Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  expand section
   
   
   
   
   
   
   
  expand section
   
   
  expand section
   
  expand section
   
   
འཕགས་མཆོག་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་དབང་བསྐུར་ཡེ་ཤེས་མྱུར་འབེབས།
   
   
   
   
   


 
previousའཕགས་མཆོག་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་དབང་བསྐུར་ཡེ་ཤེས་མྱུར་འབེབས། next

འཕགས་མཆོག་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་དབང་བསྐུར་ཡེ་ཤེས་མྱུར་འབེབས།


SPN001_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་མཆོག་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་དབང་བསྐུར་ཡེ་ཤེས་མྱུར་འབེབས་ཞེས་བྱ་བ་བཞུགས་སོ། །


SPN001_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ལོ་ཀཱི་ཤྭ་ར་ཡ། འདིར་བཅོམ་ལྡན་འདས་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་དུ་སྐལ་ལྡན་གྱི་སློབ་མ་སྨིན་པར་བྱེད་པའི་རིམ་པ་ལ་ཐོག་མར་སྔོན་གཏོར་ནས་བདག་བསྐྱེད་རྫོགས་པར་བསྙེན་པ་བཅས་སོང་རྗེས། མདུན་བསྐྱེད་ཀྱི་གནས་སུ་མེ་ཏོག་གི་ཚོམ་བུ་ལྷ་དགུ་སོ་སོའི་གནས་སུ་བཀོད་ནས་མཆོད་པ་བསྐོར་བཤམས་བྱས་ཟིན་པ་དང་། མེ་ཏོག་ཚོམ་བུའི་གདན་གྱི་སྟེང་དུ་ཞེས་པ་ནས་གཞུང་དུ་གསལ་ལྟར་སྙན་གསན་ཕབ་པ་བཅས་སོང་རྗེས། ཨུ་ུཏིཥྛ་བར་དང་། དེ་ནས་བུམ་པ་ལྷག་གནས་གྲུབ་ནས། སློབ་མ་ཟུང་དུ་མ་གྱུར་པ་ཡོལ་བའི་ཕྱི་རོལ་དུ་ལས་བུམ་གྱི་ཆུས་ཁྲུས་བྱས་ལ་ནང་དུ་འོང་གྲལ་དུ་འཁོད་པ་ལ། ལས་ཀྱི་རྡོ་རྗེས་མནྜལ་བཀྱེ་བསྡུ་བྱས་ནས། སློབ་དཔོན་གྱིས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཕྱག་རྒྱ་ཆེན་པོའི་གོ་


SPN001_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

འཕང་ལ་བཞག་པར་བྱ། དེའི་ཆེད་དུ་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་དཀྱིལ་འཁོར་དུ་འཇུག་བར་བྱ་བ་ལས་སྔོན་དུ་འགྲོ་བ་སློབ་མ་ལྷག་པར་གནས་པའི་ཆོས་རྣམས་གསན་པའི་ཡོན་དུ་མནྜལ་ཕུལ། ཞེས་དཀྱིལ་ཆོག་གཞུང་ལྟར་མནྜལ་ཕུལ། དེ་ལྟར་མནྜལ་འབུལ་བ་སྔོན་དུ་སོང་ནས་གསང་ཆེན་བླ་ན་མེད་པའི་དཀྱིལ་འཁོར་དུ་འཇུག་པའི་བློས་གསན་འཚལ། དེའང་ཁྱེད་རང་རྣམས་རྙེད་པར་དཀའ་བའི་དལ་བ་བརྒྱད་དང་འབྱོར་བ་བཅུ་ལྡན་པའི་མིའི་ལུས་རྟེན་ཐོབ་ནས། སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་ཀར་བརྒྱུད་རིན་པོ་ཆེའི་ཆོས་སྒོར་ཞུགས་ཤིང་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་བསྟེན་པའི་སྐལ་བ་རྙེད་པ་འདི་ལྟ་བུ་ནི་སྔོན་གྱི་སྐྱེ་བ་མང་པོར་དགེ་པའི་རྩ་བ་དཔག་ཏུ་མེད་པ་


SPN001_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབས་པའི་མཐུ་ལས་དུས་འདིར་ཐུན་མོང་མ་ཡིན་པའི་སྐལ་བ་ཕུན་སུམ་ཚོགས་པ་ཐོབ་པར་གྱུར་པ་ཡིན་པས། དེ་ཉིད་ཆུད་མི་གསན་པ་གལ་ཆེ་སྟེ། གར་དབང་ཆོས་ཀྱི་དབང་ཕྱུག་གི་རྡོ་རྗེའི་གསུང་ལས། དལ་དང་འབྱོར་པའི་ལུས་ཐོབ་ཅིང་། །སྟོན་པའི་སྟོན་པ་རྙེད་གྱུར་ཏེ། །སྐལ་བ་ཕུན་སུམ་ཚོགས་པ་ལ། །སུ་ཞིག་འབྲས་བུ་མེད་པར་བྱེད། །ཅེས་གསུངས་པ་ལྟར་ཡིན། དེས་ན་སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱང་མི་རྟག་པའི་རང་བཞིན་ཡིན་ལ། མིའི་ལུས་རྟེན་འདི་ནི་རྟག་པར་གྲུབ་པ་མེད་པས་ངེས་པར་འཆི་བ་ཁོ་ན་ཡིན་ཏེ། བཤེས་སྤྲིངས་ལས། ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན། །འབར་བས་བསྲེག་པས་ལུས་ཅན་འདི་དག་ཀྱང་། །ཐལ་བར་ཡང་ནི་ལུས་པར་མི་འགྱུར་ན། །ཤིན་ཏུ་ཉམ་ཆུང་མི་ལྟ་སྨོས་ཅི་འཚལ། །ཞེས་གསུངས་པ་ལྟར་མི་རྟག་ཅིང་མི་བརྟན་པའི་འཁོར་བ་ལས་ངེས་པར་འབྱུང་པའི་བློ་བསྐྱེད་ཅིང་ལས་རྒྱུ་འབྲས་ལ་བླང་དོར་བྱེད་པ་གལ་ཆེ་བ་ཡིན་པའང་། སློབ་དཔོན་ཀླུ་སྒྲུབ་ཀྱིས། གང་ཞིག་གསེར་སྣོད་རིན་ཆེན་སྤྲས་པ་ཡིས། །ངན་སྐྱུགས་འཕྱག་པར་འགྱིད་པ་དེ་བས་ནི། །གང་ཞིག་མི་རུ་སྐྱེས་ནས་སྡིག་པ་དག །བགྱིད་པ་དེ་ནི་ཆེས་རབ་བླུན་པ་ལགས། །ཞེས་གསུངས་པ་བཞིན་འཁོར་བ་ལས་བློ་ལྡོག་ཅིང་དམ་པའི་ཆོས་ཟབ་མོ་ལ་བརྩོན་དགོས་ཤིང་། དེས་ན་ཆོས་ཉན་པའི་སྐབས་སུ་འདོད་ཆགས་ཞེ་སྡང་གཏི་མུག་དང་བཅས་


SPN001_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒོ་ནས་ཉན་ཀྱང་སྣོད་དུག་ཅན་དང་། ཁ་སྦུབ་དང་། ཞབས་རྡོལ་གྱི་ནང་དུ་ཆུ་ལ་སོགས་པ་བླུག་པ་བཞིན་ཕྱིན་ཅི་ལོག་ཏུ་འགྱུར་པ་ཡིན་པས་དད་པ་གསུམ་གྱིས་ཀུན་ནས་བསླང་སྟེ་རང་ཉིད་ལ་ནད་པའི་འདུ་ཤེས། བླ་མ་ལ་སྨན་པའི་འདུ་ཤེས། ཆོས་ལ་སྨན་གྱི་འདུ་ཤེས་ཉེ་བར་བཞག་ནས་གསན་འཚལ། སྔགས་ཀྱི་དངོས་གྲུབ་དོན་གཉེར་གང་། །དཀྱིལ་འཁོར་འདིར་ནི་འཇུག་བར་བྱ། །བསོད་ནམས་འདོད་པས་དེ་ལས་གཞན། །གཞན་ནི་འཇིག་རྟེན་ཕ་རོལ་གཉེར། །སླར་ཡང་དད་དང་ལྡན་པ་ཡིས། །འཇིག་རྟེན་ཕ་རོལ་ལ་དམིགས་ཏེ། །བློ་ལྡན་དཀྱིལ་འཁོར་འཇུག་པར་བྱ། །འདི་ཡི་འབྲས་བུ་དོན་གཉེར་ན། །འཇིག་རྟེན་ཕ་རོལ་འགྲུབ་མི་འགྱུར། །འཇིག་རྟེན་ཕ་རོལ་ལ་དམིགས་ན། །འདི་འབྲས་འབད་པ་མེད་པར་འགྲུབ། །ཞེས་གསུངས་ཤིང་། དེ་ལྟར་འཇིག་རྟེན་འདི་ལ་ལྟོས་པའི་ཞེན་འཛིན་གྱི་བློ་སྤངས་ཏེ་བདེ་ཆེན་ལམ་གྱི་བསྒྲུབ་བྱ་མཐའ་དག་སྒྲུབ་པར་བྱེད་དོ་སྙམ་པའི་སེམས་སྔོན་དུ་བཏང་ནས་ཐུན་མོང་མ་ཡིན་པ་གསང་སྔགས་ཀྱི་ཟག་མེད་བདེ་ཆེན་ལ་འཇུག་པའི་བློས་རྡོ་རྗེ་སློབ་དཔོན་ལ་དགའ་ཆེན་ཞེས་བོས་ཏེ་ཁྱོད་ནི་བདག་གི་འདྲེན་པ་མཆོག་ཏུ་བཟུང་ལགས་པ་དེའི་ཕྱིར། བདག་ཐར་པའི་གྲོང་ཁྱེར་དུ་འཇུག་པར་མཛད་དུ་གསོལ་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། རྡོ་རྗེ་ནམ་མཁའ་མཛེས་པ་ཡི། །བདག་གི་སྟོན་པ་དགའ་ཆེན་ཁྱོད། །སེམས་ཅན་ཀུན་གྱི་དོན་བརྩོན་པ། །མགོན་པོས་དམ་ཚིག་བདག་


SPN001_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྩོལ། །སྡོམ་པའི་མཆོག་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་སྩལ་དུ་གསོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །ཀུན་ཏུ་རྟོག་པ་སྤོང་པ་ཡི། །གྲོང་ཁྱེར་ཉམས་དགར་གཞུག་པར་འཚལ། །ཞེས་ལན་གསུམ། དེ་ནས་ཟབ་མོ་གསང་བ་སྔགས་ཀྱི་སྤྱོད་ཚུལ་བཤད་པར་བྱ་སྟེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་ཆོ་ག་ཟབ་མོ་འདི་ཉིད་ལ་བསྟེན་ཏེ་བྱང་ཆུབ་ཀྱི་སྗོན་ཤིང་དམ་པར་ཐམས་ཅད་མཁྱེན་པའི་གོ་འཕང་མངོན་དུ་བརྙེས་ཤིང་། བདུད་ཀྱི་སྡེ་ཐམས་ཅད་ཡོངས་སུ་བཅོམ་ཞིང་ཕམ་པར་མཛད་པ་ཡིན་ལ་དེ་ཉིད་ཀྱི་ཕྱིར་ན་རིགས་ཀྱི་བུ་ཁྱོད་རྣམས་ཀྱང་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་མྱུར་དུ་ཐོབ་པའི་ཕྱིར། གསང་ཆེན་བླ་མེད་ཀྱི་ཆོ་ག་ཟབ་མོ་ལ་སྤྱད་པར་བྱ་བའི་བློ་གྲོས་རྣམ་པར་དག་པ་བསྐྱེད་ནས་སེམས་དགའ་སྤྲོ་དང་བཅས་པས་ཉོན་ཅིག །བུ་ཚུར་ཐེག་པ་ཆེན་པོ་པ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་གྱི། །གསང་སྔགས་ཚུལ་ཆེན་ཆོ་ག་འདི། །ཁྱོད་ལ་ཡང་དག་བཤད་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་དང་། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་རྣམས། །དེ་དག་ཀུན་གྱི་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པའི་ཚད་མ་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་པས། །སྐྱོབ་པ་སངས་རྒྱས་ཧེ་རུ་ཀས། །བདུད་སྡེ་ཤིན་ཏུ་མི་བཟད་པའི། །


SPN001_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

དཔུང་ཆེན་དག་ཀྱང་འདི་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོས་ལེགས་པར་ཉོན། །བརྗེད་ངས་བློ་ལ་ཧེ་རུ་ཀ་སོགས་པའི། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབས། །ཞེས་གསུངས་པ་ལྟར་མ་ཡེངས་པར་མདུན་གྱི་ནམ་མཁར་བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་དམིགས་ལ་འདིའི་ལད་མོ་གྱིས། ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བླ་མ་རྡོ་རྗེ་སློབ་དཔོན་དང་། །ཡི་དམ་ལྷ་ཚོགས་འཁོར་དང་བཅས། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །འཁོར་བ་ཐོག་མ་མེད་པ་ནས། །ཐ་མ་ད་ལྟ་ཐུག་གི་བར། །འདོད་ཆགས་ཞེ་སྡང་གཏི་མུག་གིས། །ལུས་ངག་ཡིད་གསུམ་སྒོ་ནས་ནི། །སྡིག་པ་དཔག་མེད་བགྱིས་པ་དང་། །བགྱིད་དུ་སྩལ་དང་ཡི་རང་ལ། །ཁྱེད་ཀྱི་སྤྱན་སྔར་བཤགས་པར་བགྱི། །སླན་ཆད་བདག་ནི་མི་བགྱིད་དོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །འཕགས་པ་ཉན་ཐོས་རང་རྒྱལ་གྱི། །ཡན་ལག་རྣམས་ཀྱང་གཟུང་བར་བགྱི། །འགྲོ་བ་ཀུན་གྱི་དགེ་བ་ལ། །བདག་ནི་རྗེས་སུ་ཡི་རང་ངོ་། །བདེ་གཤེགས་ཆོས་སྐུ་ལ་བཞུགས་ཀྱང་། །འགྲོ་བ་ཀུན་ལ་ཕན་དོན་དུ། །ཆོས་ཀྱི་འཁོར་ལོ་སྐོར་བར་ནི། །བདག་ནི་རྟག་ཏུ་གསོལ་བ་འདེབས། །བདེ་གཤེགས་མཛད་པ་མཐར་ཕྱིན་ནས། །མྱ་ངན་འདའ་བར་བཞེད་རྣམས་ལ། །


