Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  expand section
   
   
   
   
   
   
   
  expand section
   
   
  expand section
   
  expand section
   
   
   
   
   
ཀུན་རིག་གི་དབང་བསྐུར་རྣམ་གྲོལ་སྒོ་ཆེན་འབྱེད་པའི་ལྡེ་མིག
   
   


 
previousཀུན་རིག་གི་དབང་བསྐུར་རྣམ་གྲོལ་སྒོ་ཆེན་འབྱེད་པའི་ལྡེ་མིགnext

ཀུན་རིག་གི་དབང་བསྐུར་རྣམ་གྲོལ་སྒོ་ཆེན་འབྱེད་པའི་ལྡེ་མིག


SPN001_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རིག་གི་དབང་བསྐུར་རྣམ་གྲོལ་སྒོ་ཆེན་འབྱེད་པའི་ལྡེ་མིག་ཅེས་བྱ་བ་བཞུགས་སོ། །


SPN001_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་སརྦ་བི་ད་ཡེ། བཅོམ་ལྡན་འདས་ཐམས་ཅད་རིག་པའི་སྒོ་ནས་སློབ་མ་རྗེས་སུ་བཟུང་བའི་རིམ་པ་ལ། བདག་བསྐྱེད། བུམ་བསྐྱེད། མདུན་བསྐྱེད། བདག་འཇུག་བཅས་གྲུབ་ནས་དབང་བསྐུར་བ་ལ། ཐོག་མར་ཁྲུས་དང་མཎྜལ་བཀྱེ་བསྡུ་ཟིན་ནས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་བཅོམ་ལྡན་འདས་ཐམས་ཅད་རིག་པའི་རྩ་བའི་དཀྱིལ་འཁོར་དུ་སྨིན་པར་བྱེད་པའི་དབང་བསྐུར་ཟབ་མོ་ཞུ་སྙམ་པའི་ཐུགས་བསྐྱེད་ཀྱི་སྒོ་ནས་གསན་པར་འཚལ། དེ་ཡང་བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེན་པོའི་ཕྲིན་ལས་དང་


SPN001_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་དེས་གདུལ་བྱ་སོ་སོའི་བློ་དང་ཁམས་དང་བག་ལ་ཉལ་རྣམས་སོ་སོར་མཁྱེན་ནས་ཆོས་ཀྱི་སྒོ་དཔག་ཏུ་མེད་པ་ཞིག་གསུངས་པ་རྣམས་ནི། རྒྱུ་ཕར་ཕྱིན་ཐེག་པ་དང་། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་གཉིས་སུ་འདུས་ཤིང་། རྡོ་རྗེ་ཐེག་པ་དེ་ལ་ཡང་། གཙོ་ཆེ་བའི་དབང་དུ་བྱས་ན། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། དམན་པ་རྣམས་ནི་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་མཆོག །ཅེས་གསུངས་པ་བཞིན། བྱ་བའི་རྒྱུད་དང་། སྤྱོད་པའི་རྒྱུད་དང་། རྣལ་འབྱོར་གྱི་རྒྱུད་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དང་། རྒྱུད་སྡེ་ཆེན་པོ་བཞིར་བཞུགས་པ་ལས་འདི་རྣལ་འབྱོར་གྱི་རྒྱུད་ཡིན། དེ་ལ་རྩ་བ་དང་བཤད་པ་དང་ཆ་མཐུན་


SPN001_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

དང་། འཕྲོས་པའི་རྒྱུད་བཞི་ལས་འཕྲོས་པའི་རྒྱུད་ཡིན། ལྷ་འདིའི་ངོ་བོ་ནི་སྤྱན་རས་གཟིགས་ལོངས་སྤྱོད་རྫོགས་པའི་སྐུ་འོག་མིན་འཐུག་པོ་བཀོད་དུ་བཞུགས་པའི་རྣམ་སྣང་གང་ཆེན་མཚོ་དེ་ཉིད་ཡིན་ལ། དེའང་རྒྱུད་ཇི་ལྟར་བྱུང་བའི་ཚུལ་ནི། སྔོན་འདས་པའི་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞིས་ཀྱང་གསུངས་ལ། བསྟན་པ་འདི་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སུམ་ཅུ་རྩ་གསུམ་ལྷ་གནས་དགའ་བའི་ཚལ་གྱི་གཞལ་མེད་ཁང་ཆེན་པོར་འཁོར་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་མང་པོ་དང་། འཇིག་རྟེན་པ་བརྒྱ་བྱིན་ལ་སོགས་པ་ལྷ་མང་པོ་དང་ཐབས་གཅིག་ཏུ་པདྨའི་གདན་ལ་བཞུགས་ནས། ངན་སོང་གི་རྒྱུད་ཐམས་ཅད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་པས་མཛོད་སྤུ་ནས་འོད་ཟེར་སྣ་ཚོགས་འཕྲོས་ཤིང་། སེམས་ཅན་ཐམས་ཅད་ཉོན་མོངས་པའི་འཆིང་བ་ལས་གྲོལ་ཞིང་། བདེ་བ་སོ་སོར་ཐོབ་སྟེ་དགའ་བའི་ཚལ་ཐམས་ཅད་སྣང་བར་བྱས། དེའི་ཚེ་བརྒྱ་བྱིན་ངོ་མཚར་དུ་གྱུར་ནས་ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ཚེ་འཕོས་པ་ངན་སོང་དུ་སྐྱེས་པ་ཐར་པའི་ཆེད་དུ་གསོལ་བ་བཏབ་པའི་ངོར་བརྟག་པ་དང་པོ་བཅོམ་ལྡན་འདས་ཉིད་ཀྱིས་གསུངས་ཤིང་། ཕྱག་ན་རྡོ་རྗེ་བྱིན་གྱིས་བརླབས་ནས་བརྟག་པ་གཉིས་པ་གསུངས། དེ་ནས་སླར་ཡང་ཕྱག་རྡོར་ཉིད་ཁྲོ་བོ་མེ་ལྟར་འབར་བའི་སྐུར་བཞེངས་ནས་ཕྱག་རྡོར་གཙོ་བོར་གྱུར་བའི་དཀྱིལ་འཁོར་བདུན་སོགས་གསུངས་པས་བརྒྱ་བྱིན་


SPN001_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་རྣམས་རྗེས་སུ་ཡི་རངས་ཏེ་མཆོད་པ་དང་། མཚན་བརྒྱ་རྩ་བརྒྱད་ཀྱི་སྒོ་ནས་བསྟོད་ཅིང་ལྷའི་བུ་དེ་ངན་སོང་ནས་ཐར་ཏེ་བྱང་ཆུབ་ཆེན་པོའི་གོ་འཕང་ལ་བཀོད་པར་མཛད་དོ། །དེ་ལྟ་བུའི་རྒྱུད་འདི་ལྷ་ཡུལ་དུ་བཞུགས་པ། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཉེར་བརྒྱད་འདས་པ་ན། རྒྱ་གར་ཤར་ལྷོའི་ཕྱོགས་གྲོང་ཁྱེར་པ་ཏི་ཀཱིརྟི་བྱ་བར་རྒྱལ་པོ་རབ་གསལ་ཟླ་བའམ་ཛ་ཞེས་གྲགས་པའི་ཁང་སྟེང་དུ་གླེགས་བམ་གྱི་ཆར་བབས་པ་དང་མཉམ་དུ་བྱོན་ཅིང་། གསང་བའི་བདག་པོས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་སྤྲུལ་ནས་དབང་བསྐུར། རྒྱུད་ཀྱི་བཀའ་གཏད་རྗེས་སུ་གནང་བར་མཛད། རྒྱལ་པོ་སྒྲ་གཅན་ཟིན་བཟང་པོ། ཡེ་ཤེས་རྡོ་རྗེ། པྲཛྙ་སིདྡྷི། རབ་འབྱོར་སྐྱོང་དང་བཞི་ལ་གནང་། དེ་བཞི་ཀའི་དྲུང་ནས་སློབ་དཔོན་ཀུན་དགའ་སྙིང་པོ་ཞེས། འཇམ་དཔལ་རྩ་རྒྱུད་ལས། ཡི་གེ་ཨ་མིང་སྡོམ་བརྩོན་པ། །སྟོན་པའི་བསྟན་པ་གསལ་བྱེད་འབྱུང་། །ཞེས་ལུང་དུ་བསྟན་པའི་སློབ་དཔོན་དེ་ཉིད་ཀྱིས་གསན་པ་སྟེ། དེ་ཡང་རྣལ་འབྱོར་རྒྱུད་ཀྱི་ཚིག་ལ་མཁས་པ་ཤཱཀྱ་བཤེས་གཉེན། དོན་ལ་མཁས་པ་སངས་རྒྱས་གསང་བ། ཚིག་དོན་གཉིས་ཀ་ལ་མཁས་པ་ཀུན་དགའ་སྙིང་པོ་སྟེ་ཡོ་ག་ལ་མཁས་པ་མི་གསུམ་སོགས་ཀྱིས་གཏན་ལ་ཕབ་པ་རྒྱ་གར་འཕགས་པའི་ཡུལ་དུ་ཉི་ཟླ་ལྟར་གྲགས་ཤིང་། གངས་ཅན་བོད་ཀྱི་ཡུལ་འདིར་བསྟན་པ་སྔ་དར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་ངན་སོང་སྦྱོང་པའི་རྒྱུད་དང་སློབ་དཔོན་སངས་རྒྱས་གསང་བའི་འགྲེལ་


