Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


   
  expand section
   
སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་གྲུབ་གཉིས་མཆོག་སྩོལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་གྲུབ་གཉིས་མཆོག་སྩོལ། next

སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་གྲུབ་གཉིས་མཆོག་སྩོལ།


SPN002_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་གྲུབ་གཉིས་མཆོག་སྩོལ་ཞེས་བྱ་བ་བཞུགས་སོ། །


SPN002_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཨཱཪྱ་ཏཱ་ར་ཡེ། །སྲིད་ཞིའི་འཆིང་སྒྲོལ་བཅོམ་ལྡན་མས། །འདི་ནས་སྙིང་པོའི་བར་དུ་ནི། །སྤྱི་བོའི་རྒྱན་དུ་ཞབས་པདྨོ། །འབྲལ་མེད་རྗེས་སུ་འཛིན་པར་མཛོད། །ཅེས་མཆོད་པར་བརྗོད་པ་སྔོན་དུ་སོང་ནས་དེ་ལ་འདིར་རྒྱལ་བའི་ཡུམ་འཕགས་མ་སྒྲོལ་མའི་སྒོ་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་མྱུར་དུ་འདོད་པའི་རྣལ་འབྱོར་པ་དག་གིས་བསྙེན་ཅིང་སྒྲུབ་པ་ལ་མཆོད་པའི་རིམ་པར་བདག་བསྐྱེད། མདུན་བསྐྱེད། བུམ་སྒྲུབ། རྗེས་སུ་གནང་བ་དང་བཅས་གསལ་བར་དགོད་པར་བྱ་སྟེ། དེ་ཡང་ཕུན་སུམ་ཚོགས་པ་རང་བཞིན་ལྷུན་གྱིས་གྲུབ་པའི་གནས་དབེན་པར་གཙང་སྦྲ་དང་ལྡན་པས། ར་བ་བཞི་ཡི་དཀར་པོའི་ཕྱོགས་སམ། ཡང་ན་དཀར་པོའི་ཕྱོགས་གང་འདོད་ཀྱི་འགྲུབ་སྦྱོར་བཟང་པོར་མཆོད་པའི་ཡོ་


SPN002_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

བྱད་རྣམས་འདུ་བར་བགྱིད་ལ། མཆོད་པའི་རྟེན་སྤྱི་དང་བྱེ་བྲག་འཕགས་མའི་སྐུ་བརྙན་ཐང་ཀ་སོགས་གང་འབྱོར་བཤམས་པའི་མདུན་དུ། སྟེགས་ཀྱི་ཁར་མཎྜལ་པདྨ་འདབ་བརྒྱད་འབྲུ་དཀར་གྱི་ཚོམ་བུར་བཀོད་པའི་ཁར་མཉྫིའི་སྟེང་བུམ་པ་མཚན་ཉིད་དང་ལྡན་པ་ཆུ་གཙང་གིས་སུམ་གཉིས་བཀང་བ་བུམ་རྫས་དྲི་བཟང་ཡང་བཏབ་ལ། དེ་སྟེང་དུང་ཆོས་གཟུངས་རྡོར་ཁ་རྒྱན་དང་བཅས་པ་བཤམས། མདུན་ངོས་སུ་ཉེར་སྤྱོད་ཀྱི་མཆོད་པ་རྣམས་ཕྲེང་ཚར་དང་། རིན་པོ་ཆེའི་སྣོད་དུ་གཏོར་ཟླུམ་དཀར་མངར་གྱིས་སྦགས་པ་དང་། བསང་ཆུ་སྔོན་གཏོར་སོགས་འདུ་བར་བྱས་ལ། ནངས་སྔ་བར་ཁྲུས་དང་སྤོས་ཀྱི་བྱུགས་པས་ལུས་གཙང་མར་བསྒོས་ལ་སྟན་བདེ་བར་འཁོད་དེ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དང་བྱང་སེམས་ཀྱིས་ཀུན་


SPN002_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བསླངས་ཏེ། དང་པོ་བསང་ཆུའི་དོན་དུ་ༀ་བཛྲ་ཀྲོ་དྷ་ཉེར་གཅིག་བརྗོད་ལ་ཁྲོ་བོའི་རང་བཞིན་ནུས་ལྡན་དུ་མོས་ཏེ་གནས་དང་ཡོ་བྱད་རྣམས་ལ་བསང་གཏོར་བྱ། གཉིས་པ་བགེགས་དང་བར་ཆད་བསལ་བའི་དོན་དུ། ཕྱོགས་སྐྱོང་དང་གཞི་བདག་རྣམས་ལ་གཏོར་མ་འབུལ་བ་ནི། ལས་སྔགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། བྷྲུྃ་ལས་རིན་ཆེན་སྣོད་ཡངས་པར། །ཁྃ་ཞུ་གཏོར་མ་བདུད་རྩི་དངོས། །འདོད་ཡོན་དྭངས་ཤིང་ཐོགས་པ་མེད། །ལོངས་སྤྱོད་མཐའ་ཡས་ཆར་འབེབས་གྱུར། །ༀ་བཛྲ་སྥ་ར་ཎ་ཁཾ། ལན་གསུམ། ཨ་ཀཱ་རོས་སྦྱངས་སྤེལ་བྱིན་གྱིས་བརླབས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨརྒྷཾ། པུཥྤེ་སོགས་ཀྱིས་མཆོད། ན་མཿསརྦ་ཏ་ཐཱ་ག་ཏ་སོགས་ཀྱིས་ལན་གསུམ་འབུལ། ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བ་དང་། །ས་བདག་གནས་བདག་ཡུལ་གྱི་ལྷ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །གང་འདིར་ལྟ་བར་མི་དབང་བའི། །ཉེར་འཚེ་གླགས་ལྟར་གྱུར་པ་ཡི། །གདོན་བགེགས་ལོག་འདྲེན་ཕྱིར་དེངས་ཤིག །ཡེ་ཤེས་བསྐལ་མེས་སྲེག་པར་བྱེད། །བཛྲ་ཀྲོ་དྷ་སུམྦྷ་ནི་སོགས་ཧཱུྃ་བཞིའི་སྔགས་བརྗོད་བགེགས་བསྐྲད། གསུམ་པ་སྲུང་བའི་འཁོར་ལོ་ནི། ཕྱོགས་མཚམས་འོད་དང་འོད་ཟེར་འཕྲོ། །ཡེ་ཤེས་མེ་རི་སྣ་ལྔ་འབར། །རྡོ་རྗེ་ཨུཏྤལ་ལ་སོགས་ཀྱི། །སྲུང་བའི་འཁོར་


