ་དཔོན་སངས་རྒྱས་སྤྲུལ་པའི་སྐུའི་རྣམ་པར་བསྟན་པའི་མོས་པ་མཛོད། འདི་ལྟར་ང་ཡིས་ལུང་སྟོན་ཏེ། །འཁོར་ལོ་གསུམ་གྱི་བདག་ཉིད་ཁྱོད། །རང་ཉིད་སངས་རྒྱས་སྐུའི་རང་བཞིན། །ཧེ་རུ་ཀ་དཔལ་


SPN001_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་ཡི། །དེ་བཞིན་གཤེགས་པ་ཉིད་ཡིན་ནོ། །ཤྲཱི་ཧེ་རུ་ཀ་ཏེ་ན་མཿཏ་ཐཱ་ག་ཏ་སིིདྡྷི་ས་མ་ཡ་སྟྭཾ། བྷུརྦྷུ་བཱ་སྭཱ། དབུགས་དབྱུང་བ་ནི། སློབ་དཔོན་སྤྲུལ་སྐུའི་རྣམ་པ་ཅན་དེ་ཉིད་ཀྱིས་དབུགས་དབྱུང་བར་མོས་མཛོད། ཁམས་གསུམ་ཀུན་གྱི་རྒྱལ་སྲིད་ཆེ། །དཔལ་ལྡན་ཡོན་ཏན་འབྱུང་བའི་གནས། །བདུད་ཚོགས་ཀུན་ལས་རྣམ་རྒྱལ་ཞིང་། །གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིན། །སློབ་དཔོན་གྱི་དབང་ནི། སློབ་དཔོན་གྱི་དབང་བསྐུར་ཞུ་བའི་ཡོན་དུ་མནྜལ་ཕུལ། རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཕྱིར་མི་ལྡོག་པའི་དབང་བསྐུར་ཆེ། །དཔའ་བོ་ཆེན་པོས་བདག་ལ་སྩོལ། །འགྲོ་བ་མཚན་མ་མེད་བྱེད་པ། །དེ་ནི་དེང་འདིར་བསྩལ་དུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ་སྟེ། དེ་ནས་དམ་ཚིག་གསུམ་སྦྱིན་པ་ལས་རྡོ་རྗེ་ཐུགས་ཀྱི་དམ་ཚིག་སྦྱིན་པ་ནི། ཧཱུྃ་བྱུང་རྡོ་རྗེ་མ་ཧཱ་བཛྲ་ཧཱུྃ། དྲིལ་བུ་གསུང་གི་དམ་ཚིག་སྦྱིན་པ་ནི། ཨཱཿབྱུང་དྲིལ་བུ་བཛྲ་གནྜེ་ཨཱཿཞེས་རྡོ་རྗེ་དྲིལ་བུ་འཛིན་དུ་གཞུག །སྦྱོར་བ་ཁ་སྦྱོར་གྱི་དམ་ཚིག་སྦྱིན་པ་ནི། སློབ་མ་སླར་ཡང་རྡོ་རྗེ་སེམས་དཔའ་དང་། །རྡོ་རྗེ་སྙེམས་མ་མཉམ་སྦྱོར་གསལ་བར་གྱུར། །རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུངས་ཤིག་རྡོ་རྗེར་བྱིན་གྱིས་རློབས། །དེ་རིང་རྡོ་རྗེ་སློབ་དཔོན་


