Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


   
  expand section
   
   
   
   
   
   
   
   
གཙུག་ཏོར་རྣམ་པར་རྒྱལ་མའི་མཆོད་ཆོག་ཡིད་བཞིན་རེ་སྐོང་ནོར་བུའི་གྲུ་ཆར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཙུག་ཏོར་རྣམ་པར་རྒྱལ་མའི་མཆོད་ཆོག་ཡིད་བཞིན་རེ་སྐོང་ནོར་བུའི་གྲུ་ཆར། next

གཙུག་ཏོར་རྣམ་པར་རྒྱལ་མའི་མཆོད་ཆོག་ཡིད་བཞིན་རེ་སྐོང་ནོར་བུའི་གྲུ་ཆར།


SPN002_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ཏོར་རྣམ་པར་རྒྱལ་མའི་མཆོད་ཆོག་ཡིད་བཞིན་རེ་སྐོང་ནོར་བུའི་གྲུ་ཆར་ཞེས་བྱ་བ་བཞུགས་སོ། །


SPN002_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་སྭསྟི། བདེ་གཤེགས་རྒྱལ་ཀུན་སྐྱེད་པའི་ཡུམ། །བདེ་ལེགས་དངོས་གྲུབ་མཆོག་སྩོལ་མ། །དགེ་ཚོགས་རྒྱ་མཚོའི་འབྱུང་གནས་གཏེར། །དགེ་བའི་དཔལ་སྦྱིན་གང་དེར་འདུད། །གང་ཞིག་མཆོག་དངོས་གྲུབ་པའི་ཆར། །མྱུར་སྩོལ་ལྷ་ཡི་ལྷར་གྱུར་མའི། །མཆོད་བསྟོད་ཆོ་ག་ཡིད་བཞིན་གྱི། །རེ་སྐོང་ནོར་བུ་འདིར་བཀོད་བྱ། །བསླབ་གསུམ་གང་རུང་ལྡན་པ་ཡིས། །བྱང་ཆུབ་སེམས་ནི་བསྐྱེད་བྱས་ཤིང་། །འཆི་མེད་ལྷ་མོ་བསྒྲུབ་པ་ལ། །སྦྱོར་བ་དངོས་གཞི་རྗེས་གསུམ་གྱི། །ཐོག་མར་བཤམས་བཀོད་རིམ་པ་ལ། །བཞིར་དབྱེ་དུས་ནི་ཚེ་བསོད་ནམས། །ཡེ་ཤེས་རྒྱས་ཕྱིར་ཉ་སྟོང་བརྒྱད། །སྒྲིབ་སྦྱོང་བར་ཆད་སེལ་ལ་སོགས། །སྐབས་དང་མཐུན་པར་བརྩམ་གནས་ནི། །གཙུག་ལག་ཁང་ངམ་དབེན་པའི་གནས། །གཙང་བྱས་ཚོགས་ཀྱི་རྟེན་བཀོད་ནི། །རྣམ་པར་རྒྱལ་མའི་མཆོད་


SPN002_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ནམ། །སྐུ་བརྙན་དྲུང་ངམ་མཎྜལ་ལ། །འབྲུ་དཀར་དྲི་བཟང་སྦགས་པ་ཡི། །ཚོམ་བུ་ལྷ་གྲངས་མཉམ་པར་དགོད། །གཞན་ཡང་གསང་གསུམ་རྟེན་གང་འབྱོར། །བཀྲམ་ཞིང་མཆོད་པའི་རྫས་བཀོད་ནི། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་ལ་སོགས་རིམ་བཞིན་དུ། །སྟོད་དུ་ཚང་པར་འདུ་བྱ་ཞིང་། །མཆོད་གཏོར་བསང་ཆུ་གཞན་ཡང་ནི། །མཆོད་པའི་བྱེ་བྲག་རྣམ་མང་ཞིང་། །རྒྱ་ཆེན་བཀོད་མཛེས་སྟེང་འོག་དང་། །ཕྱོགས་མཚམས་གདུགས་དང་བླ་རེས་སོགས། །རྒྱན་གྱི་ཡོ་བྱད་ཇི་སྙེད་པ། །གཙང་ཞིང་ཡིད་འོང་འགོད་ནས་སུ། །བདེ་བའི་སྟན་ལ་འཁོད་བྱས་ནས། །གཉིས་པ་ཆོ་གའི་སྔོན་འགྲོ་གསུམ། །དང་པོ་སྐྱབས་སེམས་ཚད་མེད་ནི། །བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་