SPN002_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ལོས་བར་མེད་གཏམས། །ༀ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ། དེ་ནས་མཆོད་པ་བྱིན་གྱིས་བརླབ་པ་ནི། ལས་སྔགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ༀ་ཡིག་ལས། །རིན་ཆེན་སྣོད་དུ་ཧཱུྃ་ཡིག་ཚོགས། །འོད་ཞུ་མཆོད་རྫས་དཔག་ཏུ་མེད། །ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན། །རབ་འབྱམས་རྒྱ་ཆེན་ཇི་སྙེད་པ། །ཆོས་དབྱིངས་རྒྱས་པར་གང་བར་གྱུར། །ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་དུ། པཱ་དྱཾ། པུཥྤེ། དྷཱུཔྤེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་བར་བརྗོད། ༀ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨ་བརྟ་ཡ་བྷྱ་སྭཱ་ཧཱ། ལན་གསུམ་བརྗོད་ལ་བྱིན་གྱིས་བརླབས། ལྔ་པ་སྐྱབས་སུ་འགྲོ་བ་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག །བླ་མ་ཡི་དམ་ཆོས་སྐྱོང་སྟེ། །མཆོག་གསུམ་རྩ་གསུམ་བདག་ཉིད་ཅན། །འཕགས་མ་སྒྲོལ་མའི་ཞབས་པདྨོར། །བདག་སོགས་སེམས་ཅན་དེང་བཟུང་ནས། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བདུན་ནམ་ཉེར་གཅིག་བརྗོད། སེམས་བསྐྱེད་པ་ནི། འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས། །བདེ་བ་མཆོག་ལ་དྲངས་པའི་ཕྱིར། །བླ་མེད་ཐེག་ཆེན་སེམས་བསྐྱེད་ནས། །སྒོ་གསུམ་དགེ་ལ་འཇུག་པར་བྱ། །ལན་གསུམ་བརྗོད་ལ། ༀ་བོདྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི། དྲུག་པ་ཚོགས་ཞིང་ནི། རང་ཉིད་སྐད་ཅིག་རྗེ་བཙུན་མ། །རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས། །གསལ་བའི་གནས་གསུམ་ཡི་གེས་


SPN002_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

མཚན། །དེ་ལས་འོད་འཕྲོས་ཡེ་ཤེས་སེམས། །དཀོན་མཆོག་རྒྱ་མཚོ་མ་ལུས་པ། །མདུན་གྱི་ནམ་མཁར་གསལ་བར་གྱུར། །ༀ་ཨཱཪྱ་ཏཱ་རེ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པཱདྱཾ་ནས། ཤབྡའི་བར་བརྗོད། ན་མ་ཨཱཪྱ་ཏཱ་ར་ཡ། མཆོད་པ་འབུལ་ལོ་བཤགས་སོ་ཡི་རང་ངོ་། །བསྐུལ་ཞིང་གསོལ་བ་འདེབས་སོ་དགེ་ཚོགས་རྒྱུན། །ཐར་པ་ཐམས་ཅད་མཁྱེན་པའི་རྒྱུར་བསྔོའོ། །ཞེས་བསྡུས་པའི་ཚུལ་གྱིས་ཡན་ལག་བདུན་པ་ཕུལ་ནས། ༀ་ཨཱཿཧཱུྃ། ཞེས་རང་ལ་བསྟིམ། བདུན་པ་ཚད་མེད་བསྒོམ་པ་ནི། སེམས་ཅན་ཐམས་ཅད་བདེ་དང་བདེ་རྒྱུར་ལྡན། །སྡིག་དང་སྡུག་བསྔལ་རྒྱུ་དང་བྲལ་བར་ཤོག །སྡུག་བསྔལ་མེད་པའི་བདེ་དང་མི་འབྲལ་ཞིང་། །བཏང་སྙོམས་ཆེན་པོའི་ངང་དུ་གནས་གྱུར་ཅིག །ལན་གསུམ། དེ་ནས་བསྐྱེད་པའི་རིམ་པ་ལ་དང་པོ་རང་ལྷར་གསལ་བཏབ་པ་ནི། ༀ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཆོས་རྣམས་ཐམས་ཅད་སྟོང་ཉིད་གྱུར། །སྟོང་པའི་ངང་ལས་པྃ་ལས་ནི། །པདྨ་དཀར་པོ་དྲི་མ་མེད། །འདབ་མ་གེ་སར་མཆོག་ཏུ་ཡངས། །སྟེང་དུ་ཨ་ལས་ཟླ་ཤེལ་གྱི། །དཀྱིལ་འཁོར་ཉ་གང་དབུས་སུ་ཏཱྃ། །དཀར་པོ་འོད་དང་འོད་ཟེར་འབར། །འཕྲོས་པས་རྒྱལ་མཆོད་དངོས་གྲུབ་བསྡུས། །སེམས་ཅན་འཇིགས་པ་ཀུན་ལས་བསྒྲལ། །ཚུར་འདུས་ཡོངས་སུ་གྱུར་པ་ལས། །རང་ཉིད་འཕགས་མ་སྒྲོལ་མ་དཀར། །ཤིན་ཏུ་


SPN002_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

དྭངས་ཤིང་གསལ་འཚེར་བ། །ཞལ་གཅིག་ཕྱག་གཉིས་སྤྱན་དཀྱུས་རིང་། །ཡིད་འོང་སྒེག་པའི་ཉམས་དང་ལྡན། །གཡས་པས་མཆོག་སྦྱིན་ཕྱག་རྒྱ་དང་། །གཡོན་པས་མཐེབ་སྲིན་ཨུཏྤ་ལ། །དཀར་པོ་ཡལ་འདབ་རྒྱས་པ་བསྣམས། །དབུ་སྐྲ་མཐོན་མཐིང་ཐོར་ཚུགས་བཅིངས། །ཡིད་བཞིན་ནོར་བུ་རིན་པོ་ཆེ། །གསེར་དང་མུ་ཏིག་ལ་སོགས་པས། །ཅོད་པན་སྙན་དང་མགུལ་གྱི་རྒྱན། །ཕྱག་ཞབས་གདུ་བུ་དཔུང་རྒྱན་དང་། །སེ་མོ་དོ་དང་སྐ་རགས་འཕྱང་། །བརྒྱད་གཉིས་ལང་ཚོའི་ཆ་ཤས་རྫོགས། །ནུ་འབུར་ཟུང་མཛེས་ལྷ་ཡི་གོས། །དཀར་པོས་སྟོད་གཡོགས་དབང་གཞུ་ཡི། །སྨད་གཡོགས་ཞབས་གཉིས་སྐྱིལ་མོ་ཀྲུང་། །ཟླ་བའི་རྒྱབ་ཡོལ་གསལ་བར་གྱུར། །གནས་གསུམ་ༀ་དཀར་ཨཱཿདམར་པོ། །ཐུགས་ཀའི་ཆ་སྨད་ཧཱུྃ་སྔོན་གསལ། །ཐུགས་ཀའི་དབུས་སུ་པད་ཟླར་ཏཱཾ། །དཀར་པོའི་འོད་ཀྱིས་ཡེ་ཤེས་པ། །རང་བཞིན་གནས་དང་ཁྱད་པར་དུ། །ལྷོ་ཕྱོགས་གྲུ་འཛིན་པོ་ཊ་ལའི། །གནས་ཀྱི་ཞིང་མཆོག་དམ་པ་ནས། །བསྐྱེད་པ་དང་འདྲའི་ཡེ་ཤེས་པ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །སྲས་དང་སློབ་མ་སྤྲུལ་པའི་ཚོགས། །ཇི་སྙེད་དུ་མས་བསྐོར་བ་རྣམས། །མདུན་གྱི་ནམ་མཁར་སྐད་ཅིག་ལ། །སྤྱན་དྲངས་བཛྲ་ས་མཱ་ཛཿཞེས་སྤྱན་དྲངས་ལ། གཉིས་པ་མཆོད་ཅིང་བསྟོད་པ་ནི།