SPN001_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །དེ་ལྟར་རྡོ་རྗེ་སློབ་དཔོན་ཆེན་པོའི་དབང་བསྐུར་བ་ཐོབ་ནས་བརྟན་པར་བྱ་བའི་ཆེད་དུ་དབང་ལྷ་རྣམས་ཀྱིས་བུམ་པའི་ཆུའི་དབང་བསྐུར་བའི་མོས་པ་མཛོད། བུམ་པ་ཐོགས་ལ། ཇི་ལྟར་བལྟམས་ཚེ་བཅོམ་ལྡན་ཁྲུས་གསོལ་ལྟར། །ལྷ་ཆུ་དག་པས་འདིར་ནི་ཁྲུས་བགྱིའོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བུམ་ཆུ་སྦྱིན། ཞེས་དབང་བསྐུར་སྒོ་གསུམ་དྲི་མ་དག །སྤྱི་བོར་མི་བསྐྱོད་རྡོ་རྗེས་དབུ་བརྒྱན་གྱུར། །ཁྱོད་ཀྱིས་འཇིག་རྟེན་འཇིག་རྟེན་འདས་པ་ཡི། །འགྲོ་བ་ཀུན་གྱི་སློབ་དཔོན་ཉིད་དུ་གྱིས། །དབང་ལྷ་རྣམས་ཀྱང་སློབ་མ་ཉིད་ལ་ཐིམ། །ཞེས་དང་། དེ་ལྟར་དབང་ལྷ་རྣམས་དང་ཁྱེད་རང་དབྱེར་མེད་དུ་གྱུར་པ་ལ་ཉེར་སྤྱོད་ལྔས་མཆོད་པའི་མོས་པ་མཛོད། ༀ་བཛྲ་པུ་ཥྤེ་ནས། ནི་ཝིདྱ་པྲ་ཏཱིཙྪ་སྭཱ་ཧཱ། སོགས་ཀྱིས་མཆོད། དེ་ནས་ལྷ་མཆོད་པའི་རྗེས་གནང་ནི། དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱིས། །དེ་ཉིད་ཤེས་ནས་དེ་ནས་ནི། །གཟུགས་སྒྲ་དྲི་རོ་རེག་ལ་སོགས། །འདོད་ཡོན་ལྔ་ལ་སྤྱོད་པར་གྱིས། །ཞེས་དང་། དེ་ནས་སྙིང་རྗེ་ཆེན་པོའི་སྒོ་ནས་འགྲོ་དོན་བྱེད་པ་རྗེས་སུ་གནང་བ་ནི། དེང་ནས་བཟུང་སྟེ་བུ་ཁྱོད་ཀྱིས། །ལུས་དང་སྲོག་ལ་མི་ལྟ་བར། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས། །འགྲོ་


SPN001_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དོན་ནི་དཔག་མེད་བྱོས། །ཞེས་ལྷ་མཆོད་པ་དང་འགྲོ་དོན་གྱི་རྗེས་གནང་བྱིན། དཀྱིལ་འཁོར་ལྷའི་དེ་ཁོ་ན་ཉིད་བཤད་པ་འདི་ལ་མ་ཡེངས་པར་གསན་མཛོད། ཐར་པ་ཆེན་པོའི་ཕོ་བྲང་རྣམ་སྣང་གི། །རང་བཞིན་རིན་ཆེན་སྣ་ཚོགས་ལས་གྲུབ་པ། །གྲུ་བཞི་སྒོ་བཞི་རྟ་བབ་དུར་ཁྲོད་དང་། །རྡོ་རྭ་མེ་རི་བཅས་འདི་རང་གི་སེམས། །དཀྱིལ་འཁོར་ཉིད་དུ་སྣང་བའི་ཡོན་ཏན་གྱི། །ཁྱད་པར་རྣམས་ལས་བྱང་ཆུབ་ཕྱོགས་ཀྱི་ཆོས། །སོ་བདུན་སྒོ་རྒྱན་ལ་སོགས་སྣང་བ་འདི། །དཀྱིལ་འཁོར་དེ་བཞིན་ཉིད་དུ་ཤེས་པར་གྱིས། །ཞེས་དང་། བུམ་པའི་དབང་གི་ཕན་ཡོན་ནམ་རྟོགས་པ་བརྗོད་པ་ནི། རས་བྲིས་དཀྱིལ་འཁོར་ཉིད་ལས་བུམ་དབང་ཐོབ། །ལུས་ཀྱི་སྒྲིབ་བསལ་བསྐྱེད་རིམ་བསྒོམ་ལ་དབང་། །འབྲས་བུ་སྤྲུལ་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །གསང་དབང་ནི། དེ་ལྟར་བུམ་དབང་རྫོགས་པར་གྲུབ་ནས་གསང་དབང་ཞུ་བའི་ཡོན་དུ་མནྜལ་འབུལ། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །སོགས། ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་ལན་གསུམ་གསོལ་བ་བཏབ། བྷ་གའི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་འཆིང་བར་མཛོད། ༀ་ཙཀྴུ་བནྡྷ་ཝཱ་ར་མཱ་ནཱ་ཡ་ཧཱུྃ། ཞེས་གདོང་གཡོགས་འཆིང་། གསང་དབང་གི་དོན་དུ་