SPN002_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་འཕགས་མ་གཙུག་ཏོར་རྣམ་པར་རྒྱལ་མའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །ལན་གསུམ་སོགས་ཀྱིས་སྐྱབས་སུ་འགྲོ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་བྱ། དེའི་ཕྱིར་དུ་གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་དགུའི་བསྙེན་སྒྲུབ་ལ་འཇུག་པར་བགྱིའོ། །ལན་གསུམ་སེམས་བསྐྱེད་སླར་ཡང་ནི། སྐྱབས་སེམས་མདོར་བསྡུས་བཟུང་བར་བྱ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་བཅས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་བསྙེན་སྒྲུབ་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ་ཚད་མེད་བསྒོམ་པ་ནི། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་


SPN002_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱུར་ཅིག །ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག །བདག་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མའི་སྐུར་གསལ་བར་གྱུར། གཉིས་པ་བསང་ཆུ་སྒྲུབ་པ་ནི། སེམས་མ་རྡོ་རྗེ་མ་ཡི་རྒྱས། །ཀུ་ཤའི་འཐོར་གཡབ་འཛིན་ནས་སུ། །བདུད་རྩི་འཁྱིལ་བའི་རང་བཞིན་དུ། །མོས་ལ་སྔགས་འདི་ཉེར་གཅིག་བཟླའོ། །ༀ་ཨ་མྲྀ་ཏེ་ཧཱུྃ་ཕཊ། གསུམ་པ་གནས་དང་ཡོ་བྱད་རྣམས། །བྱིན་བརླབ་ཕྱིར་དུ་བསང་ཆུ་འཐོར། །ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཀྱིས་བསངས། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭབྷཱ་ཝ་ཤུདྡྷོ྅ཧཾ། གིས་སྦྱངས། སྟོང་པའི་ངང་ལས་གནས་ཁང་བྷྲཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐར་པ་ཆེན་པོའི་གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ༀ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པའི་མཆོད་རྫས་རྣམས་ཡེ་ཤེས་ཀྱི་རང་བཞིན། མཆོད་པའི་རྣམ་པ་ཟག་མེད་བདེ་ཆེན་གྱི་རྒྱུ་བླ་ན་མེད་པའི་མཁའ་དབྱིངས་ཐམས་ཅད་ཡོངས་སུ་ཁྱབ་པར་གྱུར། ༀ་བཛྲ་ཨརྒྷཾ་སྭཱ་ཧཱ། ༀ་བཛྲ་པཱ་དྱཾ་སྭཱ་ཧཱ། ༀ་བཛྲ་པུཥྤེ་ཨཱཿཧཱུྃ། ནས།


SPN002_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་བཛྲ་ཤབྡ་ཨཱཿཧཱུྃ། ༀ་བཛྲ་དྷརྨ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ཏེ། པྲ་ཛྙཱ་པ་ར་མི་ཏ་ན་ད་སཾ་བྷ་ཝ་ཏེ། བཛྲ་དྷརྨ་ཧྲི་ད་ཡ་ནི་སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨཱ་ཁཾ་སྭཱ་ཧཱ། ལན་གསུམ་བྱིན་གྱིས་བརླབ་ནས་སུ། །གཉིས་པ་དངོས་གཞིར་རྣམ་པ་ལྔ། །མདུན་བསྐྱེད་ཚོགས་ཞིང་སྤྱན་དྲངས་པ། །མཆོད་ཅིང་བསྟོད་འབུལ་སྔགས་བཟླ་ཞིང་། །འདོད་དོན་གསོལ་གདབ་ལྔའི་དང་པོར། །ༀ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་རང་གི་མདུན་དུ་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེ་ལས་གྲུབ་པའི་མཆོད་རྟེན་དུ་གྱུར་པ་ནི། རིན་པོ་ཆེའི་རང་བཞིན་སེང་ཁྲིའི་སྟེང་དུ་པདྨ། དེའི་སྟེང་དུ་ཁྲི་ཟླུམ་པོ་བང་རིམ་གསུམ་བརྩེགས། དེའི་སྟེང་དུ་ཟླ་བ་ལ་གནས་པའི་བུམ་པ་ཟླུམ་པོ་ཡངས་ཤིང་རྒྱ་ཆེ་བ་སྒོ་དང་བཅས་པ། སྟེང་དུ་རིན་པོ་ཆེའི་བྲེ། གདུགས་བཅུ་གསུམ། ཆར་ཁེབས་ཏོག་དང་བཅས་པ། མེ་ཏོག་གི་ཕྲེང་བ་དང་དར་གྱི་ལྡ་ལྡི་སོགས་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །དེའི་བུམ་པའི་ནང་དུ་པདྨ་དང་ཟླ་བའི་གདན་ལ་བྷྲཱུྃ་ལས་སྣ་ཚོགས་རྡོ་རྗེ་བྷྲཱུྃ་གྱིས་མཚན་པ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མ་སྐུ་མདོག་དཀར་མོ་ཞལ་གསུམ་ཕྱག་བརྒྱད་མ། རྩ་ཞལ་དཀར་བ། གཡས་སེར་བ།