SPN002_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཨརྒྷཾ་སོགས་ཀྱིས་མཆོད། ལྷ་དང་ལྷ་མིན་ཅོད་པན་གྱིས། །སོགས་ཀྱིས་བསྟོད། །ཛཿཧཱུྃ་བྃ་ཧོཿཡེ་ཤེས་སེམས། །དམ་ཚིག་པ་དང་དབྱེར་མེད་གྱུར། །གསུམ་པ་དབང་བསྐུར་བ་ནི། སླར་ཡང་ཐུགས་ལས་འོད་འཕྲོས་ཏེ། །དབང་གི་ལྷ་རྣམས་སྤྱན་དྲངས་ནས། །མཆོད་པའི་སྤྲིན་གྱིས་མཉེས་པར་བྱས། །གསོལ་བཏབ་མོད་ལ་ཡེ་ཤེས་ཀྱི། །བདུད་རྩིའི་རྒྱུན་གྱི་དབང་བསྐུར་ཐོབ། །སྐུ་གང་དྲི་མ་དག་པར་བྱས། །ཆུ་ཞབས་ཡར་བརྟེན་འོད་དཔག་མེད། །སྤྲུལ་སྐུའི་རྣམ་པས་རྒྱས་གདབ་གྱུར། །དེ་ནས་བཞི་པ་སྔགས་འཁོར་བསྒོམ་པ་ནི། བཅོམ་ལྡན་འདས་མའི་ཐུགས་ཀའི་དབུས་སུ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ། མུ་ཁྱུད་ལྔ་དང་ལྡན་པའི་ལྟེ་བར་ཏཱྃ། གཡས་སུ་ༀ་དང་གཡོན་དུ་ཧཱ། མདུན་ནས་གཡས་བསྐོར་དུ་མ་མ་ཨཱ་ཡུ་པུཎྱ་ཛྙཱ་ན་པུཥྚིཾ་ཀུ་རུ་ཧཱ། རྩིབས་བརྒྱད་ལ་ཏཱ། རེ། ཏུཏ། ཏཱ། རེ། ཏུ། རེ། སྭཱ། ཞེས་པས་མཚན་པ་དང་། མུ་ཁྱུད་ནང་མ་ལ། ཨ་ལི་གཡོན་བསྐོར། བར་མ་ལ་ཀ་ལི་གཡས་བསྐོར། ཕྱི་རིམ་ལ་ཡེ་དྷརྨ་གཡས་སུ་བསྐོར་ཞིང་། དེ་ཡི་ཕྱི་རིམ་རྡོ་རྗེ་དཀར་པོ་མཆུར་ཉལ་བའི་ཕྲེང་བ་དང་། དེ་ཡི་ཡང་ཕྱི་རོལ་དུ་འོད་དཀར་པོའི་ཟེར་ཐག་གི་ཕྲེང་བ་དང་ལྡན་པའི་སྔགས་འཁོར་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་ཐུགས་རྗེ་བྱིན་རླབས་དངོས་གྲུབ་དང་། བརྟན་གཡོ་སྣོད་ཀྱི་འབྱུང་བའི་རྩི་དང་།


SPN002_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་ཀྱིས་བསྡུས་པའི་ལྷ་ཀླུ་རིག་འཛིན་གྲུབ་པ་ལ་སོགས་པ་འགྲོ་བ་མཐའ་དག་གི་དཔལ་འབྱོར་ཐམས་ཅད་འོད་ཟེར་གྱི་རྣམ་པར་འཁོར་ལོ་དང་ཡིག་འབྲུ་ལ་ཐིམ་པས་འཆི་བ་མེད་པའི་ཚེ་དང་རྒུད་པ་མེད་པའི་ལང་ཚོ་རབ་ཏུ་རྒྱས་པར་གྱུར། ཞེས་སྔགས་འཁོར་བསྒོམས་ལ། ཡི་གེ་བཅུ་པ་ཅི་ནུས་བཟླས་མཐར། ཚེ་ཤམ་ཅན་ཡང་བཟླའོ། །དེ་ནས་མདུན་བསྐྱེད་སྒྲུབ་ཅིང་མཆོད་པ་ནི། དང་པོ་བདག་བསྐྱེད་ལྟར་ལ་ཁྱད་པར། འཕགས་མ་སྒྲོལ་མ་སྐུ་མདོག་དཀར། །ཞེས་པ་སོགས་དང་སྤྱན་འདྲེན་ནས་རྒྱས་གདབ་པར་བྱའོ། །དེ་ནས་གཉིས་པ་མཆོད་པ་འབུལ་བ་ནི། དྲི་མེད་མཆོད་ཡོན་དག་བྱེད་ཞབས་བསིལ་དང་། །ཡིད་འོང་མེ་ཏོག་མཁའ་ཁྱབ་བདུག་པའི་སྤོས། །སྣང་བྱེད་མར་མེ་རྨད་བྱུང་དྲི་ཡི་མཆོག །བཅུད་ལྡན་ཞལ་ཟས་དབྱངས་སྙན་རོལ་མོའི་སྒྲ། །འཁོར་བ་ཇི་སྲིད་མཆོད་པའི་སྤྲིན་སྤྲོས་ནས། །རྒྱལ་ཡུམ་འཕགས་མའི་ལྷ་ཚོགས་རྣམས་ལ་འབུལ། །ༀ་ཨཱཪྱ་ཏཱ་རེ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཨཱཿཧཱུྃ། དེ་བཞིན་དུ། པཱ་དྱཾ། པུཥྤེ། དྷཱུཔྤེ། ཨཱ་ལོ་ཀེ། གྷནྡྷེ། ནཻ་ཝི་དྱ། ཤབྡའི་བར་བརྗོད་ལ་རོལ་མོ་འབུལ་ལོ། །འདོད་ཡོན་འབུལ་བ་ནི། འཇིག་རྟེན་འདི་ན་རྡོ་རྗེའི་གཟུགས་སྒྲ་དྲི། །བཤོས་གཙང་སྲབ་འཇམ་ལྷ་ཡི་དར་སྣ་ཚོགས། །རབ་འབྱམས་ཞིང་རྣམས་མ་ལུས་ཡོངས་བཀང་ནས། །བཅོམ་ལྡན་ཡིད་བཞིན་འཁོར་ལོའི་ལྷ་ལ་འབུལ། །སྔགས་ཀྱི་ཐོག་མཐའ་སྔར་བཞིན།