SPN001_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པའི་མཐའ་མར་བཞུགས་པར་ནི། །བདག་ནི་རྟག་ཏུ་གསོལ་བ་འདེབས། །བདག་གི་དགེ་པའི་རྩ་བ་གང་། །བགྱིས་སམ་བགྱིད་དུ་སྩལ་པ་དང་། །རྗེས་སུ་ཡི་རང་ཐམས་ཅད་ནི། །འགྲོ་བ་ཀུན་གྱིས་ཐོབ་པར་ཤོག །སྤྱན་རས་གཟིགས་དབང་ཐུགས་རྗེའི་དག །བླ་མར་བཅས་པ་ཐམས་ཅད་ལ། །བདག་གི་ལུས་འདི་ཕུལ་བ་ཡིས། །ཐེག་པ་དམན་ལ་མི་འཇུག་ཅིང་། །ཐེག་ཆེན་བླ་ན་མེད་པའི་ལམ། །ཟབ་ཅིང་རྒྱ་ཆེ་བསྟན་དུ་གསོལ། །ཞེས་ལན་གསུམ་བརྗོད། སྐྱབས་སུ་འགྲོ་བར་བྱ་སྙམ་པས་རྗེས་ཟློས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཐེག་པ་ཆེན་པོའི་ཆོས་ཞི་བ་མྱ་ངན་ལས་འདས་པ་རྣམས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་བྱང་ཆུབ་སེམས་དཔའི་དགེ་འདུན་ཕྱིར་མི་ལྡོག་པ་རྣམས་ལ་སྐྱབས་སུ་མཆིའོ། །ལན་གསུམ། སེམས་བསྐྱེད་པའི་ལད་མོ་གྱིས། ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བཅོམ་ལྡན་རྡོ་རྗེ་འཛིན་དབང་པོ། །རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །སེམས་ཅན་རྣམས་གྱི་དོན་


SPN001_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

སླད་དུ། །བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ལྟར། །དེ་བཞིན་བདག་གིས་སེམས་བསྐྱེད་དོ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བསོད་ནམས་ཡེ་ཤེས་བྱང་ཆུབ་ལམ། །ཐབས་དང་ཤེས་རབ་གོམ་པས་བགྲོད། །དེ་བཞིན་བདག་གིས་ལམ་བགྲོད་དོ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཐམས་ཅད་མཁྱེན་པར་སངས་རྒྱས་ནས། །མཁའ་མཉམ་སེམས་ཅན་དོན་མཛད་ལྟར། །དེ་བཞིན་བདག་གིས་དོན་བགྱིའོ། །མ་བརྒལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་བ་རྣམས་དགྲོལ་བ་དང་། །དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདའ་བ་དང་། །ཀུན་ཀྱང་སངས་རྒྱས་ཐོབ་པར་ཤོག །ཅེས་ལན་གསུམ། དེ་དག་ནི་ཕ་རོལ་ཏུ་ཕྱིན་པ་ནས་གསུངས་པ་དང་མཐུན་པར་འཇུག་པ་ཡིན་ལ། ད་ནི་བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་གྱི་རྒྱུད་དང་མཐུན་པར་འཇུག་པར་བྱ་སྟེ། ཁྱེད་རང་གི་སྤྱི་བོར་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་ཐུགས་ཀར་བཏོད་དེ་འཛིན་པ། གཡོན་པས་དྲིལ་བུ་དཀུར་བརྟེན་པ། དར་གྱི་ན་བཟའ་དང་། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དེ་ལྟ་བུར་གསལ་བའི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་ལུས་ངག་ཡིད་གསུམ་གྱི་སྡིག་པ་དང་སྒྲིབ་པ་དག་པའི་མོས་པ་མཛོད་ལ་ཡི་གེ་བརྒྱ་པ་ཐོན་ཅིག །ཡི་གེ་བརྒྱ་པ་བརྗོད། དེ་ནས་རིགས་ལྔ་སྤྱིའི་


SPN001_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་པ་དང་དམ་ཚིག་རྣམས་འཛིན་སྙམ་པའི་སྒོ་ནས་སྡོམ་བཟུང་འདིའི་ལད་མོ་མཛོད། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །སྡོམ་པ་ཡི་ནི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་རྣམས། །བདག་གིས་བརྟན་པོར་གཟུང་བར་བགྱིས། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །ནམ་དུ་ཡང་ནི་མི་སྤང་ངོ་། །རྡོ་རྗེའི་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །ཟང་ཟིང་ཆོས་དང་མི་འཇིགས་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བ། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་ཆོས་སོ་སོར་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་བསྡུས་པ་ལ། །སྡོམ་པ་ཐམས་ཅད་ཡང་དག་ལྡན། །ཀུན་ནས་སོ་སོར་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །


SPN001_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་སྡོམ་པ་མ་ལུས་བཟུང་། །མ་བརྒལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་དགྲོལ་བར་བགྱི། །དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང་། །འགྲོ་ཀུན་མྱ་ངན་འདས་ལ་འགོད། །ཅེས་ལན་གསུམ། དེ་ནས་ཁྱེད་རང་རྣམས་སྐད་ཅིག་གིས་རྗེ་བཙུན་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐལ་མོ་སྦྱར་བ། གཡས་ཀྱི་འོག་མ་ན་བགྲང་ཕྲེང་། །གཡོན་གྱི་འོག་མ་ན་པདྨ་འཛིན་པ། དེའི་ཐུགས་ཀར་ཧྲཱིཿདཀར་པོ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱོང་བར་མོས་ལ་སྙིང་པོ་འདི་ཐོན་ཅིག །ༀ་མཎི་པདྨེ་ཧཱུྃ། ཞེས་ཅི་རིགས་བརྗོད་དུ་བཅུག །དེ་ལྟར་བསྒོམ་པས་ལུས་ངག་ཡིད་ཀྱི་སྒྲིབ་པ་དག་པ་དང་། བར་ཆད་ཀྱི་བགེགས་བསྲུང་བ་དང་། དངོས་གྲུབ་ཐོབ་བར་བཤད་དེ། པདྨ་རྒྱལ་པོའི་རྒྱུད་ལས། ༀ་མ་ཎི་པདྨེ་ཧཱུྃ། རྒྱ་མཚོའི་ནང་གི་རིན་ཆེན་བཞིན། །ལན་གཅིག་མོས་པས་བརྗོད་པ་ན། །སེམས་ཅན་དམྱལ་བའི་ནད་ལས་ཐར། །ལན་གཉིས་བརྗོད་པས་ཡི་དྭགས་སུ། །འགྲོ་བའི་སྒོ་ཡང་འགག་པར་འགྱུར། །གསུམ་བརྗོད་དུད་འགྲོའི་སྒོ་ཡང་འགག །འདོད་པའི་ཡོན་ཏན་ལྔ་སྤྱོད་ཀྱང་། །འདི་དང་མ་བྲལ་གཙང་མར་གནས། །བཟའ་དང་གཏུང་བའི་ལོངས་སྤྱོད་ཀྱང་། །འདི་ཉིད་དྲན་ན་ཉེས་པ་མེད། །བདུད་ཀྱི་བར་དུ་གཅོད་པ་ཀུན། །སྔགས་ཀྱི་རྒྱལ་པོ་བགྲང་བས་ཞི། །ཞེས་གསུངས་པ་རྣམས་ཡིད་ལ་བཞག་ནས་


SPN001_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

དེང་ནས་གཟུང་སྟེ་ཇི་སྲིད་འཚོ་བའི་བར་དུ་གསང་རིགས་གཟུངས་སྔགས་ཐམས་ཅད་ཀྱི་རྒྱལ་པོ་ཡི་གེ་དྲུག་པ་འདོན་པ་ལ་བརྩོན་པར་མཛོད་ཅིག །དྲི་ཞིམ་པོའི་ཤིང་སོར་བཅུ་གཉིས་པའི་སོ་ཤིང་། ༀ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ་ལ། སློབ་མའི་ལག་ཏུ་བྱིན། དེ་ནས་དངོས་གྲུབ་ཀྱི་མཚན་མ་བརྟག་པར་བྱ་བའི་ཕྱིར་དུ་ཁྱེད་རང་རྣམས་ཞལ་ཤར་ཕྱོགས་སམ་བྱང་དུ་བལྟ་བས་ཐལ་མོ་སྦྱར་བའི་བར་དུ་སོ་ཤིང་བཟུང་ནས་རྩེ་མོ་ཅུང་ཟད་འཆའ་བའི་ཚུལ་དང་བཅས་ཏེ་ༀ་བཛྲ་ཧཱ་ས་ཧ་ཞེས་བརྗོད་བཞིན་དུ་འདོར་བར་ཞུ། ཞེས་སོ་ཤིང་དོར་བཅུག །དེ་ལྟར་སོ་ཤིང་དོར་བའི་དངོས་གྲུབ་ཀྱི་མཚན་མ་བཤད་པ་ནི་རྩེ་མོ་ནམ་མཁར་བསྟན་ན་མཆོག་གི་དངོས་གྲུབ། ཤར་དུ་ཞི་བའམ་གྲུབ་པ་ཆེན་པོ་བརྒྱད། ལྷོར་རྒྱས་པའམ་འཇིག་རྟེན་པའི། ནུབ་ཏུ་དབང་གི་ལས་སམ་ཆོས་སྨྲ་བ། བྱང་དུ་དྲག་པོའམ་ཕྲིན་ལས་སྣ་ཚོགས་པ། ཐུར་དུ་ུས་འོག་གི་དངོས་གྲུབ། མཚམས་རྣམས་སུ་ཐུན་མོང་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །དྲི་བཟང་པོའི་ཆུ་དང་བྱིན་གྱིས་བརླབས་པའི་ཆང་ཁྱོར་གང་བླུད་ཅིང་། བྃ་ཡིག་ལས་སྐྱེས་པའི་དུང་ཆོས་ཀྱི་ཆུས་སྡིག་སྒྲིབ་ཐམས་ཅད་བཀྲུས་པའི་མོས་པ་མཛོད། ༀ་ཧྲཱིཿབི་ཤུདྡྷ་སརྦ་དྷརྨ་སརྦ་པ་པྃྃ་ནི་ཙཱ་སྱ་སཾ་ཤོ་དྷ་ཡ་བི་ཀལྤ་ཨ་པ་ན་ཡ་ཧཱུྃ། ཞེས་ཁྱོར་ཆུ་བླུད། སྐུད་བ་དམར་པོ་སུམ་སྒྲིལ་ལ། སྙིང་པོ་རྣམས་དང་། ༀ་ཧྲཱིཿཔདྨནྟ་ཀྲི་ཏ་སོགས་བཟླས་ནས་མདུད་པ་བྱས་ལ། ཧཱུྃ་ཡིག་ལས་སྐྱེས་པའི་སྲད་བུ་དམར་པོས་བར་ཆད་མི་མཐུན་པའི་ཚོགས་རྣམས་ལས་སྲུང་བའི་མོས་པ་མཛོད།


SPN001_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་བུདྡྷ་མཻ་ཏྲི་རཀྵ་རཀྵ་སརྦཱནྟཱུ་སྭཱ་ཧཱ། ཞེས་སྐྱེས་པའི་དཔུང་པ་གཡོན། བུད་མེད་ཀྱི་གཡས་ལ་གདབ་བོོ། །ཀུ་ཤའི་ཆུན་པོ་གཉིས། ཧཱུྃ་དང་དྷཱིཿས་བྱིན་གྱིས་བརླབ་ལ། ཧཱུྃ་དང་དྷིཿཡིག་ལས་སྐྱེས་པའི་ཀུ་ཤའི་ཆུན་པོ་དག་མི་གཙང་བ་སེལ་ཞིང་དགེ་བའི་ལྟས་རྨི་ལམ་དུ་རྟོགས་པར་བྱེད་པའི་ནུས་ལྡན་དུ་གྱུར། ༀ་བཛྲ་ཏཱིཀྵྞ་བཾ། གཅིག་གཡས་སུ་གཏད། ༀ་བཛྲ་སཏྭ་ཞེས་གཅིག་གཡོན་དུ་གཏད་ལ། དེ་ལྟར་བྱིན་པའི་ཀུ་ཤའི་ཆུན་པོ་གཉིས་སྔས་དང་སྟན་དུ་གྱིས་ལ། དཀྱིལ་འཁོར་གྱི་ཁང་པ་འདིར་ཉོལ་ཅིག །རྨི་ལམ་གྱི་མཚན་མ་ཇི་ལྟ་བུ་མཐོང་བ་དེ་ནངས་པར་ང་ལ་སྨྲོས་ཤིག །ཅེས་བརྗོད། དེ་ནས་ཟབ་པ་དང་རྒྱ་ཆེ་བའི་ཆོས་བཤད་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གཉིས་མེད་ཟབ་མོའི་སྤྱོད་ཚུལ་འདིས། །སེམས་ཅན་སངས་རྒྱས་འགྲུབ་པར་འགྱུར། །བསྐལ་པ་བྱེ་བ་དུ་ུམ་རུ། །སྔོན་དུ་བྱས་པའི་སྡིག་པ་གང་། །དེ་ཀུན་བྱང་བར་འགྱུར་བ་ནི། །ཟབ་མོའི་དཀྱིལ་འཁོར་མཐོང་བས་སོ། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྲོ། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་བརྟན་པོ་གཡོ་མེད་པ། །དེ་དག་གིས་ནི་ངན་འགྲོའི་རྒྱུ། །སྡུག་བསྔལ་


SPN001_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་འབྱུང་རབ་ཏུ་བཅད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་ལ། །དབང་ཐོབ་འབྲས་བུ་སྐྱེ་བཞིན་པར། །དེ་དག་ཁྱེད་རྣམས་ཐེག་ཆེན་ལ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བ། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ལམ་འདིར་ཁྱེད་རྣམས་འགྲོ་བ་ལ། །རང་བྱུང་སྐལ་བ་ཆེན་པོ་པ། །འཇིག་རྟེན་ཀུན་གྱི་འདྲེན་པའི་གནས། །དེ་བཞིན་གཤེགས་པ་རྣམས་སུ་ུའགྱུར། །ཞེས་པ་འཇིག་རྟེན་དུ་འཁོར་ལོས་སྒྱུར་རྒྱལ་འབྱོན་པ་བས་ཨུ་དུམ་ཝ་རའི་མེ་ཏོག་འབྱུང་བ་དཀོན་ཅིང་། དེ་ལས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་འབྱུང་བ་དཀོན། སངས་རྒྱས་བྱོན་རུང་གསང་སྔགས་ཀྱི་ཆོས་ནི་འགྲོ་བ་ཀུན་གྱི་སྤྱོད་ཡུལ་དུ་མི་འབྱོན་པ་ཡིན་ལ། རང་ཅག་གི་སྟོན་པ་འདིའི་བསྟན་པ་ལ་གསང་སྔགས་ཀྱི་ཆོས་རྣམས་མི་ཡུལ་དུ་བྱོན་པའི་མཐུས། རྡོ་རྗེ་སློབ་མ་ཁྱེད་རྣམས་ཀྱང་ད་ལྟ་དཀྱིལ་འཁོར་འདི་ལྟ་བུར་འཇུག་པའི་སྐལ་བ་དང་ལྡན་པ་ནི་འསོད་ནམས་མང་དུ་བསགས་པའི་འབྲས་བུ་ཡིན་པའི་ཕྱིར་དགའ་བ་རྒྱ་ཆེན་པོ་གྱིས་ཤིག །བསོད་ནམས་འདི་ཡིས་སོགས་བརྗོད། སློབ་མ་རང་གནས་སུ་བཏང་། དེ་ནས་སྟ་གོན་དང་དངོས་བཞི་ཉིན་གཉིས་སུ་བྱེད་ན་གཏོར་བསྔོས་དང་རྗེས་ཆོག་བྱ། ཕྱི་ཉིན་བདག་བུམ་མདུན་བསྐྱེད་བཅས་འདོན་ཞིང་དངོས་སྟ་བསྲེ། ཡང་དངོས་སྟ་སྦྲེལ་ཚེ་བདག་བུམ་བསྐྱར་མི་དགོས་ཤིང་རས་བྲིས་བཀྲམ་ནས་མདུན་བསྐྱེད་བཏོན་མཐར་སྟ་གོན་གྱི་