SPN001_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

པ་སོགས་བསྒྱུར། ཕྱི་དར་གྱི་དུས་ལོ་ཆེན་རིན་ཆེན་བཟང་པོའི་སྐུ་ཚེའི་སྟོད་ལ་པཎ་ཆེན་དྷརྨཱ་པ་ལར་ཞུས་ནས་ཡོ་ག་སྟོད་ལུགས་སུ་གྲགས་པ་དང་། སྐུ་ཚེའི་སྨད་ལ་ཀུན་སྙིང་གི་ལུགས་སུ་མཛད་པས་ཡོ་ག་སྨད་ལུགས་སུ་གྲགས་པ་བྱུང་ཞིང་རྣལ་འབྱོར་རྒྱུད་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་ནས་སྐུ་ལུས་མ་བཞག་པར་མཁའ་སྤྱོད་དུ་བྱོན། དེ་ནས་སྙེ་མདོ་བ་ཀུན་དགའ་དོན་གྲུབ་ཀྱི་དྲུང་ནས་ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེས་གསན་ཞིང་རིམ་པར་བརྒྱུད་ནས་རྗེ་དོན་ལྡན་ཞབས་དང་། ཆོས་གྲགས་རྒྱ་མཚོ་སོགས་ཀྱིས་རྒྱས་བསྡུས་མང་དུ་མཛད་པ་ལས། འདི་ནི་པཎྜི་ཏ་ཀུན་དགའ་སྙིང་པོས་རྣལ་འབྱོར་རྒྱུད་དུ་བཀྲལ་བའི་སྒྲུབ་ཐབས་ཇོ་བོ་སྨྲྀ་ཏི་ཛྙཱ་ནས་རང་འགྱུར་དུ་མཛད་པའི་བཀའ་སྲོལ་ཇི་ལྟ་བ་བཞིན་དུ། ཀུན་མཁྱེན་མི་བསྐྱོད་རྡོ་རྗེས་མཛད་པའི་སྒྲུབ་དཀྱིལ་རྣམ་རོལ་སྒོ་ཆེན་གྱི་སྟེང་ནས་དབང་བསྐུར་བ་ཡིན་ཏེ། དེའང་རྒྱུད་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་ཉོན་ཅིག །སེམས་ཅན་དམྱལ་བ་ལ་སོགས་པའི་དབང་དུ་གྱུར་པའི་སེམས་ཅན་སྡིག་པ་བྱེད་པ། སྡིག་པ་ཆེན་པོ་བྱེད་པ་དེ་དག་ཅི་ནས་ཀྱང་། སེམས་ཅན་དམྱལ་བའི་སྡུག་བསྔལ་ལས། ཐབས་སླ་བས་གྲོལ་བར་འགྱུར་པ་ཉོན་ཅིག །དེ་བཞིན་དཀྱིལ་འཁོར་བྲིས་ནས་ནི། །དེ་ལྟར་ཡང་ནི་བུམ་པ་ལ། །བརྒྱ་རྩ་བརྒྱད་དུ་བཟླས་ནས་ནི། །དབང་བསྐུར་བར་ནི་རབ་ཏུ་བརྟགས། །དེ་ནས་སྡིག་པ་ཀུན་སྦྱངས་ཏེ། །དམྱལ་བ་ལ་སོགས་སྡུག་བསྔལ་ལས། །དེ་ནི་མྱུར་


SPN001_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རྣམ་པར་ཐར། །སྡིག་ལས་བདག་ཉིད་རྣམ་གྲོལ་ཏེ། །དག་པར་འགྱུར་བའི་ལྷ་རྣམས་ཀྱིས། །རིགས་སུ་སྐྱེ་བར་གྱུར་ནས་ཀྱང་། །དེ་ནི་རྟག་ཏུ་སངས་རྒྱས་དང་། །ཆོས་འགྲོ་བ་ནི་ཐོབ་པར་འགྱུར། །ཕྱིར་མི་ལྡོག་པའི་ས་ལ་གནས། །རིམ་གྱིས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་གསུངས་སོ། །དེ་ལྟ་བུའི་ཕན་ཡོན་དང་བྱིན་རླབས་མཆོག་དང་ལྡན་པའི་དབང་བསྐུར་ཞུ་བར་བྱེད་པ་ལ་སློབ་དཔོན་གྱིས་བགྱི་བར་འོས་པའི་བདག་མདུན་བུམ་པ་བསྒྲུབ་པ། བདག་ཉིད་འཇུག་ཅིང་དབང་ལེན་པ་དང་བཅས་པ་གྲུབ་ནས། ད་ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པའི་མཎྜལ་ཕུལ། ཞེས་མཎྜལ་ཕུལ། དེ་ལྟར་མཎྜལ་ཕུལ་བ་སྔོན་དུ་སོང་ནས་དཀྱིལ་འཁོར་དུ་འཇུག་ཅིང་དབང་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། །དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཆེན་པོ་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་པར་འཚལ། །ལན་གསུམ། ད་ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་ཀུན་རིག་རྩ་བའི་ལྷ་སུམ་ཅུ་སོ་བདུན་དང་མགྲོན་ཐབས་ཀྱི་ལྷ་དང་བཅས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་


SPN001_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བ་སྤྲིན་གྱི་ཕུང་པོ་ལྟར་བཞུགས་པའི་དྲུང་དུ་ཁྱེད་རང་རྣམས་ཀྱི་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བཤགས། རྒྱལ་བ་སྲས་དང་བཅས་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ཤིང་འགྲོ་བའི་དོན་མཛད་པ་ལ་རྗེས་སུ་ཡི་རང་། དུས་འདི་ནས་བཟུང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་བཀོད་པའི་ཆེད་དུ། དུས་རྟག་ཏུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། དབང་མེད་བདག་གིས་མི་དགེ་བགྱིས་པ་དང་། །རྗེས་སུ་ཡི་རང་ཡང་ན་བགྱིད་སྩལ་གང་། །དེ་དག་ཐམས་ཅད་བྱང་ཆུབ་མཆོག་གི་ནི། །སྤྱན་སྔར་ད་ལྟ་མ་ལུས་སོ་སོར་བཤགས། །བདེ་གཤེགས་སྲས་ཀྱི་ཚོགས་གཉིས་ཟབ་པ་དང་། །རྒྱ་ཆེན་འགྲོ་བ་མ་ལུས་པ་ཡི་དོན། །སྒྲུབ་པར་བྱེད་དང་དེ་ལས་གཞན་ལ་ཡང་། །རྟག་ཏུ་བདག་ནི་རྗེས་སུ་ཡི་རང་ངོ་། །ཐུགས་རྗེས་ཁྱབ་པའི་ཐུགས་དང་ལྡན་གྱུར་ཅིག །བློ་གྲོས་སྡིག་བྲལ་གཏི་མུག་ཚོགས་ཀུན་བཅོམ། །མ་ལུས་རིགས་ཀྱི་པདྨའི་ནང་བཞུགས་པའི། །བདེ་བར་གཤེགས་པ་རྣམས་ལ་སྐྱབས་སུ་མཆི། །བློ་མཆོག་རྣམས་ཀྱི་ཀུན་དགའ་ར་བ་སྟེ། །དམན་པས་འཇིགས་པ་རྣམས་ཀྱི་རྒྱལ་བྱེད་ཚལ། །སྲིད་པའི་འབྱོར་བ་ཟིལ་གྱིས་གནོན་པའི་མཆོག །གསུང་མཆོག་ཆོས་ལ་བདག་ནི་སྐྱབས་སུ་མཆི། །འདོད་ཆགས་ལ་སོགས་སྦྲུལ་གྱི་དུག་བཅོམ་ཞིང་། །བློ་


