Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


   
  expand section
   
   
   
སྒྲོལ་དཀར་ཞི་བའི་སྦྱིན་སྲེག་དུས་མིན་འཆི་འཇོམས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒྲོལ་དཀར་ཞི་བའི་སྦྱིན་སྲེག་དུས་མིན་འཆི་འཇོམས། next

སྒྲོལ་དཀར་ཞི་བའི་སྦྱིན་སྲེག་དུས་མིན་འཆི་འཇོམས།


SPN002_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་དཀར་ཞི་བའི་སྦྱིན་སྲེག་དུས་མིན་འཆི་འཇོམས་ཞེས་པ་བཞུགས་སོ། །རྒྱལ་བའི་ཡུམ་འཕགས་མ་སྒྲོལ་མ་ཡིད་བཞིན་འཁོར་ལོ་ལ་ཕྱག་འཚལ་ཞིང་བྱིན་གྱིས་བརླབ་ཏུ་གསོལ། འདིར་འཕགས་མ་སྒྲོལ་དཀར་གྱི་སྒོ་ནས་ཞི་བའི་སྲེག་བླུགས་བསྙེན་པ་སོགས་ཀྱི་ཁ་སྐོང་དང། དུས་མིན་འཆི་བ་སོགས་བར་ཆད་མི་མཐུན་པ་ནད་གདོན་བཟློག་ཅིང་ཞི་བའི་ཕྱིར་སྤྲོ་ན། དེ་ཡང་རིག་པ་མཆོག་གི་རྒྱུད་ལས། གསང་སྔགས་མ་བཟླས་མི་འགྲུབ་ཅིང། །སྦྱིན་སྲེག་མ་བྱས་འབྲས་མི་འབྱིན། །བཟླས་བརྗོད་འབུམ་ཕྲག་གཅིག་ལ་ནི། །སྦྱིན་སྲེག་ཁྲི་ཕྲག་བྱེད་པར་བཤད། །ཅེས་པ་ལྟར། བཟླས་པའི་བཅུ་ཆའི་གྲངས་ཀྱི་སྦྱིན་སྲེག་དགོས་ཤིང། ཐོག་མར་འདི་ཉིད་ཀྱི་བསྙེན་པ་སྔོན་དུ་སོང་བའི་རྣལ་འབྱོར་པས། དུས་ཆེན་བཞིའམ། ཉི་ཟླ་སྒྲ་གཅན་དུ་ཞུགས་པའི་དུས་སམ། སྦྱོར་བ་བཟང་པོའི་ཉི་མར། བཅོ་ལྔ་ལྟ་བུའི་སྲོད་དང་ཐོ་རངས་ལ། སྲེག་བླུགས་འབུལ་བར་བྱ་སྟེ། པཎ་ཆེན་ངག་དབང་གྲགས་པའི་ཀུན་བཏུས་ལས། ཞོ་དང་སྦྲང་རྩི་མར་གྱིས་སྦགས། །དཱུརྦའི་མྱུ་གུ་ཤར་དང་ནི། །བྱང་དུ་རྩེ་བསྟན་སྦྱིན་སྲེག་བྱ། །སྔོན་གྱི་ལས་མཐུ་ལས་འབྱུང་བའི། །འཆི་བའང་ངེས་པར་ཟློག་པར་བྱེད། །ཅེས་ལ་སོགས་པ་གསུངས་ཤིང་ཕན་ཡོན་མཆོག་དང་ལྡན་པ་སྟེ། དེ་ཡང་ཐོག་མར་སྲོག་ཆགས་སོགས་མེད་པའི་སར་རྐྱང་ནུལ་ལེགས་པར་བྱས་ལ། དང་པོ་ཐིག་གདབ་པ་ནི། ཚངས་ཟུར་བཞི་པོ་ལེགས་བཏབ་སྟེ། །དབུས་ནས་ལག་སོར་བཅུ་གཉིས་དང། །སླར་ཡང་བཞི་པ་གཉིས་རིམ་བསྐོར། །