SPN002_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

རཱུ་པ། ཤབྡ། གནྷེ། ར་ས། སྤཪྴེ་སོགས་ཀྱང་བརྗོད། དཔལ་འབྱོར་ཕུན་སུམ་ཚོགས་པ་ཡི། །རི་རབ་གླིང་བཞི་གླིང་ཕྲན་བརྒྱད། །ཉི་ཟླ་ལ་སོགས་མཆོད་པའི་རྫས། །སྒྲོལ་མའི་དཀྱིལ་འཁོར་ལྷ་ལ་འབུལ། །ༀ་མཎྜལ་པཱུ་ཛ་ཨཱཿཧཱུྃ། རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །ཞེས་པ་ནས། ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །ཅེས་པའི་བར་གྱིས་གསོལ་བ་གདབ། དེ་ནས་གསུམ་པ་གཏོར་མ་འབུལ་བ་ནི། ལས་སྔགས་ཀྱིས་བསངས། སྭ-བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་པའི་ནང་དུ། ༀ་ཨཱཿཧཱུྃ་ཞུ་བ་ལས་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོར་གྱུར། །ༀ་ཨཱཪྱ་ཏཱ་རེ་ས་པ་རི་ཝཱ་ར་ཨི་དཾ་སོགས་ཀྱིས་ལན་བདུན་ནམ་གསུམ་གྱིས་ཕུལ། བསྟོད་པ་ནི། འཁོར་བ་ལས་སྒྲོལ་ཏཱ་རེ་མ་སོགས་ཤླཽ་ཀ་གཅིག་དང་། བཅོམ་ལྡན་འཁོར་དང་བཅས་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་སོགས་བརྗོད་ལ། བཞི་པ་བཟླས་པ་བྱ་བ་ནི། མདུན་བསྐྱེད་ལྷ་ཡི་ཐུགས་ཀའི་སྔགས་ཕྲེང་ལས། །འོད་འཕྲོས་ཕྱི་སྣོད་ནང་བཅུད་ཀུན་ལ་ཕོག །ཚེ་དཔལ་འབྱོར་པ་འོད་དང་འོད་ཟེར་གྱི། །རྣམ་པར་བསྡུས་ནས་སྔགས་ཕྲེང་ལ་ཐིམ་གྱུར། །ཞེས་མོས་ལ་བཟླས་པ་བྱའོ། །དེ་ནས་བུམ་བསྐྱེད་ནི། དང་པོ་ལས་སྔགས་ཀྱིས་བསངས་སྦྱངས། ཆོས་ཀུན་སྟོང་པ་ཆེན་པོའི་ངང་། །པྃ་ལས་པདྨ་ཨ་ལས་ནི། །ཟླ་བའི་སྟེང་དུ་བྷྲཱུྃ་ཡིག་ལས། །རིན་ཆེན་བུམ་པ་


SPN002_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་རྫོགས། །བདུད་རྩིའི་རྒྱུན་གྱིས་གང་བའི་དབུས། །བདག་བསྐྱེད་ལྟར་ལ། པདྨ་དཀར་པོ་དྲི་མ་མེད། །ཅེས་སོགས་དང་། འཕགས་མ་སྒྲོལ་མ་སྐུ་མདོག་དཀར། ཞེས་པའི་ཁྱད་པར་ལས་གཞན་དཀྱུས་ལྟར་སྤྱན་འདྲེན་དང་རྒྱས་གདབ་བར་བཏོན། གཉིས་པ་མཆོད་བསྟོད་ནི། ཨོ་ཨཱཪྱ་ཏཱ་རེ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད་པ་དང་། རཱུ་པ། ཤབྡ་སོགས་ཀྱང་བརྗོད། རྒྱལ་མཆོག་ཚེ་དཔག་མེད་པའི་ཡུམ། །འཆི་མེད་ངེས་པར་སྟེར་བ་མོ། །རིག་པ་འཛིན་མ་བཅོམ་ལྡན་འདས། །རྗེ་བཙུན་སྒྲོལ་མར་ཕྱག་འཚལ་བསྟོད། །ཅེས་བསྟོད་ནས། གསུམ་པ་བཟླས་པ་ནི། རང་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་སྔགས་ཕྲེང་ཐོན། བུམ་ལྷའི་ཐུགས་ཀར་ཞུགས་པས་ཐུགས་དམ་གྱི་རྒྱུད་བསྐུལ་ནས་སྲིད་ཞི་མ་ལུས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་བསྡུས་ཏེ་བུམ་ལྷར་ཐིམ་པར་གྱུར་ཅེས་པར་མོས་ལ་ཡི་གེ་བཅུ་པ་བཟླའོ། །མཐར། ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ་གིས་དུང་ཆོས་ཀྱི་ཆུ་མཆོད་ཡོན་དུ་ཕུལ་ནས། ཉེར་སྤྱོད་ལྔས་མཆོད། བཅོམ་ལྡན་འདས་མ་བུམ་པའི་ཆུ་དང་དབྱེར་མེད་པར་འོད་དུ་ཞུ་བར་གྱུར། ཅེས་བུམ་ལྷ་འོད་ཞུ་དང་། སྐབས་འདིར་གཞན་གྱི་དོན་རྗེས་གནང་སྦྱིན་པ་སོགས་སྤྲོ་ན། དང་པོ་རང་ཉིད་ཀྱིས་ཏིང་ངེ་འཛིན་གྱི་དབང་བླངས་ནས། གཉིས་པ་སློབ་མ་རྣམས་ལ་དུང་ཆོས་ཆབ་ཀྱིས་ཁྲུས་དང་། སྔར་བཤད་པ་ལྟར་སྔོན་འགྲོ་བགེགས་


SPN002_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྲད་སྲུང་འཁོར་བར་བྱ། དེ་ནས་གསུམ་པ་དབང་གི་ཐོག་མར་སྤྱི་བཤད་ཅུང་ཟད་སྤྲོ་ན། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་སྙམ་པའི་ཐུགས་བསྐྱེད་དང་ལྡན་པའི་སྒོ་ནས་གསན་འཚལ། དེ་ལ་ཡང་མཐར་ཐུག་ཕྱིར་མི་ལྡོག་པ་མཆོག་གི་གོ་འཕང་དང་། གནས་སྐབས་སུ་བགེགས་དང་བར་ཆད་ཉོན་མོངས་པའི་དྲི་མ་མཐའ་དག་བསལ་བའི་དོན་དུ་འཕགས་མ་ཡིད་བཞིན་འཁོར་ལོའི་དབང་བསྐུར་བ་ཡིན་ཏེ། དེ་ཡང་རྣལ་འབྱོར་མའི་རྒྱུད་ལས། འཆི་བ་བསླུ་བྱེད་དཀར་མོའོ། །ཞེས་པས་བསྟན་ཅིང་། འདི་ཡི་སྒྲུབ་ཐབས་ཀྱི་རྒྱ་གཞུང་སློབ་དཔོན་ངག་གི་དབང་ཕྱུག་ཅེས་བྱ་བ་མཁས་པ་དང་གྲུབ་པའི་ཁྱུ་མཆོག་དེ་ཉིད་དངོས་སུ་རྗེ་བཙུན་མ་ཡིས་བྱིན་གྱིས་བརླབས་ཤིང་རྗེས་སུ་བཟུང་བར་བརྟེན་འདི་ཡི་རིག་པའི་སྐོར་རྒྱུད་སྡེ་སོ་སོ་ནས་གསུངས་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་བསྟན་བཅོས་འཆི་བསླུ་ཀུན་བཏུས་སུ་གྲགས་པ་བཀྲལ་བར་མཛད་ཅིང་། གཞན་ཡང་མན་ངག་གི་རྣམ་པ་དུ་མ་འཕགས་མས་དངོས་སུ་གདམས། དེས་བླ་མ་རྡོ་རྗེ་གདན་པ་ཆེན་པོ་ལ་གནང་ཞིང་སྒྲུབ་པས་ཞལ་གཟིགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཚུལ་དུ་མ་བསྟན་པར་མཛད་པ་རྣམས་བསྟན་བཅོས་སུ་ཡི་གེར་བཏབ། དེ་ལ་བརྟེན་ནས་སྒྲུབ་ཐབས་མི་འདྲ་བ་ཡང་འགའ་ཞིག་


