Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  expand section
   
   
   
   
   
   
   
  expand section
   
   
  expand section
   
  expand section
   
   
   
   
དཔལ་རྡོ་རྗེ་རྣལ་འབྱོར་མའི་དབང་བསྐུར་བདེ་ཆེན་ལམ་གྱི་སྣང་བྱེད།
   
   
   


 
previousདཔལ་རྡོ་རྗེ་རྣལ་འབྱོར་མའི་དབང་བསྐུར་བདེ་ཆེན་ལམ་གྱི་སྣང་བྱེད། next

དཔལ་རྡོ་རྗེ་རྣལ་འབྱོར་མའི་དབང་བསྐུར་བདེ་ཆེན་ལམ་གྱི་སྣང་བྱེད།


SPN001_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྡོ་རྗེ་རྣལ་འབྱོར་མའི་དབང་བསྐུར་བདེ་ཆེན་ལམ་གྱི་སྣང་བྱེད་ཅེས་བྱ་བ་བཞུགས་སོ། །ན་མོ་ཤྲཱི་བཛྲ་ཡོ་གི་ནཱི་ཡེ། འདིར་ཡི་དམ་ལྷན་ཅིག་སྐྱེས་མའི་སྒོ་ནས་སྐལ་ལྡན་གྱི་སློབ་མ་རྗེས་སུ་འཛིན་པའི་རིམ་པ་ལ། དཀྱིལ་འཁོར་དབང་རྫས་མཆོད་པ་སོགས་


SPN001_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བརྒྱུད་བཞིན་བྱས་ལ། བདུད་རྩི་བྱིན་རླབས་ནས་བརྩམས་ཏེ་བདག་བསྐྱེད། བུམ་བསྐྱེད། མདུན་བསྐྱེད། མཆོད་བསྟོད། བདག་འཇུག །ཚོགས་དང་བཅས་པ་གྲུབ་ནས་དབང་གི་སྟ་གོན་དང་། དངོས་གཞི་སྟན་ཐོག་གཅིག་ཏུ་བསྐུར་བ་ལ། ཟུང་དུ་མ་གྱུར་པའི་སློབ་མ་རྣམས་ཁྲུས་བྱས་ནས་དབྱུང་། མཎྜལ་བཀྱེ་བསྡུ་བྱས་ལ། འོ་ན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་མངོན་དུ་གཞག་པར་བྱ། དེའི་ཆེད་དུ་ལམ་ཟབ་མོ་སྨིན་བྱེད་དབང་གི་རིམ་པ་ལ་འཇུག་པ་བགྱིའོ་སྙམ་པའི་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དང་ལྡན་པས་ལེགས་པར་གསན་འཚལ། དེའང་དལ་བ་བརྒྱད། འབྱོར་བ་བཅུ་དང་ལྡན་པའི་མི་ལུས་རིན་པོ་ཆེ་འདི་ལྟ་བུ་ཐོབ་པའི་སྐབས་འདིར་དོན་མེད་སྙོམ་ལས་ཀྱི་དབང་དུ་བཏང་ན། ནམ་ཞིག་མི་རྟག་འཆི་བའི་དུས་ལ་བབ་ཚེ་ལས་དཀར་ནག་གི་རྒྱུ་འབྲས་མི་བསླུ་བ་སོ་སོར་སྨིན་པར་འགྱུར། དེ་བས་ན་སྲིད་པའི་བདེ་བ་ཐམས་ཅད་ལ་དུག་ཅན་གྱི་ཟས་བཞིན་སྤང་བྱར་ཤེས་ནས་ཐར་པ་དམ་པའི་ཆོས་ལ་འཇུག་པར་བྱ་བ་གལ་ཆེ་ལ། དེ་ལ་ཐེག་པའི་འཇུག་སྒོ་བསམ་གྱིས་མི་ཁྱབ་ཀྱང་ཁྱད་པར་འཕགས་པ་བླ་མེད་རྡོ་རྗེ་ཐེག་པ། དེ་ཡང་ནང་གསེས་སུ་རྒྱུད་སྡེ་བཞིར་བཞུགས་པ་ལས་འདིར་སྐབས་སུ་བབས་པའི་ཆོས་ནི་རྣལ་འབྱོར་བླ་ན་མེད་པའི་རྒྱུད་དང་། དེའི་ཡང་སྙིང་པོར་གྱུར་པ་རྣལ་


SPN001_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་མ་རྒྱུད་ཐམས་ཅད་ཀྱི་ཡང་སྙིང་དཔལ་འཁོར་ལོ་སྡོམ་པའི་གསང་བ་ཡུམ་གྱི་སྒྲུབ་ཐབས་དུས་གསུམ་སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ་གྱུར་བཅོམ་ལྡན་འདས་ལྷན་ཅིག་སྐྱེས་མ་རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེ་ཡང་རྡོ་རྗེ་ཐེག་པའི་ལམ་ལས་མཆོག་གི་དངོས་གྲུབ་བསྒྲུབ་པའི་ལྷའི་གཙོ་བོ་ནི་རྡོ་རྗེ་རྣལ་འབྱོར་མ་ཉིད་ཡིན་ཏེ། དོན་གྱི་དབང་དུ་བྱས་ན་ལྷ་ཡབ་ཡུམ་ལ་བཟང་ངན་མེད་ཀྱང་དག་བྱ་དག་བྱེད་ཀྱི་དབང་དུ་བྱས་ན་ཤེས་རབ་རྩ་བ་དང་། ཐབས་ཡན་ལག་ཡིན་པ་དང་། བདེ་བ་ཆེན་པོ་ཡང་རྣམ་པ་ཀུན་ལྡན་གྱི་སྟོང་པས་བསྒྲུབ་དགོས་པས། བདག་ཉིད་ཧེ་རུ་ཀའི་རྣལ་འབྱོར་དང་མ་བྲལ་ཡང་ཕོ་ཉ་མོ་རྣམས་བདག་ཉིད་རྡོ་རྗེ་སློབ་དཔོན་དུ་འགྱུར་བའི་ཕྱིར་ན་མཆོག་འདོད་པ་རྣམས་ཀྱི་ལྷག་པའི་ལྷའི་གཙོ་བོ་ནི། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཉིད་ཡིན་ཅིང་། དེ་ལ་ཡང་། དོན་གྱི་ཕག་མོ་ནི་ཆོས་ཀྱི་དབྱིངས་བསམ་མི་ཁྱབ་ཅིང་གཞལ་དུ་མེད་པ་ནམ་མཁའ་ལྟར་ཀུན་ལ་ཁྱབ་ཅིང་རྣམ་པར་དག་པའི་རང་བཞིན་ཅན་དང་། བརྡའ་ཡི་ཕག་མོ་ནི། ཨེ་ཡིག་མཁའ་ཁམས་བྷ་གར་ནི། །ཞེས་དང་། རྣལ་འབྱོར་མ་ཉིད་སྔགས་ཀྱི་གཟུགས། །ཞེས་གསུངས་པ་ལྟར། ལྷ་སྔགས་གཉིས་སུ་མེད་པའི་ཟུང་འཇུག་གི་རྣམ་པར་སྣང་བ་དང་། རྟགས་


SPN001_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕག་མོ་ནི་ལོངས་སྤྱོད་རྫོགས་སྐུའི་གཟུགས་སུ་སྣང་བའི་མོས་པ་ལམ་བྱེད་ཀྱི་ཡུལ་དུ་རུང་བ། སྐུའི་རྣམ་པ་རྒྱན་ཆ་ལུགས་དང་བཅས་པ་སྟེ། དེ་ལྟ་བུའི་ལྷའི་སྒྲུབ་ཐབས་ཀྱི་བཀའ་སྲོལ་རྒྱུད་གཙོ་བོར་བྱས་པ་ལ། ཕག་མོ་ཞལ་བཞི་མའི་རྒྱུད་མངོན་པར་བྱང་ཆུབ་པ་བརྟག་པ་བརྒྱད་པ་དང་། ཕག་མོ་མངོན་འབྱུང་སྔ་ཕྱི་དང་རིག་པ་འཛིན་པ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་པ་ཞེས་མཻ་ཏྲི་མཁའ་སྤྱོད་མའི་རྒྱུད་ཆུང་ངུ་དང་། ཕྱོགས་མཐུན་རྣལ་འབྱོར་མ་ཀུན་སྤྱོད་དང་། ཁ་སྦྱོར་གྱི་རྒྱུད་བརྟག་པ་བདུན་པ་སྟེ་དེ་དག་གི་མན་ངག་ཟུང་དུ་བཀོལ་བ་ཕག་མོ་གཞུང་དྲུག་དང་། མཁའ་སྤྱོད་མའི་རིགས་དང་། རིན་ཆེན་རྒྱན་དྲུག་སོགས་ཆེས་མང་པོ་གྲུབ་པའི་སློབ་དཔོན་ས་ར་ཧ་དང་། ཀླུ་སྒྲུབ་དང་། ལཱུ་ཧི་པ་དང་། ཛ་ལནྡྷ་ར། ནག་པོ་ཞབས། ཤ་བ་རི་པ་སོགས་ཀྱིས་སྤྱན་དྲངས། རྒྱ་ཆེ་དར་བར་གྱུར་ལ། ལམ་དེ་དག་ལ་བརྟེན་ནས་གྲུབ་པ་ཐོབ་པ་ཉི་ཟེར་གྱི་རྡུལ་ཙམ་བྱུང་བའི་ནང་ནས་རྣལ་འབྱོར་གྱི་དབང་ཕྱུག་ཏཻ་ལོ་ཤེས་རབ་བཟང་པོ་ཞེས་མཚན་ཉི་ཟླ་ལྟར་གྲགས་པ་དེ་ཉིད་ཀྱིས་བཀའ་བབས་ཀྱི་བླ་མ་སྤྱི་ལ་བརྒྱུད་ནས་མན་ངག་མཐའ་དག་གསན་ཚུལ་མཛད་ལ། ངེས་དོན་དུ་ཏཻ་ལོ་ང་ལ་མི་ཡི་བླ་མ་མེད། །ང་ཡི་བླ་མ་ཐམས་ཅད་མཁྱེན། །ཅེས་གསུངས་པ་ལྟར་ཨོ་རྒྱན་དང་། འོག་མིན་དུ་དངོས་སུ་བྱོན་པ་རྡོ་རྗེ་ཐེག་པའི་རྒྱུད་


SPN001_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་མན་ངག་མཐའ་དག་རྡོ་རྗེ་རྣལ་འབྱོར་མ་དང་། རྡོ་རྗེ་འཆང་དངོས་ལ་གསན་པའི་རྒྱུད་བཤད་དབང་དང་བཅས་པ་གནས་ལྔ་རིག་པའི་པཎ་ཆེན་ནཱ་རོ་ཛྙཱ་ན་སིདྡྷི་ལ་བཀའ་ཆེན་བཅུ་གཉིས་སྤྱད་པའི་མཐར་བུམ་པ་གང་བྱོའི་ཚུལ་དུ་གནང་ཞིང་། སློབ་དཔོན་དེ་ཉིད་ཀྱིས་མར་སྟོན་ཆོས་ཀྱི་བློ་གྲོས་རྗེས་སུ་བཟུང་ནས་རྒྱུད་སྡེ་མཐའ་དག་གི་དབང་དང་མན་ངག་རྫོགས་པར་གནང་བ་ཡིན་ལ། ཁྱད་པར་མན་ངག་གཙོ་བོར་བྱས་པའི་ལྷན་སྐྱེས་རྣལ་འབྱོར་མའི་སྒྲུབ་ཐབས་ཀུན་དང་ཐུན་མོང་མ་ཡིན་པ། མཆོག་དང་ཐུན་མོང་གི་དངོས་གྲུབ་ལོ་ཟླ་ཙམ་གྱིས་ཐོབ་པར་བྱེད་པའི་མན་ངག་ཟབ་མོ་ཁྱད་པར་དུ་འཕགས་པ་འདི་ཉིད་ཀྱི་བསྐྱེད་རིམ་ལྷན་ཅིག་སྐྱེས་མ་དང་། རྫོགས་རིམ་རླུང་སེམས་གཉིས་མེད་ཀྱི་མན་ངག་སོགས་ཞུས་ཤིང་རྗེ་བཙུན་མས་དངོས་སུ་བྱིན་གྱིས་བརླབས་པར་དགོངས་ཏེ་ནཱ་རོ་པའི་ཞལ་ནས། ད་སྟེ་ཞག་བདུན་ནས་དགུན་གྱི་ཉི་མ་ལྡོག །དེ་ནས་མར་ངོའི་ཚེས་བཅུ་ལ་དུར་ཁྲོད་ཆེན་པོ་སོ་ས་གླིང་དུ་ཚོགས་ཀྱི་འཁོར་ལོ་ལ་སོང་ཤིག་དང་རྗེ་བཙུན་མས་རྗེས་སུ་འཛིན་པར་འགྱུར་རོ་གསུངས་ཏེ་རང་གི་རྒྱལ་ཚབ་ཏུ་ཁ་བ་ཅན་འདུལ་བར་མངའ་གསོལ། བུ་སེང་གེ་ཁྱུང་གི་ཕྲུ་གུ་བཞིན། །སློབ་མ་བས་ཀྱང་ཡང་སློབ་བཟང་། །ཞེས་ལུང་བསྟན་པ་ལྟར་དུར་ཁྲོད་དེར་བྱོན་ནས་ཚོགས་ཀྱི་འཁོར་ལོ་མཛད་ནས་གསོལ་