SPN001_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་འདི་བཞིན་དུ་མཛོད། བཅོམ་ལྡན་ཡབ་ཡུམ་སྙོམས་ཞུགས་སྦྱོར་མཚམས་ནས། །བྱང་སེམས་བདུད་རྩིས་སངས་རྒྱས་ཐམས་ཅད་པར། །ཞུ་བའི་ངོ་བོའི་བདག་བྱིན་རློབ་པའི་ཚུལ། །གསང་བ་མཆོག་གི་ངོ་བོས་དབང་བསྐུར་རོ། །ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་བསྐུར་ལྟར། །བདག་གིས་གསང་བའི་སེམས་རྒྱུན་གྱིས། །དེང་འདིར་ཁྱོད་ལ་དབང་བསྐུར་རོ། །བདུད་རྩི་བྱིན། དམ་རྫས་བཏུང་ལ་འདིའི་རྗེས་ཟློས་མཛོད། ཨ་ཧོཿམ་ཧ་སུ་ཁཾ། ཅེས་བརྗོད་དུ་འཇུག་པས། བླ་མ་ཡབ་ཡུམ་བྱང་ཆུབ་སེམས་ཀྱི་རྫས། །མྱོང་བས་ལུས་ཀུན་བདེ་ཆེན་ཁྱབ་པར་སྐྱེས། །གཙོ་བོ་ལས་སྤྲོས་ལྷན་སྐྱེས་ཡབ་ཡུམ་ནི། །བཅོམ་ལྡན་སྣང་བ་མཐའ་ཡས་རྣམ་གྱུར་ནས། །མགྲིན་ཐིམ་རང་བཞིན་བརྒྱད་ཅུའི་རྟོག་པ་འགགས། །ཞེས་དང་། ཉེར་སྤྱོད་ལྔས་མཆོད་པའི་མོས་པ་མཛོད། ༀ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝིདྱཾ་ཨཱཿཧཱུྃ། ཞེས་པས་མཆོད། བྷ་གའི་དཀྱིལ་འཁོར་མཐོང་བའི་བརྡར་གདོང་གཡོགས་སོལ་ཅིག །ༀ་བཛྲ་ནེ་ཏྲ་ཨ་བ་ཧ་ར་པ་ཏྲ་ལཾ་ཧྲཱིཿཞེས་གདོང་གཡོགས་བསལ། གསང་བའི་དབང་གི་རྟོགས་པ་བརྗོད་པ་ནི། བྷ་གའི་དཀྱིལ་འཁོར་མཐོང་ཞིང་གསང་དབང་ཐོབ། །ངག་