SPN001_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

གྲོས་རྣམ་དག་ཐུགས་རྗེ་ལྡན་པ་ཡི། །བརྟུལ་ཞུགས་དབང་པོའི་ཚོགས་ལ་སྐྱབས་མཆི་ཞིང་། །སྲིད་དང་བྲལ་བ་རྣམས་ལའང་བདག་ཕྱག་འཚལ། །རྒྱུ་ཡི་རྗེས་ལ་བདག་པོའི་ཡུལ་བདག་ཉིད། །འབྲས་བུའི་སྟོབས་ཀྱིས་དགྲ་ལས་རྒྱལ་གྱུར་པའི། །སྙིང་རྗེའི་རྩ་བ་ཟུག་ཅིང་ཡང་དག་རྟོགས། །མཉམ་མེད་བྱང་ཆུབ་སེམས་ནི་བསྐྱེད་པར་བགྱིད། །སེམས་ཅན་རྣམས་ནི་ཡོངས་སུ་སྨིན་པའམ། །ཡང་ན་ཡོངས་སུ་བསྐྱང་བར་བྱ་ཕྱིར་རམ། །རང་གི་སེམས་ནི་དག་པར་བྱ་བའི་ཕྱིར། །འདི་དག་ཐམས་ཅད་རྩྭ་སོག་བཞིན་དུ་བཏང་། །དེ་བཞིན་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་དང་། །བསམ་གཏན་ཤེས་རབ་བླ་ན་མེད་པ་ནི། །བདག་དང་གཞན་རྣམས་དག་པར་བྱ་བའི་ཕྱིར། །སྐད་ཅིག་རེ་རེ་ཞིང་ཡང་བསྒོམ་པར་བགྱི། །བདེ་བར་གཤེགས་པ་སྔགས་ལ་མཁས་པ་ཡི། །ཆོས་རྒྱལ་རྟག་ཏུ་ལྷུན་གྱིས་གྲུབ་པ་ནི། །འགྲོ་བ་འདི་ཡིས་ཐོབ་པར་བྱ་བའི་ཕྱིར། །ཁྱད་འཕགས་གནས་ལ་བདག་ནི་གནས་པར་བགྱི། །གསུམ། དེ་ལྟར་མདོ་སྔགས་ཐུན་མོང་གི་སྐྱབས་འགྲོ་སེམས་བསྐྱེད་སོང་ནས། ཐུན་མོང་མ་ཡིན་པ་སྔགས་ཀྱི་དམ་ཚིག་དང་སྡོམ་པ་ཁས་ལེན་པ་ནི། རིགས་ལྔ་སྤྱིའི་དམ་ཚིག་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དེའི་བསླབ་བྱ་ཚུལ་ཁྲིམས་ཀྱི་བསླབ་པ་དང་། དགེ་བའི་ཆོས་སྡུད་པ་དང་། སེམས་ཅན་གྱི་དོན་བྱེད་པ་དང་། རྣམ་སྣང་གི་དམ་ཚིག་ཏུ་རྒྱུ་དཀོན་མཆོག་གསུམ་འཛིན་པ་སོགས་རིགས་ལྔ་སོ་སོའི་དམ་ཚིག་རྣམས་


SPN001_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་བཞིན་དུ་བསྲུང་སྙམ་པ་གྱིས་ལ་འདིའི་རྗེས་ཟློས་མཛོད། མགོན་པོ་སངས་རྒྱས་རྣམས་དང་ནི། །སྲས་བཅས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བྱ་བ་ཡིས། །བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བཟུང་བར་བགྱི། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་གཟུང་བར་བགྱི། །ལས་གྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་


SPN001_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་བརྒལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་དགྲོལ་བར་བགྱི། །དབུགས་མ་ཕྱིན་པ་དབུགས་དབྱུང་བགྱི། །སེམས་ཅན་མྱ་ངན་འདས་ལ་འགོད། །ལན་གསུམ། ཁྱོད་རང་གི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དོན་དམ་པ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཞིག་བསྒོམ་ལ་ཐམས་ཅད་རྡོ་རྗེའི་རྣལ་འབྱོར་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། ༀ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། ལན་གསུམ། ཁྱེད་རང་རྣམས་ཀྱི་སྙིང་གར་རྡོ་རྗེ་འདིས་རེག་པས་སེམས་བསྐྱེད་པ་དེ་མི་ཉམས་ཤིང་བརྟན་པར་གྱུར་སྙམ་པའི་མོས་པ་མཛོད། སྙིང་གར་རྡོ་རྗེས་རེག །སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿསིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། དེ་ནས་ཁྱེད་རང་རྣམས་ཀྱི་དཔྲལ་བར་ༀ་ལས་འཁོར་ལོ་དཀར་པོ་རྩིབས་བཅུ་གཉིས་པའི་ལྟེ་བར་ༀ་དཀར་པོ། མགྲིན་པར་པདྨ་དམར་པོ་འདབ་མ་བཅུ་དྲུག་པའི་ཟེའུ་འབྲུར་ཨཱཿདམར་པོ། སྙིང་གར་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་སྔོན་པོས་མཚན་པ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབ་པའི་མོས་པ་མཛོད། རིགས་གསུམ་སྤྱིའི་ཕྱག་རྒྱ་གནས་གསུམ་དུ་གཏུགས་ལ། ༀ་བྲྀ་ཏ་བྲྀ་ཏ་སརྦ་ཨཱ་བ་ར་ཎཱ་ནི་ཧཱུྃ་ཕཊ། ༀ་ཏྲཊ་ཏྲཊ་སརྦ་ཨཱ་བ་ར་ཎཱ་ནི་ཧཱུྃ་ཕཊ། ༀ་ཚིནྡྷ་ཚིནྡྷ་སརྦ་ཨཱ་བ་ར་ཎཱ་ནི་ཧཱུྃ་ཕཊ། དེ་ནས་ཁྱེད་རང་རྣམས་ཀྱི་གནས་ཉེར་གཉིས་བྱིན་གྱིས་བརླབ་པ་ནི། སྙིང་ག་མགྲིན་པ་དཔྲལ་བ་དང་། །སྨིན་


SPN001_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་མཛོད་སྤུ་ཕྲག་པ་གཉིས། །མགོ་བོ་གཙུག་ཕུད་དཔུང་པ་གཉིས། །སྣ་དང་རྐེད་པ་པུས་མོ་བོལ། །ལོང་བུ་གཉིས་དང་མིག་གཉིས་དང་། །གསང་བའི་གནས་རྣམས་སུ་ཟླ་བ་རྡོ་རྗེ་རེ་རེས་བྱིན་གྱིས་བརླབ་པར་སྒོམས་ཤིག །ༀ་སརྦ་བིད་བཛྲ་ཨ་དྷིཥྛཱ་ན་ཛྙཱ་ན་ས་མ་ཡ་ཧཱུྃ། ཞེས་རྡོ་རྗེའི་ཕྱག་རྒྱ་བསྟན། སྔགས་ཉེར་གཉིས་སམ་གསུམ། དེ་ནས་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་བ་འདིའི་རྗེས་ཟློས་མཛོད། བདག་གི་དགེ་བའི་རྩ་བ་འདི་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག །ཞེས་བརྗོད། ཟབ་མོའི་ཆོས་བཤད་པ་ནི་རྣམ་སྣང་མངོན་བྱང་ནས་གསུངས་པ་འདི་ལ་གསན་པས་ཁྱབ་པར་འདུག །འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །བླ་མེད་བྱེད་པར་ནུས་པ་ཡིན། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་གང་། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་ན། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡིས་


SPN001_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པའི། །བདག་ཉིད་ཆེན་པོ་ཀུན་གྱི་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པར། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་དུ། །ད་ལྟ་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བས་ན། །རང་བྱུང་སྐལ་བ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །དེ་ནས་ཁྲོ་བོ་འཇིག་རྟེན་གསུམ་རྒྱལ་གྱི་ཕྱག་རྒྱ་ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་གཏུག་ཅིང་ཁྲོ་བོའི་སྔགས་བརྗོད་པས། ཁྱེད་རང་རྣམས་ཀྱི་དབང་ཞུ་བ་ལ་བར་དུ་གཅོད་པ་དང་། ལུས་ངག་ཡིད་གསུམ་ལ་གནོད་པ་ཐམས་ཅད་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་གྱིས་བསྲུངས་ནས་བར་ཆད་གང་གིས་ཀྱང་མི་ཚུགས་པར་སྒོམས་ཤིག །ༀ་བཛྲ་ས་ཏྭཱ་ཀྲོ་དྷ་ཨ་ན་ལཱརྐ་མ་ཧཱ་བཛྲ་ཀྲོ་དྷ་དྲ་བ་དྲ་བ། བི་དྲ་བ་བི་དྲ་བ། སརྦ་ཨ་པཱ་ཡ་ནཱ་ཤ་ཡ་ནཱ་ཤ་ཡ། ཧ་ར་ཧ་ར་པྲཱ་ཎཱ་ན་ཧཱུྃ་ཕཊ། ཨ་དྷི་ཏིཥྛ་སྭ་མཾ། ལན་གསུམ། སྔོན་ཆད་དཀྱིལ་འཁོར་ཆེན་པོ་འདི་མ་མཐོང་བའི་བརྡར་རས་ཡུག་དམར་པོ་ཁ་ཚར་མ་ཉམས་པ་ཞིག་གིས་གདོང་གཡོགས་པའི་མོས་པ་མཛོད། ༀ་བཛྲ་ཡཀྵ་ཧཱུྃ། ཨཱ་ཁཾ་བཱི་ར་ཧཱུྃ། ཞེས་མིག་དར་གཏད། དཀྱིལ་འཁོར་མཇལ་