SPN001_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་བསྲེ། མཆོད་བསྟོད་བཟླས་པ་བདག་འཇུག་ཚོགས་དང་བཅས་པ་གྲུབ་ནས་དངོས་གཞིའི་དབང་བསྐུར་སྐབས་སུ། སློབ་མ་རྣམས་ཕྱི་རོལ་དུ་ལས་བུམ་ཆུས་ཁྲུས་བྱས་ནས་ནང་དུ་འོངས་ནས་གྲལ་དུ་བཀོད་པ་ལ། བར་ཆད་བསལ་བའི་དོན་དུ་སྔོན་འགྲོ་གཏོར་མ་བཏང་། ལས་བུམ་གྱི་ཆུས་བསངས་བའི་གདོང་གཡོགས་དམར་པོ་གཏད་ལ། དེ་ནས་གདོང་གཡོགས་བཅིང་བ་ནི། གྲུབ་ཆེན་ལ་ཝ་པས་སློབ་མ་དབང་པོ་རབ་འབྲིང་ཐ་མ་གསུམ་གྱི་རིམ་པས་གདོང་གཡོགས་སྲབ་མོ་འབྲིང་པོ་མཐུག་པོ་གསུམ་དུ་བཤད་ལ། དེའི་དགོས་ཆེད་ནི་དཀྱིལ་འཁོར་མ་བསྟན་གྱི་བར་དུ་བལྟ་བར་མི་རུང་བ་ཡིན་པས་རས་ཡུགས་དམར་པོ་ཁ་ཚར་མ་ཉམས་པ་རེའི་གདོང་གཡོགས་འཆིང་བར་མོས་མཛོད། ༀ་ཧྲཱིཿཔདྨ་ཏ་ཀྲི་ཏ་བཛྲ་ཀྲོདྷ་ཧྱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ༀ་ཙཀྵུརྦནྡྷ་ཝ་ར་མཱ་ན་ཡ་ཧཱུྃ། ཞེས་པས་བཅིངས། དཀྱིལ་འཁོར་དང་མཇལ་བའི་ཚེ་ཕྱག་རྟེན་མེད་པར་མཇལ་མི་རུང་བས་མེ་ཏོག་གི་ཕྲེང་བ་རེ་བྱིན་པའི་མོས་པ་མཛོད། ༀ་ཨཱཿཁཾ་ཝཱི་ར་ཧཱུྃ་གིས་མེ་ཏོག་གི་ཕྲེང་བ་བྱིན། མནྜལ་བཀྱེ་བསྡུ་བྱེད། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཟུང་འཇུག་སྐུ་བཞི་དང་ཡེ་ཤེས་ལྔའི་བདག་ཉིད་རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོའི་དབང་བཞི་རྫོགས་པར་ཞུ་སྙམ་པའི་སྒོ་ནས་གསན་འཚལ། དེའང་ཁྱེད་རྣམས་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་དབང་ཞུ་བར་


SPN001_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་ཤིན་ཏུ་བཟང་། སངས་རྒྱས་ཀྱིས་གསུངས་པའི་ཆོས་ཐམས་ཅད་ཐེག་པ་ཆེ་ཆུང་གཉིས་དང་། སྡེ་སྣོད་གསུམ། རྒྱུད་སྡེ་བཞིར་གསུངས་པ་ལ། ཐུགས་རྗེ་ཆེན་པོ་འདི་རྒྱུད་སྡེ་བཞིའི་རྩ་བ་ཞག་བདུན་ཙམ་གྱིས་དངོས་གྲུབ་ཐོབ་པར་བྱེད་པ་ཡིན་ཏེ། བྱ་སྤྱོད་ཀྱི་རྒྱུད་དང་མཐུན་པར་ཨཱ་མོ་གྷ་པཱ་ཤའི་རྒྱུད་དང་། ཐུགས་རྗེ་ཆེན་པོའི་གཟུངས་དང་རྟོག་པ་རྣམས་ཡིན། རྣལ་འབྱོར་གྱི་རྒྱུད་དང་མཐུན་པ་ནི། པདྨ་ཅོད་པན་གྱི་རྒྱུད་དང་། སྒོ་དྲུག་པ་རྣམས་ཡིན། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དང་མཐུན་པ་ནི། ཕ་བླ་ན་མེད་པ་པདྨ་རྒྱལ་པོ། མ་བླ་ན་མེད་པ་པདྨ་ཟབ་པའི་རྒྱུད་གསུངས་པ་ལས། འདི་ནི་པདྨ་ཟབ་པའི་རྒྱུད་ལ་བརྟེན་ནས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སམ་ཁྱེའུ་པདྨ་བཛྲ་སྟེ། པདྨ་བཛྲ་ཆུང་བར་ཡང་གྲགས་པ་དེས། རྒྱུད་དབང་བསྐུར་མན་ངག་དང་བཅས་པ་རྣམས་ཨོ་རྒྱན་གྱི་རྒྱལ་པོ་མ་ཧཱ་ཕ་ལ་དང་། མཁའ་འགྲོ་གྲུབ་པའི་རྒྱལ་མོའམ་བྷཾ་ག་ལའི་ཕག་མོར་གྲགས་པ་དང་། ཟ་ཧོར་གྱི་ཡུལ་དུ་ཛ་ལནྡྷ་ར་པ་གསུམ་ལ་གནང་བ་ཡིན། དེ་ཡང་རྒྱལ་པོ་མ་ཧཱ་ཕ་ལ་དེ་ནི་ཚེ་རབས་མང་པོར་སྤྱན་རས་གཟིགས་ཀྱིས་བྱིན་གྱིས་བརླབས་པ་དེ་ལ་ཐུགས་རྗེ་ཆེན་པོས་ལུང་བསྟན་ཏེ། ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་དང་ཁྱོད་རང་འབྲེལ་པ་ཡོད་པས་དེ་ལ་དབང་བསྐུར་སྒྲུབ་ཐབས་དང་བཅས་པ་ཞུས་ཤིག་གསུངས་པ་བཞིན་ཕྱོགས་ཐམས་ཅད་དུ་བཙལ་


SPN001_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

བས་མ་རྙེད་དེ་གླང་མའི་རི་བོར་ཁྱེའུ་པདྨ་བཛྲ་བྱ་བ་ཞིག་ཡོད་པ་ལ་ཕྱག་དང་བསྐོར་བ་མང་པོ་བྱས་ཏེ་རྗེས་སུ་འཛིན་པར་གསོལ་བ་བཏབ་པས་ཁྱེའུ་དེ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་དུ་གྱུར་ནས་དབང་བཞི་རྫོགས་པར་བསྐུར་ནས་མཆོག་གི་དངོས་གྲུབ་བརྙེས་པ་ཡིན་ནོ། །དེ་ནས་གྲུབ་ཆེན་ཛ་ལནྡྷ་ར་པས། རིགས་ངན་གྱི་གྲོང་ཁྱེར་དྷཱུ་ཏིར་བྲམ་ཟེ་མཻ་ཏྲི་པ་ལ་དབང་བསྐུར། དེས་རྡོ་རྗེ་གདན་གྱི་ཤར་ཕྱོགས་སུ་རྒྱལ་རིགས་ཕྱག་ན་རྡོ་རྗེ་ལ། དེས་བལ་ཡུལ་རིན་ཆེན་ཚུལ་གྱི་བི་ཧ་རར་བལ་པོ་བྷ་དནྟ་སུ་མ་ཏི་ཀཱིརྟི་ལ། དེས་བལ་ཡུལ་ཡམ་བུར་རས་ཆུང་རྡོ་རྗེ་གྲགས་པ་ལ་དབང་བསྐུར་བ་ཡིན་ནོ། །ཡང་མ་ཅིག་གྲུབ་པའི་རྒྱལ་མོས། ཏི་པུ་པ་དྲི་མེད་བཤེས་གཉེན་ལ་དབང་བསྐུར། ཏི་པུ་པས་རས་ཆུང་བ་ལ་གནང་བ་ཡིན་ཞིང་། བླ་མ་ཏི་པུ་པས་ལུང་བསྟན་པ་ལྟར་གྲུབ་པའི་རྒྱལ་མོ་དངོས་སུ་མཇལ་ཏེ་ཏ་ལའི་ལོ་མར་ཐུགས་རྗེ་ཆེན་པོའི་ཆོས་སྐོར་རྣམས་མཁའ་འགྲོའི་བརྡ་ཡིག་ཏུ་བྲིས་པ་གནང་། རས་ཆུང་པས་ཐུགས་རྗེ་ཆེན་པོ་ཞལ་གཟིགས་ཤིང་། ཕྱིས་རྒྱ་དཔེ་དེ་གླན་ཆུང་ལོ་ཙཱ་བས་བོད་སྐད་དུ་བསྒྱུར་བ་ད་ལྟ་བ་མཁལ་མར་གྲགས་པ་འདི་ཀའོ། །དེ་དག་ནི་བཀའ་མའི་དབང་དུ་བྱས་པ་ཡིན་ཞིང་། གཏེར་མའི་དབང་དུ་བྱས་ན། ཆོས་སྐུ་སྣང་བ་མཐའ་ཡས་ཀྱི་ཐུགས་རྗེ་ཆེན་པོ་དང་། གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་དང་། དཔལ་རྟ་མགྲིན་


SPN001_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྤྲུལ་ཏེ་དེ་གསུམ་ཆར་གྱིས། སློབ་དཔོན་ཆེན་པོ་ལ། ཁྱོད་ནི་སྤྱིར་གདུལ་བྱ་གདུག་པ་ཅན་མཐའ་དག་དང་། ཁྱད་པར་གངས་ལྗོངས་ཀྱི་མི་དང་མི་མ་ཡིན་ཀུན་འདུལ་བར་སྣང་བ་མཐའ་ཡས་ཀྱི་སྤྲུལ་པ་ཡིན་པས་ངེད་ཅག་གིས་བྱིན་གྱིས་བརླབ་པ་དང་གྲོགས་བྱ་ཡི་གསུངས་ནས་དབང་བསྐུར། རྒྱུད་དང་སྒྲུབ་ཐབས་བཅས་གནང་བ་ཡིན། དེས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གཉིས་ལ་གནང་བས་ལྷོ་བྲག་གནམ་སྐས་ཅན་དང་། ཤ་འུག་སྟག་སྒོ་ལྷོ་བྲག་ཁོན་མཐིང་གི་ལྷ་ཁང་སོགས་སུ་གཏེར་ཁ་དུ་མར་སྦས་པ་ལས་མངའ་བདག་ཉང་རལ་པས་ལྷོ་བྲག་ཁོན་མཐིང་གི་གཏེར་ཁ་བཏོན། ཉང་གི་སྲས་མི་བསྐྱོད་རྡོ་རྗེས་རས་ཆུང་པ་ལ་གནང་བ་ཡིན་ནོ། །རས་ཆུང་པས་བཀའ་གཏེར་ཆུ་བོ་གཉིས་འདུས་ཀྱི་གདམས་པ་རྣམས་ལོ་རོ་ཚེ་རྐང་གི་དགོན་པར་མགོ་སྟོན་དབང་ཕྱུག་རྡོ་རྗེའམ་ཟངས་རི་རས་པ་ལ་གནང་། དེས་ཡར་ལུང་སོག་ཁར་གྲུ་གུ་རས་ཆེན་ལ། དེས་སྤོམ་བྲག་པ་ཆེན་པོ་ལ། དེས་གྲུབ་ཆེན་ཀརྨ་པ་ཆེན་པོ་ལ་གནང་བས་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་ནམ་མཁའ་ཁྱབ་པ་ཞིག་ཞལ་གཟིགས། ཤར་ཕྱོགས་སྤུངས་རིར་སྣང་བ་མཐའ་ཡས་དང་རྒྱལ་བ་རྒྱ་མཚོ་བགྲང་ལས་འདས་པ་ཞལ་གཟིགས་ནས་གཙོ་བོས་སྒྲུབ་ཐབས་བཤད། མཁའ་འགྲོ་གསང་བ་ཡེ་ཤེས་ཀྱིས་ཡི་གེ་དྲུག་པ་ཛཔྲ་དབྱངས་སུ་བཟླས་


SPN001_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་གནང་། དེ་ཕྱིར་ཡིག་དྲུག་གི་ཛཔྲ་དབྱངས་ཁྲོམ་དུ་མཛད་པ་ཡིན། དེ་སོགས་དག་སྣང་གི་ལོ་རྒྱུས་དཔག་ཏུ་མེད་པ་བཞུགས་ཤིང་། གྲུབ་ཐོབ་ཀརྨ་པཀྴིའི་མན་ངག་སྐོར་གསུམ་དུ་རྡོ་རྗེ་སྙིང་པོའི་གཞུང་དང་། སྒྲོམ་ཆེན་པོ་བརྒྱད་དང་། གཞུང་འཇིགས་བྱེད་ཆེན་པོ་སོགས་རྒྱལ་བ་རྒྱ་མཚོའི་ཆོས་སྐོར་རྣམས་ཟབ་རྒྱས་སུ་བཞུགས་ཤིང་། འདི་དག་ནི་མིང་ཡོངས་སུ་གྲགས་པ་ཀརྨ་པ་དང་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོ་གཉིས་ཀྱི་བར་ན་བརྒྱུད་པ་གཞན་ཡོད་ཀྱང་རུང་མེད་ཀྱང་རུང་ཞེས་གསུངས་པ་ལྟར་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་དབྱེར་མེད་པའི་གྲུབ་ཆེན་ཀརྨ་པཀྴིས་སྤུངས་རིའི་དགོན་པར་གཉན་རས་དགེ་འདུན་འབུམ་ལ་གནང་། དེས་ཀརྨ་པ་རང་བྱུང་རྡོ་རྗེ་ལ་གནང་། དེ་ནས་རིམ་བཞིན་མཁས་བཙུན་རིན་ཆེན་རྒྱལ་མཚན། མངྒ་ལ་ཀེ་ཏུ། རྗེ་བཙུན་རཏྣ་བྷ་དྲ། ཀུན་མཁྱེན་མཐོང་བ་དོན་ལྡན། གོ་ཤྲཱི་དཔལ་འབྱོར་དོན་གྲུབ་ནས་ཀརྨ་པ་ཆོས་གྲགས་རྒྱ་མཚོའི་བར་དུ་རིམ་པར་བརྒྱུད་ཅིང་། ཆོས་རྒྱལ་རཏྣ་གླིང་པས་ལྷོ་བྲག་གནམ་སྐས་ཅན་ནས་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་ཆོས་སྐོར་རྣམས་གཏེར་ནས་སྤྱན་དྲངས་ཏེ་རྗེ་བདུན་པ་ལ་ཕུལ་ཞིང་ཆོས་ཀྱི་བདག་པོར་ལུང་གིས་བསྟན་པས་ལྷ་སྔགས་དེ་དག་གི་བྱིན་རླབས་ཀྱི་བཀའ་ཡང་དོན་གྱིས་འདིར་འདུས། དེས་རྗེ་བཙུན་མཉན་པ་གྲུབ་ཆེན་ལ་གནང་། དེ་ནས་འཇིགས་བྲལ་མི་བསྐྱོད་རྡོ་རྗེ་དང་། ཞྭ་