SPN002_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཁྱོན་མཆུ་དང་ཁ་ཁྱེར་ཡིན། །དེ་དབུས་སོར་བཞི་པད་ལྟེ་བསྐོར། །ཚངས་ཟུར་དབུས་གཤག་གཅུས་ཐིག་གདབ། །པད་འདབ་བརྒྱད་འབྱུང་ཁ་ཁྱེར་ལ། །རྡོ་རྗེའི་ཕྲེང་བས་ཀུན་ནས་བསྐོར། །གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་དང་། །དབུས་སུ་པདྨ་འདབ་བརྒྱད་སྟེར། །རྡོ་རྗེ་དཀར་པོ་རྩེ་ལྔ་བྲི། །ཀུན་ཀྱང་དཀར་པོའི་ཚོན་གྱིས་བསྒྱུར། །ཅེས་སོ། །གཉིས་པ་བུད་ཤིང་བ་ལུའམ་ཤུག་པ་སོགས་དྲི་ཞིམ་པོ་དང་། དགོན་པའི་བ་ལང་གི་ལྕི་བ་སྲོག་ཆགས་མེད་པ་མཆུ་ཡི་ནང་དུ་དམ་པར་སོར་བཅུ་གཉིས་ཀྱི་ཚད་དུ་ཟླུམ་པར་བརྩིགས། ཤར་ལྷོར་རྫ་ཀོང་ཞིག་ཀྱང་བཞག །དེ་ནས་ཡོ་བྱད་བཤམས་པ་ནི་རང་གི་གཡོན་ཕྱོགས་ནས་གཡས་སྐོར་གྱི་སྟེགས་མཐོ་དམའ་འམ་ཕྱི་ནང་བྱས་པའི་ཁར་འདས་མ་འདས་ཀྱི་མར་གྱི་གཏོར་ཟླུམ་གཉིས་དང་ཆུ་བཞི་ཉེར་སྤྱོད་ཚར་གཉིས་རེ་བཤམས། གཡས་ཕྱོགས་སུ་ཡམ་ཤིང་རྒྱུ་བ་ལུ་སོགས་འོ་མ་ཅན་གྱི་ཤིང་རྩེ་རྣལ་འབྱོར་བའི་མཐེའུ་ཆུང་གི་ཚད་དམ་སོར་བཅུ་གཉིས་པ་རྩེ་མོར་དཀར་གསུམ་གྱིས་སྦགས་པ་ཇི་ཙམ་འོས་པ་དང་། མར་ཁུ། ཏིལ་ནག །ཡུངས་ཀར། དཀར་མངར་དྲུག་འདྲེས་ཀྱི་ཟས་མཆོག །ཞོ། འབྲས། སོ་བ། ནས། སྲན་མ། གྲོ། དཱུརྦ། ཀུ་ཤ་རྩེ་དཀར་གསུམ་གྱིས་སྦགས་པ། ཤིང་ཏོག་སྣ་ཚོགས་རྣམས་བཤམས། རང་ཁ་ཤར་དུ་བལྟས་ལ་སྐྱིལ་ཀྲུང་ངམ་ཙོག་པུར་འདུག །མདུན་དུ་མེ་ཡོལ། ཀུ་ཤ་ཆུན་པོ་བཅུ། རྡོར་དྲིལ་དགང་བླུགས་ཁ་སྦྱར། དུང་ཆོས་བསངས་གཏོར་གྱི་ཀུ་ཤ་སོགས་ཉེར་མཁོ་རྣམས་འདུ་བར་བྱས་ལ། དང་པོ་སྒྲུབ་ཐབས་དངོས་གྲུབ་མཆོག་


SPN002_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

སྩོལ་ནས་འབྱུང་བ་ལྟར་སྔོན་འགྲོ་སྐྱབས་སེམས་བདག་བསྐྱེད་བསྙེན་པ་དང་། རྗེས་གཞིག་གི་རྣལ་འབྱོར་དང་ཟུང་འཇུག་གི་སྐུར་ལྡང་ལ། གཉིས་པ་གཞུང་ལྟར་སྔོན་འགྲོ་གཏོར་མ་བཏང་། འདི་ནས་བཟུང་ངག་སྨྲ་བཅད། ཡིད་ཏིང་ངེ་འཛིན། ལག་རྡོར་དྲིལ་དང་མི་འབྲལ་བར་རྫས་རྣམས་ལ་ཡུངས་ཀར་གྱིས་བྲབ་ནས། བགེགས་བསྐྲད། སྲུང་འཁོར་བསྒོམ་ལ། རུང་ཁང་ལས་བྱུང་བའི་མེ་བླངས་ལ་བཛྲ་ཀྲོ་དྷས་བསངས། དཔལ་འབར་སྤར་ཏེ་བསང་ཆུ་དོར། བཛྲ་ཀྲོ་དྷ་སོགས་བརྗོད། ༀ་བཛྲ་ཛྭ་ལ་ཛྭ་ལ་ཧཱུྃ། ཞེས་ཐབ་ཀྱི་ཤར་ལྷོར་བཞག །ༀ་ཨཱཿཧཱུྃ་གིས་རླུང་གཡབ་ཅིང་སྤར་རོ། །དེ་ནས་ཡི་གེ་བཅུ་པའི་མཐར་དགང་བླུགས་ཀྱིས་མར་ཁུ་ལན་གསུམ་མམ་བདུན་འབུལ་བས་མེ་གསོས་ལ། པད་སྐོར་དང་བཅས། ༀ། ཀུ་ཤ་འདི་ནི་གཙང་ཞིང་དགེ། །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ། །ས་ལས་སྐྱེས་པའི་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །ༀ་བཛྲ་ས་ཏྭ་ཨཱཿཞེས་རྩེ་མོ་གཡས་བསྟན་གྱིས་ཐབ་ཀྱི་ཕྱོགས་བརྒྱད་དུ་བཀོད་ལ། གཞུང་ནས་འབྱུང་བཞིན་མཆོད་པ་བྱིན་རླབས། ཨཉྩ་མཱ་ནཾ། པྲོཀྵ་ནཾ་འཛུད་དགོས་དང། སྲེག་རྫས་རྣམས། ༀ་ལས་རིན་པོ་ཆེའི་སྣོད་དུ་ༀ་ཨཱཿཧཱུྃ་ཞུ་བ་ལས་ངོ་བོ་བདུད་རྩིའི་རང་བཞིན་རྣམ་པ་འདོད་ཡོན་སྣ་ཚོགས་གྱུར། ༀ་