SPN001_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཏབ་པས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་མི་མོའི་རྣམ་པ་ཅན་དང་མཇལ་ཞིང་། ཤེལ་གྱི་གྲི་གུག་གིས་རྣལ་འབྱོར་མ་ཉིད་ཀྱི་ཐུགས་ཀ་ཕྱེས་པའི་ནང་ནས་རྗེ་བཙུན་མ་ལྷ་ལྔའི་དཀྱིལ་འཁོར་དང་ཨཥྚ་སོགས་ཀྱི་འཁོར་ལོ་བསྟན། དབང་བཞི་རྫོགས་པར་བསྐུར་ནས་རྒྱུད་བྱིན་གྱིས་བརླབས་པར་མཛད་པ་ཡིན་ཏེ། རྗེ་ཉིད་ཀྱི་རྡོ་རྗེའི་མགུར་ལས། ཡུམ་ལྷན་ཅིག་སྐྱེས་མའི་ཐུགས་ཀ་ནས། །ཨཥྚ་སྔགས་ཀྱི་འཁོར་ལོ་དེ། །མེ་ལོང་ནང་གི་གཟུགས་བརྙན་བཞིན། །དབྱིབས་སྐུ་ཡིས་མ་བསྒྲིབ་གསལ་བར་མཐོང་། །ལྟས་མོ་ངོ་མཚར་དེ་ཆེ་མོད། །ཞེས་གསུངས་པ་ལྟར་རོ། །རྗེ་བཙུན་མས་ཁྱེད་རང་རྡོ་རྗེ་གདན་དུ་བཅོམ་ལྡན་འདས་ཀྱི་ཞབས་རྗེས་དང་ཚེམས་མཆེ་བ་བཞུགས་པ་རྣམས་མཇལ་བར་སོང་དང་དོན་ཆེན་པོ་ཡོད་གསུངས་པ་ལྟར་བྱོན་པས་བསེའི་སྒྲོམ་བུ་གཅིག་གི་ནང་ནས་དངུལ་གྱི་གྭའུ་གཅིག་བྱུང་། དེའི་ནང་ནས་ཤེལ་གྱི་གྭའུ་ཞིག་བྱུང་བའི་ནང་ནས་ཚེམས་མཆེ་བ་གཡས་དང་། སྔར་མེད་པའི་ཤིང་ཏ་ལའི་བྱང་བུ་ལ་ལི་ཁྲིས་བྲིས་པའི་ཡི་གེ་དར་དམར་པོས་དྲིལ་བ་རྙེད་པ་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་ཡི་གེ་དེ་ཉིད་གདན་དྲངས་པ་པཎྜི་ཏ་རྣམས་ལ་བསྟན་པས་ཁ་ཆེའི་པཎྜི་ཏ་ཞིག་ན་རེ། སིངྒ་ལ་ཡི་ཡི་གེར་འདུག་ཟེར་ནས་ཡུལ་དེར་བྱོན་པ་དང་སྒྲ་རང་ཤུགས་ཀྱིས་ཤེས་པར་


SPN001_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པས་བསྐྱེད་རྫོགས་ཀྱི་གཞུང་སྔར་བླ་མས་གནང་བ་དང་སྒྲོས་གཅིག་པར་གྱུར་པས་ལྷག་པའི་ལྷས་གནང་བར་གོ་སྟེ་བོད་དུ་སྤྱན་དྲངས། དེ་ནས་བོད་སྐད་དུ་བསྒྱུར། བླ་མས་གནང་བའི་སྒྲུབ་ཐབས་རྣམས་ཀྱང་ཡི་གེར་བཏབ་སྟེ་བོད་དུ་ཕེབས་ནས། གྲོ་བོ་ལུང་དུ་གསང་སྒྲུབ་དངོས་ཀྱི་ཞལ་གདམས་ལ་སོགས་ཞལ་གདམས་བཅོ་ལྔ་པར་གྲགས་པ་བླ་མ་དང་མཁའ་འགྲོས་ཇི་ལྟར་གསུངས་པ་བཞིན་ཟིན་བྲིས་སུ་མཛད་ནས་སྲས་ཀྱི་ཐུ་བོ་མི་ལ་བཞད་པ་རྡོ་རྗེ་ལ་ཐུན་མོང་གི་བསྐྱེད་རྫོགས་རྣམས་དངོས་སུ་གནང་། ཐུན་མོང་མ་ཡིན་པའི་མན་ངག་ཁ་ཅིག་ཤོག་དྲིལ་དུ་བྱས་ཏེ་ཕྱག་རྒྱས་བཏབ་ནས། ཁྱོད་ལ་མ་འོངས་པ་ན་རྩ་རླུང་གི་གེགས་ཤིག་འོང་བས་དེ་དུས་ལྟོས་ཤིག་གསུངས་ནས་གནང་བ་ཡིན་ཏེ། རྗེ་བཙུན་གྱིས། ཡི་དམ་གང་ཡིན་ཟེར་ཙ་ན། །ཡི་དམ་ཕག་མོ་དམར་ཆུང་ཡིན། །ཡི་དམ་མི་ངན་ཡི་དམ་བཟང་། །ཞེས་གསུངས་པ་བཞིན་ཐུགས་དམ་གྱི་རྩ་བ་གསང་བའི་ཡི་དམ་མཛད་པས་མཆོག་ཐུན་མོང་གི་དངོས་གྲུབ་བརྙེས་ཤིང་། དེས་རྒྱལ་བས་ལུང་བསྟན་པ་དྭགས་པོ་ཟླ་འོད་གཞོན་ནུ་ལ་དང་པོ་སྣ་ལེན་གྱི་ཆོས་སུ་མེ་ལོང་སིནྡྷུ་རའི་དཀྱིལ་འཁོར་ལ་བརྟེན་ཏེ་དབང་བསྐུར་ནས་བསྐྱེད་རིམ་ལྷན་ཅིག་སྐྱེས་མ་ཡི་དམ་དུ་གནང་། རྫོགས་རིམ་ནི་ང་ལ་སྒོམ་སྐྱེད་དཀའ་བར་བྱུང་


SPN001_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འདི་ལ་བརྟེན་ནས་སྐྱེས། ཁྱོད་ལ་ཡང་རྟོགས་པ་འཕེལ་འགྲིབ་འབྱུང་བས་དེའི་ཚེ་འདི་དགོས་གསུངས་ནས་སྐྱེལ་ཐུང་གི་སར་གནང་ཞིང་ཉམས་སུ་བཞེས་པས་ཆོས་སྐུ་དངོས་སུ་གཟིགས་ཏེ་སྐལ་ལྡན་གྱི་སྐྱེས་བུ་མཐའ་ཡས་པ་སྨིན་གྲོལ་དུ་མཛད། དེས་སངས་རྒྱས་དྲུག་པ་སེང་གེའི་རྣམ་འཕྲུལ་རྗེ་དུས་གསུམ་མཁྱེན་པ་ལ་གནང་ནས། བུ་ཁྱོད་སྒྲུབ་པ་ཁམས་ཀྱི་ཀཾ་པོ་གངས་རར་གྱིས། །འགྲོ་དོན་དབུས་གཙང་ཁམས་གསུམ་ཁྱབ་པར་འབྱུང་། །ཞེས་ལུང་བསྟན་པ་བཞིན་བསྐྱེད་རྫོགས་འདི་གཉིས་ལ་བརྟེན་ནས་མཆོག་གི་རྟོགས་པ་མཐར་ཕྱིན་ཏེ་སྤྲུལ་པའི་སྐུ་རྒྱུན་མི་ཆད་པར་བྱིན་གྱིས་བརླབས་ཤིང་དངུལ་ཆུ་བཻ་རོ་ལས་ཀྱང་ལྷ་སྔ་མའི་དབང་བསྐུར་ཞུས་ནས་བརྒྱུད་པ་གཉིས་འདྲེས་སུ་མཛད། དེས་རས་ཆེན་བསོད་ནམས་གྲགས་པ་ལ་གནང་། དེ་ནས་རིམ་བཞིན་སྤོམ་བྲག་པ་བསོད་ནམས་རྡོ་རྗེ། གྲུབ་ཆེན་ཀརྨ་པཀྴི། མཁས་གྲུ་ཨོ་རྒྱན་པ། སེམས་དཔའ་རང་བྱུང་རྡོ་རྗེ། རྒྱལ་བ་གཡུང་སྟོན་པ། ཆོས་རྗེ་རོལ་པའི་རྡོ་རྗེ་ནས། དྲུང་མཁའ་སྤྱོད་དབང་པོའི་བར་དུ་གཅིག་བརྒྱུད་དུ་གནང་། གདམས་ངག་རྣམས་སྙན་བརྒྱུད་དུ་ཡོད་པ་རྗེ་དེ་ཉིད་ལ་ལྷག་པའི་ལྷས་བཀའི་གནང་བ་ནོད་དེ། གདམས་ངག་རྣམས་ཡི་གེར་བཀོད། གཞུང་རྣམས་འཐོར་སྡུད་མཛད་དེ་དྲུང་དེ་བཞིན་གཤེགས་པ་


SPN001_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནང་། དེ་ཡིས་སོག་དབོན་རིག་པའི་རལ་གྲི་དང་། སྤྲུལ་སྐུ་ཆོས་དཔལ་ཡེ་ཤེས་ལ་གནང་། དེ་གཉིས་ཀའི་དྲུང་ནས་རྗེ་མཐོང་བ་དོན་ལྡན་གྱིས་གསན་ཏེ་སྒྲུབ་ཐབས་དཀྱིལ་ཆོག་ཉི་ཟླ་ལྟར་གྲགས་པ་འདི་ཉིད་མཛད། དེ་ནས་ཀུན་མཁྱེན་འཇམ་དཔལ་བཟང་པོ། གཽ་ཤྲཱི་དཔལ་འབྱོར་དོན་གྲུབ། རྗེ་བཙུན་ཆོས་གྲགས་རྒྱ་མཚོ། སངས་རྒྱས་མཉན་པ་གྲུབ་ཐོབ། འཇིགས་བྲལ་མི་བསྐྱོད་རྡོ་རྗེ། རྒྱལ་བ་དཀོན་མཆོག་ཡན་ལག །རྗེ་བཙུན་དབང་ཕྱུག་རྡོ་རྗེ། གར་དབང་ཆོས་ཀྱི་དབང་ཕྱུག །རྒྱལ་མཆོག་ཆོས་དབྱིངས་རྡོ་རྗེ། གྲུབ་མཆོག་ཡེ་ཤེས་སྙིང་པོ། མཚུངས་མེད་ཡེ་ཤེས་རྡོ་རྗེ། དཔལ་ཆེན་ཆོས་ཀྱི་དོན་གྲུབ། རྒྱལ་དབང་བྱང་ཆུབ་རྡོ་རྗེ། འཇམ་མགོན་བསྟན་པའི་ཉིན་བྱེད། རྒྱལ་བའི་དབང་པོ་ཞྭ་ནག་ཅོད་པན་འཛིན་པ་རྗེ་བཙུན་བདུད་འདུལ་རྡོ་རྗེ་འཆང་ཆེན་པོའི་དྲུང་ནས་ཁོ་བོས་ཐོབ་པ་ཡིན་ལ། བརྒྱུད་པའི་བླ་མ་དེ་རྣམས་ཀྱང་ལྷག་པའི་ལྷ་འདིའི་བསྐྱེད་རྫོགས་ཀྱི་སྒོ་ནས་ངེས་པར་གྲུབ་པ་བརྙེས་པའི་བྱིན་རླབས་དོན་གྱི་བརྒྱུད་པ་ཁྱད་པར་འཕགས་པ་ཁོ་ན་ལས་གཞན་དུ་ུམ་གྱུར་