SPN001_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་ཕྱག་རྟེན་དུ་ཡང་ཞིང་ཁམས་མ་ཉམས་པའི་མེ་ཏོག་གི་ཕྲེང་བ་ཞིག་གཏད་པའི་མོས་པ་མཛོད། ༀ་བཛྲ་ཨ་དྷི་ཏིཥྛ་ཧཱུྃ། ཞེས་མེ་ཏོག་གཏད། ཁྱེད་རང་རྣམས་སྐད་ཅིག་གིས་རྡོ་རྗེ་སེམས་དཔའི་སྐུར་གྱུར་པ་ལ་ཉེར་སྤྱོད་ལྔས་མཆོད་པར་མོས་ཤིག །ༀ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཨཱཿཧཱུྃ། ཞེས་པས་མཆོད། སློབ་དཔོན་གྱི་ཕྱག་གི་རྡོ་རྗེ་ལ་འཇུས་ཏེ་དཀྱིལ་འཁོར་གྱི་ནང་དུ་ཞུགས་པའི་མོས་པ་མཛོད། ༀ་བཛྲ་ས་མ་ཡ་ཧཱུྃ། ཞེས་དཀྱིལ་འཁོར་དུ་གཞུག །དེ་ནས་བྱིན་དབབ་པ་ནི་ཁྱེད་རང་རྡོ་རྗེ་སེམས་དཔར་གསལ་བའི་སྙིང་གར་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ། མགྲིན་པར་པདྨ་དམར་པོ་ཧྲཱིཿས་མཚན་པ། དཔྲལ་བར་རིན་ཆེན་སེར་པོ་ཏྲཱྃ་གིས་མཚན་པ། སྤྱི་བོར་སྣ་ཚོགས་རྡོ་རྗེ་ལྗང་གུ་ཨཱཿས་མཚན་པ་དང་སློབ་དཔོན་གྱི་ཐུགས་ཀའི་ཨ་ཡིག་ལས་ཨ་ཡིག་དཔག་ཏུ་མེད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཡི་གེ་ཧཱུྃ་གི་རྣམ་པས་ལུས་ལ་ཞུགས་པར་གྱུར། ༀ་བཛྲ་པྲ་ཝེ་ཤ་ཡ་ཧཱུྃ། མང་ཉུང་ཅི་རིགས་དྲག་ཏུ་བརྗོད་ཅིང་རོལ་མོ་བྱ། ཡེ་ཤེས་པ་དེ་བརྟན་པར་བྱས་པའི་མོས་པ་མཛོད། སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་ལ། ཨ་ས་མེ། ཏྲི་ས་མེ། མ་ཧཱ་ས་མ་ཡ་ཧཱུྃ། ད་མེ་ཏོག་དེ་ཁྱེད་རང་གི་ཚེ་རབས་ནས་ལས་འཕྲོ་ཡོད་པའི་ལྷ་ལ་དབབ་པར་ཤོག་བསམ་པ་གྱིས་ལ་འདིའི་རྗེས་ཟློས་མཛོད། སངས་རྒྱས་དངོས་གྲུབ་ཐོབ་བྱའི་ཕྱིར། །བདག་ལ་ཐུགས་བརྩེར་


SPN001_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་ནས་ནི། །འགྲོ་ལ་ཕན་པའི་གཙོ་ཆེན་གྱིས། །སྨན་པར་དགོངས་ཏེ་བཞེས་སུ་གསོལ། །ༀ་པྲ་ཏཱིཙྪ་ས་མ་ཡ་སྟྭཾ། ཞེས་དཀྱིལ་འཁོར་དུ་མེ་ཏོག་དོར། མེ་ཏོག་གང་ལ་ཕོག་པའི་ལྷ་དེ་ཚེ་རབས་ཀྱི་ལྷ་ཡིན་པས་དེའི་བྱིན་རླབས་མེ་ཏོག་དང་དབྱེར་མེད་པར་སྤྱི་བོར་ཐིམ་པར་སྒོམས་ཤིག །མེ་ཏོག་རིན་ཆེན་གང་དུ་ནི། །བབས་པར་གྱུར་པའི་རིགས་ཀྱི་ལྷ། །གཙོ་བོར་རིགས་དེ་བསྒྲུབས་ན་ནི། །དངོས་གྲུབ་མྱུར་སྟེར་ཐེ་ཚོམ་མེད། །ༀ་པྲ་ཏི་གྲྀ་ཧྞ་ཧཱུྃ། ཞེས་མེ་ཏོག་མགོར་བཅིངས། དེ་ནས་མ་རིག་པའི་སྒྲིབ་གཡོགས་དང་ལྷན་ཅིག་མིག་དར་བསལ་བའི་མོས་པ་མཛོད། རྡོ་རྗེ་སེམས་དཔའ་དེང་ཁྱེད་ཀྱི། མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་བའི། །རྡོ་རྗེའི་མིག་ནི་བླ་ན་མེད། །ༀ་བཛྲ་ཧཱ་སྱེ་ཨུརྒྷ་ཊ་ཡ་ཧཱུྃ། ཞེས་མིག་དར་བསལ། ༀ་བཛྲ་པཱ་ཤྱ་ཧོཿདེ་ནས་ལྷ་ངོ་བསྟན་པ་ནི། རས་བྲིས་ཀྱི་དཀྱིལ་འཁོར་འདི་ཉིད་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་དེ་ཡང་བསྲུང་བའི་འཁོར་ལོ་འཇིག་རྟེན་པའི་འཁོར་ཡུག་དང་བཅས་པའི་དབུས་སུ་གཞལ་ཡས་ཁང་ཕྱི་ནང་གཉིས་ཀ་རྒྱན་དང་བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ་རིགས་ཐམས་ཅད་ཀྱི་ཁྱབ་བདག་རྣམ་པར་སྣང་མཛད། ཕྱོགས་བཞིར་སྦྱོང་བའི་རྒྱལ་པོ་ལ་སོགས་པའི་དེ་བཞིན་གཤེགས་པ་བཞི། མཚམས་བཞིར་སངས་རྒྱས་སྤྱན་མ་ལ་སོགས་པའི་གཤེགས་མ་བཞི། ཆོས་ཀྱི་འཁོར་ལོའི་རྩིབས་རྣམས་


SPN001_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སེམས་དཔའ་ཆེན་པོ་བཅུ་དྲུག །གྲྭ་ཕྱི་ནང་བཞིར་སྒེག་སོགས་ལྷ་མོ་བརྒྱད། ནང་གི་སྒོ་བཞིར་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྒོ་བ་བཞི། དཀྱིལ་འཁོར་ཕྱི་མའི་ལྷ་སྣམ་དང་པོ་ལ་བྱམས་པ་ལ་སོགས་པའི་བསྐལ་བཟང་གི་སེམས་དཔའ་བཅུ་དྲུག །ལྷ་སྣམ་གཉིས་པ་ལ་ངན་སོང་སྦྱོང་བ་ལ་སོགས་པའི་དཔེ་བྲལ་གྱི་སེམས་དཔའ་བཅུ་དྲུག །ལྷ་སྣམ་གསུམ་པ་ལ་དགའ་བོ་ལ་སོགས་པའི་ཉན་ཐོས་བཅུ་དྲུག །ལྷ་སྣམ་བཞི་པ་ལ་གདུང་བ་སེལ་བ་སོགས་རང་རྒྱལ་བཅུ་གཉིས། སྒོ་བཞིར་འཇིག་རྟེན་གསུམ་སྣང་སོགས་ཁྲོ་བོ་ཆེན་པོ་བརྒྱད། ཁོར་ཡུག་ལ་འཇིག་རྟེན་སྐྱོང་བ་རྣམས་སོགས་མདོར་ན་བཅོམ་ལྡན་འདས་ཐམས་ཅད་རིག་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཐོང་བའི་མོས་པ་མཛོད། ཅེས་ངོ་སྤྲད། ལྷ་དེ་དག་ཐམས་ཅད་ཀྱི་དམ་ཚིག་ཁྱེད་རང་རྣམས་ཀྱི་རྒྱུད་ལ་ཞུགས་པའི་མོས་པ་མཛོད་ཅིག །ༀ་བཛྲ་ས་མ་ཡ་ཧཱུྃ་ཕཊ། ཅེས་བརྗོད། དམ་ཚིག་དེ་བརྟན་པར་བྱས་པའི་མོས་པ་མཛོད། སྙིང་གར་རྡོ་རྗེ་བཞག་ལ། ༀ་བཛྲ་ས་མ་ཡ་ཧྲྀ་ད་ཡ་མེ་པྲ་ཝེ་ཤ་ཡ་དྲྀ་ཌྷ་ཏིཥྛ་ཧཱུྃ། ཞེས་དང་། དེ་ནས་དམ་ཚིག་གི་བདུད་རྩི་སྦྱིན་པ་ནི། དུང་ཆོས་ཀྱི་ཆུ་བླུད་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཅི་སྟེ་དམ་ཚིག་འདས་ན་ནི། །དེ་མ་ཐག་ཏུ་བཀས་ནས་གཤེགས། །