SPN001_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

གི་དྲི་མ་དག་ནས་རྩ་དང་རླུང་། །བསྒོམ་པར་དབང་ཞིང་ལོངས་སྐུ་འགྲུབ་པར་གྱུར། །དེ་ནས་ཤེར་དབང་ལ། ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་མནྜལ་འབུལ། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ། །རྡོ་རྗེ་རྣལ་འབྱོར་གཅིག་བཞེད་པ། །མི་ཕྱེད་ཕྱག་རྒྱ་སྒྲུབ་པ་པོ། །རྡོ་རྗེ་རྣལ་འབྱོར་ལས་བྱུང་བ། །ཇི་ལྟར་ཁྱོད་ནི་བདག་ཉིད་ཆེ། །མངའ་བདག་བདག་ལའང་དེ་ལྟར་མཛོད། །འཁོར་བ་འདམ་གྱི་མཚོ་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །ཞེས་གསོལ་བ་ལན་གསུམ་གདབ། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་འཆིང་བར་མཛོད། ༀ་ཙཀྴུ་བྷནྡྷ་ཝཱ་ར་མཱ་ནཱ་ཡ་ཧཱུྃ། ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། གཙོ་བོའི་ཡུམ་ལས་སྤྲོས་པའི་རྣལ་འབྱོར་མ། །མི་ཡི་བུ་མོ་གཟུགས་དང་ལང་ཚོ་ནི། །ཕུལ་དུ་བྱུང་བ་ཕྱག་གཡོན་གྱིས་བཟུང་ནས། །སློབ་མའི་ལག་པ་གཡས་སུ་གཏད་པར་གྱུར། །དགའ་སྟེར་གནས་སྟེར་ལྷ་མོ་ནི། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཁྱེར་ཅིག་ཁྱེར་ཅིག་སེམས་དཔའ་ཆེ། །ཁྱེར་ལ་མཆོད་པ་རྟག་ཏུ་གྱིས། །སློབ་མ་ལྷན་སྐྱེས་ཡབ་ཡུམ་གསལ་བ་ཡི། །ཡབ་ཀྱི་གསང་བ་མི་དམིགས་པ་


SPN001_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཧཱུྃ། །དཀར་པོ་ལས་ནི་རྡོ་རྗེ་ནག་པོ་བྱཱ། །དམར་ལས་ནོར་བུའི་རྩེ་མོ་བྱཱ་སེར་པོ། །ཡུམ་གསང་མི་དམིགས་ཨཱ་ལས་པདྨ་དམར། །འདབ་གསུམ་བྱཱ་ལས་དཔའ་བོའི་བྱང་ཆུབ་སེམས། །མཚོན་པའི་ཟེའུ་འབྲུར་བྱཱ་མཚན་རང་གི་ལྟེར། །ༀ་བཛྲ་བཻ་རོ་ཙ་ནི་སྙིང་གར། ༀ་སརྦ་བུདྡྷ་མགྲིན་པར་ༀ་ཤྲཱི། །དཔྲལ་བར་ༀ་ཧྲཱིཿལྷ་མོའི་ལྟེ་བར་ནི། །ༀ་ཤྲཱི་སྙིང་གར་ༀ་ཧྲཱིཿམགྲིན་པར་ༀ། །བཛྲ་དཔྲལ་བར་ༀ་སརྦ་ཞེས་པའི། །ཡི་གེ་གསལ་བར་ཡབ་ཡུམ་སྙོམས་ཞུགས་པའི། །བྱང་སེམས་སྤྱི་ནས་མགྲིན་པར་དགའ་བ་དང་། །སྙིང་གའི་བར་དུ་མཆོག་དགའ་ལྟེ་བའི་བར། །ཁྱད་དགའ་ནོར་བུའི་རྩེ་མོར་སླེབས་པ་ན། །འཕོ་མེད་ལྷན་ཅིག་སྐྱེས་དགའ་མྱོང་བར་གྱུར། །དེ་ནས། ༀ་བཛྲ་པུཥྤེ། སོགས། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཐོང་བའི་བརྡར་གདོང་གཡོགས་སོལ་ཞིག །ༀ་བཛྲ་ནཻ་ཏྲ་སོགས་གདོང་གཡོགས་བསལ། ཤེར་དབང་གི་རྟོགས་པ་བརྗོད་པ་ནི། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཐོང་། །ཤེས་རབ་ཡེ་ཤེས་དབང་ཐོབ་ཡིད་ཀྱི་དྲི། །རྣམ་དག་རང་འོད་རིག་མ་བསྟེན་ལ་དབང་། །འབྲས་བུ་ཆོས་སྐུ་འགྲུབ་བའི་སྐལ་ཅན་གྱུར། །དེ་ནས་དབང་བཞི་པ། དེ་ནས་