SPN001_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་བརྒྱུད་པ་དེ་ལས་བྱུང་པའི་བཅོམ་ལྡན་འདས་མ་རྡོ་རྗེ་བཙུན་མོའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་སློབ་དཔོན་གྱི་བྱ་བ་འོས་པའི་བདག་མདུན་བུམ་པ་བསྒྲུབ་ཤིང་བདག་ཉིད་འཇུག་པ་དང་བཅས་པ་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་སྔོན་འགྲོ་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཞེས་མཎྜལ་ཕུལ་བཅུག །དེ་ནས་ཐལ་མོ་མེ་ཏོག་དང་བཅས་པའི་སྙིམ་པ་སྦྱར་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བདག་ནི་འཁོར་བའི་ཆོས་ལ་སྐྱོ་བ་སྐྱེས། །འཇིག་རྟེན་བྱ་བ་ཐམས་ཅད་སྤངས་ནས་ནི། །ཐར་པ་ཆེན་པོའི་གྲོང་མཆོག་འཇུག་འདོད་ན། །དམ་པས་བདག་ནི་ངེས་པར་གཞུག་ཏུ་གསོལ། །ཞེས་ལན་གསུམ། སླར་ཡང་ཐུན་མོང་མ་ཡིན་པ་གསང་སྔགས་ཀྱི་ཟག་མེད་བདེ་བ་ཆེན་པོ་ལ་འདོད་པའི་བློས་རྡོ་རྗེ་སློབ་དཔོན་ལ་དགའ་ཆེན་ཞེས་བོས་ཏེ། ཁྱོད་ནི་བདག་གི་འདྲེན་པ་མཆོག་ཏུ་བཟུང་ལགས་པས་དེའི་ཕྱིར། མགོན་པོ་ཆེན་པོ་བྱང་ཆུབ་ཆེན་པོའི་ཚུལ་སྟོན་པར་མཛད་པ་པོ་ཁྱོད་ལ་གུས་པས་ཕྱག་འཚལ་ལོ། །བདག་ལ་གསང་སྔགས་ཀྱི་དམ་ཚིག་རྣམས་དང་། སྨོན་འཇུག་དང་། ཀུན་རྫོབ་དང་། དོན་དམ་པའི་བྱང་ཆུབ་ཀྱི་སེམས་དང་། སངས་རྒྱས་དང་ཆོས་དང་དགེ་འདུན་ཏེ་སྐྱབས་གསུམ་རྣམས་སྩོལ་ཞིག །བདག་


SPN001_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག་ཏུ་གཞུག་པར་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ལན་གསུམ། དེ་ནས་བླ་མ་དང་དཀྱིལ་འཁོར་གྱི་ལྷའི་དྲུང་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། སྡིག་པ་བཤགས་པ་དང་། དགེ་བ་ལ་རྗེས་སུ་ཡི་རང་བ་དང་། སྨོན་པ་དང་འཇུག་པའི་བདག་ཉིདཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་བ་བཅས་ལྔ་རྣམ་པར་དག་པ་མཛད་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རངས། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བྱང་ཆུབ་སེམས་སུ་འདི་བགྱིད་དེ། །བདག་


SPN001_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཞན་དོན་རབ་བསྒྲུབ་ཕྱིར། །བདག་གིས་བྱང་ཆུབ་སེམས་མཆོག་བསྐྱེད། །ཨེ་མ་ཧོ་སེམས་ཅན་ཀུན་མགྲོན་གཉེར། །བྱང་ཆུབ་སྤྱོད་མཆོག་མཛོད་བཞིན་སྤྱད། །འགྲོ་ལ་ཕན་ཕྱིར་སངས་རྒྱས་ཤོག །ལན་གསུམ། སྔགས་ཀྱི་ཐུན་མོང་མ་ཡིན་པའི་སྒོ་ནས་རྒྱུད་སྦྱང་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་མ། བིགྷྣནྟ་ཀྲྀཏ་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སློབ་མ་རྣམས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ། ཞལ་གཅིག་ཕྱག་གཉིས་ཕྱག་གཡས་རྡོ་རྗེས་མཚན་པའི་གྲི་གུག་དང་། གཡོན་པས་ཐོད་པ་བདུད་རྩིས་བཀང་བ་བསྣམས་པ། གྲུ་མོ་ན་ཁ་ཊྭཱཾ་ག་ཡོད་པ། རྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པའི་སྐུར་གྱུར། འབྲུ་གསུམ་བརྗོད་བཞིན་དཔྲལ་བ། མགྲིན་པ། སྙིང་ག་གསུམ་དྲི་ཆུས་བྱུགས་ལ་རྡོ་རྗེས་རེག་ཅིང་། ༀ་ཨཱ་ཧཱུྃ་དཔྲལ་བར་ༀ་ལས་འཁོར་ལོ་དཀར་པོ་ༀ་གྱིས་མཚན་པ། མགྲིན་པར་ཨཱཿལས་པདྨ་དམར་པོ་ཨཱཿས་མཚན་པ། སྙིང་གར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ། དེ་དག་གི་འོད་ཟེར་གྱིས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་བསལ་ནས་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པར་སྒོམས་ཤིག །དེ་ལྟར་སྒོ་གསུམ་བྱིན་གྱིས་བརླབས་ནས་མེ་ཏོག་ལ་སོགས་པས་མཆོད་པའི་


SPN001_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

མོས་པ་མཛོད། པུཥྤེ། དྷུ་པེ། ཨ་ལོ་ཀེ། གནྡྷེ། ནཻ་ཝི་དྱེས་མཆོད། གནས་རྣམས་སུ་རྡོ་རྗེ་བསྡམས་པའི་གུང་མོ་གཉིས་གཤིབས་ཏེ་བརྐྱང་པ་རྡོ་རྗེའི་ཕྱག་རྒྱས་རེག་ལ། དེ་ནས་གོ་ཆའི་ལྷ་རྣམས་བཀོད་ནས་བསྲུང་བའི་དོན་དུ་ཁྱེད་རང་རྣམས་ཀྱི། ལྟེ་བར་ཕག་མོའི་ངོ་བོ་ༀ་པྃ་དམར་པོ། སྙིང་གར་གཤིན་རྗེ་མའི་ངོ་བོ་ཧཾ་ཡཾ་སྔོན་མོ། ཁ་ལ་རྨོངས་བྱེད་མའི་ངོ་བོ་ཧྲིཾ་མཾ་དཀར་མོ། མགོ་བོར་སྐྱེད་བྱེད་མའི་ངོ་བོ་ཧྲིཾ་ཧྲིཾ་སེར་མོ། སྤྱི་གཙུག་ཏུ་སྐྲག་བྱེད་མའི་ངོ་བོ་ཧཱུྃ་ཧཱུྃ་ལྗང་གུ། སྨིན་མཚམས་སུ་གཏུམ་མོའི་ངོ་བོ་ཕཊ་ཕཊ་དུད་ཁ་སྟེ། གོ་ཆའི་དཔའ་མོ་དྲུག་གིས་བསྲུང་བའོ། །དེས་སྔོན་འགྲོ་སྟ་གོན་གྱི་ཆོས་རྣམས་སོང་ནས། སྔོན་འགྲོ་ལ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། མཎྜལ་ཕུལ། དེ་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །བཅོམ་ལྡན་རྡོ་རྗེ་རྣལ་འབྱོར་མས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ལན་གསུམ། དེ་ཡང་བླ་མ་ནི་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་ཡིན་པས་ཡི་དམ་གྱི་ལྷ་དང་དབྱེར་མེད་དུ་གོ་བར་གྱིས་ཤིག །ཅེས་གདམས་པ་ནི། བླ་མ་དང་ནི་ཡི་དམ་ལྷ། །ཐ་དད་དུ་ནི་མ་ལྟ་ཞིག །ངེས་པར་དངོས་


SPN001_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་དམ་པ་འདི། །བདག་གིས་ཁྱོད་ལ་སྦྱིན་པར་བྱ། །སྔོན་ཆད་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་འདིར་མ་ཞུགས་པའམ་མ་རིག་པའི་སྒྲིབ་གཡོགས་དང་བཅས་པ་མཚོན་པའི་ཕྱིར་རས་ཡུགས་དམར་པོ་ཁ་ཚར་མ་ཉམས་པ་རེ་གདོང་གཡོགས་བཅིངས་པའི་མོས་པ་མཛོད། ༀ་ཙཀྵཱུ་བྷནྡྷ་ཝཱ་ར་མཱ་ཎ་ཡེ་ཧཱུྃ། ཞེས་གདོང་གཡོགས་བཅིངས། བླ་མ་དང་དཀྱིལ་འཁོར་མཇལ་བའི་ཚེ་ཕྱག་སྟོང་པར་དཀྱིལ་འཁོར་མཇལ་དུ་མི་རུང་བས་དེའི་ཕྱག་རྟེན་གྱི་དོད་དང་། མཐར་ཐུག་བྲལ་སྨིན་གྱི་ཡོན་ཏན་དྲུག་ཅུ་རྩ་བཞི་ལ་དབང་བའི་རྟེན་འབྲེལ་བསྒྲིགས་པའི་ཕྱིར། ཏྲཱྃ་ལས་བྱུང་བའི་རིན་པོ་ཆེ་མེ་ཏོག་གི་ཕྲེང་བ་ཕྱག་ཏུ་འཛིན་པའི་མོས་པ་མཛོད། ༀ་ཨཱ་ཁཾ་བཱི་ར་ཧཱུྃ། མེ་ཏོག་གཏད། སྔོན་འགྲོ་གཏོར་མ་གཞུང་བཞིན་བཏང་། སྲུང་འཁོར་མཚམས་བཅད་བྱ། དེ་ནས་ཐུན་མོང་མིན་པའི་བྱང་ཆུབ་ཀྱི་སེམས་གཉིས་བསྐྱེད་པ་ནི། བརྟག་གཉིས་ལས། ཀུན་རྫོབ་དོན་དམ་གཟུགས་ཅན་གྱི། །བྱང་ཆུབ་སེམས་གཉིས་རབ་ཏུ་བསྐྱེད། །ཀུན་རྫོབ་ཀུནྡ་ལྟ་བུ་ལ། །དོན་དམ་བདེ་བའི་གཟུགས་ཅན་ནོ། །ཞེས་གསུངས་པས། ཁྱེད་རང་རྣམས་ཀྱི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་རྩེ་ལྔ་པ་འོད་ཟེར་དང་བཅས་པ་གསལ་བར་དམིགས་ལ་