SPN002_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་སྔོ་ཞིང་ཡིད་ཙམ་ཁྲོ་བ། ཞལ་རེ་རེ་ཞིང་ཞི་བའི་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་གཡས་ཀྱི་དང་པོས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་འཛིན་པ། གཉིས་པས་པདྨའི་སྟེང་དུ་འོད་དཔག་ཏུ་མེད་པ་བཞུགས་པ་བསྣམས་པ། གསུམ་པས་མདའ། བཞི་པས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ། གཡོན་དང་པོ་ཞགས་པ་དང་བཅས་པའི་སྡིགས་མཛུབ། གཉིས་པས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པའི་སྟེང་ན་བདུད་རྩིའི་བུམ་པ་དང་བཅས་པ། གསུམ་པས་གཞུ། བཞི་པས་སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །དེའི་གཡས་སུ་སྤྱན་རས་གཟིགས་དཀར་པོ། གཡས་རྔ་ཡབ་དང་། གཡོན་པདྨ་དཀར་པོའི་སྡོང་བུ་འཛིན་པ། གཡོན་དུ་ཕྱག་ན་རྡོ་རྗེ་སྔོན་པོ། གཡས་རྔ་ཡབ་དང་གཡོན་རྡོ་རྗེ་སྔོན་པོ་འཛིན་པ། གཙོ་འཁོར་གསུམ་གྱི་ཕྱོགས་བཞིར་ཁྲོ་བོ་བཞི་གནས་པ་ནི། ཤར་དུ་མི་གཡོ་བ་གཡས་རལ་གྲི་འཕྱར་བ། ལྷོར་འདོད་པའི་རྒྱལ་པོ་གཡས་ལྕགས་ཀྱུ་འཕྱར་བ། །ནུབ་ཏུ་དབྱུག་སྔོན་ཅན་གཡས་དབྱུག་པ་འཕྱར་བ། བྱང་དུ་སྟོབས་པོ་ཆེ་གཡས་རྡོ་རྗེ་རྩེ་གསུམ་འཕྱར་བ། ཐམས་ཅད་ཀྱང་སྐུ་མདོག་མཐིང་ཁ་རབ་ཏུ་ཁྲོས་པ། ཕྱག་གཡོན་སྡིགས་མཛུབ་ཐུགས་ཀར་


SPN002_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

གཏོད་ཅིང་། སྤྱན་གསུམ་མཆེ་བ་གཙིགས་པ། དབུ་སྐྲ་ནག་པོ་ཐོར་ཚུགས་སུ་བྱས་པ། སྟག་ལྤགས་དང་། སྦྲུལ་གྱི་རྒྱན་ཅན། མེ་དཔུང་འབར་བའི་དབུས་ན་གཡོན་བརྐྱང་གིས་བཞུགས་པའོ། །གཙོ་མོའི་སྟེང་གི་ནམ་མཁའ་ལ་གནས་གཙང་མའི་རིས་ཀྱི་ལྷའི་བུ་གཉིས་བདུད་རྩིས་གང་བའི་བུམ་པ་ཐོགས་ནས་གཙོ་མོ་ལ་སྐུ་ཁྲུས་གསོལ་བ། དེ་ཐམས་ཅད་ཀྱི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་དབུས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་བྷྲཱུྃ་དཀར་པོ། དཔྲལ་བར་ཏྲཱྃ་སེར་པོ། ལྟེ་བར་ཧྲཱིཿདམར་པོ། བརླ་གཉིས་ལ་ཨཾ་ཨ་ལྗང་གུ། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མ་འཁོར་དང་བཅས་པ། ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿཞེས་སྤྱན་དྲངས་ནས། ༀ་ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པཱ་དྱཾ། པུཥྤེ་ཨཱཿཧཱུྃ། ནས། ཤབྡའི་བར་གྱིས་མཆོད། ཛཿཧཱུྃ་བྃ་ཧོཿཡེ་ཤེས་པ་དང་དམ་ཚིག་པ་དབྱེར་མེད་དུ་གྱུར། ཡང་འོད་ཟེར་འཕྲོས་པས་དབང་གི་ལྷ་དེ་བཞིན་གཤེགས་པའི་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿༀ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ནས། ཤབྡའི་བར་གྱིས་མཆོད། དེ་བཞིན་གཤེགས་