SPN002_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཋཿཋཿཋཿཋཿཋཿཋཿཋཿདགང་བླུགས་ཁ་སྦྱར་བཟུང་ལ་མར་ཁུ་ལ་རེག་ལ། ༀ་ཨཱ་ཱསྭཱ་ཧཱ། ཡམ་ཤིང་ལ། ༀ་ཤྲཱིཾ་སྭཱ་ཧཱ། འབྲུ་ཐམས་ཅད་ལ། ༀ་ཛྲིཾ་སྭཱ་ཧཱ། སྦྱང་བའོ། །སྲེག་རྫས་ཐམས་ཅད་ལ་རེག་སྟེ། ༀ་སྭཱ་ཧཱ། བཀྲུ་བའོ། །རྫས་ཐམས་ཅད་ལ། ༀ་ཀུ་རུ་ཀུ་རུ་སྭཱ་ཧཱ། བྱིན་རླབས་དང་། དེ་ནས་གསུམ་པ་ཐབ་བསྐྱེད་པ་ནི། བཛྲ་ཀྲོ་དྷས་བསངས། སྭ་བྷཱ་ཝས་སྦྱངས། ཐབ་ཁུང་མི་དམིགས་སྟོང་ཉིད་གྱུར། །སྟོང་ལས་པད་ཉིའི་སྟེང་དུ་ཧཱུྃ། །ཞི་བའི་ཐབ་ཁུང་ཟླུམ་པོ་དཀར། །གྲུ་གང་རྒྱ་ཁྱོན་རྒྱ་ཕྱེད་དཔངས། །སོར་བཞི་མཆུ་དང་ཁ་ཁྱེར་སྟེང་། །རྡོར་ཕྲེང་གྲྭ་བཞིར་ཟླ་ཕྱེད་དང་། །རྡོ་རྗེའི་རྒྱན་དབུས་པད་འདབ་བརྒྱད། །ལྟེ་བར་རྡོ་རྗེས་མཚན་པར་གྱུར། །ཐབ་དབུས་མེ་དཀྱིལ་པད་ཉིའི་སྟེང་། །རྃ་ལས་མེ་ལྷ་དཀར་པོ་ནི། །མེ་ཐབ་རིལ་འཛིན་དྲང་སྲོང་ཚུལ། །རལ་པའི་ཐོར་ཚུགས་ཨག་ཚོམ་ཅན། །གསུས་འཕྱང་ཚངས་སྐུད་དཀར་པོས་བརྒྱན། །ར་སྐྱེས་ལ་གནས་དྲང་སྲོང་བསྐོར། །གནས་གསུམ་ༀ་ཨཱཿཧཱུྃ་ཡིག་ལས། །འོད་འཕྲོས་མེ་ལྷ་ཤར་ལྷོ་ནས། །འཁོར་དང་བཅས་པ་སྤྱན་དྲངས་གྱུར། །ལག་གཡོན་པས་གཡས་པའི་མཁྲིག་མ་ནས་བཟུང་སྟེ་ཀུ་ཤ་དང་བཅས་མི་འཇིགས་པའི་ཕྱག་རྒྱས་མཐེ་བོང་གིས་སྲིན་ལག་གི་རྩ་བར་གཡོབ་ཅིང་། ༀ། ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །


SPN002_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཡི་རྒྱལ་པོ་བྲམ་ཟེ་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདིར་ནི་ཡང་དག་བསྙེན་པར་མཛོད། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་རབ་སྒྲུབ་པ། །ཐུགས་རྗེས་སེམས་ཅན་དོན་གྱི་ཕྱིར། །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ༀ་ཊཱ་ཀི་ཧཱུྃ་ཛཿཐབ་ཀྱི་ཤར་ལྷོར་མེ་ཏོག་གཅིག་འཕང་ལ། པདྨ་ཀ་མ་ལ་ཡ་སྟྭཾ། ཞེས་གདན་ལ་བཞུགས་པར་བསམ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པཱ་དྱཾ། ཨཉྩ་མཱ་ནཾ། པྲོཀྵ་ནཾ། ཞེས་ཆུ་བཞི་དབུལ། ལག་གཡས་པས་རྩེ་གསུམ་གྱི་རྒྱས། ༀ་བཛྲ་ཨ་ན་ལ་མ་ཧཱ་བྷུ་ཏ་ཛྭ་ལ་ཡ་སརྦ་བྷསྨིན་ཀུ་རུ་སརྦ་དུཥྚཾ་ཧཱུྃ་ཕཊ། དྲི་ཤྱ་ཛཿཧཱུྃ་བཾ་ཧོཿས་མ་ཡ་སྟྭཾ། ས་མ་ཡ་ཧྃཿཞེས་དམ་ལ་བཞགཛཿཧཱུྃ་བྃ་ཧོཿ་ཡེ་ཤེས་དང་། །དམ་ཚིག་དབྱེར་མེད་སླར་ཡང་ནི། །ཐུགས་ཀའི་ཧཱུྃ་གིས་དབང་ལྷ་རྣམས། །སྤྱན་དྲངས་དབང་བསྐུར་དྲི་མ་དག །རྣམ་སྣང་མཛད་ཀྱིས་རྒྱས་གདབ་གྱུར། །ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། ཤབྡ་བར་གྱིས་གདན་མཆོད་ཕུལ། ཚངས་དབང་འཇིག་རྟེན་མགོན་གྱི་སྲས། །མེ་ལྷ་ཊཱཀྐིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་སྲེག །དྲང་སྲོང་མེ་ལྷའི་ཚོགས་ལ་བསྟོད། །ཅེས་བསྟོད། དགང་བླུགས་ཁ་ལ་ཧཱུྃ་ཡིག་གསལ། །མེ་ལྷའི་ལྗགས་ལ་རྃ་ཡིག་མཚན། །