SPN001_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་འདིའི་རྗེས་ཟློས་མཛོད། ༀ་སརྦ་ཡོ་ག་ཙིཏྟ་ཨུཏྤ་དཱ་ཡཱ་མི། སྙིང་གར་རྡོ་རྗེ་བཞག་ལ། སེམས་བསྐྱེད་པ་དེ་ཉིད་བརྟན་པར་གྱུར་པའི་མོས་པ་མཛོད། ༀ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿསིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཐམས་ཅད་རྡོ་རྗེའི་རང་བཞིན་དུ་སེམས་བསྐྱེད་པ་དེ་བརྟན་པར་བྱས་སོ། །ཞེས་བརྗོད། དེ་ནས་བླ་མ་དང་དཀྱིལ་འཁོར་གྱི་ལྷའི་དྲུང་དུ་སྔགས་ཀྱི་སྡོམ་པ་ལེན་པ་ལ། ཐེག་པ་ཆེན་པོའི་སྨོན་འཇུག་གི་སེམས་བསྐྱེད་གཉིས་དང་། སྐྱབས་སུ་འགྲོ་བ་དང་། ཉེས་སྤྱོད་སྡོམ་པ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་དེ་བྱང་ཆུབ་སེམས་དཔའི་སྡོམ་པ་གསུམ་དང་བཅས་པ་འཛིན་པ་ནི་རྣམ་སྣང་གི་དམ་ཚིག་གོ། རྡོ་རྗེ་ཐུགས། དྲིལ་བུ་གསུང་། ཕྱག་རྒྱ་སྐུ་སྟེ་དམ་ཚིག་གསུམ་འཛིན་ཅིང་། རྡོ་རྗེ་སློབ་དཔོན་ལ་བསྙེན་བཀུར་བྱ་བ་ནི་རྡོ་རྗེ་རིགས་ཀྱི་དམ་ཚིག་གོ། །སྦྱིན་པ་རྣམ་བཞི་རྟག་པར་སྦྱིན་པ་དང་། ཉིན་མཚན་དུས་དྲུག་གམ་གསུམ་དུ་སྦྱིན་པ་ནི་རིན་ཆེན་རིགས་ཀྱི་དམ་ཚིག་གོ། །ཕྱི་ཉན་ཐོས། ནང་ཐེག་ཆེན། གསང་བ་སྔགས་ཀྱི་དམ་ཚིག་ཡང་དག་པར་འཛིན་པས་རང་རང་གི་ཚངས་སྤྱོད་བསྟེན་པ་ནི་པདྨའི་རིགས་ཀྱི་དམ་ཚིག་གོ། མཆོད་བསྟོད་དང་། ལས་རབ་འབྱམས་བསྒྲུབ་པ་དང་། ཐེག་པ་ཐམས་ཅད་


SPN001_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྡོམ་པ་དང་། ལས་ལ་མཁས་པས་འགྲོ་བ་འདུལ་བ་ལས་ཀྱི་རིགས་ཀྱི་དམ་ཚིག་གོ། །མདོར་ན་རྡོ་རྗེ་ཐེག་པའི་དངོས་གྲུབ་གྱི་རྒྱུད་དེ་དག་ལ་གནས་པས་ངན་འགྲོ་རྣམས་ངན་འགྲོ་ལས་བསྒྲལ་བར་བྱ་ཞིང་། ལྷ་མི་རྣམས་རྒྱུད་གྲོལ་བར་བྱེད་པ་དང་། ལམ་དམན་པར་ཞུགས་པ་རྣམས་ཐེག་པ་ཆེན་པོར་དབུགས་འབྱིན་པར་བྱ་སྟེ། སེམས་ཅན་ཐམས་ཅད་ཀྱང་བདག་གིས་བྱང་ཆུབ་ཆེན་པོར་འགོད་པར་བྱའོ་ཞེས་སྙིང་སྟོབས་ཆེན་པོས་དམ་བཅའ་ཞིང་དེ་ལྟ་བུར་སྨོན་པའོ། །དེ་ལྟར་རིགས་ལྔ་སྤྱི་དང་ཁྱད་པར་གྱིས་བསྡུས་པའི་དམ་ཚིག་ཐམས་ཅད་ཚུལ་བཞིན་འཛིན་སྙམ་པས་འདིའི་རྗེས་ཟློས་མཛོད། མགོན་པོ་སངས་རྒྱས་རྣམས་དང་ནི། །སྲས་བཅས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བྱ་བ་ཡིས། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་བདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པ། །སྡོམ་པ་དེང་ནས་


SPN001_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པོར་བཟུང་། །རྡོ་རྗེའི་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་བཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང་། །མ་བརྒལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ལན་གསུམ། དེ་ནས་གསང་བ་མི་བསྒྲག་པའི་ཕྱིར་ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག་པ་ནི། མགོ་བོར་རྡོ་རྗེ་བཞག །ཁྱོད་ནི་རྣལ་འབྱོར་མ་རིགས་སྐྱེས། །ང་ཡིས་ཡེ་ཤེས་རྡོ་རྗེ་སྦྱིན། །བྱིན་པས་དངོས་གྲུབ་ཐོབ་པར་འགྱུར། །


SPN001_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་འདི་འདྲ་མ་མཐོང་བའི། །མདུན་དུ་སྨྲ་བར་མ་བྱེད་ཅིག །གལ་ཏེ་སྨྲས་ན་ཉམས་པར་འགྱུར། །དེ་བས་ང་རྒྱལ་བཅོམ་ནས་ནི། །བདག་ཉིད་མ་འཁྲུལ་ཤེས་པར་གྱིས། །དེ་ནས་སླར་ཡང་འགལ་ན་ཉེས་དམིགས་བསྟན་པའི་སྒོ་ནས་དམ་ལ་བཞག་པ་ནི། སྙིང་གར་རྡོ་རྗེ་བཞག །རྡོ་རྗེ་མཁའ་འགྲོ་མ་ཁྱོད་དེང་། །ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཕན་ཡོན་དང་ཉེས་དམིགས་གཉིས་ཀའི་སྒོ་ནས་དམ་ལ་བཞག་པ་ནི། བདུད་རྩི་བྱིན་ལ། འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ༀ་བཛྲ་ཌཱ་ཀི་ནི་ཨ་མྲྀ་ཏོ་ད་ཀ་ཋཱ། དེ་ནས་རྡོ་རྗེ་སློབ་དཔོན་གྱི་བཀའ་ཉན་པའི་སྒོ་ནས་དམ་ལ་བཞག་པ་ནི། སྤྱི་བོར་རྡོ་རྗེ་བཞག་ལ། དུས་འདི་ནས་ནི་བུ་ཁྱོད་ཀྱི། །རྡོ་རྗེ་འཛིན་པ་ང་ཡིན་གྱི། །ང་ཡིས་ཇི་ལྟར་བཀའ་སྩལ་པ། །ཁྱོད་ཀྱིས་སྐྱོ་བ་མེད་པར་སྒྲུབས། །གང་ཡང་ང་ལ་མ་གུས་མིན། །དེ་བཞིན་གུས་པར་མ་བྱས་ན། །བདུད་ཀྱིས་བཅོམ་ནས་ངན་འགྲོར་འགྲོ། །དེ་བས་དམ་ཚིག་གནས་པར་གྱིས། །བདུད་རྩི་ལྔས་བྱུགས་པའི་མཎྜལ་ཆོས་འབྱུང་པདྨ་མེ་ཏོག་གི་ཚོམ་བུ་བཀོད་པ་སློབ་མའི་གྲངས་དང་མཉམ་པ་


SPN001_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

ལ། སློབ་མ་རྣམས་བཞག་ལ། ཁྱེད་རང་རྣམས་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་ཅིང་བྱིན་དབབ་པའི་སླད་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བདག་དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུའིི་ངོ་བོར་གྱུར་པ་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུ་ལ་སྐྱབས་སུ་མཆིའོ། །བདག་དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་ངོ་བོར་གྱུར་པ་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་གསུང་ལ་སྐྱབས་སུ་མཆིའོ། །བདག་དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་ངོ་བོར་གྱུར་པ་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཐུགས་ལ་སྐྱབས་སུ་མཆིའོ། །བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་དང་། མཁའ་འགྲོ་མ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་བདག་ལ་མྱུར་དུ་དབབ་པར་མཛད་དུ་གསོལ། དེ་བཞིན་ཉིད་ཀྱི་ཡེ་ཤེས་ནམ་མཁའ་ལྟ་བུས་གང་བར་མཛད་དུ་གསོལ། སྨིན་པར་མཛད་དུ་གསོལ། ཤིན་ཏུའང་སྨིན་པར་མཛད་དུ་གསོལ། ཅེས་ལན་གསུམ་མམ་


SPN001_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག །དེ་ནས་ཁྱེད་རང་རྣམས་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་ལངས་ཏེ་སྤྱི་བོར་ཆོས་འབྱུང་གི་ཕྱག་རྒྱ་འཆིང་བཞིན་དུ་དམིགས་པ་འདི་ལྟར་མཛོད། རླུང་གི་དཀྱིལ་འཁོར་ནག་པོ་གཞུའི་དབྱིབས་ཅན། དེའི་སྟེང་དུ་སྐད་ཅིག་གིས་ཁྱེད་རང་རྣམས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུར་གསལ་བའི་ལྟེ་བར་མེ་རབ་ཏུ་འབར་བའི་ཆོས་འབྱུང་དམར་པོའི་དབུས་ན་ཧྲཱིཿལས་སྔགས་ཕྲེང་གཡོན་དུ་དྲག་ཏུ་འཁོར་བ་དེ་ལས་འོད་ཟེར་འཕྲོས་པས་རྡུལ་ཚོན་དང་མེ་ལོང་དང་། ཨོ་རྒྱན་ནས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་དཔའ་བོ་མཁའ་འགྲོ་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པ་སྤྱན་དྲངས། སྔགས་འཁོར་དང་ཁྱེད་རང་རྣམས་ལ་ཐིམ། གུ་གུལ་དང་ཚིལ་ཆེན་བསྲེག །ཌཱ་མ་རུའི་སྒྲ་འཁྲོལ་ཞིང་། སླར་ཡང་སྔགས་འཁོར་ལས་འོད་ཟེར་དང་དགའ་འཁྱིལ་འཕྲོས། སྨིན་མཚམས་སུ་གཡོན་དུ་དྲག་ཏུ་འཁོར། དཔའ་བོ་དང་རྣལ་འབྱོར་མའི་བྱང་སེམས་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བའི་མོས་པ་མཛོད། ༀ་བཛྲ་བཻ་རོ་ཙ་ནི་ཡེ་ཧ་རི་ནི་ས་ཨཱ་བེ་ཤ་ཡ་ཨཱཿཨཿཧྲཱིཿཧྲཱིཿཧྲཱིཿཕེེཾ་ཕེཾ་ཕེཾ། དེ་ལྟར་ཕབ་པའི་ཡེ་ཤེས་པ་དེ་ཉིད་ངོ་སྤྲད་པའི་ཕྱིར་རྡོ་རྗེའི་གླུ་བླང་བ་ནི། ལྟོས་ཤིག་རང་གི་སེམས་ལ་ལྟོས། །སེམས་ཉིད་ཅིར་ཡང་གྲུབ་པ་མེད། །གྲུབ་པ་མེད་པའི་སེམས་ཉིད་འདི། །སྣ་ཚོགས་སྣང་བ་ངོ་མཚར་ཆེ། །