SPN002_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་སྤེལ། དེ་ལ་བ་རི་ལོ་ཙཱ་བ་རིན་ཆེན་གྲགས་ཀྱིས་གསན་ཅིང་རྗེས་སུ་འཛིན། རྒྱུད་དང་སྒྲུབ་ཐབས་ཀྱི་སྐོར་རྣམས་མ་འདྲེས་སོ་སོར་རྟོགས་པའི་རྒྱ་གཞུང་རྣམས་བོད་དུ་སྤྱན་དྲངས་ནས་བསྒྱུར་ཅིང་གཏན་ལ་ཕབ་ནས་གསལ་བར་བྱེད་པའི་གནས་སུ་སྟོན་པར་མཛད། དེ་ལ་དགེ་བའི་བཤེས་གཉེན་གླེ་ནག་པས་གསན། དེ་ལ་སྒྲེ་པ། དེས་རྒྱལ་བས་ལུང་གིས་ཟིན་པའི་བསྟན་པའི་བདག་པོ་མཉམ་མེད་དྭགས་པོ་རིན་པོ་ཆེ་ཟླ་འོད་གཞོན་ནུ་ལ་གནང་ཞིང་དེ་ནས་རིམ་པས་ཀཾ་ཚང་སྒྲུབ་བརྒྱུད་འདི་ཉིད་ཀྱི་སྙིང་པོ་དོན་གྱི་བརྒྱུད་པ་དང་གཅིག་འདྲེས་སུ་གྱུར་ཅིང་། ཡང་རྗེ་བཙུན་མས་བླ་མ་གསེར་གླིང་པ། དེས་ཇོ་བོ་རྗེ། དགེ་བཤེས་སྟོན་པ། སྤྱན་སྔ་བ། སྒྲེ་པ་ནས་དྭགས་པོ་རིན་པོ་ཆེར་འདུས་པ་དང་། ཡང་ལུགས་གཅིག་ལ་སྒྲོལ་མས་ཇོ་བོ་རྗེ་དཱི་པཾ་ཀ་ར། བྱམས་པའི་རྣལ་འབྱོར་པ། སྙུག་རུམ་པ་ནས་དྭགས་པོ་རིན་པོ་ཆེར་འདུས་པ་སྟེ། བཀའ་བབས་ཆུ་བོ་གསུམ་འབྲེལ་རྗེ་སྒམ་པོ་པར་འདུས་པ་དང་། གཞན་ཡང་ཁ་ཆེ་པཎ་ཆེན་ནས་བརྒྱུད་པ་དང་། གྲུབ་ཆེན་རིན་པོ་ཆེ་ཀརྨ་པཀྴི་ནས་བརྒྱུད་པ། བླ་མ་ས་སྐྱ་པ་ཆེན་པོ་ནས་བརྒྱུད་པ་སོགས་མདོར་ན་བཀའ་བབས་ཀྱི་ཆུ་བོ་དྲུག་གཅིག་ཏུ་འདུས་པ་ཡང་སྣང་ཞིང་། དེ་ལྟར་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཁྱད་པར་དུ་འཕགས་པ། གོང་མ་དག་གི་རྡོ་རྗེའི་


SPN002_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ལས། འཆི་ལྟས་ཅི་ལྟར་བྱུང་ཡང་ངེས་པར་བཟློག་ནུས་པའི་འཕགས་མ་སྒྲོལ་མའི་རིག་སྔགས་དང་སྒྲུབ་པ་རྩིས་སུ་མཛད་ཅིང་ཐུགས་ཉམས་སུ་བསྟར་བ་ཡང་ཆེས་མང་བར་བྱུང་ཞིང་། དེ་དག་ཀྱང་ཕྲིན་ལས་རྒྱ་ཆེ་ཞིང་འགྲོ་དོན་རྒྱས་པ་སོགས་ལྷག་པའི་ལྷ་འདི་ཉིད་ལ་བསྟེན་ནས་གྲུབ་པ་བརྙེས་པ་ཁོ་ན་སྟེ། དེ་ལྟ་བུའང་བརྒྱུད་པ་རིན་པོ་ཆེ་འདི་དག་ལས་བྱུང་ཞིང་ཚུལ་བཞིན་དུ་སྒྲུབ་པར་བྱས་ན་འཆི་མེད་ཀྱི་ཚེ་དང་རྒུད་མེད་ཀྱི་ལང་ཚོ། གཞན་ཡང་དངོས་གྲུབ་ཅི་འདོད་པ་མཐའ་དག་ཡིད་བཞིན་དུ་ངེས་པར་འབྱུང་ཞིང་། དུས་མ་ཡིན་པའི་འཆི་བ་སོགས་འཇིགས་པ་བརྒྱད་དང་བཅུ་དྲུག་ལས་སྐྱོབ་ནུས་པ་དང་། མཐར་ཐུག་ཆོས་དབྱིངས་བདེ་བ་ཆེན་པོའི་ངང་དུ་དབྱེར་མེད་པར་སངས་རྒྱས་པ་སོགས་འགྲུབ་པར་འགྱུར་ཞིང་། དེ་ཡང་པཎ་ཆེན་ངག་དབང་གྲགས་པའི་ཀུན་བཏུས་ལས། ཚངས་དབང་ཁྱབ་འཇུག་ཉི་ཟླ་དང་། །དྲག་པོ་ཕྱོགས་སྐྱོང་འདོད་ལྷས་ཀྱང་། །བ་སྤུའི་ཁུང་བུའང་གཅོད་མི་ནུས། །འཆི་བདག་ལས་རྒྱལ་སྒྲོལ་མ་བཞིན། །སྐྲ་དཀར་གཉེར་མ་སྐལ་ངན་ནད། །དབུལ་བ་ལ་སོགས་ཉམས་པར་བྱེད། །སེང་གེ་ལ་སོགས་འཇིགས་ཆེན་བརྒྱད། །སྡུག་བསྔལ་ཚོགས་རྣམས་སེལ་བར་བྱེད། །སློང་བ་མེད་པར་བཟའ་བཏུང་གོས། །ཁང་བཟང་རིན་ཆེན་སྣ་ཚོགས་འདུ། །རལ་གྲི་མིག་སྨན་རྐང་མགྱོགས་དང་། །བུམ་པ་བཟང་པོ་ལ་