SPN001_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཛིན་རྒྱལ་ཁྲོས་ནས་ནི། །བདུན་བརྒྱུད་རིགས་ནི་བརླག་པར་མཛད། །དེ་བས་རྟག་ཏུ་བུ་ཁྱོད་ཀྱིས། །རྒྱལ་བས་གསུངས་པའི་དམ་ཚིག་དང་། །སྡོམ་པ་དང་ནི་བླ་མའི་བཀའ། །ཤིན་ཏུ་མོས་པས་བསྲུང་བར་བྱ། །ཁྱོད་ཀྱིས་སྲོག་ཆགས་བསད་མི་བྱ། །མ་བྱིན་པར་ཡང་བླང་མི་བྱ། །བརྫུན་དང་འདོད་ལོག་སྤྱོད་པ་རྣམས། །དངོས་གྲུབ་འདོད་པས་བྱ་བ་མིན། །ཆང་ནི་བཏུང་བར་མི་བྱ་ཞིང་། །ཤ་ལ་སོགས་པ་བཟའ་མི་བྱ། །སེམས་ཅན་གནོད་པའི་སྦྱོར་བ་ནི། །ནམ་ཡང་བྱ་བ་མ་ཡིན་ནོ། །དཀོན་མཆོག་གསུམ་ནི་ཡོངས་མི་སྤོང་། །དུས་ཀུན་ཏུ་ནི་བྱང་ཆུབ་སེམས། །སྙིང་པོ་སྔགས་དང་ཕྱག་རྒྱ་དང་། །ལྷ་དང་བླ་མ་དེ་བཞིན་ནོ། །སྡིག་ལ་སོགས་པ་གང་ཡིན་དང་། །བླ་མའི་བཀའ་ལས་འདའ་མི་བྱ། །ལྷ་ལ་ཕུལ་བའི་རྙིང་པ་དང་། །དེ་ཡི་གྲིབ་མའང་འགོང་མི་བྱ། །ཕྱག་རྒྱའི་གཟུགས་ལའང་དེ་བཞིན་ནོ། །སྔགས་དང་ལྷ་ལ་སྨད་མི་བྱ། །གདོན་གྱི་ལས་སོགས་བྱ་བ་མིན། །མུ་སྟེགས་ཅན་ལ་སྨད་མི་བྱ། །མདོར་ན་ཐེ་ཚོམ་ཡིད་གཉིས་སོམ་ཉི་མི་བྱ་སྟེ། །བདག་གི་དེ་ཉིད་དང་ནི་སྔགས་སོགས་དེ་བཞིན་ནོ། །དེ་རྣམས་ཀྱི་སྟ་གོན་འཇུག་པ་དང་བཅས་པའི་ཆོས་བཅུ་བདུན་སོང་བ་ཡིན། ད་དབང་གི་དངོས་གཞི་ཞུ་བའི་ཕྱིར་མཎྜལ་ཕུལ། མཎྜལ་ཕུལ་ལ། རྒྱུད་ལས། སརྦ་བིད་ཀྱིས་ཇི་ལྟར་དབང་བསྐུར་ཏེ། །བུམ་པ་ལ་སོགས་ཇི་སྙེད་མང་ཐོགས་པས། །བཅུ་པོ་རྣམས་ཀྱི་དབང་ནི་ཅི་དགར་བསྐུར། །དེ་ནས་ལག་ཏུ་རྡོ་རྗེ་


SPN001_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་བུ་སྦྱིན། །ཞེས་གསུངས་པ་ལྟར། དང་པོ་སྔགས་དབང་གི་སླད་དུ་དམིགས་པ་འདི་བཞིན་མཛོད་ཅིག །སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང་ཞལ་ནས་ཐོན། ཁྱེད་རང་གི་ཞལ་ནས་ཞུགས་སྙིང་གར་ཐིམ་པའི་མོས་པ་མཛོད། སྤྱི་བོར་རྡོ་རྗེ་བཟུང་ལ། ན་མོ་བྷ་ག་ཝ་ཏེ། སརྦ་དུརྒ་ཏེ་པ་རི་ཤྭ་དྷ་ནི་རྭ་ཛ་ཡ། ཏ་ཐ་ག་ཏཱ་ཡཱརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ༀ་ཤོ་དྷ་ནི་ཤོ་དྷ་ནེ་སརྦ་པཱ་པཾ་བི་ཤོ་དྷ་ནི་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ན་སྭཱ་ཧཱ། ༀ་ཤོ་དྷ་ནེ་ཤོ་དྷ་ཡ་སརྦ་ཨ་པཱ་ཡ་ཧཱུྃ། ༀ་ཤོ་དྷ་ནེ་ཤོ་དྷ་ཡ་སརྦ་ཨ་པཱ་ཡ་ཏྲཱྃ། ༀ་ཤོ་དྷ་ནེ་ཤོ་དྷ་ཡ་སརྦ་ཨ་པཱ་ཡ་ཧྲཱིཿༀ་ཤོ་དྷ་ནི་ཤོ་དྷ་ཡ་སརྦ་ཨ་པཱ་ཡ་ཨཱཿཨོ་ཤོ་དྷ་ནེ་ཧཱུྃ། ༀ་ཤོ་དྷ་ནི་ཏྲཱྃ། ༀ་ཤོ་དྷ་ནི་ཧྲཱིཿༀ་ཤོ་དྷ་ནི་ཨཱཿཞེས་བརྗོད། དེ་ནས་དབང་བཅུ་བསྐུར་བ་ལ། དེ་བཞིན་གཤེགས་པ་བཞིས་དབང་བསྐུར་བའི་དགོངས་པ་མཛད། སེམས་དཔའ་རྣམས་ཀྱིས་ཤིས་པ་བརྗོད། ལྷ་མོ་རྣམས་ཀྱིས་གླུ་བླངས། ཁྲོ་བོ་བརྒྱད་ཀྱིས་བགེགས་བསྐྲད། རྡོ་རྗེ་མ་བཞིས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བས་དབང་བསྐུར། སྐུ་གང་དྲི་མ་ཐམས་ཅད་དག །ལྷ་ཐམས་ཅད་ཀྱི་སྤངས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་རྒྱུད་ལ་སྐྱེས་པའི་མོས་པ་མཛོད། བུམ་པ་ཐོགས་ལ། རིན་ཆེན་མཛེས་པའི་བཀྲ་ཤིས་བུམ་པ་འདིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །ལས་དང་ཉོན་མོངས་སྒྲིབ་པ་དག་གྱུར་ཏེ། །བྱང་ཆུབ་སེམས་ཀྱི་རླན་གྱིས་བརླན་པར་ཤོག །རྣམ་རྒྱལ་བུམ་པ་


SPN001_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་བོའི་གནས་ལྔར་བཞག་ལ། ༀ་བུདྡྷ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ༀ། ༀ་བཛྲ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ། ༀ་རཏྣ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཏྲཱྃ། ༀ་པདྨ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧྲཱིཿༀ་ཀརྨ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཨཱཿཿབརྗོད་ཅིང་བུམ་ཆུ་འཐུང་དུའང་གཞུག །དེ་ལྟར་མི་བསྐྱོད་པ་ཆུ་ཡི་དབང་བསྐུར་བས་ལས་དང་ཉོན་མོངས་པའི་སྒྲིབ་པ་དག་སྟེ་བྱང་ཆུབ་སེམས་ཀྱི་དབང་དང་ལྡན་པར་གྱུར་ཅིག །དེ་ནས་རིན་ཆེན་འབྱུང་ལྡན་ཅོད་པན་གྱི་དབང་བསྐུར་བ་ནི། དབུ་རྒྱན་ཐོགས་ལ། དེ་བཞིན་གཤེགས་པའི་དབུ་རྒྱན་ཅོད་པན་འདིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་རབ་རྫོགས་ཏེ། །རིགས་ལྔའི་སངས་རྒྱས་མྱུར་དུ་ཐོབ་པར་ཤོག །ༀ་བུདྡྷ་ཨ་བྷི་ཥིཉྩ་ༀ། དེ་བཞིན་དུ། བཛྲ་ཧཱུྃ། རཏྣ་ཏྲཱྃ། པདྨ་ཧྲཱིཿཀརྨ་ཨཱཿསོགས་བརྗོད་ཅིང་དབུ་རྒྱན་བསྐོན། དེ་ལྟར་དབུ་རྒྱན་གྱི་དབང་བསྐུར་བས་རིགས་ལྔའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་ཐོབ་པའི་དབང་དང་ལྡན་པར་གྱུར་ཅིག །དེ་ནས་རིན་པོ་ཆེའི་ཕྲེང་བས་དབང་བསྐུར་བ་ནི། མེ་ཏོག་ཕྲེང་བ་ཐོགས་ལ། རིན་ཆེན་མཛེས་པའི་མེ་ཏོག་ཕྲེང་བ་འདིས། །སྐལ་ལྡན་སྐྱེས་བུ་ཁྱེད་ལ་དབང་བསྐུར་བས། །བསམ་པ་མྱང་འདས་སྦྱོར་བ་ཁམས་གསུམ་གནས། །མཛེས་པའི་ཡོན་ཏན་ཕུན་སུམ་ཚོགས་པར་ཤོག །ༀ་རཏྣ་མཱ་ལ་ཨ་བྷི་ཥིཉྩ་ཏྲཱྃ་ཏྲཱྃ་ཏྲཱྃ་ཏྲཱྃ་ཏྲཱྃ། ཞེས་བསྐུར། དེ་ལྟར་རིན་པོ་ཆེའི་ཕྲེང་བས་དབང་བསྐུར་བས་བསམ་པ་མྱ་ངན་ལས་འདས་ཀྱང་སྦྱོར་བ་ཁམས་གསུམ་ན་སེམས་ཅན་གྱི་དོན་བྱེད་པ་ལ་མཛེས་པའི་