SPN002_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ནས། ས་མ་ཡ་ཤྲཱི་ཧཱུྃ། ཞེས་གསུངས་ཤིང་བུམ་པའི་ཆུས་དབང་བསྐུར། སྐུ་ལུས་ཐམས་ཅད་གང་། དྲི་མ་ཐམས་ཅད་དག །ཆུ་ལྷག་མ་སྤྱི་བོར་ལུད་པ་ལས་གཙོ་མོ་ལ་རྣམ་པར་སྣང་མཛད། སྤྱན་རས་གཟིགས་ལ་འོད་དཔག་མེད། ཕྱག་ན་རྡོ་རྗེ་དང་ཁྲོ་བོ་བཞི་ལ་མི་བསྐྱོད་པ། ལྷའི་བུ་གཉིས་ལ་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་པར་གྱུར། དཀོན་མཆོག་སྤྱི་ཚོགས་ཀྱི་ཞིང་དམ་པར་སྤྱན་དྲངས་པ་ནི། བདག་དང་མདུན་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཉན་རང་འཕགས་པའི་ཚོགས་ཐམས་ཅད་མཆོད་པའི་ཡུལ་དུ་བཛྲ་ས་མཱ་ཛཿམ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམ་སྦྱངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་


SPN002_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་བདག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཞེས་པས་གསོལ་བཏབ་སྤྱན་དྲངས་ནས། ༀ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་པས་ཕྱི་འབྲངས་བགེགས་བསྐྲད་ཅིང་། །དེ་ནས་བཞུགས་གསོལ་གདན་འབུལ་ནི། །བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །སྟོང་གསུམ་ཀུན་དང་མཉམ་པ་ཡི། །པདྨ་འདབ་རྒྱས་གེ་སར་བཅས། །བདེ་ཞིང་ཡངས་པ་འབུལ་ལགས་ན། །ཅི་བདེ་བར་ནི་བཞུགས་སུ་གསོལ། །གྱད་དང་སེང་གེས་བཏེགས་པའི་ཁྲི། །དར་དང་རིན་ཆེན་རྒྱན་སྤྲས་སྟེང་། པདྨ་ཟླ་བའི་གདན་གྲངས་མེད། །ཕུལ་བར་དགྱེས་བཞིན་བཞུགས་པར་གྱུར། །ༀ་བཛྲ་སིདྷ་ཨ་ས་ན་པདྨ་ཀ་མ་ལཱ་ཡ་སྟྭཾ། ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པཱ་དྱཾ། པུཥྤེ་ཨཱཿཧཱུྃ། ཤབྡའི་བར་གྱིས་མཆོད། དོན་ཚན་གཉིས་པ་མཆོད་པ་ནིི། བཅོམ་ལྡན་འདས་མའི་ལྷ་ཚོགས་དང་། དཀོན་མཆོག་མཆོད་ཞིང་དམ་པའི་དྲུང་། མཆོད་སྤྲིན་སྤྲོ་ཞིང་སྤེལ་བའི་ཕྱིར། གཟུངས་སྔགས་ཟབ་མོ་ལན་གསུམ་བཀླག །ༀ་ན་མོ་བྷ་ག་ཝ་ཏེ། བཛྲ་སཱ་ར་པྲ་མརྡ་ནཱ་ཡ། ཏ་ཐཱ་ག་ཏ་ཡ།