SPN002_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་འགྲུབ། །སྙན་ངག་དང་ནི་རྩོད་པ་མཁས། །བློ་རྣོ་ཤེས་རབ་དྲི་མ་མེད། །གཞན་ཡང་ཅི་འདོད་དངོས་གྲུབ་ནི། །འཁོར་ལོ་འདི་ལས་འབྱུང་བར་འགྱུར། །ཞེས་གསུངས་པ་ལྟར་ཕན་པའི་ཡོན་ཏན་མཐའ་ཡས་ཤིང་བརྗོད་ཀྱིས་མི་ལང་མོད་ཀྱང་། ཅུང་ཟད་སྤྲོས་པ་དེ་དག་ངེས་པར་གྱིས་ལ་སྒོ་གསུམ་གྱི་དད་དང་དང་བ་ཆེན་པོས་ཡིད་སྤྲོ་བའི་ངང་ནས་དབང་བསྐུར་ཟབ་མོ་སྨིན་གྲོལ་གྱི་ལམ་ལ་འཇུག་པའི་ཕྱིར་དུ་དངོས་དང་ཡིད་སྤྲུལ་རྒྱ་མཚོས་དྲངས་བའི་མཎྜལ་གནང་བར་ཞུ། ཞེས་མཎྜལ་ཕུལ་ལ། སློབ་དཔོན་གྱིས། དེ་ལྟར་མཎྜལ་ཕུལ་བ་སྔོན་དུ་སོང་ནས་ཐོག་མར་བདག་སློབ་དཔོན་དུ་འོས་པ་དང་རྗེ་བཙུན་མ་དབྱེར་མེད་པ་ལ་དབང་བསྐུར་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྒྱལ་བ་རབ་འབྱམས་འདུས་པའི་དཔལ། །བླ་མ་དང་ནི་རྗེ་བཙུན་མར། །གསོལ་འདེབས་སྨིན་གྲོལ་ལམ་ཟབ་མོ། །མ་ལུས་བཀའ་དྲིན་སྩལ་དུ་གསོལ། །ལན་གསུམ་གྱིས་གསོལ་བ་གདབ། མདུན་གྱི་ནམ་མཁར་ཡིད་བཞིན་འཁོར་ལོའི་ལྷ་ཚོགས་ལ། །སངས་རྒྱས་བྱང་སེམས་རྡུལ་སྙེད་སྤྲིན་ཕུང་གཏིབས་པ་བཞིན། །བསྐོར་བའི་སྤྱན་སྔར་ཡན་ལག་བདུན་པ་འབུལ་བའི་བློས། །རྩེ་གཅིག་གུས་པས་ཐལ་སྦྱར་འདི་ཡི་རྗེས་ཟློས་མཛོད། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ་བརྗོད། དེ་ནས་བསྐྱེད་པའི་རིམ་པ་བསྒོམ་པའི་དོན་དུ་ནི། །


SPN002_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་སྟོང་འཛིན་མེད་ངང་དུ་དམིགས་པ་འདི་བཞིན་མཛོད། །ༀ་བཛྲ་ཀྲོ་དྷས་སློབ་མ་རྣམས་བསངས་ལ། ༀ་ཤཱུ་ནྱ་ཏ་སོགས་བདག་བསྐྱེད་ཇི་བཞིན་པ་ལ། ཁྱེད་རང་འཕགས་མ་སྒྲོལ་མ་དཀར། །ཞེས་སོགས་ནས། ཐུགས་ཀའི་དབུས་སུ་པད་ཟླར་ཏཱྃ། །འོད་ཟེར་དཀར་པོ་འབར་བ་ཅན། །སྣང་སྟོང་འཛིན་མེད་འཇའ་ཚོན་ལྟར། །བཀྲ་ཞིང་ལམ་མེར་གསལ་བར་བསྒོམ། །ཅེས་དམིགས་པ་སྤོར་ལ། དེ་ནས་རྒྱུད་ལ་ཡེ་ཤེས་ཆེན་པོའི་བྱིན་རླབས་མྱུར་དུ་འབེབས་པའི་ཕྱིར། བླ་མ་སྒྲོལ་མ་ཐ་མི་དད་པར་གསོལ་གདབ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེས། བདག་དུས་མ་ཡིན་པའི་འཆི་བ་དང་འཇིགས་པ་ཐམས་ཅད་ལས་སྒྲོལ་བའི་ཕྱིར། རྗེ་བཙུན་ཡིད་བཞིན་འཁོར་ལོའི་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་པའི་ཡེ་ཤེས་དམ་པས་སྨིན་པར་མཛད་དུ་གསོལ། ལན་གསུམ་གསོལ་བ་བཏབ། དེ་ལྟར་གསོལ་བཏབ་སློབ་དཔོན་ཐུགས་ཀ་ནས། །འོད་འཕྲོས་མདུན་བསྐྱེད་ལྷ་ཡི་ཐུགས་རྒྱུད་བསྐུལ། །ཐུགས་ཀའི་ཧཱུྃ་དང་ཏཱྃ་ལས་འོད་ཟེར་འཕྲོས། །ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་སྣང་བར་བྱས། །རང་བཞིན་གནས་དང་ཁྱད་པར་ལྷོ་ཕྱོགས་ཀྱི། །པོ་ཊ་ལ་ཡི་གནས་མཆོག་དམ་པ་ནས། །བསྒོམ་པ་དང་འདྲའི་བཅོམ་ལྡན་སྒྲོལ་མ་དཀར། །སངས་རྒྱས་བྱང་སེམས་རྒྱ་མཚོ་


SPN002_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལུས་པ། །སྤྲིན་ཕུང་གཏིབས་པ་ལྟ་བུའི་ཡེ་ཤེས་སེམས། །མདུན་གྱི་ནམ་མཁར་སྐད་ཅིག་སྤྱན་དྲངས་ནས། །ཁྱེད་རྣམས་ལྷར་གསལ་སྐུ་ལ་གཉིས་མེད་པར། །ཐུགས་རྗེའི་བྱིན་རླབས་དངོས་གྲུབ་ཆར་ལྟར་བབས། །འཆི་མེད་དོན་དམ་ཡེ་ཤེས་རྒྱུད་ལ་ཞུགས། །སེམས་ཉིད་བདེ་བ་ཆེན་པོ་འོད་གསལ་བ། །གཡོ་འགུལ་མེད་པའི་ངང་དུ་གནས་པར་མཛོད། །ༀ་ཨཱཪྱ་ཏཱ་རེ་ས་པ་རི་ཝཱ་ར་མ་ཧཱ་བཛྲ་ཛྙཱ་ན་ཨ་ཝེ་ཤ་ཡ། ཨ་ཝེ་ཤ་ཡ་ཨ་ཨ་ཨ། ཞེས་སྤོས་འཐུལ། རོལ་མོ་བཀྲོལ་ལ་ཡེ་ཤེས་པ་གཞུག་ནས། དེ་ལྟར་བབས་པའི་ལྷ་དེ་ཉིད། །སྙིང་པོའི་བར་དུ་མི་འབྲལ་བར། །སྐལ་ལྡན་རྒྱུད་ལ་བརྟན་གྱུར་ཅིག །ཛྙཱ་ན་བཛྲ་ཏིཥྛ་ཧཱུྃ། ཞེས་རྡོ་རྗེ་མགོར་བཞག །དང་པོ་སྐུ་ཡི་རྗེས་གནང་ནི། སླར་ཡང་སློབ་དཔོན་སྙིང་གའི་འོད་ཟེར་གྱིས། །བསྐུལ་བས་དབང་ལྷ་རིགས་ལྔ་ཡབ་ཡུམ་རྣམས། །སྤྱན་དྲངས་མཆོད་པའི་སྤྲིན་གྱི་རྒྱ་མཚོས་མཆོད། །ༀ་པཉྩ་ཀུ་ལ་བཛྲ་ཨརྒྷཾ་ནས། ཤབྡའི་བར་བརྗོད། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པས་དབང་ལྷ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་གྱིས་གང་བ་བསྣམས་ནས་དབང་བསྐུར་བའི་མོས་པ་གྱིས་ཤིག །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །སོགས་བརྗོད། དེ་ལྟར་དབང་བསྐུར་སྒྲིབ་པ་བཞི་དག་ཅིང་། །སྐུ་བཞི་མངོན་བྱས་འཆི་མེད་ཚེ་དཔལ་ཐོབ། །ཆུ་