SPN001_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ཙམ་ཉིད་ནས་སེམས་སུ་འདུས། །སེམས་ཅན་ཀུན་གྱི་སེམས་ཉིད་དེ། །བདེ་བ་ཆེན་པོའི་ཡེ་ཤེས་ཡིན། །རྣམ་པར་མི་རྟོག་བསམ་མི་ཁྱབ། །གསལ་བ་དེ་ཡི་ངོ་བོར་སྣང་། །མོས་པ་དུ་མའི་སེམས་ཅན་ལ། །ཐབས་རྣམས་སྣ་ཚོགས་བསྟན་པ་སྟེ། །སྣ་ཚོགས་སྒྱུ་མའི་སྦྱོར་བ་ཡིས། །དཔའ་བོ་སེངྒེ་བཞིན་དུ་སྤྱོད། །བསམ་གྱིས་མི་ཁྱབ་གོ་འཕང་ཐོབ། །རྗེ་བཙུན་མ་ཡི་བྱིན་རླབས་ཡིན། །བླ་མ་བརྒྱུད་པའི་རིམ་པ་ནི། །སྣ་ཚོགས་ནོར་བུ་ཇི་བཞིན་དུ། །སྐལ་ལྡན་རྣམས་ཀྱི་སྤྱོད་ཡུལ་ཡིན། །ཞེས་བརྗོད། དེ་ལྟར་ཐབས་ཀྱི་བྱིན་དབབ་པ་དང་ཤེས་རབ་ཀྱི་སེམས་ངོ་སྤྲད་དེ་རྡོ་རྗེ་སྤྱི་བོར་བཞག་པས་ཟུང་འཇུག་བདེ་བ་ཆེན་པོའི་ཡེ་ཤེས་དེ་ཉིད་བརྟན་པར་གྱུར་བའི་མོས་པ་མཛོད། སྤྱི་བོར་རྡོ་རྗེ་བཞག་ལ། ཏིཥྛ་བཛྲ་ཞེས་བརྗོད། དེ་ནས་སྣང་བ་བརྟག་པ་ནི། མིག་རས་ཀྱི་འོག་ནས་དཀྱིལ་འཁོར་གྱི་བར་སྣང་ལ་ལྟོས་ལ་ཁ་དོག་ཇི་ལྟར་མཐོང་བ་སྨོས་ཤིག །ཞེས་ཁ་དོག་གང་མཐོང་སྨྲ་བཅུག །དེ་ལྟར་བལྟས་པས་ཁ་དོག་དཀར་པོ་འདུག་ན་ཞི་བ། སེར་པོ་ལ་རྒྱས་པ། དམར་པོ་ལ་དབང་། ལྗང་ཁུའམ་ནག་པོ་ལ་མངོན་སྤྱོད་དམ་དྲག་པོ། ཁ་དོག་སྣ་ཚོགས་ལ་ལས་སྣ་ཚོགས་འགྲུབ་པར་འགྱུར་རོ། །ཞེས་བརྗོད། ཁྱེད་རང་རྣམས་སྔོན་ཚེ་གང་ལ་སྦྱང་བའི་རིགས་ཀྱི་


SPN001_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་སྐལ་བརྟག་པའི་ཆེད་དུ་དཀྱིལ་འཁོར་གྱི་དྲུང་དུ་མེ་ཏོག་དོར་བ་ལ་བདེན་པའི་བྱིན་རླབས་བརྗོད་པ་ནི། རྡོ་རྗེ་མཁའ་འགྲོའི་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་གཞུག་པར་བྱ། །མཁའ་འགྲོའི་རིགས་ཀྱི་རིམ་པ་བཞིན། །བསོད་ནམས་གང་ཡིན་དེ་བཞིན་ཤོག །འདིས་ནི་དངོས་གྲུབ་གང་ཐོབ་པ། །རིགས་ནི་གང་གི་སྣོད་དུ་འགྱུར། །འདི་ལ་བསོད་ནམས་ཅི་ཡོད་པ། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག །ཅེས་བརྗོད། ཁྱེད་རང་རྣམས་ལ་སྔར་བྱིན་པའི་མེ་ཏོག་གི་ཕྲེང་བ་དེ་ཉིད་མོས་གུས་རྩེ་གཅིག་པས་གཙོ་མོའི་དབུ་ལ་འབུལ་བའི་བློས་སྔགས་འདིའི་རྗེས་ཟློས་དང་བཅས་པས་དཀྱིལ་འཁོར་དུ་འདོར་བར་ཞུ། བཛྲ་ཌཱ་ཀི་ནི་པྲ་ཏཱིཙྪ་བཛྲ་ཧོཿཞེས་མེ་ཏོག་འདོར་བཅུག །སློབ་དཔོན་གྱིས་མེ་ཏོག་གང་ལ་ཕོག་པའི་རིགས་ཀྱི་གསང་མཚན་བཏགས། མེ་ཏོག་གང་ལ་ཕོག་པའི་ལྷ་དེ་ཉིད་མེ་ཏོག་དང་དབྱེར་མེད་དུ་སྤྱི་བོར་ཐིམ་པའི་མོས་པ་མཛོད། །བཅོམ་ལྡན་འདས་མ་ཁྱོད་ཀྱིས་ནི། །འདི་ནི་རྗེས་སུ་བཟུང་བར་མཛོད། །ཅེས་མེ་ཏོག་སྤྱི་བོར་བཞག །ཁྱེད་རང་རྣམས་ཀྱི་མ་རིག་པའི་སྒྲིབ་གཡོགས་དང་མིག་དར་ལྷན་ཅིག་ཏུ་གསལ་བའི་མོས་པ་མཛོད། སྤྱན་ལྔ་རྣམ་དག་དབྱེ་དང་མི་དབྱེ་བྲལ། །འོན་ཀྱང་སྣ་ཚོགས་ཡངས་པའི་སྤྱན་དབྱེ་བས། །ཆོས་ཀུན་སྒྲིབ་བྲལ་མཁྱེན་ཅིང་


SPN001_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་པ་ཡི། །སངས་རྒྱས་ཡེ་ཤེས་སྤྱན་ནི་ཐོབ་གྱུར་ཅིག །གསེར་གྱི་ཐུར་མས་གདོང་གཡོགས་བསལ་ཏེ། ཨོ་བཛྲ་ནཱེ་ཏྲ་ཨ་བ་ཧ་ར་པ་ཊ་ལཾ་ཧྲཱིཿཞེས་བརྗོད། དེ་ནས་ཡེ་ཤེས་ལྷའི་དཀྱིལ་འཁོར་བསྟན་པ་ནི། དཀྱིལ་འཁོར་གཉན་པོ་འདི་ལ་ལྟོས། །ཞེས་ལྟ་བར་བསྐུལ་ནས་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ངོ་སྤྲད་པར་བྱ་སྟེ། དེ་ཡང་ཆོས་ཐམས་ཅད་ཀྱི་རང་བཞིན་སྤྲོས་པ་དང་བྲལ་བའི་ལྷན་སྐྱེས་ཡེ་ཤེས་དེ་ཉིད་གང་འདུལ་གྱི་དཀྱིལ་འཁོར་རབ་འབྱམས་སུ་ཤར་བ་ལས། འདིར་ནི་བཅོམ་ལྡན་འདས་མ་དཔལ་རྡོ་རྗེ་བཙུན་མོའི་དཀྱིལ་འཁོར་ཏེ། ཆོས་ཉིད་སྤྲོས་བྲལ་ལ་སྤྲོས་པའི་མཚན་མ་གང་གིས་ཀྱང་དབྱེན་སྤྱོ་བར་མི་ནུས་པ་མཚོན་པའི་ཕྱིར་སྲུང་བའི་འཁོར་ལོ། དེའི་ནང་དུ་བདག་མེད་པ་མཚོན་པའི་ཕྱིར་དུར་ཁྲོད་བརྒྱད། དེའི་དབུས་སུ་འཁོར་བ་དག་པའི་ཆོས་འབྱུང་གདན་ཐབས་ཀྱི་སྟེང་དུ་མྱང་འདས་དག་པའི་ཆོས་འབྱུང་ཁང་ཐབས། དེའང་སྲིད་པར་གནས་ཀྱང་སྲིད་པའི་སྐྱོན་གྱིས་མ་གོས་པའི་བརྡར་རྩ་བ་ཕྲ་བ་ཐུར་དུ་ཟུག་པ། ཐར་པ་མྱ་ངན་ལས་འདས་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྒྱས་པའི་ཕྱིར་གདེངས་ཀ་ཆེ་བ་གྱེན་དུ་བསྟན་པ། རྣམ་ཐར་སྒོ་གསུམ་མཚོན་པའི་ཟུར་གསུམ་པ། ཐབས་དང་ཤེས་རབ་ཟུང་དུ་འཇུག་


SPN001_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་ཕྱི་དཀར་ལ་ནང་དམར་བ། དེའི་དབུས་སུ་གཙོ་མོ་བཅོམ་ལྡན་འདས་མ་ཉིད་ནི། ཆོས་ཐམས་ཅད་ཆོས་སྐུ་གཅིག་པའི་ཞལ་གཅིག་དང་། ཐབས་ཤེས་གཉིས་སུ་མེད་པའི་ཕྱག་གཉིས་ཀྱིས་གྲི་ཐོད་འཛིན་པ། ཡབ་ཧེ་རུ་ཀ་མཚོན་པའི་ཁ་ཊྭཱྃ་ག་མཆན་དུ་བཅུག་པ་བཅུ་དྲུག་གི་ལང་ཚོ་ནུ་འབུར་ཟུང་གིས་མཛེས་པ། དུས་གསུམ་ལ་མཁྱེན་པའི་སྤྱན་གསུམ་མངའ་ཞིང་། བདུད་བཞི་འདུལ་བའི་མཆེ་བ་བཞི་གཙིགས་པ། དབུ་སྐྲ་གྱེན་བརྫེས་རིགས་བདག་ལྔ་མཚོན་ཐོད་སྐམ་གྱི་ཕྲེང་བས་བཅིངས་པ། ཕར་ཕྱིན་དྲུག་ལྡན་ཕྱག་རྒྱ་ལྔས་བརྒྱན་པ། འདུ་བྱེད་རྣམ་དག་ཐོད་རློན་གྱི་དོ་ཤལ། མེ་ཏོག་གི་ཕྲེང་བ་དང་དྲིལ་བུ་གཡེར་ཁ་རུས་པའི་རྒྱན་གྱིས་བརྒྱན་པ། སྲིད་ཞིའི་མཐའ་ལས་གྲོལ་ཕྱིར་ཞབས་གཉིས་བརྐྱང་བསྐུམ་པདྨ་རོ་དང་ཉི་མའི་གདན་ལ་གར་སྟབས་སུ་བཞུགས་པ་དེའི་ཤར་དུ་རྡོ་རྗེ་མཁའ་འགྲོ་མ། ལྷོར་རིན་ཆེན་མཁའ་འགྲོ་མ། ནུབ་ཏུ་པདྨ་མཁའ་འགྲོ་མ། བྱང་དུ་ལས་ཀྱི་མཁའ་འགྲོ་སྟེ། ཕུང་པོ་ལྔ་ཁམས་ལྔ་འབྱུང་བ་ལྔ་སོགས་ལྔ་ཚན་དུ་བྱས་པའི་ཆོས་རྣམས་རྣམ་པར་དག་པ་ཡེ་ཤེས་ལྔ་དང་། དབང་པོ་ལྔ་དང་། སྟོབས་ལྔ་སོགས་འབྲས་བུ་ལྔ་ཚན་དུ་བྱས་པ་རྣམས་ཀྱི་ངོ་བོ་ལྷ་ལྔར་སྣང་བའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་


SPN001_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མངོན་སུམ་དུ་མཐོང་བའི་མོས་པ་མཛོད། ད་ནི་དད་པ་རབ་ཏུ་བསྐྱེད། །ཁྱེད་ནི་རྣལ་འབྱོར་མ་རིགས་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་རློབས། །འགྲོ་བ་ཕུན་ཚོགས་དངོས་གྲུབ་ཀུན། །དངོས་གྲུབ་ཐམས་ཅད་འདི་ལས་འབྱུང་། །དམ་ཚིག་ཐམས་ཅད་སྐྱོང་བ་དང་། །གསང་སྔགས་འདི་ལ་བརྩོན་པར་གྱིས། །དེས་འཇུག་པའི་ཆོས་རྣམས་གྲུབ་ནས་དངོས་གཞིའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། མཎྜལ་ཕུལ་ནས། དེ་ནས་རྗེ་བཙུན་ལྷོ་བྲག་པའི་སྐུ་གསུང་ཐུགས་ཀྱི་རྒྱུན་མཛད་མ་དང་། ལྷན་ཅིག་སྐྱེས་མ་དང་ཁམས་གསུམ་མ་རྣམས་སུ་དབང་བཞིའི་ཆོ་ག་གསུངས་པ་དང་། གཞུང་དྲུག་གི་ཞལ་གདམས་འགྲེལ་བའི་ཡིག་ཆ་ཤ་བ་རིའི་དབང་ཆོག་རྣམས་ལས་བྱུང་བ་ལྟར། བུམ་དབང་། གསང་དབང་། ཤེས་རབ་ཡེ་ཤེས་ཀྱི་དབང་། ཚིག་དབང་། རྡོ་རྗེ་སློབ་དཔོན་གྱི་དབང་དང་རྗེས་སུ་གནང་བ་བཅས་དྲུག་ཏུ་ཡོད་པ་ལས། བླ་མ་དང་དཀྱིལ་འཁོར་གཙོ་མོ་ཐ་དད་མེད་པའི་དྲུང་དུ་དབང་བཞི་རྫོགས་པར་ཞུ་བའི་དོན་དུ་གསོལ་བ་བཏབ་པ་འདིའི་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་དང་། མཁའ་འགྲོ་མ་རྣམས་ཀྱི་སྐུ་