SPN001_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་ཕུན་སུམ་ཚོགས་པའི་དབང་དང་ལྡན་པར་གྱུར་ཅིག །དེ་ནས་དར་གྱི་ཅོད་པན་གྱི་དབང་བསྐུར་བ་ནི། དར་དཔྱངས་ཐོགས་ལ། མཛེས་ཤིང་ཡིད་འོང་དར་གྱི་ཅོད་པན་འདིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །ཤེས་བྱ་ཀུན་ལ་ཐོགས་པ་མེད་པ་དང་། །འགྲོ་བའི་དོན་ལ་མཐུ་དབང་ཐོབ་པར་ཤོག །ༀ་བཛྲ་པཊྚ་ཨ་བ་ལམྦ་ན་ཨ་བྷི་ཥིཉྩ་ཏྲཱྃ། ཞེས་བསྐུར། དེ་ལྟར་དར་གྱི་ཅོད་པན་གྱི་དབང་བསྐུར་བས་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པ་དང་། སེམས་ཅན་གྱི་དོན་བྱེད་པ་ལ་མཐུ་ཐོགས་པ་མེད་པའི་དབང་དང་ལྡན་པར་གྱུར་ཅིག །དེ་རྣམས་ཀྱིས་རིན་ཆེན་འབྱུང་ལྡན་ཅོད་པན་གྱི་དབང་བསྐུར་བ་སོང་ནས། ད་འོད་དཔག་མེད་ཕྱག་མཚན་གྱི་དབང་བསྐུར་བ་ནི། རིགས་ལྔའི་ཕྱག་མཚན་ཐོགས་ལ། རིགས་ལྔའི་ཕྱག་རྒྱ་ལག་ཏུ་གཏད་ནས་ནི། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་རབ་རྫོགས་ཏེ། །ཡེ་ཤེས་ལྔ་ནི་མྱུར་དུ་རྟོགས་པར་ཤོག །ༀ་བུདྡྷ་མུ་དྲ་ཨ་བྷི་ཥིཉྩ་ༀ། དེ་བཞིན་དུ། བཛྲ་ཧཱུྃ། རཏྣ་ཏྲཱྃ། པདྨ་ཧྲཱིཿཀརྨ་ཨཱཿཞེས་རིགས་ལྔའི་ཕྱག་མཚན་གཏད། དེ་ལྟར་རིགས་ལྔའི་ཕྱག་རྒྱས་དབང་བསྐུར་བས། རིགས་ལྔ་ཡེ་ཤེས་ལྔའི་དབང་དང་ལྡན་པར་གྱུར་ཅིག །དེ་ནས་རྣམ་པར་སྣང་མཛད་མིང་གི་དབང་བསྐུར་བ་ནི། རྡོར་དྲིལ་ཐོགས་ལ། ཀུན་རྫོབ་མཚན་ཉིད་མཚོན་པ་མིང་གི་དབང་། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །མ་འོངས་སངས་རྒྱས་འཇིག་རྟེན་


SPN001_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཁམས་སུ། །དེ་བཞིན་གཤེགས་པའི་མཚན་གྱི་མིང་ཐོབ་ཤོག །རྡོར་དྲིལ་སྤྱི་བོར་བཞག་ལ། ༀ་བུདྡྷ་ནཱ་མ་ཨ་བྷི་ཥིཉྩ་ༀ། དེ་བཞིན་དུ། བཛྲ་ཧཱུྃ། རཏྣ་ཏྲཱྃ། པདྨ་ཧྲཱིཿཀརྨ་ཨཱཿཀྱེ་དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །ཞེས་པའམ་ཡང་ན་སོ་སོའི་གསང་མཚན་བརྗོད། དེ་ལྟར་མིང་གི་དབང་བསྐུར་བས་མ་འོངས་པ་ན་རིགས་ཀྱི་གསང་མཚན་དང་མཐུན་པར་སངས་རྒྱས་པའི་དབང་དང་ལྡན་པར་གྱུར་ཅིག །དེ་ནས་རྡོ་རྗེ་སློབ་དཔོན་གྱི་དབང་གི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སྟོང་པའི་ངང་ལས། པྃ་ལས་པདྨ། །ཨ་ལས་ཟླ་བའི་སྟེང་དུ་ཁྱེད་རང་རྣམས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པར་གྱུར། རྡོར་སེམས་ཀྱི་སྐུ་འམ་དམ་རྒྱ་སྤྱི་བོར་བཞག་ནས། ༀ་བཛྲ་སཏྭཱ་ཧཱུྃ། ཞེས་བརྗོད། ཁྱེད་རང་རྣམས་ལྷར་གསལ་བ་ལ་བསྟོད་ཅིང་བསྔགས་པར་མོས་མཛོད། །སངས་རྒྱས་ཀུན་པས་སྔར་སངས་རྒྱས། །མི་ཤེས་དྲི་མ་ཀུན་བཅོམ་པ། །ཕྱག་ན་རྡོ་རྗེ་རྒྱལ་དབང་ལ། །དགའ་བའི་བསམ་པས་བསྟོད་པར་བྱ། །ཞེས་བརྗོད། དེ་ནས་དོན་ཡོད་གྲུབ་པ་དྲིལ་བུའི་དབང་གི་མཚོན་བྱེད་དུ་རྒྱ་གྲམ་གྱི་དབང་བསྐུར་བ་ནི། སྣ་ཚོགས་རྡོ་རྗེ་ལག་ཏུ་གཏད་ནས་ནི། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །ཕྲིན་ལས་རྣམ་བཞིས་འགྲོ་དོན་མཐར་ཕྱིན་ནས། །ལས་ཀྱི་རིགས་ཀྱི་དངོས་


SPN001_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཐོབ་པར་ཤོག །ༀ་ཀརྨ་ཨ་བྷི་ཥིཉྩ་ཨཱཿཞེས་བསྐུར། དེ་ལྟར་རྒྱ་གྲམ་གྱི་དབང་བསྐུར་བས། ཕྲིན་ལས་བཞིས་བདག་དང་གཞན་གྱི་དོན་བྱེད་པ་ལ་མཐུ་སྟོབས་ཐོགས་པ་མེད་པའི་དབང་དང་ལྡན་པར་གྱུར་ཅིག །དེ་ནས་ཆོས་ཀྱི་འཁོར་ལོའི་དབང་བསྐུར་བ་ནི། འཁོར་ལོ་རྐང་པའི་བར་དུ་བཞག་ལ། ཡོན་ཏན་རབ་རྫོགས་གསེར་གྱི་འཁོར་ལོ་འདིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །རྣམ་པར་སྣང་མཛད་སྐུ་མཆོག་རབ་ཐོབ་སྟེ། །ཆོས་ཀྱི་འཁོར་ལོ་མྱུར་དུ་བསྐོར་བར་ཤོག །ༀ་བཛྲ་ཙཀྲ་ཨ་བྷི་ཥིཉྩ་ཧཱུྃ་བྷྲཱུྃ། དེ་ལྟར་འཁོར་ལོའི་དབང་བསྐུར་བས་རྣམ་པར་སྣང་མཛད་ཀྱི་སྐུ་ཐོབ་སྟེ་ཆོས་ཀྱི་འཁོར་ལོ་བསྐོར་བའི་དབང་དང་ལྡན་པར་གྱུར་ཅིག །དེ་ནས་རིགས་ཐམས་ཅད་ཀྱི་ཁྱབ་བདག་འཁོར་ལོས་སྒྱུར་བའི་དབང་བསྐུར་བ་ནི། རིགས་ལྔའི་ཕྱག་མཚན་གྱི་ཡུ་བ་བྱས་པའི་དྲིལ་བུ་ལྔ་གཏད་ལ། རིགས་ལྔའི་བདག་པོ་ཡི་ནི་རང་བཞིན་གྱིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །རྡོ་རྗེ་སེམས་དཔའ་རིགས་རྣམས་ཀུན་གྱི་བདག །རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོར་ཤོགༀ་བུདྡྷ་ཙཀྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ༀ་ༀ་ༀ། ༀ་བཛྲ་ཙཀྲ་ཨ་དྷི་བ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ། ༀ་རཏྣ་ཙཀྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཏྲཱྃ་ཏྲཱྃ་ཏྲཱྃ། ༀ་པདྨ་ཙཀྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཧྲཱི་ཧྲཱི་ཧྲཱིཿༀ་ཀརྨ་ཙཀྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཨ་ཨ་ཨ། དེ་ལྟར་རིགས་ལྔའི་བདག་པོའི་དབང་བསྐུར་བས་རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་པོའི་དབང་དང་ལྡན་པར་གྱུར་ཅིག །དེ་ནས་གཟུངས་