SPN001_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཞུ་བའི་དོན་དུ་མནྜལ་འབུལ། དེ་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཁྱོད་ཞབས་པདྨའི་བཀའ་དྲིན་གྱིས། །གཙོ་བོའི་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང་། །བཀའ་དྲིན་གྱིས་ནི་བསྩལ་དུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་འཆིང་བར་མཛོད། ༀ་ཙཀྴུ--་སོགས། དབང་བཞི་པའི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། གཙོ་བོ་ལས་སྤྲོས་ལྷན་སྐྱེས་ཡབ་ཡུམ་ནི། །སྨིན་མཚམས་ཐིམ་པས་བདེ་སྟོང་ཡེ་ཤེས་སྐྱེས། །དེ་ལྟར་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་སྤྲོས་མེད་ཕྱག་རྒྱ་ཆེན་པོའི་དོན་ཚིག་གིས་ངོ་སྤྲད་པ་འདི་ལ་མ་ཡེངས་པར་གསན་འཚལ། །ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང་། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད། །ཁྱོད་རང་ཡང་ནི་དེ་ཡི་ཕ། །དེ་ལྟར་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་ཀུན་ནི་སྐྱེ་བྱེད་ཕྱིར། །ཁྱོད་ནི་ཕ་དང་འདྲ་བ་ཡིན། །གསུམ་པའི་རྒྱུ་ལས་བཞི་པའང་ཡིན། །ཞེས་ངོ་སྤྲད། ༀ་བཛྲ་པུཥྤེ༴ སོགས།


SPN001_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཐོང་བའི་བརྡར་གདོང་གཡོགས་སོལ་ཅིག །ༀ་བཛྲ་ནེ་ཏྲ་སོགས། དབང་བཞི་པའི་རྟོགས་པ་བརྗོད་པ་ནི། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཐོང་། །དབང་བཞི་ཐོབ་ཅིང་སྒོ་གསུམ་དྲི་མ་དག །ཕྱག་ཆེན་བསམ་མི་ཁྱབ་པར་བསྒོམ་པར་དབང་། །ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །ཅེས་བརྗོད། དེ་ལྟར་དཔལ་འཁོར་ལོ་བདེ་མཆོག་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བཞི་ལེགས་པར་བསྐུར་ཟིན་པས་དེ་དག་གི་སྐབས་སུ་བབས་པའི་དམ་ཚིག་རྣམས་ཚུལ་བཞིན་དུ་འཛིན་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། དབང་བཞི་རྫོགས་པར་ཐོབ་པའི་གཏང་རག་གི་ཡོན་དུ་མནྜལ་འབུལ། ལུས་ལོངས་སྤྱོད་ཐམས་ཅད་ལྟོས་མེད་དུ་འབུལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་སོགས། དེ་ལྟར་འཁོར་ལོ་སྡོམ་པ་ལྷ་ལྔའི་དབང་ལེགས་པར་སྒྲུབ་པ་ཡིན་པས་འདི་ཉིད་ཀྱི་སྒོ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་མཛོད། བསོད་ནམས་འདི་ཡིས་སོགས་བརྗོད། དེ་ནས་ཚོགས་ལ་རོལ་ཞིང་ལྷག་མ་བཏང་། རྗེས་ཆོག་བཀྲ་ཤིས་སོགས་གཞུང་བཞིན་བྱའོ། །ཞེས་ཀུན་མཁྱེན་དྷརྨཱ་ཀ་རས་མཛད་པའི་མཚམས་སྦྱོར་ལ་ཚིག་སྣ་ཅུང་ཟད་བསྲིང་ནས་བལྟས་ཆོག་མ་བྲི་བ་པོ་ནི་སི་ཏུ་པདྨ་ཉིན་བྱེད་དབང་པོའོ། །སརྦ་མངྒ་ལཾ།། །།


previousབདེ་མཆོག་ལྷ་ལྔའི་སྒོ་ནས་སློབ་མ་རྗེས་སུ་འཛིན་པའི་རིམ་པ་ཟབ་མོའི་སྒོ་འབྱེད། next