SPN002_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་གྱེན་བརྟེན་འོད་དཔག་དབུ་བརྒྱན་གྱུར། །དེ་ལྟར་སྐུ་མཆོག་བུམ་པའི་དབང་ཐོབ་ནས། །ལྷ་ཡི་རྣལ་འབྱོར་བསྐྱེད་རིམ་བསྒོམ་པར་དབང། །འབྲས་བུ་སྤྲུལ་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །གཉིས་པ་གསུང་གི་རྗེས་གནང་ནི། སློབ་དཔོན་ལྷར་གསལ་ཞལ་ནས་སྔགས་ཕྲེང་ཐོན། །སློབ་མའི་ཞལ་ཞུགས་ཐུགས་ཀར་ཐིམ་པའི་མོད། །དུས་གསུམ་རྒྱལ་བ་ཀུན་གྱི་གསུང་གསང་བ། །མི་བཟད་རྒྱན་གྱི་འཁོར་ལོའི་སྙིང་པོ་རྣམས། །དངོས་གྲུབ་ཚུར་བྱོན་ཁྱེད་རང་སྙིང་ཁར་ཐིམ། །འཁོར་བར་མོས་ལ་སྔགས་འདིའི་རྗེས་ཟློས་མཛོད། །སྔགས་ཕྲེང་གཏད་ལ་ཡི་གེ་བཅུ་པ་བཟླའོ། །སློབ་དཔོན་ལ་མེ་ཏོག་འཐོར་བཞིན་དུ་འདི་ཡི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་སོགས་ལན་གསུམ། མེ་ཏོག་དེ་ཉིད་སྤྱི་བོར་འཆིང་བར་མོས་ཤིག །བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །སོགས་བརྗོད་མེ་ཏོག་སྤྱི་བོར་བཀོད། དེ་ལྟར་གསུང་གི་དབང་ཐོབ་ངག་སྒྲིབ་དག །རིག་སྔགས་ཟབ་མོས་སྣ་ཚོགས་ལས་ལ་དབང་། །འབྲས་བུ་ལོངས་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །གསུམ་པ་ཐུགས་ཀྱི་རྗེས་གནང་ནི། མདུན་བསྐྱེད་འཕགས་མའི་སྐུ་ལས་སླར་ཡང་ནི། །རྗེ་བཙུན་མ་སྤྲོས་སློབ་མའི་སེམས་ལ་ཐིམ། །དབྱེར་མེད་རང་བཞིན་སྤྲོས་བྲལ་འོད་གསལ་བ། །མ་བཅོས་གཉུག་མའི་ངང་དུ་དར་ཅིག་ཞོག །མཎྜལ་ལྷ་མཚན་སྤྱི་བོར་བཞག །ཡི་གེ་བཅུ་པའི་མཐར། བཛྲ་ས་མ་ཡ་སྟྭཾ། དེ་ལྟར་ཐུགས་


SPN002_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབང་ཐོབ་ཡིད་སྒྲིབ་དག །མི་རྟོག་ཏིང་འཛིན་རྣལ་འབྱོར་བསྒོམ་པར་དབང་། །འབྲས་བུ་ཆོས་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །དེ་ལྟར་འཕགས་མ་ཡིད་བཞིན་འཁོར་ལོའི་སྨིན་བྱེད་ཀྱི་རྗེས་སུ་གནང་བ་ལེགས་པར་ཐོབ་ནས་རྩ་བ་དང་ཡན་ལག་གི་དམ་ཚིག་བསྒྲགས་པ་ནི། དེ་ཡང་ལས་སྣ་ཚོགས་པའི་རྒྱུད་ལས། སོ་སོའི་དམ་ཚིག་སྡོམ་གནས་ཏེ། །ལྷ་ཡི་འཁོར་ལོ་དང་ལྡན་པས། །སྲོག་ཆགས་བསད་དང་མ་བྱིན་ལེན། །རྫུན་དང་ཕྲ་མ་འདོད་ལོག་གཡེམ། །རིང་དུ་སྤང་ཞིང་ཤེས་རབ་ཀྱི། །རང་བཞིན་བུད་མེད་སྨད་མི་བྱ། །སེམས་ཅན་རྣམས་ལ་མ་བཞིན་དུ། །བརྩེ་བས་རྟག་ཏུ་བཀུར་སྟི་བྱ། །དམ་ཚིག་སྲོག་ལ་གནས་པ་ཡི། །ལས་རྣམས་ཀུན་ལ་མཐུ་ཡོད་འགྱུར། །དེ་ལྟར་སྲུང་སྡོམ་རྣམས་ཚུལ་བཞིན་འཛིན་སྙམ་པའི་སྒོ་ནས་ཡིད་དམ་བཅས་ལ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་གི་མཎྜལ་ཕུལ། ལུས་ལོངས་སྤྱོད་འབུལ་བའི་བློས་འདིའི་རྗེས་ཟློས། དེང་ནས་བརྩམས་ཏེ་སོགས་བརྗོད་ལ། སློབ་མ་རྗེས་འཛིན་གྱི་རིམ་པ་མདོ་ཙམ་བསྟན་ཟིན་ནས། རྗེས་ཀྱི་ཆོ་ག་ནི། དང་པོ་སྔར་ལྟར་མཆོད་པ་བྱིན་རླབས། སྔགས་མཆོད་ཕུལ་ལ། གཉིས་པ་མཚན་ངེས་པར་གྲགས་པས་བསྟོད་པ་ནི། ༀ་བཅོམ་ལྡན་འདས་མ་ཆེན་མོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་མཆོག །དམ་ཚིག་སྒྲོལ་མ་ཞེས་