SPN001_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ཐུགས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་དུ་གསོལ། ལྷ་མོ་དཔལ་གྱི་བློ་གྲོས་ཀྱིས། །བིར་ཝ་པ་ལ་དབང་བསྐུར་ལྟར། །དེ་བཞིན་བླ་མ་ཁྱོད་ཀྱིས་ཀྱང་། །བདག་སོགས་དབང་བསྐུར་མཛད་དུ་གསོལ། །རྡོ་རྗེ་རྣལ་འབྱོར་མ་རྣམས་ལ། །མཆོད་ཆེན་ཇི་ལྟར་བསྩལ་བ་ལྟར། །བདག་ཀྱང་རབ་ཏུ་བསྒྲུབ་སླད་དུ། །དབང་བསྐུར་དམ་པ་བདག་ལ་སྩོལ། །ཞེས་ལན་གསུམ་གསོལ་བ་གདབ། དེ་ལྟར་གསོལ་བ་བཏབ་ནས། དང་པོ་བུམ་པའི་དབང་ལ་ཆུ་དང་ཅོ་པན་རྡོ་རྗེ་དྲིལ་བུ་མིང་དབང་སྟེ་རིགས་པའི་དབང་ལྔ། དེའང་གཞི་ཕུང་པོ་ལྔ་གདོད་མ་ནས་རྒྱལ་བ་རིགས་ལྔར་བཞུགས་པ་ལ། དེ་ལྟར་མ་རིག་པའི་གདུལ་བྱ་རྣམས་དབང་ལྔ་བསྐུར་ནས་གནས་ལུགས་ཇི་ལྟ་བ་བཞིན་རིག་པར་བྱེད་པས་རིག་པའི་དབང་ལྔ་ཞེས་བྱའོ། །དེ་ལ་མི་བསྐྱོད་པ་ཆུའི་དབང་སོགས་ཐམས་ཅད་ལ། སློབ་དཔོན་གྱིས་དབང་ལྷ་སྤྱན་དྲངས་ནས་དབང་བསྐུར་བར་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་གི་དགོངས་པ་མཛད། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤིས་པ་བརྗོད། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་བཞིན་པར་བུམ་པའི་ཆུས་དབང་བསྐུར་བ་དང་། ཕྱག་མཚན་བྱིན་ནས་དབང་དོན་ངོ་སྤྲད་


SPN001_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། སྤྱན་དྲངས་པའི་དབང་ལྷ་སློབ་མའི་ལུས་ལ་ཞུགས་ཞིང་རིགས་བདག་གིས་དབུ་བརྒྱན་པ་སྟེ་དྲུག་ཏུ་ཤེས་པར་བྱ་བའི་དང་པོ་མི་བསྐྱོད་པ་ཆུའི་དབང་གི་དོན་དུ། སློབ་དཔོན་གྱི་ལྟེ་བའི་ས་བོན་ལས་འོད་ཟེར་འཕྲོས་པས་རྡོ་རྗེ་རྣལ་འབྱོར་མ་དང་དཔའ་བོ་མཁའ་འགྲོ་སངས་རྒྱས་བྱང་སེམས་རྣམས་ཀྱི་ཕྱག་ན་ཡེ་ཤེས་ལྔ་ཡི་རང་བཞིན་བདུད་རྩི་བྱང་སེམས་ཀྱིས་བཀང་བའི་བུམ་པ་དང་ཐོད་པ་བཟུང་བ་རྣམས་སྤྱན་དྲངས། བཛྲ་ས་མཱ་ཛཿསློབ་མ་ལ་དབང་བསྐུར་བར་མཛད་དུ་གསོལ། སློབ་མའི་སྤྱི་བོར་བུམ་པ་བཞག །སངས་རྒྱས་ཀུན་གྱི་བུམ་པའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །བུམ་པའི་དབང་ནི་ཁྱོད་ལ་བསྐུར། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡེ་ཤྲཱི་ཧཱུྃ། རྡེ་རྗེ་ལག་ཏུ་གཏད་ཅིང་། རྡོ་རྗེ་མཁའ་འགྲོ་ཞེ་སྡང་རྣམ་དག་པ། །རྣམ་ཤེས་གནས་གྱུར་མེ་ལོང་ཡེ་ཤེས་ཀྱི། །རང་བཞིན་མི་གཡོ་མཆོག་གི་དབང་བསྐུར་བས། །བདེ་གཤེགས་ཀུན་གྱི་ཐུགས་སུ་གྲོལ་གྱུར་ཅིག །ཧ་ༀ་བཛྲ་བཻ་རོ་ཙ་ནི་ཡེ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ།


SPN001_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་ལྷ་རྣམས་སློབ་མའི་ལུས་ལ་ཞུགས་ཏེ། བུམ་ཆུ་གཏོར་ཞིང་བཀྲུས་ལ་བླུགས། །དྲི་མ་ཕུང་པོ་ཉོན་མོངས་དག །སྐུ་དང་ཡེ་ཤེས་དབང་རྣམས་ཐོབ། །མགོ་བོར་ཆུ་ལས་མི་བསྐྱོད་པའོ། །དེ་ནས་རིན་ཆེན་འབྱུང་ལྡན་ཅོད་པན་གྱི་དབང་གི་དོན་དུ། སློབ་དཔོན་གྱི་ལྟེ་བའི་ས་བོན་ལས་འོད་ཟེར་འཕྲོས་པས་རྡོ་རྗེ་རྣལ་འབྱོར་མ་དང་། དཔའ་བོ་མཁའ་འགྲོ་སངས་རྒྱས་བྱང་སེམས་རྣམས་ཀྱི་ཕྱག་ན་ཡེ་ཤེས་ལྔ་ཡི་རང་བཞིན་དབུ་རྒྱན་དང་དར་དཔྱངས་བཟུང་བ་རྣམས་སྤྱན་དྲངས། བཛྲ་ས་མ་ཡ་ཛཿསློབ་མ་ལ་དབང་བསྐུར་བ་མཛད་དུ་གསོལ། ཅོད་པན་ཐོགས་ལ། སངས་རྒྱས་ཀུན་གྱི་དབུ་རྒྱན་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །དབུ་རྒྱན་དབང་ནི་ཁྱོད་ལ་བསྐུར། །ཇི་ལྟར་བལྟམས་པ་སོགས་རིན་པོ་ཆེ་ལག་ཏུ་གཏད་ཅིང་། རིན་ཆེན་མཁའ་འགྲོ་ང་རྒྱལ་རྣམ་དག་པ། །ཚོར་བ་གནས་འགྱུར་མཉམ་ཉིད་ཡེ་ཤེས་ཀྱི། །རང་བཞིན་མི་གཡོ་མཆོག་གི་དབང་བསྐུར་བས། །བདེ་གཤེགས་ཀུན་གྱི་ཡོན་ཏན་རྫོགས་གྱུར་ཅིག །རི་ༀ་བཛྲ་བཻ་རོ་ཙ་ནི་ཡེ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། དབང་གི་ལྷ་རྣམས་སློབ་མའི་ལུས་ལ་གཞུག་སྟེ། །བུམ་ཆུས་གཏོར་ཞིང་བཀྲུས་ལ་བླུགས། །དྲི་མ་ཕུང་པོ་ཉོན་མོངས་དག །སྐུ་དང་


SPN001_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་དབང་རྣམས་ཐོབ། །མགོ་བོར་ཆུ་ལས་རིན་འབྱུང་ངོ་། །དེ་ནས་འོད་དཔག་མེད་རྡོ་རྗེའི་དབང་གི་དོན་དུ། སློབ་དཔོན་གྱི་ལྟེ་བའི་ས་བོན་ལས་འོད་ཟེར་འཕྲོས་པས་རྡོ་རྗེ་རྣལ་འབྱོར་མ་དང་། དཔའ་བོ་མཁའ་འགྲོ་སངས་རྒྱས་བྱང་སེམས་རྣམས་ཀྱི་ཕྱག་ན་ཡེ་ཤེས་ལྔའི་རང་བཞིན་རྩེ་མོ་དགུ་པའི་རྡོ་རྗེ་བཟུང་བ་རྣམས་སྤྱན་དྲངས། བཛྲ་ས་མཱ་ཛཿསློབ་མ་ལ་དབང་བསྐུར་བར་མཛད་དུ་གསོལ། རྡོ་རྗེ་ཐོགས་ལ། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །རྡོ་རྗེའི་དབང་ནི་ཁྱོད་ལ་བསྐུར། །ཇི་ལྟར་བལྟམས་པ་སོགས། པདྨ་ལག་ཏུ་གཏད་དེ། པདྨ་མཁའ་འགྲོ་འདོད་ཆགས་རྣམ་དག་པ། །འདུ་ཤེས་གནས་འགྱུར་སོར་རྟོག་ཡེ་ཤེས་ཀྱི། །རང་བཞིན་མི་གཡོ་མཆོག་གི་དབང་བསྐུར་བས། །བདེ་གཤེགས་ཀུན་གྱི་གསུང་དུ་འགྲུབ་གྱུར་ཅིག །ནི་ༀ་བཛྲ་བཻ་རོ་ཙ་ནི་ཡེ་ཨ་བྷི་ཥེ་ཀ་ཏ་ས་མ་ཡེ་ཤྲཱི་ཧཱུྃ། དབང་གི་ལྷ་རྣམས་སློབ་མའི་ལུས་ལ་ཞུགས་ཏེ། བུམ་ཆུས་གཏོར་ཞིང་བཀྲུས་ལ་བླུགས། །དྲི་མ་ཕུང་པོ་ཉོན་མོངས་དག །སྐུ་དང་ཡེ་ཤེས་དབང་རྣམས་ཐོབ། །མགོ་བོ་ཆུ་ལས་འོད་དཔག་མེད། །དེ་ནས་དོན་ཡོད་གྲུབ་པ་དྲིལ་བུའི་དབང་གི་དོན་དུ། སློབ་


SPN001_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་གྱི་ལྟེ་བའི་ས་བོན་ལས་འོད་ཟེར་འཕྲོས་པས་རྡོ་རྗེ་རྣལ་འབྱོར་མ་དང་། དཔའ་བོ་མཁའ་འགྲོ་སངས་རྒྱས་བྱང་སེམས་རྣམས་ཀྱི་ཕྱག་ན་ཡེ་ཤེས་ལྔའི་རང་བཞིན་སྒྲ་གྲགས་བཞིན་པའི་དྲིལ་བུ་བཟུང་བ་རྣམས་སྤྱན་དྲངས། བཛྲ་ས་མཱ་ཛཿསློབ་མ་ལ་དབང་བསྐུར་བར་མཛད་དུ་གསོལ། དྲིལ་བུ་ཐོགས་ལ། སངས་རྒྱས་ཀུན་གྱི་དྲིལ་བུའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །དྲིལ་བུའི་དབང་ནི་ཁྱོད་ལ་བསྐུར། །ཇི་ལྟར་བལྟམས་པ་སོགས། རལ་གྲི་ལག་ཏུ་གཏད་དེ། ལས་ཀྱི་མཁའ་འགྲོ་ཕྲག་དོག་རྣམ་དག་པ། །འདུ་བྱེད་གནས་འགྱུར་བྱ་གྲུབ་ཡེ་ཤེས་ཀྱི། །རང་བཞིན་མི་གཡོ་མཆོག་གི་དབང་བསྐུར་བས། །བདེ་གཤེགས་ཀུན་གྱི་ཕྲིན་ལས་རྫོགས་གྱུར་ཅིག །ས་ༀ་བཛྲ་བཻ་རོ་ཙ་ནི་ཡེ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། དབང་གི་ལྷ་རྣམས་སློབ་མའི་ལུས་ལ་ཞུགས་ཏེ། བུམ་ཆུས་གཏོར་ཞིང་བཀྲུས་ལ་བླུགས། །དྲི་མ་ཕུང་པོ་ཉོན་མོངས་དག །སྐུ་དང་ཡེ་ཤེས་དབང་རྣམས་ཐོབ། །མགོ་བོར་ཆུ་ལས་དོན་གྲུབ་བོ། །དེ་ནས་རྣམ་པར་སྣང་མཛད་མིང་གི་དབང་བསྐུར་བའི་དོན་དུ། སློབ་དཔོན་གྱི་ལྟེ་བའི་ས་བོན་ལས་འོད་ཟེར་འཕྲོས་པས་རྡོ་རྗེ་རྣལ་འབྱོར་མ་དང་། དཔའ་བོ་མཁའ་འགྲོ་སངས་རྒྱས་བྱང་སེམས་