SPN002_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

སྲེག་རྫས་བདུད་རྩི་བཞེས་པར་གྱུར། །ན་མཿསྶ་མནྟ་བུདྡྷཱ་ན་ཨོ་ཨགྣ་ཡེ་ཧ་བྱ་ཀ་བྱ་བཱ་ཧ་ན་ཡ་ཨ་དི་བྱ། བྱང་ཆུབ་མཆོག་གི་རྒྱས་མར་ཁུ་དགང་བླུགས་གསུམ་མམ་བདུན་བྱོན་ཟན་འབུལ། བདག་ཅག་དཔོན་སློབ་རྣམས་ཀྱི་དམ་པའི་ཆོས་ཀྱི་བསམ་སྦྱོར་ལ་བར་དུ་གཅོད་པ་རྣམས་དང་སྡིག་སྒྲིབ་ཉེས་ལྟུང་ནད་གདོན་སརྦ་ཤནྟིཾ་ཀུ་རུ་སྭཱ་ཧཱ། བཞི་པ་སྲེག་རྫས་དབུལ་ཏེ་ཡམ་ཤིང་རྩེ་མོ་སྟེང་དུ་བསྟན་ལ་གཡས་པས་མཐེབ་སྲིན་གྱིས་དབུལ་ནས། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་བྷོ་དྷི་བྲྀཀྵ་ཡ་སྭཱ་ཧཱ། སྔགས་བཟླ་གྲོགས་དུ་ཡོད་ཀྱི་གྲངས་དང་མཉམ་པའི་ཡམ་ཤིང་སོགས་སྲེག་རྫས་རྣམས་སྔགས་རེས་དབུལ་ནས་གྲངས་དེ་ལྟར་འཛིན་ཚར་གསུམ་མམ་བདུན་རེའི་མཐར། ༀ་བྷོ་དྷི་བྲྀཀྵ་ཡ༴རྗེས་སུ། བདག་ཅག་དཔོན་སློབ་རྣམས་ཀྱི་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། མར་ཁུ་གོང་ལྟར་སྔགས་ཐོག་མ་འདྲ་བར། ༀ་ཨགྣ་ཡེ་སྭཱ་ཧཱ། ཞེས་དགང་བླུགས་ཀྱིས་ཕུལ། གྲངས་སོགས་གོང་ལྟར་དང་སྤེལ་ཚིག་ཐོག་མཐའ་འདྲ་བར། འབྱོར་པ༴ཏིལ་ནག །ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ། གུང་མཐེབ་ཀྱིས་དབུལ། འབྲུ་གཞན་དང་ཀུ་ཤ་དཱུརྦ་སོགས་ཀྱང་འདི་ལྟར་ཕུལ། སྡིག་སྒྲིབ་ཉེས་ལྟུང་བར་དུ༴ཡུངས་ཀར། ༀ་སརྦ་ཨརྠ་སིདྡྷི་ཡེ་སྭཱ་ཧཱ། གནོད་བྱེད་གདོན་བགེགས་བར་དུ༴ཟས་མཆོག །ༀསརྦ་སཾ་པ་དེ་སྭཱ་ཧཱ། བདེ་བ་ཕུན་