SPN001_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

དམར་དཀོན་མཆོག་ཡན་ལག །རྗེ་མཙུན་དབང་ཕྱུག་རྡོ་རྗེ། གར་དབང་ཆོས་ཀྱི་དབང་ཕྱུག །གྲུབ་ཐོབ་ཀརྨ་ཆགས་མེད། ཁྱབ་བདག་ཨཀྵོ་བྷྱའི་མཚན་ཅན། རིག་འཛིན་ཀརྨ་དོན་གྲུབ་སྙིང་པོ། དཔལ་ཆེན་ཆོས་ཀྱི་དོན་གྲུབ། འཇམ་མགོན་ཆོས་ཀྱི་འབྱུང་གནས། རིགས་བརྒྱའི་ཁྱབ་བདག་རྒྱལ་དབང་བདུད་འདུལ་རྡོ་རྗེ་འཆང་ཆེན་པོའི་བར་དུ་བརྒྱུད་ཅིང་། དེ་ཉིད་ཀྱི་དྲུང་ནས་ལེགས་པར་ཐོས་པས་ཤིན་ཏུ་ཟབ་ཅིང་བྱིན་རླབས་ཀྱི་ཚན་ཁ་མ་ཉམས་པའི་སྨིན་བྱེད་ཞུ་བར་བྱེད་པ་ལ། སློབ་དཔོན་གྱིས་བགྱི་བར་འོས་པའི་བདག་བདུན་བུམ་པ་སྒྲུབ་པ་བདག་ཉིད་འཇུག་ཅིང་དབང་བླང་བ་དང་བཅས་པ་གྲུབ་པས་ཁྱེད་རང་སློབ་མ་རྣམས་ཀྱིས་བགྱི་བར་འོས་པའི་མཎྜལ་ཕུལ། ཞེས་མཎྜལ་ཕུལ། དེ་ལྟར་མཎྜལ་འབུལ་བ་སྔོན་དུ་སོང་ནས་དཀྱིལ་འཁོར་འདིར་འཇུག་པ་ལ་སྔོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བདག་ནི་འཁོར་བའི་ཆོས་ལ་སྐྱོ་བ་སྐྱེས། །འཇིག་རྟེན་བྱ་བ་ཐམས་ཅད་སྤངས་ནས་ནི། །ཐར་པ་ཆེན་པོའི་གྲོང་མཆོག་དམ་པ་འདིར། །མགོན་པོས་བདག་ནི་འཇུག་པར་མཛད་དུ་གསོལ། །ལན་གསུམ། དེ་ལྟར་གསོལ་བ་བཏབ་ནས་སླར་ཡང་གསང་སྔགས་ཀྱི་ཟག་མེད་བདེ་བ་ཆེན་པོ་འདོད་པའི་བློས་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །གཙོ་བོར་ལྷ་མོར་བཅས་པ་ཡི། །ལྷ་རྣམས་ལ་ཡང་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་པར་འཚལ། །ཞེས་


SPN001_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ་གསོལ་བ་བཏབ། དེ་ནས་སློབ་དཔོན་གྱིས་དཀྱིལ་འཁོར་དུ་གསོལ་བ་བཏབ་པ་ནི། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གི་སློབ་མ་གཞུག་པར་བགྱི། །ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཤར་གྱི་སྒོ་ནང་དུ་གནས་པས། ལྷ་ཚོགས་རྣམས་ཀྱི་ཞབས་ལ་གུས་པས་ཕྱག་འཚལ་བར་དམིགས་ལ་སྔགས་འདིའི་རྗེས་ཟློས་དང་བཅས་པས་ཕྱག་མཛོད་ཅིག །ༀ་མ་ཎི་པདྨེ་ཧཱུྃ། ཞེས་སྤྱི་བོར་ཐལ་མོ་སྦྱར་ནས། ན་མཿཏེ་ཧཱུྃ་མགྲིན་པར། ན་མཿམི་ཧཱུྃ་སྙིང་གར། ན་མོ་ན་མཿཧཱུྃ། སྒོ་དེ་ཉིད་ནས་ཐོན་ཏེ་དཀྱིལ་འཁོར་གྱི་ཕྱིར་གཡས་བསྐོར་གྱིས་སོང་ནས། ལྷོའི་སྒོ་ནང་དུ་གནས་པས། དཀྱིལ་འཁོར་གྱི་ལྷ་ལ་ཕྱག་མཛོད་ཅིག །སོགས་གོང་ལྟར། སླར་སྒོ་དེ་ཉིད་ནས་ཐོན་ཏེ། ནུབ་ཀྱི་སྒོ་ནང་དུ་གནས་པས་དཀྱིལ་འཁོར་གྱི་ལྷ་ལ་ཕྱག་མཛོད་ཅིག །ༀ་མ་ཎི་སོགས། སླར་སྒོ་དེ་ཉིད་ནས་ཐོན་ཏེ་བྱང་གི་སྒོ་དང་དུ་གནས་པས། དཀྱིལ་འཁོར་གྱི་ལྷ་ལ་ཕྱག་མཛོད་ཅིག །ༀ་མ་ཎི་སོགས། སླར་ཤར་གྱི་སྒོ་ནང་དུ་གནས་པས། དཀྱིལ་འཁོར་གྱི་ལྷའི་དྲུང་དུ་སྔགས་ཀྱི་དམ་ཚིག་དང་སྡོམ་པ་རྣམས་བླངས་ནས་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །ཇི་ལྟར་དུས་གསུམ་མགོན་


SPN001_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །སྡོམ་པ་ཡི་ནི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་རྣམས། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །ནམ་དུ་ཡང་ནི་མི་སྤང་ངོ་། རྡོ་རྗེའི་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །ཟང་ཟིང་ཆོས་དང་མི་འཇིགས་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་བྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བ། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་ཆོས་སོ་སོར་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་བསྡུས་པ་ལ། །སྡོམ་པ་ཐམས་ཅད་ཡང་དག་ལྡན། །ཀུན་ནས་སོ་སོར་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །བདག་གིས་སྡོམ་པ་མ་ལུས་བཟུང་། །མ་བརྒལ་བ་རྣམས་བསྒྲལ་པར་བགྱི། །མ་གྲོལ་བ་རྣམས་དགྲོལ་བར་བགྱི། །དབུགས་མ་


SPN001_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུང་རྣམས་དབུགས་དབྱུང་ཞིང་། །འགྲོ་ཀུན་མྱ་ངན་འདས་ལ་འགོད། །ཞེས་ལན་གསུམ། དེ་ནས་ཁྱེད་རང་རྣམས་སྐད་ཅིག་གིས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མས་མུ་ཏིག་དམར་པོའི་ཕྲེང་བ་འཛིན་པ། གཡོན་འོག་མས་མེ་ཏོག་པདྨ་དམར་པོ་འདབ་མ་བརྒྱད་པའི་ཡུ་བ་ནས་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་གྱེན་དུ་བཅིངས་པ་ལ་དར་གྱི་ཅོད་པན་དང་རིན་པོ་ཆེའི་རྩེ་བྲན་ལྔས་བརྒྱན་པ། རྣམ་བཀྲ་ལྷའི་དར་གྱི་ན་བཟས་མཛེས་པ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པར་སྒོམས་ཤིག །རྡོ་རྗེ་དང་བཅས་པའི་ཐལ་མོ་དྲིའི་ཆུ་དང་བཅས་པས་སྤྱི་བོ། མགྲིན་པ། སྙིང་གར་རེག་ཅིང་། དེ་ནས་གནས་གསུམ་བྱིན་གྱིས་བརླབ་པའི་ཕྱིར། སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་གྱུར། དེ་ནས་སྔགས་ཀྱི་རྡོ་རྗེའི་རྣལ་འབྱོར་དུ་སེམས་བསྐྱེད་པའི་ཕྱིར་ཡི་དམ་ལྷའི་ཐུགས་ཀར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་པའི་སྟེང་དུ། དོན་དམ་པ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་རེ་བསྒོམ་ལ་འདིའི་རྗེས་ཟློས་མཛོད། ༀ་སརྦ་ཡོ་ག་ཙིཏྟཾ་ཨུཏྤ་ད་ཡཱ་མི། ཞེས་ལན་གསུམ། དེ་ལྟར་སེམས་བསྐྱེད་པ་དེ་ཉིད་


SPN001_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པར་བྱས་པའི་མོས་པ་མཛོད། སྙིང་གར་རྡོ་རྗེ་བཞག །སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། དེ་ནས་དམ་ཚིག་བསྒྲག་པ་ལས། དང་པོ་དཀྱིལ་འཁོར་ལྷའི་དམ་ཚིག་ནི། སྤྱི་བོར་རྡོ་རྗེ་བཞག །ཁྱོད་ནི་རྣལ་འབྱོར་རིགས་སུ་སྐྱེས། །ང་ཡིས་ཡེ་ཤེས་རྡོ་རྗེ་སྦྱིན། །བྱིན་པས་དངོས་གྲུབ་ཐོབ་པར་འགྱུར། །གང་གིས་འདི་འདྲ་མ་མཐོང་བའི། །དྲུང་དུ་སྨྲ་བར་མ་བྱེད་ཅིག །བག་མེད་སྨྲས་ན་ཉམས་པར་འགྱུར། །དེ་བས་ང་རྒྱལ་བཅོམ་ནས་ནི། །བདག་ཉིད་མ་འཁྲུལ་ཤེས་པར་གྱིས། །དེ་ལྟར་དམ་ཚིག་བསྒྲགས་ནས་ཙནྡན་དང་གུར་གུམ་ལ་སོགས་པས་བགོས་པའི་བྱིན་གྱིས་བརླབས་པའི་དམ་ཆུ་སྦྱིན་པ་ནི། བདུད་རྩི་ལྔའི་ཆུ་བླུད་ཅིང་། འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ༀ་སརྦ་པཉྩ་ཨམྲྀ་ཏ་ཨུ་ད་ཀ་ཋ་ཋ་ཧཱུྃ། དེ་ནས་རྡོ་རྗེ་སློབ་དཔོན་གྱི་བཀའ་གཉན་པའི་དམ་ཚིག་བསྒྲག་པ་ནི། སྤྱི་བོར་རྡོ་རྗེ་བཞག །དེང་འདི་ནས་ནི་བུ་ཁྱོད་ཀྱི། །རྡོ་རྗེ་འཛིན་པ་ང་ཡིན་གྱི། །ང་ཡིས་ཇི་ལྟར་བཀའ་སྩལ་པ། །ཁྱོད་ཀྱིས་སྐྱོ་བ་མེད་པར་སྒྲུབས། །གང་ཡང་ང་ལ་མ་གུས་མིན། །དེ་བཞིན་གུས་པར་མ་བྱས་ན། །བདུད་ཀྱིས་བཅོམ་ནས་ངན་འགྲོར་འགྲོ། །དེ་བས་དམ་ཚིག་གནས་པར་གྱིས། །དེ་དག་ནི་དཀྱིལ་འཁོར་དུ་འཇུག་པའོ། །དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་དོན་དུ་མནྜལ།


SPN001_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

མནྜལ་ཕུལ་ནས། ད་ཁྱེད་རང་རྣམས་ལངས་ལ་སྤྱི་བོར་ཆོས་འབྱུང་གི་ཕྱག་རྒྱ་བྱས་ནས། ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པ་ལ་དམིགས་པ་འདི་ལྟར་མཛོད། ཁྱེད་རྣམས་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ཏུ་བསྒོམ་པའི་ལུས་ཀྱི་ནང་སྟོང་ཞིང་གསལ་བའི་ལྟེ་བར་པདྨ་འདབ་བཞིའི་སྟེང་དུ་གཡུང་དྲུང་དམར་པོ་གཡོན་དུ་འཁྱིལ་བ་རེ། དེའི་སྟེང་དུ་ཧྲཱིཿལས་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་ཕོག་ཅིང་། འོད་ཟེར་ཚུར་འདུས་ནས་ལྟེ་བའི་ཧྲཱིཿལ་ཐིམ་པས་ལུས་སེམས་ཐམས་ཅད་བདེ་བ་ཆེན་པོས་ཁྱབ་པར་བསྒོམ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད་ཅིག །ཇོ་བོ་ཐུགས་རྗེ་ཆེན་པོ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། སློབ་དཔོན་པདྨ་གྲུབ་ཐོབ་བརྒྱུད་པའི་ཚོགས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། དཔལ་རྟ་མགྲིན་དཔའ་བོ་རྒྱ་མཚོའི་ཚོགས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། གསང་བ་ཡེ་ཤེས་མཁའ་འགྲོ་མ་རྒྱ་མཚོའི་ཚོགས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། དམ་ཅན་ཆོས་སྐྱོང་བའི་སྲུང་མ་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། གསུམ། ཞེས་གསོལ་བ་བཏབ་པས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་བཅས་པ་ཆར་བབ་པ་ལྟར་


SPN001_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན་ནས། ཁྱོད་རང་གི་ལུས་ངག་ཡིད་གསུམ་ལ་ཐིམ་པའི་མོས་པ་རྩེ་གཅིག་ཏུ་མཛོད། གུ་གུལ་གྱིས་བདུག །རོལ་མོ་དང་བཅས་པས། ༀ་ཨཱཿཧཱུྃ་ཧྲཱིཿༀ་མཎི་པདྨེ་ཧཱུྃ། ༀ་བཛྲ་ཝཱ་རཱ་ཧི། བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞ་ནཱི་ཡེ། བཛྲ་བཻ་རོ་ཙཱ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཕཊ་སྭཱ་ཧཱ། དྷུ་མ་གྷ་ཡེ་ན་མ་སྭཱ་ཧཱ། ཧ་རི་ནི་ས་ར་ཙ་ཧྲཱིཿཡ་ཧཱུྃ་ཛཿཨཱ་བེ་ཤ་ཡ། ཨཱ་བེ་ཤ་ཡ། ཨཿཨཿཞེས་ཡེ་ཤེས་པམ་ཕེབས་ཀྱི་བར་དུ་བརྗོད། དེ་ལྟར་ཕབ་བའི་ཡེ་ཤེས་པ་དེ་ཉིད་ངོ་སྤྲད་པའི་ཕྱིར་རྡོ་རྗེའི་གླུ་བླང་བ་ནི། ལྟོས་ཤིག་རང་གི་སེམས་ལ་ལྟོས། །སེམས་ཉིད་ཅིར་ཡང་གྲུབ་པ་མེད། གྲུབ་པ་མེད་པའི་སེམས་ཉིད་ལ། །སྣ་ཚོགས་སྣང་བ་ངོ་མཚར་ཆེ། །སྣང་ཙམ་ཉིད་ནས་སེམས་སུ་འདུས། །སེམས་ཅན་ཀུན་གྱི་སེམས་ཉིད་དེ། །བདེ་བ་ཆེན་པོའི་ཡེ་ཤེས་ཡིན། །རྣམ་པར་མི་རྟོག་བསམ་མི་ཁྱབ། །གསལ་བ་དེའི་ངོ་བོར་སྣང་། །མོས་པ་དུ་མའི་སེམས་ཅན་ལ། །ཐབས་རྣམས་སྣ་ཚོགས་སྟོན་པ་སྟེ། །སྣ་ཚོགས་སྒྱུ་མའི་སྦྱོར་བ་ཡི། །དཔའ་བོ་སེངྒེ་བཞིན་དུ་སྤྱོད། །བསམ་གྱིས་མི་ཁྱབ་གོ་འཕང་ཐོབ། །སྤྱན་རས་གཟིགས་ཀྱི་བྱིན་རླབས་ཡིན། །བླ་མ་བརྒྱུད་པའི་རིམ་པ་ནི། །སྣ་ཚོགས་ནོར་བུ་ཇི་བཞིན་དུ། །སྐལ་ལྡན་རྣམས་ཀྱི་སྤྱོད་ཡུལ་ཡིན། །སྤྱི་བོར་རྡོ་རྗེ་བཞག་ལ། དེ་ལྟར་དབབ་པའི་ཡེ་ཤེས་པ་དེ་ཉིད་བརྟན་པར་བྱས་པའི་མོས་པ་མཛོད། ༀ་ཏིཥྛ་བཛྲ་ཅེས་བརྗོད། མིག་རས་ཀྱི་