SPN001_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་བ་ནི། ཡུམ་ལྔའི་ཕྱག་རྒྱ་སྤྱི་བོར་བཞག་ནས་ནི། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །གསང་རྒྱུད་མཐའ་དག་ཤེས་ཤིང་རྟོགས་ནས་སུ། །འཆད་ཅིང་སྟོན་པའི་དབང་དང་ལྡན་པར་ཤོགༀ་བུདྡྷ་དྷཱ་ར་ནི་ཨ་བྷི་ཥིཉྩ་ༀ། དེ་བཞིན་དུ། བཛྲ་ཧཱུྃ། རཏྣ་ཏྲཱྃ། པདྨ་ཧྲཱིཿཀརྨ་ཨཱཿཞེས་པས་བསྐུར། དེ་ལྟར་ཡུམ་ལྔའི་ཕྱག་རྒྱས་དབང་བསྐུར་བས་གསང་རྒྱུད་མཐའ་དག་ཤེས་ཤིང་རྟོགས་ནས་གཞན་ལ་འཆད་ཅིང་སྟོན་པའི་དབང་དང་ལྡན་པར་གྱུར་ཅིག །དེ་ནས་གསང་དབང་བསྐུར་བ་ནི། རིགས་ལྔའི་ཕྱག་རྒྱ་སྤྱི་བོ་སོགས་གནས་ལྔར་བཞག །རིགས་ལྔའི་ཕྱག་རྒྱ་གནས་ལྔར་བཅིངས་ནས་ནི། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། ཡེ་ཤེས་ལྔ་ཡི་ཡོན་ཏན་རབ་རྫོགས་ཏེ། །བྱང་སེམས་གསང་བའི་དབང་དང་ལྡན་པར་ཤོག །ༀ་བུདྡྷ་གུ་ཧྱ་ཨ་བྷི་ཥིཉྩ་ༀ། དེ་བཞིན་དུ། བཛྲ་ཧཱུྃ། རཏྣ་ཏྲཱྃ། པདྨ་ཧྲཱིཿཀརྨ་ཨཿཞེས་པས་གཏད། དེ་ལྟར་རིགས་ལྔའི་ཕྱག་མཚན་གྱི་དབང་བསྐུར་བས་སངས་རྒྱས་རིགས་ལྔའི་ཐུགས་གསང་བ་བྱང་ཆུབ་ཀྱི་སེམས་རྟོགས་པའི་དབང་དང་ལྡན་པར་གྱུར་ཅིག །དེ་ལྟར་རྡོ་རྗེ་སློབ་དཔོན་གྱི་དབང་ཐོབ་ནས་དཀྱིལ་འཁོར་དང་ལྷའི་དེ་ཉིད་དབང་དང་རབ་གནས་སྦྱིན་སྲེག་སོགས་སློབ་དཔོན་གྱི་བྱ་བ་མཐའ་དག་མཁས་པར་བསླབ་ནས། འགྲོ་བ་གཞན་གྱི་དོན་བྱ་སྙམ་པས་དཀྱིལ་འཁོར་གྱི་དེ་ཉིད་རྒྱུད་ལས་གསུངས་པ་འདི་གསན་འཚལ། སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །བླ་ན་མེད་པ་རྟོགས་


SPN001_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ། །རྒྱལ་བས་གསུངས་པའི་ཡེ་ཤེས་གང་། །དེ་ནི་དཀྱིལ་འཁོར་སྙིང་པོར་གསུངས། །ཞེས་བརྗོད། དེ་ནས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ལག་གཡས་སུ་གཏད་པས་གསོར་ཞིང་སྙིང་གར་གཏོད་དེ་འཛིན་པའི་མོས་པ་མཛོད། །རྡོ་རྗེ་གཏད། ཧཱུྃ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །ཅེས་དང་། ཨ་ཡིག་ལས་བྱུང་བའི་དྲིལ་བུ་ཤེས་རབ་ཀྱི་རང་བཞིན། ལག་པ་གཡོན་དུ་གཏད་པས་དཀྲོལ་ཞིང་བསྙེན་པའི་ཚུལ་གྱི་དཀུར་བརྟེན་པའི་མོས་པ་མཛོད། དྲིལ་བུ་གཏད། ཨཿསྲིད་པ་ངོ་བོ་ཉིད་ཀྱི་བདག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་མཆོག །སྲིད་པ་མཆོག་ནི་མཛད་པ་ཡིན། དྷརྨཱ་ཨཱཿདེ་ནས་རྡོར་དྲིལ་སྙིང་གར་བསྣོལ་ཐབས་སུ་འཛིན་པའི་མོས་པ་མཛོད། །ཞེས་བསྣོལ་བཅུག །དེ་བཞིན་གཤེགས་པ་ཀུན་གྱིས་ཀྱང་། །འདའ་བ་རུ་ནི་མི་མཛད་པའི། །ཕྱག་རྒྱའི་དམ་ཚིག་ཅེས་སུ་གྲགས། །ཡིད་ཀྱི་གཟུགས་ནི་བརྟན་ཕྱིར་རོ། །དེ་ལྟར་རྡོ་རྗེ་ཐུགས། དྲིལ་བུ་གསུང་། ཕྱག་རྒྱ་སྐུའི་དམ་ཚིག་གསུམ་སྦྱིན་པས་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་ནས་བདག་དང་གཞན་གྱི་དོན་བྱེད་པའི་དབང་དང་ལྡན་པར་གྱུར་ཅིག །དེ་ནས་བཀའ་བསྒོ་བ་ནི། དེ་རིང་ཕན་ཆད་བུ་ཁྱོད་ཀྱི། །ཕྱག་ན་རྡོ་རྗེ་ང་ཡིན་གྱི། །ང་ཡིས་ཇི་ལྟར་བསྒོ་བ་བཞིན། །ཁྱོད་ཀྱིས་དེ་ལྟར་བྱ་དགོས་


SPN001_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ༀ་པྲཛྙཱོ་པཱ་ཡ་ས་མ་ཡོ་ག་ཨ་བྷི་ཥིཉྩ་ཧཱུྃ་ཨཱཿཞེས་བརྗོད། དེ་ནས་མཐའ་བརྟེན་གྱི་དབང་ནི། རྒྱུད་ལས། འཁོར་ལོ་ལ་སོགས་རིན་ཆེན་བདུན་ཐོགས་ལ། །མི་ཡི་དབང་ཕྱུག་འཁོར་ལོ་ཐོབ་པ་དང་། །སྡིག་པ་གཞོམ་ཕྱིར་དབང་ནི་བསྐུར་བར་བྱ། །ཞེས་གསུངས་པས་གནས་སྐབས་སུ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཐོབ་ཅིང་མཐར་ཐུག་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་ཐོབ་པའི་ཕྱིར་རྒྱལ་སྲིད་སྣ་བདུན་གྱི་དབང་བསྐུར་བ་ནི། འཁོར་ལོ་ཐོགས་ལ། ལྷ་རྫས་ལས་བྱས་ལྟེ་བ་ཤིན་ཏུ་བཟླུམས། །རྩིབས་སྟོང་ལྡན་ཞིང་མུ་ཁྱུད་རབ་མཉམ་བཟང་། །དང་པོའི་སར་གནས་རྣམ་པར་རྒྱལ་གྱུར་གང་། །འཁོར་ལོ་རིན་ཆེན་དམ་པས་དབང་བསྐུར་རོ། །ༀ་ཙཀྲ་རཏྣ་ཨ་བྷི་ཥིཉྩ་མཱཾ། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཆོས་ཀྱི་འཁོར་ལོ་ནམ་མཁའི་མཐར་གཏུགས་པ་བསྐོར་ནུས་པའི་དབང་དང་ལྡན་པར་གྱུར་ཅིག །ནོར་བུ་ཐོགས་ལ། རིན་ཆེན་ངོ་བོ་ལྷ་རྫས་བཻ་ཌཱུཪྱ། །ཀུན་ཏུ་དཔག་ཚད་ཙམ་དུ་སྣང་བྱེད་ཅིང་། །དྲི་མེད་ཉིན་མོ་ཇི་བཞིན་མཚན་དེ་བཞིན། །ནོར་བུ་རིན་ཆེན་དམ་པས་དབང་བསྐུར་རོ། །ༀ་མ་ཎི་རཏྣ་ཨ་བྷི་ཥིཉྩ་མཱཾ། ཚེ་དཔག་ཏུ་མེད་པའི་འོད་དང་ལྡན་ཞིང་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་རང་གི་གཟི་བརྗིད་ཀྱིས་གནོན་པའི་དབང་དང་ལྡན་པར་གྱུར་ཅིག །བཙུན་མོ་ཐོགས་ལ། གཟུགས་མཛེས་ལྟ་ན་སྡུག་ཅིང་