SPN002_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་ཐམས་ཅད་ཀྱི་བདག་པོ། རྒྱུ་བ་དང་མི་རྒྱུ་བའི་བྱེད་པ་པོ། བརྟན་པ་དང་གཡོ་བའི་རང་བཞིན། གསང་བ་ལས་ཆེས་ཤིན་ཏུ་གསང་བ། གསང་བ་ཆེན་མོའི་དབང་ཕྱུག་མ་བདག་ཉིད་ཀྱི་རྡོ་རྗེའི་མིང་འདི་རྣམས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བྱུང་ངོ་། །བཅོམ་ལྡན་འདས་མ་སྒྲོལ་མ། རྡོ་རྗེ་མ། དམ་ཚིག་སྒྲོལ་མ། རྡོ་རྗེ་རྣལ་འབྱོར་མ་ཆེན་མོ། ཡེ་ཤེས་ལྔས་བརྒྱན་པ་མ། སངས་རྒྱས་ཐམས་ཅད་ཀྱི་དབང་བསྐུར་མ། ཡེ་ཤེས་ཀྱི་དཀྱིལ་འཁོར། ཟླ་བའི་བདེ་མ། ངོ་མཚར་བདེ་མ། སྐུ་དང་གསུང་དང་ཐུགས་ཀྱི་འདོད་མ། ཕུང་པོའི་བདག་མོ། སྐྱེ་མཆེད་ཀྱི་བདག་མོར་གྱུར་པ། འབྱུང་བ་རྣམས་རབ་ཏུ་ཐོབ་པ། ཡུལ་དང་བྲལ་བའི་རང་བཞིན། རྒྱུད་ཀུན་གྱི་དབང་ཕྱུག་མ། ཡེ་ཤེས་རྣམ་པ་ལྔས་བྱང་ཆུབ་པ། རྡུལ་དང་བྲལ་བ། དྲི་མ་མེད་པ། གསང་སྔགས་ཆེན་མོ། ཤིན་ཏུ་སྲ་བ། མཚན་དང་དཔེ་བྱད་རྣམས་ཀྱིས་སྤྲས་པ། དག་བྱེད་དག་བྱེད་ཆེན་མོ། ལས་ཐམས་ཅད་འགྲུབ་པར་བྱེད་པ། འདོད་པ་ཐམས་ཅད་རབ་ཏུ་སྦྱིན་མ། ཡི་གེ་བཅུ་པའི་སྒྲ་སྒྲོག་མ། སྒྲ་སྒྲོག་དགྱེས་མ། གདུང་མ། མྱུར་བ་མ། རྣམ་པར་གཤེགས་པ་ཡོངས་སུ་དག་པ། སྲ་ཞིང་བདེ་བ་ཡེ་ཤེས་


SPN002_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ། བདེ་བ་ཆེན་མོའོ། །ན་མཿན་མཿཨཱཪྱ་ཏཱ་ར་ཡ། ཞེས་པས་བསྟོད་ལ། བཅོམ་ལྡན་འདས་འཕགས་མ་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་ལྷ་ཚོགས་འཁོར་དང་བཅས་པས་བདག་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་བ་དང་། ལས་བཞི། གྲུབ་པ་ཆེན་པོ་བརྒྱད། འཆི་བ་མེད་པ་རྡོ་རྗེའི་ཚེ་དང་། རྒུད་པ་མེད་པའི་ལང་ཚོ་རྒྱས་ཤིང་། བསྟན་དང་འགྲོ་བའི་དོན་རླབས་པོ་ཆེ་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ། བྱང་ཆུབ་སྒྲུབ་པའི་བགེགས་དང་བར་ཆད་ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། སེམས་ཅན་ཐམས་ཅད་བདེ་ལེགས་དང་དཔལ་འབྱོར་ཕུན་སུམ་ཚོགས་པས་དུས་ཀུན་ཏུ་ཤིས་པའི་ཡོན་ཏན་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ཞེས་འདོད་པའི་དོན་སྤྱི་དང་བྱེ་བྲག་གང་ཡིན་པ་དེ་རྩེ་གཅིག་གསོལ་བ་བཏབ། འཕགས་མ་དགྱེས་པ་དང་བཅས་ཏེ་ཕྱག་གཡས་མཆོག་སྦྱིན་གྱི་རྒྱས་རང་དང་བསྲུང་བྱའི་སྤྱི་བོར་རེག་ནས་མཆོག་སྩོལ་བར་རྩེ་གཅིག་ཏུ་མོས། གསུམ་པ་ཡི་གེ་བརྒྱ་པས་ཆད་ལྷག་ཁ་བསྐང་། གཤེགས་གསོལ་བྱེད་ན། ༀ་ཁྱེད་ཀྱིས་སེམས་ཅན་སོགས། བཛྲ་མུས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ་བའམ། རྟེན་ཡོད་ན། བདག་དང་འགྲོ་ལ་སོགས་དང་། སུ་པྲ་ཏིཥྛས་རྟེན་བཞུགས་གང་འོས་བྱ། དགེ་བ་འདི་ཡིས་མྱུར་དུ་བདག་སོགས་དང་། བཞི་པ་རྗེས་ཀྱི་རྣལ་འབྱོར་ནི། རང་གི་


SPN002_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀའི་ཏཱྃ་ལས་འོད་ཟེར་འཕྲོས་པས་འཁོར་འདས་ཐམས་ཅད་ལ་ཕོག །དེ་དག་ཀྱང་རང་ཉིད་ལ་ཐིམ། རང་ཉིད་ཀྱང་རིམ་བཞིན་འཁོར་ལོ་དང་ཡིག་འབྲུ་ལ་ཐིམ། དེ་ཡང་ཏཱྃ་ལ་འདུས་ནས་ཐིག་ལེ་དང་ནཱ་ད། དེ་ཡང་མི་དམིགས་པ་སྟོང་ཉིད་འོད་གསལ་གྱི་ངང་ལ་མཉམ་པར་བཞག་གོ། ཞེས་ཅི་གནས་སུ་བཞག་ལ། ལྔ་པ་ཟུང་འཇུག་གི་སྐུར་ལྡང་བ་ནི། སླར་ཡང་རང་ཉིད་གསལ་ལ་འཛིན་མེད་འཕགས་མའི་སྐུར་ལམ་གྱིས་གསལ་བའི་གནས་གསུམ་ༀ་ཨཱཿཧཱུྃ་གིས་མཚན་པ་དང་སྣང་གྲག་གི་ཆོས་ཐམས་ཅད་སྐྱེ་བ་མེད་པ་ལྷ་ཡི་ངོ་བོར་རྣམ་པར་དག་གོ། །དེ་ནས་བཀྲ་ཤིས་ཅི་རིགས་པ་དང་བསྔོ་སྨོན་བརྗོད་ཅིང་རྒྱུན་སྤྱོད་ལ་འཇུག་པར་བྱའོ། །དེ་ལྟར་འཕགས་མ་ཡིད་བཞིན་འཁོར་ལོའི་ཆོ་ག་འཇུག་བདེར་བཀོད་པ་འདི་ནི་བསྟན་པའི་གསལ་བྱེད་དབོན་སྤྲུལ་ཀརྨ་འཆི་མེད་ཀྱི་དགོངས་བཞེད་ལྟར། སི་ཏུ་པདྨ་ཉིན་བྱེད་དབང་པོས་སྤེལ་བ་སྐྱེ་རྒུ་ཐམས་ཅད་ལ་དགེ་བར་གྱུར་ཅིག །སྭསྟི་ཛ་ཡནྟུ།། །།


previousསྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་གྲུབ་གཉིས་མཆོག་སྩོལ། next