SPN002_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཚོགས་པ་ལ༴ཞོ་སྟེ། ༀ་སརྦ་སམྦ་དེ་སྭཱ་ཧཱ། ཤེས་རབ༴བླུགས་གཟར་གྱིས་ཕུལ། འབྲས་སོ་བ་སྟེ། ༀ་བཛྲ་པུཥྚ་ཡེ་སྭཱ་ཧཱ། ཁྱིམ་གྱི་དཔལ་འབྱོར་རྒྱས་པ་ལ༴སོ་བ་སྟེ། ༀ་བཛྲ་བཱི་ཛ་ཡ་སྭཱ་ཧཱ། ནོར་དང་འབྲུ་ལ་བར་དུ༴ནས་ཏེ། ༀ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ལུས་ཀྱི་ཤུགས་རྣམས་རྒྱས་པ་ལ་བར་དུ༴སྲན་མ་སྟེ། ༀ་མ་ཧཱ་བཱ་ལ་ཡ་སྭཱ་ཧཱ། ལུས་ཀྱི་སྟོབས་རྣམས་རྒྱས་པ་ལ༴གྲོ་སྟེ། ༀ་བཛྲ་གྷསྨ་རེ་སྭཱ་ཧཱུ། ལུས་ཀྱི་ནད་མེད་པ་ལ་བར་དུ༴དཱུརྦ་སྟེ། ༀ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཚེ་སྲོག་རིང་དུ་གནས་པ་ལ་བར་དུ༴ཀུ་ཤ་སྟེ། ༀ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ། མི་མཐུན་ཕྱོགས་རྣམས་སྲུང་བ་ལ་བར་དུ༴ཤིང་ཐོག་སྟེ། ༀ་བཛྲ་ཥཱི་བཱ་ཡ་སྭཱ་ཧཱ། བདག་ཅག་དཔོན་སློབ་རྣམས་ཀྱི་ཆོས་དང་རིགས་རྒྱུད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེ་ནས་སྡིག་པ་ཞི་བར་འདོད་ན་ཏིལ། ཚེ་རིང་བར་དཱུརྦ། བགེགས་ཞི་བར་ཡུངས་ཀར་སོགས་ཕུལ་བ་རིགས་པས་དཔྱད་དོ། །དེ་ནས་མཆོད་བསྟོད་ནི། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། དེ་བཞིན་དུ། པཱདྱཾ། ནས། ཤབྡའི་བར་དང། ཚངས་དབང་འཇིག་རྟེན་སོགས་ཀྱིས་བསྟོད། ༀ་ཨགྣ་ཡེ་སྭཱ་ཧཱ། མར་ཁུ་དགང་བླུགས་གསུམ་ཕུལ། བཛྲ་ཀྲོ་དྷས་ཐབ་དང་ཡོ་བྱད་བསངས། མེ་ལྷ་འབར་བའི་རྣམ་པར་གྱུར། །དེ་ནས་འཇིག་རྟེན་


SPN002_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས་པའི་ཆོ་ག་ནི། དང་པོ་ཐབ་ཀྱི་དབུས་སུ་བསྐྱེད་པ་ནི་གཞུང་ལྟར། དེ་ཡི་དབུས་སུ་པྃ་ལས་ནི། །སོགས་དང་། འཕགས་མ་སྒྲོལ་མ་སྐུ་མདོག་དཀར། །ཞེས་པའི་ཁྱད་པར་དེ་ནས་སྤྱན་འདྲེན་དབང་བསྐུར་རྒྱས་གདབ་པར་བྱས་ལ། བྱོན་ཟན་འབུལ་བ་ནི། དགང་བླུག་ཁ་ལ་ཧཱུྃ་ཡིག་གསལ། །བཅོམ་ལྡན་འདས་མའི་ལྗགས་ལ་ཡང། །ཏཱྃ་ཡིག་དག་གིས་མཚན་པ་ཡིས། །བསྲེག་རྫས་བདུད་རྩི་བཞེས་པར་གྱུར། །ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ས་པ་རི་ཝཱ་ར་ཧ་བྱ་ཀ་བྱ་བཱ་ཧ་ན་ཡ་ཨ་དི་བྱ། ལན་གསུམ་མམ་བདུན་གྱིས་མར་ཁུ་འབུལ་ཞིང་། བདག་ཅག་དཔོན་སློབ་རྣམས་ཀྱི་དམ་པའི་ཆོས་ཀྱི་བསམ་སྦྱོར་ལ་བར་དུ་གཅོད་པ་རྣམས་དང་། དུས་མ་ཡིན་པའི་འཆི་བ་འཇིགས་པ་བརྒྱད་དང་བཅུ་དྲུག་སརྦ་ཤཱིནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད། དེ་ནས་གཉིས་པ་མཆོད་པ་བྱིན་རླབས་གཞུང་བཞིན་དང་། དྲི་མེད་མཆོད་ཡོན་དག་བྱེད་ཞབས་བསིལ་དང་། །རབ་ཏུ་སིམ་བྱེད་བསངས་གཏོར་འཐོར་འཐུང་བཟང་། །ཡིད་འོང་མེ་ཏོག་ཅེས་སོགས། ཨཉྩ་མཱ་ནཾ༴པྲོཀྵ་ནཾ་སྦྱར། འཇིག་རྟེན་འདི་ན་སོགས་ཀྱིས་མཆོད། ཞིང་ཁམས་ཐམས་ཅད་ཡོངས་སུ་དག་པ་ལ། །རིན་ཆེན་མེ་ཏོག་མང་པོ་གཅལ་དུ་བཀྲམ། །དུས་གསུམ་སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ། །ཡུམ་གྱུར་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་ལོ། །འཕགས་མ་སྒྲོལ་མ་སྒྲོལ་མཛད་ཡུམ། །ཡིད་བཞིན་འཁོར་