SPN001_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་བཟང་མ། །པགས་པའི་མདོག་ལེགས་འཇམ་ཞིང་དྲི་མཆོག་ལྡན། །ཡིད་འོང་འདོད་དགུའི་རེག་བྱ་དང་ལྡན་པ། །བཙུན་མོ་རིན་ཆེན་དམ་པས་དབང་བསྐུར་རོ། །ༀ་སྟྲཱི་རཏྣ་ཨ་བྷི་ཥིཉྩ་མཱཾ། སེམས་ཅན་ཐམས་ཅད་ཏིང་ངེ་འཛིན་ཞི་བའི་ཚུལ་གྱིས་འཇིག་རྟེན་ལས་འདས་པའི་སྤྱོད་ཡུལ་ཡོངས་སུ་དག་ནས་རང་གཞན་གྱི་དོན་བདེ་བས་བསྒྲུབ་པ་ཡིད་བཞིན་དུ་འབྱོར་བའི་དབང་དང་ལྡན་པར་གྱུར་ཅིག །བློན་པོ་ཐོགས་ལ། གང་ཡང་རྒྱལ་བ་མུ་ཏིག་མདངས་ལྡན་པས། །གསེར་སོགས་མང་པོ་ཐུབ་ལ་ཕུལ་བ་ལྟར། །བཟོད་ལྡན་མཚུངས་པའི་ཁྱིམ་བདག་དོན་ལྡན་ཏེ། །བློན་པོ་རིན་ཆེན་དམ་པས་དབང་བསྐུར་རོ། །ༀ་པུ་རུ་ཥ་རཏྣ་ཨ་བྷི་ཥིཉྩ་མཱཾ། ལྷའི་མིག་རྣམ་པར་དག་པ་ཐོབ་ནས་འཕགས་པའི་ནོར་བདུན་དང་ལྡན་ཞིང་རང་གཞན་གྱི་དགོས་པ་མཐར་ཕྱིན་ནས་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་དབང་དང་ལྡན་པར་གྱུར་ཅིག །གླང་པོ་ཐོགས་ལ། ཡན་ལག་ཐམས་ཅད་ལེགས་སྐྱེས་ས་ལ་ནི། །རབ་གནས་གངས་ཆེན་རི་འདྲ་གླང་པོ་ཆེ། །རྒྱལ་པོ་ལ་འོས་མཁའ་ལ་རབ་འགྲོ་བའི། །གླང་པོ་རིན་ཆེན་དམ་པས་དབང་བསྐུར་རོ། །ༀ་ཧསྟི་རཏྣ་ཨ་བྷི་ཥིཉྩ་མཱཾ། སྟོབས་བཅུ་དང་ལྡན་ཞིང་བདུད་བཞིའི་སྟོབས་ཚར་བཅད་ནས་སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོ་ལ་འཇུག་ནུས་པའི་དབང་དང་ལྡན་པར་གྱུར་ཅིག །རྟ་མཆོག་ཐོགས་ལ། ཐོ་རངས་དུས་སུ་ཕྱོགས་རྣམས་མ་ལུས་པའི། །ས་རྣམས་


SPN001_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་ནས་སླར་ཡང་ལྡོག་གྱུར་པ། །རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་འོང་བའི། །རྟ་མཆོག་རིན་ཆེན་དམ་པས་དབང་བསྐུར་རོ། །ༀ་ཏུ་རངྒ་ཨ་ཤྭ་རཏྣ་ཨ་བྷི་ཥིཉྩ་མཱཾ། སོ་སོ་ཡང་དག་པ་རིག་པ་བཞིས་འགྲོ་བ་རྣམས་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཐོགས་པ་མེད་པར་སྐྱེལ་ནུས་པའི་དབང་དང་ལྡན་པར་གྱུར་ཅིག །དམག་དཔོན་ཐོགས་ལ། འགྲོ་དང་ལྡོག་དང་ཀུན་ནས་འོང་འགྱུར་པའི། །མ་ལུས་བདུད་དཔུང་འཇིག་པར་བྱེད་པ་སྟེ། །དཔལ་ལྡན་འབྱོར་པའི་དཔུང་དང་བཅས་པ་ཡི། །དམག་དཔོན་རིན་ཆེན་དམ་པས་དབང་བསྐུར་རོ། །ༀ་ཁདྒ་རཏྣ་ཨ་བྷི་ཥིཉྩ་མཱཾ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དགོངས་པ་མཐར་ཕྱིན་ནས་འཇིག་ཚོགས་ལ་ལྟ་བའི་རི་བོ་མཐོན་པོ་ཉི་ཤུ་འཇོམས་ཤིང་ཡེ་ཤེས་ཕུན་སུམ་ཚོགས་པའི་དབང་དང་ལྡན་པར་གྱུར་ཅིག །དེ་ནས་རྒྱུད་ཀྱི་དགོངས་པ་བཞིན་དུ་བཀའ་ཡི་དབང་སྦྱིན་པ་ནི། རྡོ་རྗེ་སེམས་དཔའི་གནས་འདུག་ནས། །ཐམས་ཅད་བྱས་ཤིང་ཀུན་ཐོས་ཀྱང་། །འགྲུབ་འགྱུར་ཉེས་པས་མི་གོས་ན། །སྙིང་རྗེ་ལྡན་པས་སྨོས་ཅི་དགོས། །ༀ་སརྦ་ཏ་ཐཱ་ག་ཏ་ཨཱ་ཛྙཱ་ཏ་ཡ་དཱ་སྱ་མི་གྲྀ་ཧྞ་བཛྲ་སུ་སིདྡྷ་ཡེ། ༀ་བཛྲ་ཏིཥྛ་ཧཱུྃ། ཞེས་བརྗོད། དེ་ནས་རྗེས་སུ་གདམས་པ་ནི་འདི་ལ་གསན་པས་ཁྱབ་པར་གདའ། ཚེ་འདིའི་བདེ་བ་མ་ལུས་དང་། །འཇིག་རྟེན་ཕྱི་མའི་བདེ་མཆོག་དང་། །སངས་རྒྱས་ཉིད་ཀྱང་འཐོབ་འགྱུར་ན། །ལྷ་མིའི་བདེ་བ་སྨོས་ཅི་དགོས། །སངས་རྒྱས་ཀུན་དང་


SPN001_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་མཉམ། །རྡོ་རྗེ་སློབ་དཔོན་བརྙས་ན་ནི། །རྟག་ཏུ་སྡུག་བསྔལ་ཐོབ་འགྱུར་བས། །སློབ་དཔོན་ལ་ནི་བརྙས་མི་བྱ། །རྡོ་རྗེ་སྤུན་དང་སྲིང་མོ་དང་། །རྡོ་རྗེ་མ་རྣམས་ཉིད་ལ་ནི། །རྣལ་འབྱོར་ཅན་གྱིས་བརྙས་མི་བྱ། །རྟག་ཏུ་འཁོན་དང་གཅུགས་མི་བྱ། །དཀོན་མཆོག་གསུམ་ལ་གནོད་བྱེད་ལ། །བཟོད་པ་བསྒོམ་པར་མི་བྱ་སྟེ། །བླ་མ་དམོད་བརྩོན་མ་རུངས་དང་། །དམ་ཚིག་ལས་ནི་འདའ་བ་དང་། །དེ་སོགས་བྱེད་པ་ཚར་གཅོད་ན། །འགྲུབ་འགྱུར་ཞེས་ནི་ཀུན་རིག་གསུང་། །སེམས་ཅན་ཀུན་ལ་སྙིང་བརྩེས་ཆགས། །བསྒྲུབ་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་བརྗོད། དེ་ལྟར་བཅོམ་ལྡན་འདས་ཐམས་ཅད་རིག་པ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ལེགས་པར་ཐོབ་པ་ཡིན་པས་དེ་དག་གི་སྐབས་སུ་བབ་པའི་དམ་ཚིག་རྣམས་ཚུལ་བཞིན་དུ་བསྲུང་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། དབང་བསྐུར་རྫོགས་པར་ཐོབ་པའི་གཏང་རག་ཏུ་མཎྜལ། ས་གཞི་སོགས། ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་འབུལ་སྙམ་པས་འདིའི་རྗེས་ཟློས། དེང་ནས་བརྩམས་ཏེ་སོགས། དེས་ཀུན་རིག་རྣམ་སྣང་གི་དཀྱིལ་འཁོར་དུ་དབང་ལེགས་པར་ཐོབ་པ་ཡིན་པས་དེ་ཡི་སྒོ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་སྒྲུབས་མཛོད། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲུགས་པ་ཡི། །


SPN001_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པའི་མཚོ་ལས་འགྲོ་བ་བསྒྲོལ་བར་ཤོག །ཅེས་བརྗོད། རྗེས་ཆོག་གཞུང་ལྟར་བྱའོ། །ཅེས་པ་འདི་ནི་སི་ཏུ་པདྨའི་མིང་ཅན་གྱིས་བསྒྲིགས་པ་སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝནྟུ། དགེའོ། །དགེའོ། །དགེའོ། །


previousཀུན་རིག་གི་དབང་བསྐུར་རྣམ་གྲོལ་སྒོ་ཆེན་འབྱེད་པའི་ལྡེ་མིགnext