SPN001_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྤྱན་དྲངས། བཛྲ་ས་མཱ་ཛཿསློབ་མ་ལ་དབང་བསྐུར་དུ་གསོལ། །མགོ་ཐོག་ཏུ་རྡོ་རྗེ་དྲིལ་བུ་མཉམ་དུ་བཟུང་ལ། སངས་རྒྱས་ཀུན་གྱི་མིང་གི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །མིང་གི་དབང་ནི་ཁྱོད་ལ་བསྐུར། །རྒྱས་པར་གསང་མཚན་གང་ཡིན་སོ་སོར་བརྗོད། བསྡུ་ན་སྤྱི་ཁྱབ་ལ། ཀྱེ་དཔལ་སྣང་མཛད་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །ཇི་ལྟར་བལྟམས་པ་སོགས། གྲི་གུག་ལག་ཏུ་གཏད་ལ། སངས་རྒྱས་མཁའ་འགྲོ་གཏི་མུག་རྣམ་དག་པ། །གཟུགས་ཕུང་གནས་འགྱུར་ཆོས་དབྱིངས་ཡེ་ཤེས་ཀྱི། །རང་བཞིན་མི་གཡོ་མཆོག་གི་དབང་བསྐུར་བས། །བདེ་གཤེགས་ཀུན་གྱི་སྐུ་ནི་འགྲུབ་གྱུར་ཅིག །ཧྲཱིཿༀ་བཛྲ་བཻ་རོ་ཙ་ནི་ཡེ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། དབང་གི་ལྷ་རྣམས་སློབ་མའི་ལུས་ལ་ཞུགས་ཏེ། བུམ་ཆུས་གཏོར་ཞིང་བཀྲུས་ལ་བླུགས། །དྲི་མ་ཕུང་པོ་ཉོན་མོངས་དག །སྐུ་དང་ཡེ་ཤེས་དབང་རྣམས་ཐོབ། མགོ་བོར་ཆུ་ལས་རྣམ་སྣང་ངོ་། །དེ་ལྟར་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་རིགས་པའི་དབང་ལྔ་སྟེ། ལུས་ལ་བུམ་པའི་དབང་བསྐུར་བས་ལུས་ཀྱི་སྒྲིབ་པ་དག་ནས་ལམ་བསྐྱེད་པའི་རིམ་པ་སྣང་སྟོང་དབྱེར་མེད་བསྒོམ་པ་ལ་དབང་ཞིང་། འབྲས་བུ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་དང་ལྡན་


SPN001_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་སོ། །དེ་ལྟ་བུའི་རིགས་པའི་དབང་ལྔ་བསྐུར། ཕུང་པོ་ལྔའི་མ་དག་པ་སྦྱངས་ནས་རིགས་ལྔར་ངོ་སྤྲད་དེ་སྣོད་བཅུ་རིགས་ལྔར་ཤེས་ནས་ཐ་མལ་དུ་བལྟ་བ་དང་བྲལ་བ་ནི་བུམ་དབང་ཐོབ་པའི་ཡོན་ཏན་ཏེ། ལུས་དཀྱིལ་བལྟ་བ་དང་། གསང་བའི་དམ་རྫས་ལེན་པ་སོགས་ལ་མཚན་འཛིན་གྱི་རྟོག་པ་མི་སྐྱེ་བས་གསང་དབང་བསྐུར་རུང་དུ་སྨིན་པའོ། །དེ་ནས་གསང་བའི་དབང་བསྐུར་ཞུ་བའི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། བླ་མ་རྡོ་རྗེ་རྣལ་འབྱོར་མ་དང་། དཔལ་འཁོར་ལོ་སྡོམ་པ་སྙོམས་འཇུག་གི་སྒྲས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། ཞལ་ནས་ཞུགས། ཐུགས་ཀར་ཞུ། སྦྱོར་མཚམས་ནས་བབས་པའི་བདུད་རྩི་དང་། སྔར་ནས་དཔའ་བོ་མཁའ་འགྲོའི་བྱང་སེམས་ཐོད་པར་གནས་པས་སྤྱི་བོར་དབང་བསྐུར་བར་གྱུར། ཐོད་པ་སྤྱི་བོ་དང་མགྲིན་པར་བཞག་ལ། སངས་རྒྱས་ཀུན་གྱི་ཐོད་པའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །གསང་བའི་དབང་ནི་ཁྱོད་ལ་བསྐུར། ༀ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ༀ་བཛྲ་བཻ་རོ་ཙ་ནི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཐོད་པའི་བདུད་རྩི་འཐུང་དུ་གཞུག །བྱང་ཆུབ་སེམས་ཀྱི་བདུད་རྩི་དེ་རྩ་འཁོར་ལོ་བཞི་ལ་བརྒྱུད། ལུས་ཀྱི་རྩ་གནས་ཐམས་ཅད་བདེ་བ་ཆེན་པོས་ཁྱབ་པར་སྒོམས་ཤིག །དེ་


SPN001_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བླ་མ་ཡབ་ཡུམ་གྱི་ལུས་དཀྱིལ་ལ་བརྟེན་ནས་ངག་ལ་གསང་བའི་དབང་བསྐུར་བས་ངག་གི་སྒྲིབ་པ་དག་ནས། ལམ་རྩ་རླུང་ཐིག་ལེ་རྫོགས་པའི་སྒྱུ་ལུས་གསལ་སྟོང་དབྱེར་མེད་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པར་བྱས་སོ། །དེ་ལྟ་བུའི་གསང་དབང་བསྐུར་བས་སྒོ་གསུམ་བྱིན་གྱིས་བརླབ་ནས་གསལ་སྟོང་གི་དགའ་བདེ་ཁྱད་པར་ཅན་དུ་བྱས་པ་རྒྱུད་ལ་སྐྱེས་ཏེ་དབྱིབས་ལ་ལྷ་སྐུ་བལྟ་བའི་ཞེན་པ་དང་བྲལ་བ་ནི་གསང་དབང་ཐོབ་པ་སྟེ། འདོད་ཆགས་ཀྱི་རྟོག་པས་འཆིང་བར་མི་ནུས་ཤིང་། ལམ་དང་ལམ་མ་ཡིན་པ་ཤེས་པས་ཤེས་རབ་མའི་བརྟུལ་ཞུགས་ལེན་པ་ལ་མཚན་འཛིན་གྱི་རྟོག་པ་མི་སྐྱེ་བས་དབང་གསུམ་པ་བསྐུར་རུང་དུ་སྨིན་པའོ། །དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། སིནྡྷུ་རའི་མེ་ལོང་སློབ་མའི་ལྟེ་བར་བཞག་ཅིང་། སངས་རྒྱས་ཀུན་གྱི་མེ་ལོང་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །ཤེས་རབ་ཡེ་ཤེས་དབང་ནི་ཁྱོད་ལ་བསྐུར། །ༀ་བཛྲ་བཻ་རོ་ཙ་ནི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། མེ་ལོང་གི་དཀྱིལ་འཁོར་ལས་རྡོ་རྗེ་རྣལ་འབྱོར་མ་འཕྲོས། སློབ་མའི་ལྟེ་བར་ཞུགས། རླུང་བཟུང་བས་དཀྱིལ་འཁོར་དེ་ལས་དམར་ཆ་ཤེས་རབ་ཡེ་ཤེས་ཀྱི་མེ་འབར་བས་སྤྱི་


SPN001_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

བོར་ཧྃ་ཡིག་ཞུ་ནས་རྩ་འཁོར་ལོ་བཞི་ལ་བརྒྱུད། ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཉམས་སུ་མྱོང་བའི་མོས་པ་མཛོད། དེ་ལྟར་སིནྡྷུ་རའི་དཀྱིལ་འཁོར་ལ་བརྟེན་ནས་སེམས་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་སེམས་ཀྱི་སྒྲིབ་པ་དག་ནས་ལམ་དགའ་བཞིའི་ཡེ་ཤེས་འོད་གསལ་བདེ་སྟོང་དབྱེར་མེད་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པར་བྱས་སོ། །དེ་ལྟ་བུའི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་རང་བཞིན་བརྒྱད་ཅུའི་རྟོག་པ་རྣམས་བདེ་བར་བྱིན་གྱིས་བརླབ་ནས། ཆོས་ཐམས་ཅད་བདེ་སྟོང་རང་རིག་པའི་ངོ་བོ་རོ་གཅིག་པར་ཤེས་པ་ནི་དབང་གསུམ་པ་ཐོབ་སྟེ་ཆོས་ཐམས་ཅད་གདོད་མ་ནས་དག་པར་བསྟན་པ་ལ་མི་ཞུམ་ཞིང་ཁོང་དུ་ཆུད་པར་འགྱུར་བས་དབང་བཞི་པ་བསྐུར་རུང་དུ་སྨིན་པའོ། །དེ་ནས་བཞི་པ་ཚིག་དབང་རིན་པོ་ཆེ་བསྐུར་བ་ནི། ཕྱག་རྒྱ་ཆེན་པོའི་གནས་མཆོག་ནས། །བྱང་ཆུབ་སེམས་དཔའ་སྤྱོད་པའི་བློ་གྲོས་བཞུགས། །ཞེས་སྨོས་པ་ན། ཁྱོད་རྣམས་ཀྱི་ཡིད་ལ་གནས་དང་གང་ཟག་གི་རྣམ་པར་བློ་ཡུལ་དུ་འཆར་ཡང་། དེ་ནི་མིང་ཙམ་བརྡའ་ཙམ་བཏགས་པ་ཙམ་ལས་དོན་ལ་གྲུབ་པ་མེད་དོ། །དེ་ལྟར་དྲུག་པ་ཡིད་ཀྱི་ཡུལ་དུ་སྣང་བའི་གཟུགས་སྒྲ་ལ་སོགས་པའི་ཆོས་ཐམས་ཅད་དངོས་པོ་དེ་ཉིད་དུ་མ་གྲུབ། ཁྱེད་རང་


SPN001_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

གི་སེམས་ཉིད་གཞི་མེད་རྩ་བྲལ་སྤྲོས་པའི་མཐའ་དང་བྲལ་བའོ། །སྣ་ཚོགས་སུ་སྣང་ཡང་སྣང་སེམས་གཉིས་མེད་ཆོས་ཀྱི་སྐུ་ངོས་བཟུང་མེད་པར་ངོ་ཤེས་པར་གྱིས་ཤིག །ཞེས་ཅུང་ཟད་མཉམ་པར་འཇོག་བཅུག །དེ་ལྟར་སྣང་སྲིད་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་ལ་བརྟེན་ནས་ལུས་ངག་ཡིད་གསུམ་ལ་བཞི་པའི་དབང་བསྐུར་བས་སྒོ་གསུམ་གྱི་སྒྲིབ་པ་མཐའ་དག་དག །ལམ་འོད་གསལ་ཟུང་འཇུག་རིག་སྟོང་དབྱེར་མེད་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་སྐུ་གསུམ་དབྱེར་མེད་དམ་ངོ་བོ་ཉིད་ཀྱི་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པར་བྱས་སོ། །དེ་ལྟ་བུའི་དབང་བཞི་པ་བསྐུར་བས་རིག་སྟོང་དང་བདེ་སྟོང་དུ་འཛིན་པ་དག་སྟེ། ཆོས་ཐམས་ཅད་ཀྱི་རང་བཞིན་དོན་དམ་པ་བརྗོད་མེད་ཀྱི་ཡེ་ཤེས་མངོན་དུ་མཐོང་ནས་ཐེ་ཚོམ་གྱི་འཆིང་བ་ཆད་པ་ནི་དབང་བཞི་པ་ཐོབ་པ་སྟེ། དབང་དོན་རྩེ་གཅིག་ཏུ་བསྒོམ་པ་ནི་གྲོལ་བྱེད་ཀྱི་ལམ་ཡིན་ལ། སྨིན་གྲོལ་དེ་གཉིས་ཀྱི་སྒོ་ནས་མཆོག་གི་དངོས་པོ་ཡང་དག་པར་གྲུབ་པ་ན་རྡོ་རྗེའི་སློབ་དཔོན་ཉིད་དུ་བཀས་གནང་བའི་དབང་བསྐུར་ཏེ་ཆོས་ཀྱི་རྒྱལ་པོར་འགྱུར་བ་ཡིན་ནོ། །ཞེས་བརྗོད། དེ་ནས་རྡོ་རྗེ་སློབ་དཔོན་གྱི་དབང་དང་མཐའ་རྟེན་རྗེས་གནང་བཅས་ཞུ་བའི་ཆེད་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་འཛིན་པ་ཆེན་པོས་བདག་ལ་