SPN001_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ནས་དཀྱིལ་འཁོར་གྱི་བར་སྣང་ལ་ལྟོས་ལ་ཁ་དོག་ཇི་ལྟར་མཐོང་བ་སྨྲོས་ཤིག །ཁ་དོག་ཅི་མཐོང་བརྗོད་བཅུག །དེ་ལྟར་དཀར་པོ་ལ་ཞི་བ། སེར་པོ་ལ་རྒྱས་པ། དམར་པོ་ལ་དབང་། ལྗང་གུའམ་ནག་པོ་ལ་དྲག་པོ། ཁ་དོག་སྣ་ཚོགས་ལ་ལས་སྣ་ཚོགས་འགྲུབ་པར་འགྱུར་རོ། །ཅེས་བརྗོད། དེ་ནས་དཀྱིལ་འཁོར་གྱི་དྲུང་དུ་མེ་ཏོག་དོར་བའི་ཕྱིར་སློབ་དཔོན་གྱི་བདེན་པའི་བྱིན་རླབས་ཀྱི་ཚིག་བརྗོད་པ་ནི། ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གི་སློབ་མ་གཞུག་པར་བགྱི། །ལྷ་རྣམས་ཀྱི་ནི་རིགས་ཇི་བཞིན། །ཇི་ལྟར་བསོད་ནམས་དེ་བཞིན་ཤོག །མེ་ཏོག་གི་ཕྲེང་བ་འདི་ཁྱོད་ཀྱི་སྐྱེ་བ་སྔ་མ་ལ་ལས་ཀྱི་འཕྲོ་ཡོད་པའི་ལྷ་གང་ཡིན་པ་ལ་ཕོག་པར་གྱུར་ཅིག་ཅེས་ཡིད་ལ་གྱིས་ལ་འདིའི་རྗེས་ཟློས། བདེ་གཤེགས་སྙིང་བོའི་དཀྱིལ་འཁོར་དུ། །རིག་པའི་མེ་ཏོག་འདི་དོར་བས། །སྔོན་ཚེ་གང་ལ་སྦྱངས་པའི་ལྷ། །གང་ཡིན་དེ་ལ་ཕོག་པར་ཤོག །པྲ་ཏཱིཙྪ་བཛྲ་ཧོཿཞེས་བརྗོད་བཞིན་པས་མེ་ཏོག་དཀྱིལ་འཁོར་ལ་འདོར་ཞིག །ཞེས་བརྗོད་ལ་དཀྱིལ་འཁོར་གྱི་སྟེང་དུ་དོར་དུ་བཅུག །སློབ་དཔོན་གྱིས་ལྷ་གང་ལ་ཕོག་པ་བརྟག་ལ་མེ་ཏོག་བླངས་ནས། མེ་ཏོག་གང་ལ་ཕོག་པའི་ལྷ་དེ་ཉིད་སྤྱི་བོར་ཐིམ་པར་སྒོམས་ཤིག །སེམས་དཔའ་སྟོབས་ཆེན་ཁྱོད་ཀྱིས་ནི། །འདི་ནི་རབ་ཏུ་གཟུང་བར་གྱིས། །པྲ་ཏི་གྲྀཧྣ་ཨི་མཾ་བ་ལ་མ་ཧཱ་ས་ཏྭ། ཁྱོད་གཙོ་བོ་འཇིག་རྟེན་དབང་ཕྱུག་གི་རིགས་


SPN001_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་དཔལ་དགྱེས་པའི་པདྨ་ཞེས་བྱའོ། །གཞན་རིགས་ལྔ་གང་ལ་བབས་པའི་གསང་མཚན་སོ་སོར་བཏག་གོ། །ཞེས་མེ་ཏོག་སྤྱི་བོར་བཞག །དེ་ནས་གདོང་གཡོགས་བསལ་བ་ནི། གསེར་གྱི་ཐུར་མས་མ་རིག་པའི་ལིང་ཐོག་དང་མིག་དར་ལྷན་ཅིག་ཏུ་བསལ་པའི་མོས་པ་མཛོད། སྤྱན་རས་གཟིགས་དབང་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་བར་འགྱུར། །རྡོ་རྗེའི་མིག་ནི་བླ་ན་མེད། །ༀ་ཛྙཱ་ན་ཙཀྵུ་བི་ཤོ་དྷ་ཡ་སྭཱ-་ཧཱ། ཞེས་མིག་དར་བསལ། དེ་ནས་དཀྱིལ་འཁོར་བསྟན་པ་ནི། ལྟོས་ཤིག་ལྟོས་ཤིག་སེམས་དཔའ་ཆེ། །དཀྱིལ་འཁོར་སྙིང་པོ་འདི་ལ་ལྟོས། །ཞེས་དཀྱིལ་འཁོར་ལ་ལྟ་བར་བསྐུལ་ནས་རྟེན་དང་བརྟེན་པར་བཅས་པའི་ལྷ་རྣམས་ངོ་སྤྲད་པར་བྱ་སྟེ། དེའང་སངས་རྒྱས་ཀྱི་ཞིང་ཁམས་པདྨ་རཱ་ག་ལས་གྲུབ་པ་ཆོས་ཀྱི་དབྱིངས་དང་མཉམ་པའི་དབུས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་བྱང་ཆུབ་ཤིང་གི་སྟེང་དུ་པདྨ་འདབ་མ་འབུམ་ལྡན་གྱི་དབུས་སུ་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བ་གྲུ་བཞི་སྒོ་བཞི་རྟ་བབས་བཞི་ལྡན། ཀ་བ་བརྒྱད་ཀྱིས་མཛེས་པ། དབུས་སུ་ཟླུམ་སྐོར་གཙོ་བོའི་འདོམ་གང་བ། དེའི་མཐར་རྒྱ་གྲམ་དང་། རྡོ་རྗེ་དང་། འཁོར་ལོའི་གདུང་ཟླུམ་པོ། དེའི་མཐར་རྒྱ་གྲམ་གྱི་གདུང་གི་སྣ་བཞི་ཕྱིར་ལྷག་པ་ལ་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པ། ཕྱིའི་དབྱིབས་གཙོ་བོའི་འདོམ་བརྒྱད་དང་ལྡན་པ། ཡེ་ཤེས་ལྔ་ཡི་རང་མདངས་ལྡན་པའི་རྩིག་པ་རིམ་པ་ལྔ་དང་། རིན་པོ་ཆེའི་ཕ་གུའི་སྟེང་དུ་མུན་སྣམ་ལ་རིན་པོ་ཆེའི་


SPN001_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

དྲྭ་བས་མཛེས་པ། དེའི་སྟེང་དུ་གདུང་གི་སྣར་རྒྱ་གྲམ་གྱིས་མཚན་ཅིང་ཕྱིར་ལ་འདོམ་ཕྱེད་ལྷག་པ་འདོད་སྣམ་དང་མཉམ་པའི་སྟེང་དུ་མདའ་ཡབ་ཀྱིས་བརྒྱན་པ། གཙོ་བོའི་ཏོག་གི་རྡོ་རྗེ་རྒྱ་གྲམ་གྱི་སྟེང་དུ་ཆོས་ཀྱི་འཁོར་ལོ་རིམ་པ་བཅུ་གསུམ་དང་། རྟ་བབས་རེ་རེའི་སྟེང་དུ་ཆོས་འཁོར་རིམ་པ་བཅུ་པ། དེ་རྣམས་གདུགས་ཆར་ཁེབས་དར་དཔྱངས་ཏོག་གིས་སྤྲས་པ། ཕྱོགས་བཞིར་རི་དྭགས་བཞི་བཞི། མཚམས་བཞི་ན་བ་དན་བཞི་བཞི། རྩིག་པའི་རྩ་བར་འདོད་སྣམ་གྱིས་འཁོར་བའི་ཟུར་བཅུ་གཉིས་ལ་བ་དན་གྱིས་མཚན་པ། དེའི་ཕྱི་རོལ་དུ་དུར་ཁྲོད་བརྒྱད། དེའི་ཕྱི་རོལ་དུ་རྡོ་རྗེའི་རྭ་གུར་མེ་རི་དང་བཅས་པའོ། །དབུས་སུ་སྣ་ཚོགས་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བཅོམ་ལྡན་འདས་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་གྲི་ཐོད་འཛིན་པ་ལ་འཁྱུད་ཅིང་ཐལ་མོ་སྦྱར་བ། གཡས་ཀྱི་འོག་མས་རྡོ་རྗེ་རྩེ་ལྔ་པ་དང་། གཡོན་འོག་མས་པདྨ་འདབ་བརྒྱད་ཀྱི་ཡུ་བ་ནས་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་འོད་དང་འོད་ཟེར་འབར་བ། ཕྱོགས་བཞིར་རིགས་བཞིའི་སྤྱན་རས་གཟིགས་སྐུ་མདོག་དང་རྒྱན་ཆ་ལུགས་གཙོ་བོ་དང་མཚུངས་པ། ཕྱག་བཞིའི་དང་པོས་ཡུམ་ལ་འཁྱུད་ཅིང་ཐལ་མོ་སྦྱར་བ། གཡས་ཀྱི་འོག་མས་མུ་ཏིག་དམར་པོའི་


SPN001_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བ་དང་། གཡོན་གྱི་འོག་མས་པདྨ་བསྣམས་པ། ཡུམ་བཞི་སྐུ་མདོག་སྔོ་སེར་དམར་ལྗང་ཕྱག་བཞིའི་དང་པོ་ཡབ་ལ་འཁྱུད་ཅིང་། གཡས་ཀྱི་འོག་མ་རྣམས་འཁོར་ལོ་དང་རིན་པོ་ཆེ་དང་པདྨ་དང་ཨུཏྤལ་འཛིན་པ། གཡོན་གྱི་འོག་མ་རྣམས་པདྨ་བསྣམས་པ། མཚམས་བཞིར་རིགས་བཞིའི་མཁའ་འགྲོ་མ་སྔོ་སེར་དམར་ལྗང་གཡས་རྣམས་ཀྱི་རྡོ་རྗེ་ནོར་བུ་བུམ་པ་རལ་གྲི། གཡོན་རྣམས་པདྨ་བསྣམས་པ། སྐུ་ལ་རུས་པ་དང་རིན་པོ་ཆེས་བརྒྱན་པ། ཕྱི་རོལ་དུ་འདོད་སྣམ་ལ་འཁོད་པའི་གཟུགས་སྒྲ་དྲི་རོ་རེག་བྱའི་རྡོ་རྗེ་ལྷ་མོ་རྣམས་དང་བཅས་པ་གསལ་བར་བཞུགས་པ་དེ་དག་ཀྱང་དོན་དམ་པར་རང་སེམས་བདེ་གཤེགས་སྙིང་པོའི་རང་མདངས་ཡེ་ཤེས་ཀྱི་རོལ་པ་མཚན་འཛིན་ཡིད་བྱེད་དང་བྲལ་བ་ཆོས་དབྱིངས་བསམ་མི་ཁྱབ་པའི་ངང་ཚུལ་དུ་བཞུགས་པ་གློ་བུར་གྱི་དྲི་མའི་སྦྱང་བྱ་མཐའ་དག་གསང་སྔགས་ཀྱི་ཐབས་ཟབ་མོས་སྐད་ཅིག་མ་འདིར་བྱང་ནས་མཚོན་བྱེད་དཔེའི་དཀྱིལ་འཁོར་ལ་བརྟེན་པའི་མཚོན་བྱ་དོན་གྱི་དཀྱིལ་འཁོར་ཡང་སྒྲིབ་མེད་མངོན་སུམ་དུ་མཐོང་པའི་མོས་པ་མཛོད། དེ་ནས་དེ་ལ་སྤྲོ་བ་བསྐྱེད་ནས་བཀའ་བསྒོ་བ་ནི། ད་ནི་དད་པ་རབ་ཏུ་བསྐྱེད། །ཁྱོད་ནི་རྣལ་འབྱོར་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་རློབས། །འགྲོ་བ་ཕུན་ཚོགས་དངོས་གྲུབ་ཀུན། །ཐམས་ཅད་འདི་ལས་འབྱུང་བས་ན། །དམ་ཚིག་ཐམས་ཅད་སྤྱོད་པ་དང་། །དངོས་གྲུབ་ཐོབ་ཕྱིར་དམ་ཚིག་སྐྱོངས། །གསང་


SPN001_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ལ་ཡང་བརྩོན་པར་གྱིས། །རས་བྲིས་ཀྱི་དཀྱིལ་འཁོར་བྲིས་བ་འདི་དཔེ་ཡིན་ཏེ། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་རྫོགས་པའི་གཞལ་མེད་ཁང་པ་ན་རིགས་ལྔའི་སྤྱན་རས་གཟིགས་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་འདི་ལྟ་བུར་བསྒོམས་པ་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཡིན་པས། བསྐྱེད་པའི་རིམ་པ་བསྒོམ་པ་ལ་བརྩོན་པར་གྱིས་ཤིག །ཅེས་ལྷ་ངོ་བསྟན། དེ་རྣམས་ཀྱིས་འཇུག་པའི་ཆོས་རྣམས་སོང་བ་ཡིན། དངོས་བཞིའི་དབང་བསྐུར་ཞུ་བའི་དོན་དུ་མཎྜལ་ཕུལ། ཞེས་མཎྜལ་ཕུལ་ལ། དེ་ནས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་དད་མེད་པའི་དྲུང་དུ་དབང་བཞི་རྫོགས་པར་ཞུ་བ་ལས་བུམ་དབང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། པདྨ་དབང་གི་དཀྱིལ་འཁོར་དུ། །མགོན་པོ་གཟི་བརྗིད་འོད་དཔག་མེད། །རྒྱལ་སྲས་ཚོགས་དང་བཅས་པ་ལ། །དབང་བསྐུར་ཡོངས་སུ་རྫོགས་པ་ལྟར། །དེ་བཞིན་བླ་མ་ཁྱེད་ཀྱིས་ཀྱང་། །བདག་ལ་དབང་བསྐུར་བཛད་དུ་གསོལ། །ལན་གསུམ། དེ་ནས་ཁྱེད་རང་རྣམས་སྐད་ཅིག་གིས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མས་མུ་ཏིག་དམར་པོའི་ཕྲེང་བ་འཛིན་པ། གཡོན་འོག་མས་མེ་ཏོག་པདྨ་དམར་པོ་འདབ་མ་བརྒྱད་པའི་ཡུ་བ་ནས་འཛིན་པ། དབུ་