SPN002_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཚེ་འཕེལ་མ། །ལྷ་མོ་ཁྱོད་ལ་གསོལ་བ་ནི། །བདག་གི་ཚེ་ཡི་བར་ཆད་དང། །ནད་དང་སྡུག་བསྔལ་ཐམས་ཅད་ལས། །ནུས་ལྡན་ཁྱོད་ཀྱིས་བསྐྱབ་ཏུ་གསོལ། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །མ་ལུས་བདག་ལ་གནང་བར་མཛོད། །འཕགས་མ་ཁྱོད་ལ་དད་བྱེད་པ། །དེ་ལ་རྟག་ཏུ་བུ་བཞིན་དགོངས། །བདག་ཀྱང་ཁྱོད་ལ་གསོལ་འདེབས་ཀྱིས། །ཐུགས་ཇེའི་ལྕགས་ཀྱུས་བཟུང་དུ་གསོལ། །ཞེས་པས་བསྟོད། དེ་ནས་གསུམ་པ་སྲེག་རྫས་འབུལ་བ་ནི། ཡི་གེ་བཅུ་པའི་མཐར། ༀ་བོ་དྷི་བྲྀཀྵ་ཡ་སྭཱ་ཧཱ། ཡམ་ཤིང་རེ་སྔགས་དང་བསྟུན་ནས་ཟླ་གྲོགས་དུ་ཡོད་ཀྱི་གྲངས་དང་བསྟུན་ནས་འབུལ་ཞིང་གྲངས་འཛིན་པ་སོགས་གོང་འཇིག་རྟེན་པའི་སྐབས་ལྟར་དང་། བཟླས་པའི་ཁ་སྐོང་གི་གྲངས་གསོག་པའང་འདི་བཞིན་དགོས། བྲྀཀྵཱ་ཡ། བདག་ཅག་དཔོན་སློབ་རྣམས་ཀྱི་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་སརྦ་ཤཱིནྟིཾ་ཀུ་རུ་སྭཱ་ཧཱ། མར་ཁུ། ཡིག་བཅུའི་མཐར། ༀ་ཨགྣ་ཡེ་སྭཱ་ཧཱ། དགང་བླུགས་ཀྱིས་ཕུལ། སྤེལ་ཚིག་ཐོག་མཐའ་འདྲ་བར། འབྱོར་པ། ཏིལ་ནག །ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། འབྲུའི་རིགས་ཐམས་ཅད་མཐེབ་སྲིན་གྱིས་ཕུལ། སྡིག་སྒྲིབ་ཉེས་ལྟུང་བར་དུ༴ཡུངས་ཀར། ༀ་སརྦ་ཨརྠ་སིདྡྷ་ཡེ་སྭཱ་ཧཱ། གནོད་བྱེད་གདོན་བགེགས་བར་དུ༴ཟས་མཆོག །ༀ་སརྦ་སམྤ་དེ་སྭཱ་ཧཱ། བདེ་བ་ཕུན་སུམ་ཚོགས་


SPN002_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ༴ཞོ་སྟེ། ༀ་སརྦ་སམྤ་དེ་སྭཱ་ཧཱ། ཤེས་རབ་ཕུན་སུམ་ཚོགས་པ་ལ༴འབྲས་སོ་བ། ༀ་བཛྲ་པུཥྚ་ཡ་སྭཱ་ཧཱ། ཁྱིམ་གྱི་དཔལ་འབྱོར་རྒྱས་པ་ལ་བར་དུ༴སོ་བ་སྟེ། ༀ་བཛྲ་བཱི་ཛཱ་ཡ་སྭཱ་ཧཱ། ནོར་དང་འབྲུ་ལ་བར་དུ༴ནས་ཏེ། ༀ་མ་ཧཱ་བཱེ་གཱ་ཡ་སྭཱ་ཧཱ། ལུས་ཀྱི་ཤུགས་རྒྱས་པ་ལ་བར་དུ༴སྲན་མ་སྟེ། ༀ་མ་ཧཱ་བ་ལ་ཡ་སྭཱ་ཧཱ། ལུས་ཀྱི་སྟོབས་རྒྱས་པ་ལ་བར་དུ༴གྲོ་སྟེ། ༀ་བཛྲ་གྷསྨ་རེ་སྭཱ་ཧཱ། ལུས་ཀྱི་ནད་མེད་པ་ལ་བར་དུ༴དཱུརྦ་སྟེ། ༀ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཚེ་སྲོག་རིང་དུ་གནས་པ་ལ་བར་དུ༴ཀུ་ཤ་སྟེ། ༀ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ། མི་མཐུན་ཕྱོགས་རྣམས་སྲུང་བ་བར་དུ༴ཤིང་ཐོག་སྣ་ཚོགས་ཏེ། ༀ་བཛྲ་ཥི་བཱ་ཡ་སྭཱ་ཧཱ། ཆོས་དང་རིགས་རྒྱུད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་འབུལ་ཞིང་། སྲེག་རྗས་སྣོད་གཅིག་ཏུ་བསྡུས་ལ། སྙིང་པོའི་མཐར། སརྦ་པཱ་པཾ་ཤཱིནྟིཾ་ཀུ་རུ་སྭཱ་ཧཱ། བཏགས་ལ་འབུལ་ཞིང་གྲངས་གསོག་པའང་བཞེད། ན་བཟའ། མེ་ཏོག །སྤོས་རྣམས་སྙིང་པོའི་མཐར་འབྲུ་གསུམ་གྱིས་དབུལ། སྤྲོ་ན་ལྷ་ཁྲུས་སྤྱི་འགྲོ་ལྟར་བྱ། བསྡུ་ན་མི་དགོས། དེ་ནས་གཞུང་ལྟར། དྲི་མེད་མཆོད་ཡོན་སོགས་ཆུ་བཞི་ཉེར་སྤྱོད་བཅས་དང་། འཇིག་རྟེན་འདི་ན་སོགས་ཀྱིས་མཆོད་པ་འབུལ་ནས། ལྷ་དང་ལྷ་མིན་གྱིས་བསྟོད། བཞི་པ་གཏོར་