SPN001_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སློབ་དཔོན་གྱི་དབང་དང་རྗེས་གནང་བསྩལ་དུ་གསོལ། ཞེས་ལན་གསུམ། དེ་ཡང་སློབ་དཔོན་གྱི་དབང་ལ། དབང་བཞི་ལེགས་པར་བསྐུར་ཏེ་རྒྱུད་བཞི་སྨིན་པ། ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་དཔལ། སྒོ་གསུམ་མི་ཤིགས་པའི་བྱང་སེམས་མཆོག་གི་བྱིན་བརླབས་ཏེ་ནུས་པ་མཆོག་ཏུ་རྒྱས་པ། བླ་མེད་ཀྱི་དབང་བསྐུར་རྒྱུད་བཤད་པ། དེ་དང་འབྲེལ་བའི་ལས་སྟོན་པ་སོགས་བྱེད་པའི་རྡོ་རྗེ་མི་ཕྱེད་པའི་མི་ཤིགས་པ་སྟོབས་སུ་གྱུར་པའི་སློབ་དཔོན་ཏེ། དེ་ལྟར་ཕྱིར་མི་ལྡོག་པ་རྡོ་རྗེ་སློབ་དཔོན་གྱི་དབང་གི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་མ་རྣམས་པད་ཉི་ལ་ཧྃ་དང་རྡོ་རྗེ་ལས་རྡོ་རྗེ་འཆང་དང་རྡོ་རྗེ་སྙེམས་མ་སྐུ་མདོག་སྔོན་མོ་རྡོ་རྗེ་དང་དྲིལ་བུ་འཛིན་པར་གྱུར། སློབ་དཔོན་གྱི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་གདན་གསུམ་ཚང་བའི་དབང་གི་ལྷ་སྤྱན་དྲངས་པ་རྣམས་ཀྱིས་བུམ་པས་དབང་བསྐུར་བར་གྱུར། བུམ་པ་ཐོགས་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དབང་གི་ལྷ་རྣམས་ཡེ་ཤེས་པའི་ཚུལ་དུ་ཞུགས་ཤིང་སྤྱི་བོར་མི་བསྐྱོད་པས་དབུ་བརྒྱན། མེ་ཏོག་གཏོར་ཞིང་། ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་


SPN001_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ། ཞེས་བརྗོད། དེ་ནས་དམ་ཚིག་གསུམ་སྦྱིན་པ་ནི། རྡོ་རྗེ་ལག་གཡས་སུ་གཏད་ལ། ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་ཐབས་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་ཐུགས་ཀྱི་དམ་ཚིག་ཏུ་ཟུངས་ཤིག །དྲིལ་བུ་གཡོན་དུ་སྦྱིན་ལ། ཨཱཿལས་བྱུང་བའི་དྲིལ་བུ་ཤེས་རབ་དེ་ཁོ་ན་ཉིད་ཀྱི་དྲིལ་བུ་གསུང་གི་དམ་ཚིག་ཏུ་ཟུངས་ཤིག །འཁྱུད་པའི་ཚུལ་བྱེད་དུ་བཅུག་ལ། འཁྱུད་པས་ཡུམ་དང་བཅས་པ་སྦྱོར་བ་ཁ་སྦྱོར་གྱི་རིམ་པས་ཕྱག་རྒྱ་སྐུ་ཡི་དམ་ཚིག་ཏུ་ཟུངས་ཤིག །ཡང་རྡོར་དྲིལ་གཏད་ལ། རྡོ་རྗེ་དང་ནི་དྲིལ་བུ་ལོངས། །ཤེས་རབ་ལག་པས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་པར་སྦྱོར། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྡོ་རྗེ་སློབ་དཔོན་གྱི་དབང་ཐོབ་པ་ཡིན་ནོ། །དབང་བསྐུར་བ་དང་། རབ་ཏུ་གནས་པ་དང་། སློབ་མ་བསྡུ་བར་གྱིས་ཤིག །ཅེས་བརྗོད། འདི་ནི་དམ་ཚིག་གསུམ་སྔོན་དུ་འགྲོ་བའི་རྡོ་རྗེ་སློབ་དཔོན་གྱི་དབང་ངོ་། །དེ་ནས་རྗེས་གནང་གི་རིམ་པ་ལ། ཐོག་མར་བླ་མ་བསྒོམ་པའི་རྗེས་སུ་གནང་བ་ནི། སྤྱི་བོར་སིནྡྷུ་ར་བྱུགས་ལ། བླ་མ་རྡོ་རྗེ་འཆང་སྤྱི་གཙུག་ཏུ་མི་འབྲལ་བར་སྒོམས་ཤིག །གཉིས་པ་ཡི་དམ་བསྒོམ་པའི་རྗེས་སུ་གནང་བ་ནི། སིནྡྷུ་ར་ལྟེ་བར་བྱུགས་ཤིང་། ཁྱོད་ཀྱི་ལྷ་རྡོ་རྗེ་རྣལ་འབྱོར་མ་ཡིན་པས་རྟག་ཏུ་མི་འབྲལ་བར་ལུས་སེམས་རྡོ་རྗེ་རྣལ་འབྱོར་མར་སྒོམས་ཤིག །གསུམ་པ་སྔགས་བཟླ་


SPN001_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྗེས་སུ་གནང་བ་ནི། རྡོ་རྗེ་བཙུན་མོས་གསང་སྔགས་འདིའི་རྗེས་ཟློས་མཛོད། ཕྲེང་བ་གཏད་ལ། ༀ་བཛྲ་བཻ་རོ་ཙ་ནི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ། སིནྡྷུ་ར་མགྲིན་པར་བྱུགས་ལ། བཟླས་པའི་རིམ་པ་རྣམས་དང་མ་བྲལ་བར་གྱིས་ཤིག །དེ་ནི་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བའོ། །ཞེས་དང་། དེ་ནས་དམ་ཚིག་དང་། མཆོད་པ་དང་། བརྟུལ་ཞུགས་དང་། ལས་བཞིའི་རྗེས་སུ་གནང་བ་ནི་རིམ་པ་བཞིན་དུ་འདི་ལྟར་གསན་པས་ཁྱབ་པར་གདའ། རིགས་ལྔ་མཁའ་འགྲོ་ཕྱི་ནང་གི། །རྩ་བ་ཡན་ལག་དམ་ཚིག་རྣམས། །ཁྱོད་ཀྱིས་ལེགས་པར་བསྲུང་བར་གྱིས། །སངས་རྒྱས་མཁའ་འགྲོའི་དམ་ཚིག་ཏུ། །བླ་མ་ལ་གུས་སྤྱི་བོར་བཀུར། །སེམས་ཅན་རྣམས་ལ་བྱམས་པ་སྒོམ། །རྡོ་རྗེ་མཁའ་འགྲོའི་དམ་ཚིག་ཏུ། །ཤ་ལྔ་བདུད་རྩི་ལྔ་ལ་སྤྱད། །རྣམ་པར་མི་རྟོག་ཏིང་འཛིན་བསྒོམ། །པདྨ་མཁའ་འགྲོའི་དམ་ཚིག་ཏུ། །ཕྱག་རྒྱ་བརྟེན་ཞིང་བདེ་བ་བསྒོམ། །མེ་མཆོད་འབུལ་ཞིང་གླུ་གར་བྱ། །ལས་ཀྱི་མཁའ་འགྲོའི་དམ་ཚིག་ཏུ། །རྒྱུད་ལ་གང་སྐྱེས་ཤེས་པ་རྣམས། །མི་དགག་ཐད་ཀར་སྤྱོད་པར་བྱ། །རིན་ཆེན་མཁའ་འགྲོའི་དམ་ཚིག་ཏུ། །ཚོགས་དང་གཏོར་མ་རྒྱ་ཆེན་བྱ། །ཆགས་ཞེན་སྤངས་ལ་རི་ཁྲོད་འགྲིམ། །ཕྱི་ནང་གསང་བ་དེ་ཁོ་ནའི། །མཆོད་པ་དུ་མས་ཡང་དག་མཆོད། །ཡ་


SPN001_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

ང་མི་བྱ་ཚད་གཟུང་མེད། །རིག་པ་ངར་དང་བཅས་པ་ཡིས། །མི་ཕོད་བརྫི་ཞིང་ཞེན་པ་བཟློག །འཁྲི་བ་བཙན་ཐབས་དག་ཏུ་བཅད། །བརྟུལ་ཞུགས་ཐུག་ཕྲད་ལམ་དུ་ཁྱེར། །གཅེར་བུ་སྟག་གི་ཤམ་ཐབས་བྱ། །ཕྱག་རྒྱ་ལྔས་བརྒྱན་ཅང་ཏེའུ་དང་། །དྲིལ་བུ་སིལ་སིལ་ཚངས་སྐུད་དང་། །ཐོད་པ་དང་ནི་ཁ་ཊྭཱཾ་ཐོགས། །དུར་ཁྲོད་ཀུན་ཏུ་རྒྱུ་བྱ་སྟེ། །རིག་པ་བརྟུལ་ཞུགས་སྤྱོད་པར་གྱིས། །བསྲུང་བ་སྦྱིན་སྲེག་ཕྱིར་བཟློག་སོགས། །ཕྲིན་ལས་རབ་འབྱམས་བསྒྲུབ་པར་བྱོས། །ཞེས་བསྒོ། དེ་ལྟར་རྗོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལེགས་པར་གྲུབ་པས་དེ་དག་གི་སྐབས་སུ་ཐོབ་པའི་དམ་ཚིག་དང་སྡོམ་པ་རྣམས་ལེགས་པར་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་ལན་གསུམ། དབང་བཞི་ཡོངས་སུ་རྫོགས་པར་ཐོབ་པའི་སྐུ་དྲིན་གཏང་རག་གི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་ཕུལ། ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་ལྟོས་མེད་དུ་འབུལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་སོགས་ལན་གསུམ། དེ་ལྟར་དབང་བསྐུར་བ་ཐོབ་པ་ལ་བརྟེན་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་པར་མཛོད། བསོད་ནམས་འདི་ཡིས་སོགས། ཚོགས་ལ་རོལ། ལྷག་མ་རྗེས་ཆོག་བཀྲ་ཤིས་སོགས་གཞུང་ལྟར་བྱའོ། །ཞེས་པ་འདི་ནི་སྒྲུབ་བརྒྱུད་རིན་པོ་ཆེའི་བསྟན་པའི་བཙས་སུ་ལྷག་པར་དམིགས་པའི་བསམ་སྦྱོར་གྱིས་ཀུན་ནས་བསླངས་ཏེ། སི་ཏུ་པདྨ་ཉིན་བྱེད་དབང་པོས་བྲིས་པ་དགེ་ལེགས་འཕེལ།། །།


previousདཔལ་རྡོ་རྗེ་རྣལ་འབྱོར་མའི་དབང་བསྐུར་བདེ་ཆེན་ལམ་གྱི་སྣང་བྱེད། next