SPN001_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

སྐྲ་རལ་པའི་ཐོར་ཚུགས་གྱེན་དུ་བཅིངས་པ་ལ་དར་གྱི་ཅོད་པན་དང་རིན་པོ་ཆེའི་རྩེ་བྲན་ལྔས་བརྒྱན་པ། རྣམ་བཀྲ་ལྷའི་དར་གྱི་ན་བཟས་མཛེས་པ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པར་གྱུར་པ་ལ། བུམ་པའི་དབང་བསྐུར་བའི་དོན་དུ་མདུན་གྱི་ནམ་མཁར་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བ་དང་། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། མཁའ་འགྲོ་མའི་ཚོགས་རིན་པོ་ཆེའི་བུམ་པ་ཐོགས་པ་རྣམས་ཀྱིས་བུམ་པའི་དབང་བསྐུར་བའི་མོས་པ་མཛོད་ཅིག །བུམ་པ་སྤྱི་བོར་བཞག །སྤྱན་རས་གཟིགས་དབང་འཇིག་རྟེན་གསུམ་གྱི་མགོན། །སངས་རྒྱས་རྣམས་ཀྱིས་བུམ་པའི་དབང་། །རྒྱལ་སྲས་རྣམས་ལ་བསྐུར་བ་ལྟར། །དེང་འདིར་ཁྱོད་ལ་བསྐུར་བར་བྱ། །ཆོས་དབྱིངས་ཡེ་ཤེས་དབང་འདི་ཁྱོད་ཀྱིས་ལོངས། །སྐུ་མཆོག་བུམ་པའི་དབང་འདི་ཡོངས་རྫོགས་ཤོག །ཡི་གེ་བཅུ་པ་དང་། ༀ་བུདྡྷ་ཨ་བྷི་ཥིཉྩ་ༀ། བུམ་ཆུས་བཀྲུ་ཞིང་། ཇི་ལྟར་བལྟམས་པ་སོགས་བརྗོད། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཧཱུྃ། དེ་ལྟར་རྣམ་པར་སྣང་མཛད་ཀྱི་ངོ་བོ་བུམ་པའི་དབང་བསྐུར་པས་ཉོན་མོངས་པ་གཏི་མུག་དག །གཟུགས་ཀྱི་ཕུང་པོ་གནས་གྱུར། ཆོས་དབྱིངས་ཡེ་ཤེས་ཐོབ་པར་སྒོམས་ཤིག །དེ་ནས་རྡོ་རྗེའི་དབང་བསྐུར་པའི་དོན་དུ་མདུན་གྱི་ནམ་མཁར་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བ་དང་། ཕྱོགས་བཅུའི་


SPN001_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཐམས་ཅད་དང་། མཁའ་འགྲོ་མའི་ཚོགས་རྣམས་ཀྱིས་རྡོ་རྗེའི་དབང་བསྐུར་བས། རྡོ་རྗེ་འདི་དང་ཐ་དད་མེད་པར། ཐུགས་རྡོ་རྗེ་མི་བསྐྱོད་པའི་ལྷ་ཚོགས་དཔག་ཏུ་མེད་པར་བྱོན་ནས། ཁྱེད་རང་རྣམས་ལ་ཐིམ་པའི་མོས་པ་མཛོད་ཅིག །རྡོ་རྗེ་གཡས་སུ་བྱིན་ལ། མི་བསྐྱོད་རྒྱལ་པོ་རིགས་ཀྱི་གཙོ། །ཞེ་སྡང་རྣམ་དག་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །མེ་ལོང་ཡེ་ཤེས་དབང་འདི་ཁྱོད་ཀྱིས་ལོངས། །ཐུགས་མཆོག་རྡོ་རྗེའི་དབང་འདི་ཡོངས་རྫོགས་ཤོག །ཡི་གེ་བཅུ་པ་དང་། ༀ་བཛྲ་ས་ཏྭ་ཨ་བྷི་ཥིཉྩ་ཧཱུྃ། དེ་ལྟར་མི་བསྐྱོད་པའི་ངོ་བོ་རྡོ་རྗེའི་དབང་བསྐུར་བས། ཉོན་མོངས་པ་ཞེ་སྡང་དག །རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་ཐོབ་བར་སྒོམས་ཤིག །དེ་ནས་གསུང་མཆོག་གླེགས་བམ་གྱི་དབང་བསྐུར་བའི་དོན་དུ་མདུན་གྱི་ནམ་མཁར་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བ་དང་། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། མཁའ་འགྲོ་མའི་ཚོགས་རྣམས་ཀྱིས་གླེགས་བམ་གྱི་དབང་བསྐུར་བས་གླེགས་བམ་འདི་དང་ཐ་དད་མེད་པར་སྣང་བ་མཐའ་ཡས་ཀྱི་ལྷ་ཚོགས་དཔག་ཏུ་མེད་པ་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པས་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་ཐོབ་པའི་མོས་པ་མཛོད་ཅིག །ཡི་གེ་དྲུག་པའི་གླེགས་བམ་ལག་ཏུ་གཏད་ལ། པདྨ་དབང་གི་དཀྱིལ་


SPN001_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དུ། །འདོད་ཆགས་རྣམ་པར་དག་པ་ཡི། །སངས་རྒྱས་རྣམས་ཀྱི་གསུང་མཆོག་དབང་། །དེང་འདིར་ཁྱོད་ལ་བསྐུར་བར་བྱ། །སོར་རྟོག་ཡེ་ཤེས་དབང་འདི་ཁྱོད་ཀྱིས་ལོངས། །གསུང་མཆོག་གླེགས་བམ་དབང་འདི་ཡོངས་རྫོགས་ཤོག །ཡི་གེ་བཅུ་པ་དང་། ༀ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿདེ་ལྟར་འོད་དཔག་མེད་ཀྱི་ངོ་བོ་གླེགས་བམ་གྱི་དབང་བསྐུར་བས། ཉོན་མོངས་པ་འདོད་ཆགས་དག །འདུ་ཤེས་ཀྱི་ཕུང་པོ་གནས་གྱུར། སོ་སོར་རྟོག་པའི་ཡེ་ཤེས་ཐོབ་པར་སྒོམས་ཤིག །དེ་ནས་དབུ་རྒྱན་གྱི་དབང་བསྐུར་བའི་དོན་དུ་མདུན་གྱི་ནམ་མཁར་ཡེ་ཤེས་གྱི་དཀྱིལ་འཁོར་གསལ་བ་དང་། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། མཁའ་འགྲོ་མའི་ཚོགས་རྣམས་ཀྱིས་དབུ་རྒྱན་གྱི་དབང་བསྐུར་བས། དབུ་རྒྱན་འདི་དང་ཐ་དད་མེད་པར་རིན་ཆེན་འབྱུང་ལྡན་གྱི་ལྷ་ཚོགས་དཔག་ཏུ་མེད་པ་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པས། རང་བྱུང་ཡེ་ཤེས་ཀྱི་དབང་ཐོབ་པའི་མོས་པ་མཛོད་ཅིག །དབུ་རྒྱན་དང་ཅོད་པན་རིན་པོ་ཆེའི་ཕྲེང་བ་མགོ་བོར་བཅིངས་ལ། རིན་ཆེན་མཆོག་གི་དཀྱིལ་འཁོར་དུ། །ང་རྒྱལ་རྣམ་པར་དག་པ་ཡི། །སངས་རྒྱས་རྣམས་ཀྱི་ཡོན་ཏན་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །མཉམ་ཉིད་ཡེ་ཤེས་དབང་འདི་ཁྱོད་ཀྱིས་ལོངས། །ཡོན་ཏན་དབུ་རྒྱན་དབང་འདི་ཡོངས་རྫོགས་ཤོག །ཡི་གེ་བཅུ་པ་དང་། ༀ་རཏྣ་ཨ་


SPN001_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

བྷི་ཥིཉྩ་ཏྲཱྃ། དེ་ལྟར་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་དབུ་རྒྱན་གྱི་དབང་བསྐུར་བས་ཉོན་མོངས་པ་ང་རྒྱལ་དག །ཚོར་བའི་ཕུང་པོ་གནས་གྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་ཐོབ་པར་སྒོམས་ཤིག །དེ་ནས་དྲིལ་བུའི་དབང་བསྐུར་བའི་དོན་དུ་མདུན་གྱི་ནམ་མཁར་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བ་དང་། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། མཁའ་འགྲོ་མའི་ཚོགས་རྣམས་ཀྱིས་དྲིལ་བུའི་དབང་བསྐུར་བས། དྲིལ་བུ་འདི་དང་ཐ་དད་མེད་པར་དོན་ཡོད་གྲུབ་པའི་ལྷ་ཚོགས་དཔག་ཏུ་མེད་པ་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པས་ཕྲིན་ལས་རྣམ་བཞིའི་དབང་ཐོབ་པའི་མོས་པ་མཛོད་ཅིག །ཅེས་དྲིལ་བུ་ལག་གཡོན་དུ་བྱིན་ལ། ཕྲིན་ལས་ཡོངས་རྫོགས་དཀྱིལ་འཁོར་དུ། །ཕྲག་དོག་རང་སར་དག་པ་ཡི། །སངས་རྒྱས་རྣམས་ཀྱི་ཕྲིན་ལས་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །བྱ་གྲུབ་ཡེ་ཤེས་དབང་འདི་ཁྱོད་ཀྱིས་ལོངས། །ཕྲིན་ལས་དྲིལ་བུའི་དབང་འདི་ཡོངས་རྫོགས་ཤོག །ཡི་གེ་བཅུ་པ་དང་། ༀ་ཀརྨ་ཨ་བྷི་ཥིཉྩ་ཨཱཿདེ་ལྟར་དོན་ཡོད་གྲུབ་བའི་ངོ་བོ་དྲིལ་བུའི་དབང་བསྐུར་བས། ཉོན་མོངས་པ་ཕྲག་དོག་དག །འདུ་བྱེད་ཀྱི་ཕུང་པོ་གནས་གྱུར། བྱ་བ་གྲུབ་པའི་ཡེ་ཤེས་ཐོབ་པར་སྒོམས་ཤིག །དེ་ནས་མིང་གི་དབང་བསྐུར་བའི་དོན་དུ་མདུན་གྱི་ནམ་མཁར་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བ་དང་། ཕྱོགས་བཅུའི་སངས་རྒྱས་


SPN001_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དང་། མཁའ་འགྲོ་མའི་ཚོགས་རྣམས་ཀྱིས་རྡོ་རྗེའི་མིང་གི་དབང་བསྐུར་བའི་མོས་པ་མཛོད། རྡོ་རྗེ་དྲིལ་བུ་མགོ་ཐོག་ཏུ་བཞག །སངས་རྒྱས་རྣམས་ཀྱི་མིང་གི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཉིད་དུ་རབ་བསྒྲུབ་ཕྱིར། །མིང་གི་དབང་མཆོག་ཆེན་པོ་བྱིན། །ཀྱེ་དཔལ་དགྱེས་པའི་པདྨ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །རྡོ་རྗེའི་བརྟུལ་ཞུགས་ནི། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་རིགས་དྲུག་པ་རྡོ་རྗེ་སེམས་དཔའི་ངོ་བོ་རྡོ་རྗེའི་བརྟུལ་ཞུགས་བྱིན་པར་མོས་ཤིག །རྡོ་རྗེ་ལག་ཏུ་གཏད་ལ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །རྡོ་རྗེ་སེམས་དཔའི་བརྟུལ་ཞུགས་བརྟན། །ༀ་ན་མ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་སྟྭཾ། ཨེ་ཥ་དྷ་ར་ཡཱ་མི་ཧི་ཧི་ཧི་ཧི་ཧཱུྃ། དེ་ལྟར་རྡུལ་རས་བྲིས་མཆན་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་ལུས་ལ་བུམ་པའི་དབང་བསྐུར་བས་ཉོན་མོངས་པ་ལྔ་དག །ཕུང་པོ་ལྔ་གནས་གྱུར། ཡེ་ཤེས་ལྔའི་སྤྱན་རས་གཟིགས་བསྒོམ་པ་ལ་དབང་བ་ཡིན་ནོ། །གསང་དབང་གི་དོན་དུ་མཎྜལ། མཎྜལ་ཕུལ་ལ། གསང་དབང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། པདྨ་དབང་གི་དཀྱིལ་འཁོར་དུ། །མགོན་པོ་གཟི་བརྗིད་འོད་དཔག་མེད། །རྒྱལ་སྲས་ཚོགས་དང་བཅས་པ་ལ། །དབང་བསྐུར་ཡོངས་སུ་རྫོགས་པ་ལྟར། །དེ་བཞིན་བླ་


SPN001_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཁྱེད་ཀྱིས་ཀྱང་། །བདག་ལ་དབང་བསྐུར་མཛད་དུ་གསོལ། །ཞེས་ལན་གསུམ། སྔོན་དུ་རྣམ་རྒྱལ་བུམ་པའི་སྟེང་དུ་བཞག་པའི་ཀ་པཱ་ལའི་བདུད་རྩི་དང་བྱང་ཆུབ་ཀྱི་སེམས་དཀར་དམར་སྦྱར་བ་མགྲིན་པར་གཏུགས་ལ། སློབ་དཔོན་བདག་ཉིད་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་དེ་བཞིན་གཤེགས་པ་རིགས་ལྔའི་སྤྱན་རས་གཟིགས་དང་། ཡུམ་བཞི། སེམས་དཔའ་བརྒྱད་སོགས་སུ་རྣམ་པར་དག་པའི་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་དང་། ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཡབ་ཡུམ་གཉིས་སུ་མེད་པར་སྦྱོར་བ་ལས། བདུད་རྩི་བྱང་སེམས་ཀྱི་དབང་བསྐུར་བ་ནི། སངས་རྒྱས་རྣམས་ཀྱི་ཐོད་པའི་དབང་། །སངས་རྒྱས་རྣམས་ཀྱིས་རབ་བསྒྲུབས་པ། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །གསང་མཆོག་ཐོད་པའི་དབང་འདི་ཡོངས་རྫོགས་ཤོག །ༀ་ཨཱཿཧཱུྃ་ཧྲཱིཿༀ་མ་ཎི་པདྨེ་ཧཱུྃ། དྷུ་མ་གྷ་ཡེ་ན་མ་སྭཱ་ཧཱ། ཧ་རི་ནི་ས་ར་ཙ་ཧྲི་ཡ་ཧཱུྃ་ཛཿཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གཡོན་པའི་མཐེབ་སྲིན་གྱིས་བདུད་རྩི་སློབ་མའི་ལྕེ་ལ་བཞག་ལ། དེ་ལྟར་རྡོ་རྗེ་སློབ་དཔོན་གྱི་ལུས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་ངག་ལ་གསང་བའི་དབང་བསྐུར་བས་ངག་གི་སྒྲིབ་པ་དག་ནས། རླུང་རྡོ་རྗེའི་བཟླས་པ་བསྒོམ་པ་ལ་དབང་བ་ཡིན་ནོ། །ཤེས་རབ་དབང་གི་དོན་དུ་མཎྜལ། མཎྜལ་ཕུལ་ལ། ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། པདྨ་དབང་གི་དཀྱིལ་འཁོར་དུ། །མགོན་