SPN002_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

མ་འབུལ་བ་ནི་གཞུང་ལས་འབྱུང་བ་ལྟར། བཛྲ་ཀྲོ་དྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སོགས་ནས་དཀྱུས་ལྟར། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །བར། སྔར་གྱི་འདས་གཏོར་མར་གྱིས་བཅོས་པ་དེ་དགང་གཟར་ཁར་བཞག་ལ་འོད་དུ་ཞུར་བཅུག །ཕྲིན་ལས་བཅོལ། ལྔ་པ་འདོད་དོན་གསོལ་བ་ནི། ཡིག་བཅུའི་མཐར། མར་ཁུ་དགང་བླུགས་གསུམ་ཕུལ་ཏེ། ཐལ་མོ་སྦྱར་ལ། ལྷག་པའི་ལྷ་མཆོག་རྗེ་བཙུན་མ། །འཁོར་བཅས་བདག་ལ་དགོངས་སུ་གསོལ། །བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི། །དམ་པའི་ཆོས་ལ་བར་གཅོད་པའི། །ཉེར་འཚེ་ནད་གདོན་སྡུག་བསྔལ་དང་། །དུས་མིན་འཆི་དང་འཇིགས་ཆེན་བརྒྱད། །མདོར་ན་མི་མཐུན་ཕྱོགས་ཐམས་ཅད། །ཞི་ཞིང་མེད་པར་མཛད་དུ་གསོལ། །ཞེས་གསོལ་བ་གདབ་བོ། །རང་ལྷ་ཡི་ཐུགས་ཀ་ནས་འོད་ཟེར་དཀར་པོ་སྲིད་པ་གསུམ་ཁྱབ་པར་འཕྲོས། བསྒྲུབ་བྱར་ཐིམ་པས་སྒོ་གསུམ་གྱི་དྲི་མ་དག །ནད་གདོན་སོགས་ཞི་ཞིང་བྱང་བར་དམིགས། དེ་ནས་དྲུག་པ་གཏང་རག་གི་མཆོད་བསྟོད་ནི། ༀ་ཨཱཪྱ་ཏཱ་རེ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། དེ་བཞིན་དུ། པཱདྱཾ། ཨཉྩ་མ་ནཾ། པྲོཀྵ་ནཾ། པུཥྤེ་ནས། ཤབྡའི་བར་སྔགས་ཐོག་མཐའ་འདྲ་བར་བརྗོད། འཁོར་བ་ལས་སྒྲོལ་ཏཱ་


SPN002_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

རེ་མ་སོགས་ཀྱིས་བསྟོད། ཡིག་བརྒྱ་བཟླས་ཤིང་ཆད་ལྷག་བསྐང་། མ་འབྱོར་པ་དང་སོགས་ཀྱིས་བཟོད་གསོལ་དང་། བདུན་པ་གཤེགས་གསོལ་སྐབས། །ཨཱཪྱ་ཏཱ་རེ་ས་པ་རི་ཝཱ་ར་བཛྲ་ཨཉྩ་མ་ནཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། དེ་བཞིན་དུ། པྲོཀྵ་ནཾ། ཞེས་བསངས་གཏོར་དང་འཐོར་འཐུང་ཕུལ། མཆོད་ཡོན་སྦྲེང་བཞིན་པས། ཡིག་བརྒྱ་བརྗོད། ༀ། ཁྱོད་ཀྱིས་སེམས་ཅན་སོགས་ཀྱིས་ཡེ་ཤེས་པ་གཤེགས། དམ་ཚིག་པ། ༀ་ཨཱཿཧཱུྃ་གིས་སྙིང་གར་བསྡུ། དེ་ནས་རྗེས་ཆོག་ནི། ༀ་ཨགྣ་ཡེ་ཛྭ་ལ་རྃ། མར་ཁུ་དགང་བླུགས་གསུམ་མམ་བདུན་ཕུལ། སླར་ཡང་མེ་ལྷ་འཁོར་བཅས་རྣམས། །འབར་བའི་རྣམ་པས་བཞེངས་པར་གསལ། །སྲེག་རྫས་ལྷག་མ་རྣམས་གྲངས་མི་འཛིན་པ་སྔར་གྱི་འཇིག་རྟེན་པའི་སྐབས་ལྟར་ཕུལ། དང་པོ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་བོདྷི་བྲྀཀྵ་ཡ་སྭཱ་ཧཱས་སྤེལ་ཚིག་དང་བཅས་ཤིང་ཐོག་ཕུལ་བའི་བར་སོ་སོར་བརྗོད་ལ། ན་བཟའ། མེ་ཏོག་སྤོས་རྣམས་ཀྱང་སྙིང་པོའི་མཐར་འབྲུ་གསུམ་བཏགས་ལ་ཕུལ། ཁྲུས་གསོལ་མ་གྲུབ་ཀྱང་འགལ་བ་མེད། མཆོད་བསྟོད་ནི། ཨགྣ་ཡེ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་ནས། ཤབྡ་བར་དང་། ཚངས་དབང་འཇིག་རྟེན་སོགས་ཀྱིས་བསྟོད། གཉིས་པ་འཇིག་རྟེན་པའི་གཏོར་མ། ཨ་ཀཱ་རོས་བྱིན་གྱིས་བརླབ།