SPN001_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གཟི་བརྗིད་འོད་དཔག་མེད། །རྒྱལ་སྲས་ཚོགས་དང་བཅས་པ་ལ། །དབང་བསྐུར་ཡོངས་སུ་རྫོགས་པ་ལྟར། །དེ་བཞིན་བླ་མ་ཁྱེད་ཀྱིས་ཀྱང་། །བདག་ལ་དབང་བསྐུར་མཛད་དུ་གསོལ། །ཞེས་ལན་གསུམ། ཁྱེད་རང་རྣམས་སྐད་ཅིག་གིས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ་ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མས་མུ་ཏིག་དམར་པོའི་ཕྲེང་པ་འཛིན་པ། གཡོན་འོག་མས་མེ་ཏོག་པདྨ་དམར་པོ་འདབ་མ་བརྒྱད་པའི་ཡུ་བ་ནས་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་གྱེན་དུ་བཅིངས་པ་ལ་དར་གྱི་ཅོད་པན་དང་རིན་པོ་ཆེའི་རྩེ་བྲན་ལྔས་བརྒྱན་པ། རྣམ་བཀྲ་ལྷའི་དར་གྱི་ན་བཟས་མཛེས་པ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པར་གྱུར་པ་ལ། སིནྡྷཱུ་རའི་དཀྱིལ་འཁོར་སྐད་ཅིག་གིས་ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྐུ་མདོག་དམར་མོ་ཞལ་གཉིས་ཕྱག་གཉིས་མ། ཕག་ཞལ་དམར་པོ་སྤྱི་གཙུགས་ཏུ་ཕྱུང་བ། རྩ་བའི་ཁྲོ་ཞལ་སྤྱན་གསུམ་པ། མཆེ་བ་གཙིགས་པ། དབུ་སྐྲ་གྲོལ་བ་ལ་ཐོད་པ་སྐམ་པོ་ལྔས་བརྒྱན་ཅིང་། ཐོད་བ་རློན་པ་ལྔ་བཅུས་དོ་ཤལ་བྱས་པ། རུས་བའི་རྒྱན་ཆ་ལྔས་བརྒྱན་པ། ཕྱག་གཡས་རྡོ་རྗེའི་གྲི་གུག་ནམ་མཁར་འཕྱར་བ། གཡོན་པས་ཐོད་ཁྲག་འཛིན་པར་གྱུར་པའི་རིག་མ་སྦྱིན་པ་ནི། གཟུངས་མ་ཡིད་འོང་འདི་ཁྱོད་ཀྱིས། །བསྟེན་བྱར་སངས་


SPN001_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་རྣམས་ཀྱིས་བསྔགས། །འཁོར་ལོ་རིམ་པའི་སྦྱོར་བ་ཡིས། །བདེ་བ་དམ་པ་མྱོང་བར་གྱིས། །ཞེས་སློབ་མ་ལ་བྱིན་པ་ན་དེས་ཀྱང་གུར་གུམ་ལ་སོགས་པས་དྲི་ཞིམ་པར་བྱས་ཤིང་། ལུས་གོས་དང་བྲལ་བའི་ཆུ་སྐྱེས་སློབ་མ་ལ་མངོན་སུམ་དུ་བྱས་ནས། ཨེ་མ་བདག་གི་པདྨ་འདི། །བདེ་བ་ཐམས་ཅད་ཡང་དག་ལྡན། །གང་ཞིག་ཆོ་གས་བསྟེན་བྱེད་པ། །དེ་ཡི་མདུན་ན་བདག་གནས་སོ། །སངས་རྒྱས་བསྟེན་པ་ལ་སོགས་པ། །པདྨར་བྱ་བ་ཇི་བཞིན་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་བཞུགས། བྷཉྩ་མོ་ཀྵ-་ཧོཿདེ་ནས་ཡབ་ཡུམ་ལྷའི་གཟུགས་ཀྱིས་རྡོ་རྗེ་དང་པདྨ། ཧཱུྃ་དང་ཨ་ལས་སྐྱེས་པའི་ནོར་བུ་དང་། ཟེའུ་འབྲུ་དག་ༀ་དང་ཨ་ལས་བྱུང་བ། རྡོ་རྗེའི་ཁར་ཕཊ་སེར་པོས་མཚན་པར་གྱུར་པ། སངས་རྒྱས་ཀུན་གྱི་ཤེས་རབ་དབང་། །སངས་རྒྱས་ཀུན་གྱིས་རབ་བསྒྲུབས་པ། །དེང་འདིར་ཁྱོད་ལ་བསྐུར་བར་བྱ། །ཤེས་རབ་ཡེ་ཤེས་དབང་འདི་ཡོངས་རྫོགས་ཤོག །ༀ་དྷུ་མ་གྷ་ཡེ་ན་མཿསྭཱ་ཧཱ། ཧ་རི་ནི་ས་ར་ཙ་ཧྲི་ཡ་ཧཱུྃ་ཛཿཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་བརྗོད་ལ་སིན་དྷཱུ་ར་སྙིང་གར་བྱུགས། གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དང་གཉིས་སུ་མེད་པ་ལས་དགའ་བ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ཤིག །དེ་ལྟར་ཆོས་ཀྱི་འབྱུང་གནས་སིན་དྷཱུ་རའི་དཀྱིལ་འཁོར་ལ་བརྟེན་ནས་སེམས་ལ་ཤེས་རབ་ཡེ་ཤེས་ཀྱི་


SPN001_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་བས། སེམས་ཀྱི་སྒྲིབ་པ་དག་ནས། བྱང་ཆུབ་སེམས་ཀྱི་གདམས་ངག་བསྒོམ་པ་ལ་དབང་བ་ཡིན་ནོ། །དེ་ནས་བཞི་པ་ཚིག་དབང་རིན་པོ་ཆེ་སྣང་སྲིད་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་ལམ་མངོན་དུ་བྱེད་པའི་ཕྱིར་དེ་ཉིད་ཀྱི་སླད་དུ་མཎྜལ། མཎྜལ་ཕུལ་ལ། བཞི་པའི་དབང་གི་དོན་དུ་གསོལ་བ་འདེབས་བ་འདིའི་རྗེས་ཟློས་མཛོད། པདྨ་དབང་གི་དཀྱིལ་འཁོར་དུ། །མགོན་པོ་གཟི་བརྗིད་འོད་དཔག་མེད། །རྒྱལ་སྲས་ཚོགས་དང་བཅས་པ་ལ། །དབང་བསྐུར་ཡོངས་སུ་རྫོགས་པ་ལྟར། །དེ་བཞིན་བླ་མ་ཁྱེད་ཀྱིས་ཀྱང་། །བདག་ལ་དབང་བསྐུར་མཛད་དུ་གསོལ། །ལན་གསུམ། འདིར་དབང་བཞི་པའི་དོན་དུ་བླ་མའི་ཚིག་གིས་བརྡ་སྤྲད་པར་བྱ་སྟེ། མེ་ལོང་ཡོངས་སུ་དག་པ་ལ་ཤར་བའི་རྡོ་རྗེ་འཆང་གི་གཟུགས་བརྙན་ནི་གང་ལས་ཀྱང་མ་སྐྱེས། གནས་པའི་ཚེ་མེ་ལོང་གི་མདུན་རྒྱབ་བམ། རྡུལ་ཕྲ་རབ་དང་འདྲེས་པར་ཡང་མི་གནས། མི་སྣང་བར་གྱུར་པའི་ཚེ་གང་དུའང་བཞུད་པ་མི་དམིགས་ལ། མི་དམིགས་བཞིན་དུ་རྡོ་རྗེ་འཆང་གི་གཟུགས་བརྙན་གསལ་བར་སྣང་བ་ལྟར། རང་གི་ལུས་ཡི་དམ་གྱི་ལྷའི་སྐུ་སྟོང་བཞིན་དུ་ཉེ་བར་སྣང་བ། དེ་བཞིན་གཤེགས་པའི་མཚན་དཔེའི་ཁྱད་པར་དུ་མ་ཅན་ཤིན་ཏུ་འོད་གསལ་བ་ལ། དེ་ཉིད་ཀྱི་ཚེ་ཡང་སྣང་བ་ཉིད་རང་བཞིན་མེད་པའོ། །དེ་བཞིན་དུ་བྲག་ཆ་འབྱུང་བའི་ཕྱོགས་སུ་གསུང་རབ་


SPN001_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་བཅུ་གཉིས་སོགས་ཚིགས་སུ་བཅད་པ་དང་། སྔགས་ཀྱི་སྒྲ་དང་བསྟོད་པ་དང་། སྐུར་འདེབས་སོགས་བརྗོད་པ་ན། བྲག་ཅ་ལས་ཀྱང་དེ་ཉིད་གསལ་བར་བརྗོད་པ་འབྱུང་བ་ན། རང་བཞིན་མི་དམིགས་པ་ལྟར་རང་གིས་བརྗོད་པའི་སྒྲ་གྲག་པ་ཉིད་ཀྱི་ཚེ་ནའང་རང་བཞིན་མེད་པར་སྟོང་བཞིན་དུ་ཨཱ་ལི་ཀཱ་ལི་སོགས་སྟོང་པ་ཉིད་ཀྱི་རང་སྒྲ་འབྱུང་བ་སྟེ་མེད་སྣང་རོ་མཉམ་པའོ། །དེ་བཞིན་དུ་སྨིག་རྒྱུ་ཆུ་མེད་པ་ལ་རི་དྭགས་རྣམས་ཀྱིས་ཆུར་འདུ་ཤེས་ནས་བསྙེགས་མོད་ཀྱི། དེ་ལ་ནམ་ཡང་ཆུ་མི་རྙེད་དེ་ཉམ་ཉེས་པར་འགྱུར་ལ། སྨིག་རྒྱུར་ཤེས་པ་ན་དེ་ལ་བརྟེན་པའི་ཉོན་མོངས་པ་དང་། ཉམ་ཉེས་པ་མི་འབྱུང་བ་ལྟར། སེམས་རྣམ་པར་གཡོ་བའི་རྒྱུན་སྨིག་རྒྱུ་ལྟར་ཉེ་བར་སྣང་བ་ལ་བྱིས་པ་རྣམས་ཀྱི་ངོར་བདེ་སྡུག་འཁོར་འདས་སོགས་ཉེ་བར་དམིགས་ཏེ་སྤང་བླང་སོགས་མཚན་མ་ལ་སྤྱོད་པས་ངལ་བ་ཐོབ་པར་འགྱུར་ལ། རང་གི་སེམས་སྨིག་རྒྱུ་ལྟར་སྣང་བ་འདི་ནི་ངེས་པར་རང་བཞིན་མེད་པ་སྟེ། འཁྲུལ་གྲོལ་གྱི་མཚན་མ་རྣམས་རྣམ་པ་ཐམས་ཅད་དུ་མ་དམིགས་པ། ཡིན་མིན་ཡོད་མེད་སོགས་མཐའ་དང་བྲལ་བ་མཉམ་པ་ཉིད་ཆེན་པོའི་དབྱིངས། བདེ་བར་གཤེགས་པའི་ཐུགས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་གཞོམ་དུ་མེད་པ་ཉིད་དུ་བལྟ་བར་བྱའོ། །དེ་ལྟར་སྣང་སྲིད་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་ལ་བརྟེན་ནས་སྒོ་གསུམ་


SPN001_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཞི་པའི་དབང་བསྐུར་བས་སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་དག་ནས་ལམ་ཕྱག་རྒྱ་ཆེན་པོ་སྒོམ་པ་ལ་དབང་བ་ཡིན་ནོ། །དབང་འདི་རྣམས་ཀྱི་དོན་ཡང་། པདྨ་ཟབ་པའི་རྒྱུད་ལས་གསུངས་པ། བུམ་པའི་དབང་ནི་དང་པོ་སྟེ། །གསང་བའི་དབང་ནི་གཉིས་པའོ། །ཤེས་རབ་ཡེ་ཤེས་གསུམ་པ་སྟེ། །ངེས་ཤེས་བསྐྱེད་པ་བཞི་པ་ཡིན། །ལྷ་དང་སྔགས་དང་སྟོང་པ་ཉིད། །བདེ་སྟོང་འདྲེས་པར་སྒོམ་པ་དབང་། །ཐ་མལ་ལུས་ཀྱི་རྣམ་རྟོག་ནི། །དང་པོ་བུམ་པའི་དབང་གིས་བཅད། །རང་བཞིན་ལྷ་ཡི་རྣམ་པ་བསྒོམ། །ཐ་མལ་ངག་གི་རྣམ་རྟོག་ནི། །གཉིས་པ་གསང་བའི་དབང་གིས་བཅད། །བཟླས་བརྗོད་རྒྱུན་དུ་བཟླས་པའོ། །ཐ་མལ་སེམས་ཀྱི་རྣམ་རྟོག་ནི། །གསུམ་པ་ཤེས་རབ་དབང་གིས་བཅད། །བདེ་དང་སྟོང་པའི་དོན་དྲན་བྱ། །འབྲས་བུ་ཐམས་ཅད་བསྡུས་པ་ནི། །བཞི་པ་ཡེ་ཤེས་དབང་ཡིན་ནོ། །ཞེས་གསུངས་པ་ཡིན་ནོ། །དེ་ནས་རྡོ་རྗེ་སློབ་དཔོན་དབང་གི་དོན་དུ་མཎྜལ། མཎྜལ་ཕུལ་ནས། རྡོ་རྗེ་སློབ་དཔོན་གྱི་དབང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། གང་གིས་བདག་ནི་ཁྱོད་དྲིན་ལས། །རང་དང་གཞན་དོན་ནུས་འགྱུར་བ། །རྡོ་རྗེ་སློབ་དཔོན་གྱི་ནི་དབང་། །ཐུགས་རྗེའི་གཏེར་གྱིས་བདག་ལ་སྩོལ། །ལན་གསུམ། སློབ་དཔོན་གྱིས་རྡོ་རྗེ་ལག་ཏུ་བླངས་ཏེ། རྡོ་རྗེ་སྟོང་པའི་ངང་ལས་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་སེམས་དཔའི་གཟུགས་


SPN001_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གྱུར། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་མའི་བདག་པོའི་བདག །བཅོམ་ལྡན་འདས་མཆོག་གི་དང་པོའི་སྐྱེས་བུའོ། །ཞེས་སློབ་མའི་ལག་པ་གཡས་སུ་གཏད། དེ་ནི་རྡོ་རྗེའི་དམ་ཚིག་གོ། །དྲིལ་བུ་སྟོང་པའི་ངང་ལས། ཨཱཿལས་སྐྱེས་པའི་དྲིལ་བུ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཟུང་། །གཡོན་དུ་གཏད། དེ་ནས་འདིའི་རྗེས་ཟློས་མཛོད། སྲིད་པ་ངོ་བོ་ཉིད་ཀྱིས་བདག །ངོ་བོ་ཉིད་དང་འགལ་སྲིད་བྱས། །རང་བཞིན་དག་མཆོག་སེམས་དཔའ་ཡིས། །དམ་པའི་སྲིད་པ་བྱེད་པར་འགྱུར། །ཞེས་བརྗོད་ཅིང་དཀྲོལ། དེ་ནི་དྲིལ་བུའི་དམ་ཚིག་གོ། །ཁྱེད་རང་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་སུ་གསལ་བ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་ཁ་སྦྱོར་གྱི་རིམ་པས་བྱིན་གྱིས་བརླབ་པ་ནི། འཁྱུད་པའི་ཚུལ་གྱིས། ཡིད་ཀྱི་ལུས་བརྟན་བརྟུལ་ཞུགས་ནི། །ཕྱག་རྒྱའི་དམ་ཚིག་རབ་ཏུ་བརྗོད། །གང་གི་ལུས་ནི་ཐམས་ཅད་བརྟན། །དེས་ན་ཕྱག་རྒྱར་རབ་ཏུ་བསྒྲགས། །ཞེས་བརྗོད། དེ་ནི་ཕྱག་རྒྱའི་དམ་ཚིག་གོ། །སློབ་མ་བདག་ཉིད་ཀྱི་ཞལ་དུ་ཞུགས་ཤིང་། སྐུའི་