SPN002_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་འབུལ་ལ། གཏོར་མ་དགང་གཟར་ཁར་བཞག་ལ་ཞུར་བཅུག་ནས། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་སོགས་བརྗོད་དེ་ཕྲིན་ལས་བཅོལ། གསུམ་པ་འདོད་དོན་གསོལ་བ་ནི། ཐལ་མོ་སྦྱར། དྲང་སྲོང་ཆེན་པོ་མེ་ཡི་ལྷ། །འཁོར་བཅས་བདག་ལ་དགོངས་སུ་གསོལ། །བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི། །དམ་པའི་ཆོས་ལ་བར་གཅོད་པའི། །ཉེར་འཚེ་ནད་གདོན་སྡུག་བསྔལ་དང་། །དུས་མིན་འཆི་བ་ལ་སོགས་པ། །མདོར་ན་མི་མཐུན་ཕྱོགས་ཐམས་ཅད། །ཞི་ཞིང་མེད་པར་མཛད་དུ་གསོལ། །དེ་ནས་ཡིག་བརྒྱ་བརྗོད། མ་འབྱོར་པ་དང་སོགས་བཟོད་གསོལ་དང་། བཞི་པ་གཤེགས་གསོལ་ནི། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨཉྩ་མ་ནཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པྲོ་ཀྵ་ནཾ་སྦྱར་ལ་ཡིག་བརྒྱ་བརྗོད་བཞིན་པས་མཆོད་ཡོན་སྦྲེང་སྟེ། གཤེགས་གསོལ་གྱི་དྲིལ་སྟབས་བཅས། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱི་བསྒྲུབ་ཀྱིས་གཤེགས། །ཇི་ལྟར་གནས་སུ་སླར་གཤེགས་ཏེ། །བདག་གི་འདོད་པ་ཐམས་ཅད་སྒྲུབ། །ༀ་


SPN002_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཨགྣ་ཡེ་ས་པཱ་རི་ཝཱ་ར་བཛྲ་མུཿཡེ་ཤེས་མེ་ལྷ་ཤར་ལྷོར་གཤེགས། །དམ་ཚིག་པ་རྣམས་སྙིང་གར་ཐིམ། །དེ་ནས་བསྔོ་བ་དང་སྨོན་ལམ་གྱི་རྒྱས་གདབ་དང་བཀྲ་ཤིས་སོགས་བརྗོད་པར་བྱའོ། །ཐབ་ཀྱི་མེ་མི་བསྒུལ་བར་བཞག་ལ། ཡང་ན་འོ་མ་དང་དྲི་བཟང་གི་ཆུས་མེ་མཐའ་ནས་ཞི་བར་བྱས་ལ། རྡོ་རྗེ་བསྡུ་བའི་རྒྱས་བསྡུས་ཏེ་ཐལ་བ་རི་མཐོན་པོའི་རྩེའམ། རྒྱ་མཚོར་འབབ་པའི་ཆུར་གདན་དྲངས་ན་བསོད་ནམས་ཆེའོ། །དེ་ལྟར་འཕགས་མ་སྒྲོལ་མའི་སྒོ་ནས་ཞི་བའི་སྦྱིན་སྲེག་གི་རིམ་པ་ཁྱེར་བདེར་བསྡུས་པ་འདི་བཞིན་སྒྲུབ་བརྒྱུད་བསྟན་པའི་ཤིང་རྟ་པ་དབོན་སྤྲུལ་ཀརྨ་འཆི་མེད་ཀྱི་བཞེད་པ་ལྟར། སི་ཏུ་པདྨ་ཉིན་བྱེད་དབང་པོས་ཟིན་ཐོར་བཀོད་པ་འགྲོ་རྣམས་འཆི་མེད་ཡེ་ཤེས་ཆེན་པོའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག །སུ་ཛ་ཡནྟུ།། །།


previousསྒྲོལ་དཀར་ཞི་བའི་སྦྱིན་སྲེག་དུས་མིན་འཆི་འཇོམས། next