SPN001_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིབས་བརྒྱུད་དེ་ལྷ་མོའི་པདྨ་གནས་པ། སྟོང་པའི་ངང་ལས་ཧཱུྃ་དང་རྡོ་རྗེ་ལས་བྱུང་བའི་རྡོ་རྗེ་སེམས་དཔའ་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་པ་ལ། ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་དང་། རིག་པའི་ལྷ་མོ་རྣམས་ལ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་ལས་བྱུང་བའི་མཆོད་པའི་སྤྲིན་གྱིས་མཆོད་བར་བྱ་བ། ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱ་དྱཾ། དྷཱུ་པེ་སོགས། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་འདི་ལ་བསྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པ་ལས་དེ་བཞིན་གཤེགས་པ་ཤེས་རབ་དང་སྙོམས་པར་ཞུགས་པས། དེ་རྣམས་འདོད་ཆགས་ཆེན་པོས་ཞུ་བར་གྱུར་ནས་རྣམ་སྣང་གི་སྒོ་ནས་ནང་དུ་ཞུགས་ཏེ། རྡོ་རྗེའི་ལམ་ནས་བྱུང་བའི་ཁུ་བས་དབང་བསྐུར་ནས། སླར་པདྨ་ནས་ཕྱུང་སྟེ་གྲལ་དུ་གནས་པ་ལ། ནམ་མཁའ་གང་བའི་དེ་བཞིན་གཤེགས་པ། སྤྱན་མ་ལ་སོགས་པའི་རིག་མ་དང་བཅས་པས་བུམ་པ་དཀར་པོ་བྱང་ཆུབ་སེམས་ཀྱི་བདུད་རྩིས་བཀང་བ་ཕྱག་གིས་ཅུང་ཟད་ཡོ་བར་འཛིན་པས། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང་བཅས་པས་དབང་བསྐུར་བཞིན་པ་དང་། རྣམ་རྒྱལ་གྱི་བུམ་པའི་ཆུ་མི་བསྐྱོད་པའི་བདག་ཉིད་བྱང་ཆུབ་སེམས་ཀྱི་བདུད་རྩིས་དབང་བསྐུར་བར་གྱུར་པ་ནི། བུམ་པ་ཁ་རྒྱན་རྡོ་རྗེ་དང་


SPN001_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་སློབ་མའི་སྤྱི་བོར་རེག་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་པ་ཡི་ཕྱག་བྱས་པ། །རྡོ་རྗེ་གསང་བ་གསུམ་བྱུང་བ། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ་སྭཱ་ཧཱ། ཞེས་དབང་བསྐུར་བས། བདེ་བ་ཆེན་པོ་ཕུན་སུམ་ཚོགས་པར་གྱུར་པའི་སྤྱི་བོར་མི་བསྐྱོད་པས་དབུ་བརྒྱན་ཅིང་དེ་བཞིན་གཤེགས་པ་གཞན་རྣམས་དང་ལྷ་མོ་རྣམས་ཡེ་ཤེས་སེམས་དཔའི་ངོ་བོར་བཅུག་པར་གྱུར། ༀ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། དེ་ལྟར་རྒྱུད་ཡོངས་སུ་སྨིན་པར་གྱུར་པ་ལ་མཆོད་པའི་སྤྲིན་རྒྱ་མཚོས་མཆོད་པར་མོས་མཛོད། མེ་ཏོག་ལ་སོགས་པ་མདུན་དུ་བཤམས་ནས། ༀ་བཛྲ་པུཥྤེ་སོགས་ཀྱིས་མཆོད་ལ། དེའང་འདི་ལྟ་བུ་གོ་བར་བྱ་སྟེ། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་གྱི་ནི་དབང་དུ་འདོད། །དེ་ལས་གཞལ་ཡས་ཀྱི་ཁང་པ་ནི། དེ་བཞིན་བཤེགས་པ་རྣམ་པར་སྣང་བཛད་ཀྱི་རང་བཞིན་ནོ་ཞེས་བྱ་བ་སོགས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་རྣམ་པར་དག་པ་དང་། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་བསྒྲགས། །སྐྱེ་མཆེད་ཁམས་དང་དབང་པོ་ནི། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཅེས་སོགས་ལྷ་རྣམས་ཀྱི་དེ་ཁོ་ཉིད་རྣམ་པར་དག་པ་དང་། དོན་དམ་པར་ནི་དཀྱིལ་འཁོར་ལ་སོགས་པ་རྣམས་ཀྱང་རང་བཞིན་མེད་པའི་བདག་ཉིད་དེ་བཞིན་ཉིད་ཁོ་ནའི་དེ་ཁོ་ན་ཉིད་རྣམ་པར་དག་


SPN001_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། དེ་ཉིད་བཅུ་ལ་སོགས་པའི་སློབ་དཔོན་གྱི་ལས་ཀྱི་རིམ་པ་ཇི་སྙེད་པ་དག་དང་། འདའ་བར་བྱ་བ་མ་ཡིན་པའི་ངོ་བོ་དམ་ཚིག་དང་། བྱ་བ་དང་བྱ་བ་མ་ཡིན་པའི་བདག་ཉིད་ཅན་གྱི་སྡོམ་པ་རྣམས་ཤེས་པས་དེ་ཁོ་ན་ཉིད་བཞིན་དུ་མྱུར་དུ་བསྒྲུབ་པར་བྱ་ཞིང་། གཞན་དག་ཀྱང་གཞུག་པར་གྱིས་ཤིག །དེ་ནས་རྡོ་རྗེ་སློབ་དཔོན་གྱི་དབང་གི་དོན་དུ་རྡ་ོརྗེ་དང་དྲིལ་བུ་བྱིན་པར་མོས་ཤིག །རྡོ་རྗེ་དྲིལ་བུ་གཏད་ལ། རྡོ་རྗེ་དང་ནི་དྲིལ་བུ་ལོངས། །རྡོ་རྗེ་ལ་ནི་རབ་ཏུ་གནས། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མ་བསྡུ་བ་ཉིད་དུ་གྱིས། །དེ་ནས་རིགས་ལྔའི་དེ་བཞིན་གཤེགས་པ་རྣམས་ཀྱི་སྒོ་ནས་འགྲོ་དོན་རྗེས་སུ་གནང་བའི་རིམ་པ་ནི། ལག་ཏུ་འཁོར་ལོ་གཏད་ལ། ཁྱེད་རང་རྣམས་བྱང་ཆུབ་མཆོག་གི་ཕྱག་རྒྱ་བྱས་ནས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་གྱིས། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པ། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །ཁྱོད་ཀྱིས་སེམས་ཅན་གཏི་མུག་ཅན་རྣམས་ཀྱི་དོན་གྱིས་ཤིག །རྡོ་རྗེ་ལག་ཏུ་བྱིན་ལ། ས་གནོན་དང་མཉམ་བཞག་བྱས་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པའི་ཏིང་ངེ་འཛིན་གྱིས། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པ། །རྡོ་རྗེའི་འཁོར་ལོ་བསྐོར་བར་གྱིས། །ཁྱོད་ཀྱིས་སེམས་ཅན་ཞེ་སྡང་ཅན་རྣམས་ཀྱི་དོན་གྱིས་ཤིག །རིན་པོ་ཆེ་ལག་ཏུ་བྱིན་ལ།


SPN001_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་སྦྱིན་དང་མཉམ་བཞག་བྱས་ནས་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་གྱི་ཏིང་ངེ་འཛིན་གྱིས། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པ། །ནོར་བུའི་འཁོར་ལོ་རབ་ཏུ་བསྐོར། །ཁྱོད་ཀྱིས་སེམས་ཅན་ང་རྒྱལ་ཅན་རྣམས་ཀྱི་དོན་གྱིས་ཤིག །པདྨ་ལག་ཏུ་བྱིན་ལ། མཉམ་བཞག་གི་ཕྱག་རྒྱ་བྱས་ནས་དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་ཀྱི་ཏིང་ངེ་འཛིན་གྱིས། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པ། །པདྨའི་འཁོར་ལོ་རབ་ཏུ་བསྐོར། །ཁྱོད་ཀྱིས་སེམས་ཅན་འདོད་ཆགས་ཅན་རྣམས་ཀྱི་དོན་གྱིས་ཤིག །སྣ་ཚོགས་རྡོ་རྗེ་ལག་ཏུ་བྱིན་ལ། སྐྱབས་སྦྱིན་དང་མཉམ་བཞག་བྱས་ནས་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པའི་ཏིང་ངེ་འཛིན་གྱིས། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པ། །རྒྱ་གྲམ་འཁོར་ལོ་བསྐོར་བར་གྱིས། །ཁྱོད་ཀྱི་སེམས་ཅན་ཕྲག་དོག་ཅན་རྣམས་ཀྱི་དོན་གྱིས་ཤིག །དེ་ནས་སླར་ཡང་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་ནི། སྤྱི་བོར་སིནྡྷུ་རའི་ཐིག་ལེ་བྱས་ལ། ཁྱེད་རྣམས་ཀྱིས་དུས་ཐམས་ཅད་དུ་བླ་མ་རྡོ་རྗེའི་འཛིན་པ་སྤྱི་བོར་བསྒོམ་པ་དང་། སངས་རྒྱས་རྣམས་ཀྱི་སྐུའི་ཕྲིན་ལས་བསྒྲུབ་པར་གྱིས་ཤིག །དེ་ནས་སྔགས་ཀྱི་བཟླས་ལུང་སྦྱིན་པའི་དོན་དུ་འདིའི་རྗེས་ཟློས་གྱིས། སྔགས་ཀྱི་དབང་བསྐུར་ཡེ་ཤེས་


SPN001_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག །དངོས་གྲུབ་སྟེར་བ་བདག་ལ་སྩོལ། །ཞེས་བརྗོད། སློབ་དཔོན་གྱི་ཐུགས་ཀའི་ས་བོན་སྔགས་ཀྱིས་བསྐོར་བ་ལས། སྔགས་ཀྱི་ཕྲེང་བ་འཕྲོས་པས་ཞལ་ནས་བརྒྱུད་དེ་ཁྱེད་རང་གི་ཞལ་དུ་ཞུགས་ནས་སྙིང་གའི་ཧྲཱིཿལ་ཐིམ་པར་མོས་ལ་སྔགས་ཟློས་ཤིག །ༀ་ཨཱཿཧཱུྃ་ཧྲཱིཿༀ་མ་ཎི་པདྨེ་ཧཱུྃ། དྷུ་མ་གྷ་ཡེ་ན་མ་སྭཱ་ཧཱ། ཧ་རི་ནི་ས་ར་ཙ་ཧྲི་ཡ་ཧཱུྃ་ཛཿཞེས་བརྒྱ་རྩ་བརྒྱད་བརྗོད་ནས། སློབ་དཔོན་གྱིས་མེ་ཏོག་འཐོར་ཞིང་། བཅོམ་ལྡན་བདག་གིས་སྦྱིན་ལགས་ཀྱི། །འདི་ལ་ཉེ་བར་མཛད་དུ་གསོལ། །དེ་ཉིད་མི་འགྱུར་བ་བརྟན་པར་བྱ་བའི་ཕྱིར་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་ལན་གསུམ། དེང་ཕྱིན་ཆད་སྔགས་ཀྱི་བཟླས་པ་ལ་བརྩོན་པ་དང་སངས་རྒྱས་རྣམས་ཀྱི་གསུང་གི་ཕྲིན་ལས་བསྒྲུབ་པར་གྱིས་ཤིག །སྙིང་གར་སིནྡྷུ་ར་བྱུགས་ལ། དེང་ནས་བཟུང་སྟེ་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་དེ། སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་ཕྲིན་ལས་བསྒྲུབ་པར་གྱིས་ཤིག །སློབ་དཔོན་སྤྲུལ་སྐུའི་ཆ་ལུགས་ལག་པ་གཡོན་དྲིལ་བུ་དང་བཅས་པ་ཆོས་གོས་ཀྱི་གྲྭ་རི་དྭགས་ཀྱི་རྣ་བ་ལྟར་འཛིན་པ་སྙིང་གར་བཟུང་བ་དང་། གཡས་རྡོ་རྗེ་དང་བཅས་པ་མི་འཇིགས་པའི་ཕྱག་རྒྱས། དེ་ནས་ལུང་བསྟན་པ་དང་དབུགས་དབྱུང་བ་ནི། དེ་རིང་ངས་ཁྱོད་ལུང་བསྟན་ཏེ། །འོད་དཔག་མེད་པ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་སྡུག་བསྔལ་ཀུན་ལས་གྲོལ། །ཀྱཻ་དཔལ་དགྱེས་པའི་པདྨ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །སརྦ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་སྟྭཾ་བྷུར་བྷུ་ཝ་སྭཿ


SPN001_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

མ་འོངས་པ་ན་རིགས་ཀྱི་གསང་མཚན་དང་མཐུན་པའི་དེ་བཞིན་གཤེགས་པར་འགྱུར་ཏེ། གང་འདི་ལྟར་ལུང་བསྟན་པ་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པ་ཡིན་ཏེ། སྙིགས་མའི་དུས་ཀྱི་སེམས་ཅན་གདུལ་དཀའ་བ་རྣམས་ཀྱི་དོན་དུ། དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་བསྡུས་པ་རྡོ་རྗེ་སློབ་དཔོན་གྱི་གཟུགས་སུ་གྱུར་པས་བདེ་བ་ལ་འགོད་བར་གསུངས་པའི་ཕྱིར་རོ། །དེས་ན་ཁྱེད་རྣམས་ཀྱིས་དེང་ཕྱིན་ཆད་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་སྒོ་ནས་འགྲོ་བའི་དོན་རྒྱ་ཆེན་བསྒྲུབ་པ་དང་ཕྱི་ནང་གསང་བའི་དམ་ཚིག་རྣམས་ཚུལ་བཞིན་འཛིན་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །སོགས། དེ་ལྟར་དབང་བཞི་རྫོགས་པར་ཐོབ་པའི་གཏང་རག་གི་མཎྜལ་ཕུལ། ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་འབུལ་སྙམ་པས་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་སོགས། དེས་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་གྱི་སྒོ་ནས་དབང་བཞི་སྟན་ཐོག་གཅིག་ཏུ་བསྐུར་བ་ཡིན་པས་འདི་ཉིད་ཀྱི་སྒོ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་མཛོད། བསོད་ནམས་འདི་ཡིས་སོགས་བརྗོད། དེ་ནས་ཚོགས་ལ་རོལ་ཞིང་ལྷག་མ་རྗེས་ཆོག་བཀྲ་ཤིས་སོགས་བྱའོ། །ཞེས་པ་འདི་ནི་དང་པོའི་བློ་ཅན་རྣམས་ལ་ཕན་ཕྱིར་སི་ཏུ་པདྨ་ཉིན་བྱེད་དབང་པོས་བསྒྲིགས་པའི་དགེ་བས་ལུས་ཅན་མཐའ་དག་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་གོ་འཕང་ལ་འགོད་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལམ།། །།


previousའཕགས་མཆོག་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་དབང་བསྐུར་ཡེ་ཤེས་མྱུར་འབེབས། next