SPN002_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ༀ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎི་སརྦ་ཀརྨ་ཨ་ཝ་ར་ཎ་བི་ཤྭ་དྷ་ནེ་སྭཱ་ཧཱ། དེ་ནས་མཆོད་པ་འབུལ་བ་ནི། ཡེ་ཤེས་བདེ་བ་ཆེན་པོའི་དངོས། །མཆོད་ཡོན་བདུད་རྩིའི་རྒྱ་མཚོ་འདི། །དཔལ་གྱི་ལྷ་མོ་རྣམ་རྒྱལ་མ། །རྒྱལ་བ་སྲས་བཅས་རྣམས་ལ་འབུལ། ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཡེ་ཤེས་བདེ་བ་ཆེན་པོའི་དངོས། །ཞབས་བསིལ་བདུད་རྩིའི་ཆུ་རྒྱུན་འདི། །དཔལ་གྱི་ལྷ་མོ་རྣམ་རྒྱལ་མ། །རྒྱལ་བ་སྲས་བཅས་རྣམས་ལ་འབུལ། །པཱ་དྱཾ། ལྷ་ཡི་མེ་ཏོག་སྣ་ཚོགས་པ། །ཡོངས་འདུ་མཎྜལ་ར་བ་དང་། །འདབ་བརྒྱ་ཨུཏྤལ་ཀུ་མུཏ་སོགས། །འབུལ་གྱི་བདག་ལ་དགྱེས་པར་མཛོད། །པུཥྤེ། སྣ་ཚོགས་དྲི་ཞིམ་སྤོས་ཀྱི་མཆོག །ཞིང་ཀུན་ཁྱབ་པར་བྱེད་པ་འདི། །འཆི་མེད་ལྷ་མོ་ལ་འབུལ་གྱི། །ཚེ་དབང་དངོས་གྲུབ་སྩོལ་ཕྱིར་བཞེས། །དྷཱུ་པེ། སྣ་ཚོགས་ནོར་བུའི་སྣང་གསལ་དང་། །བགེགས་འཇོམས་མར་མེའི་ཕྲེང་བ་འདི། །མཆོག་ཏུ་དགྱེས་པས་བཞེས་སུ་གསོལ། །བློ་དང་མཆོག་གི་དངོས་གྲུབ་སྩོལ། །ཨཱ་ལོ་ཀེ། བཞི་མཉམ་སྦྱར་བའི་དྲི་མཆོག་འདི། །ལྷ་ཡི་དྲི་བཟང་ཕྱེ་མ་དང་། །བྱུགས་པ་ཡིས་ཀྱང་བྱུགས་པར་བྱ། །རྫུ་འཕྲུལ་དངོས་གྲུབ་


SPN002_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་སྩོལ། །གནྡྷེ། བཟའ་བ་བཅའ་བའི་ཁྱད་པར་དང་། །སྣ་ཚོགས་བདུད་རྩིའི་ཞལ་ཟས་ནི། །བཏུང་བའི་བྱེ་བྲག་འབུམ་དང་སྦྱར། །བཞེས་ནས་བྱིན་གྱིས་བརླབ་པར་མཛོད། །ནཻ་ཝི་དྱ། དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སིམ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །ཤབྡ། བར་གྱིས་མཆོད། དེ་ནས་རྒྱལ་སྲིད་བདུན་འབུལ་བ། འཕགས་མ་མཆོག་དང་རྒྱལ་བ་སྲས་བཅས་ལ། །རིན་ཆེན་དུ་མ་ལས་གྲུབ་རྩིབས་སྟོང་ལྡན། །མཁའ་ལ་མངོན་འཕགས་འཁོར་ལོ་འདི་འབུལ་བས། །སྲིད་ཞིར་མི་གནས་འཕགས་ལམ་མངའ་བརྙེས་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ཙཀྲ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། འཕགས་མ་མཆོག་དང་རྒྱལ་བ་སྲས་བཅས་ལ། །སྲིད་གསུམ་ཀུན་དགར་བྱེད་པའི་སྣང་བ་ཅན། །རེ་སྐོང་ཡིད་བཞིན་ནོར་བུ་རིན་ཆེན་འབུལ། །ཉོན་མོངས་དབུལ་སེལ་ཆོས་ལ་ལོངས་སྤྱོད་ཤོག །མ་ཎི་རཏྣ༴འཕགས་མ་མཆོག་དང་རྒྱལ་བ་སྲས་བཅས་ལ། །ཤེས་རབ་རང་བཞིན་སྒེག་ཅིང་ལང་ཚོ་ལྡན། །བདེ་ཆེན་སྐྱེད་གཞི་བཙུན་མོ་རིན་ཆེན་འབུལ། །འཁོར་བ་ལས་སྒྲོལ་རྒྱལ་བའི་སྲས་གྱུར་ཤོག །སྟྲཱི་རཏྣ༴འཕགས་མ་མཆོག་དང་རྒྱལ་བ་སྲས་བཅས་ལ། །གཟུར་གནས་བློ་ཅན་ཟབ་ཅིང་གཏིང་དཔག་དཀའ། །ཕྱོགས་ལས་


SPN002_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རྒྱལ་ཁྱིམ་བདག་རིན་ཆེན་འབུལ། །སྐྱེ་འགྲོའི་རྒུད་སེལ་རྫོགས་ལྡན་དུས་བཞིན་ཤོག །པུ་རུ་ཥ་རཏྣ། འཕགས་མ་མཆོག་དང་རྒྱལ་བ་སྲས་བཅས་ལ། །ཀཻ་ལ་ཤ་རི་དང་མཚུངས་སྟོབས་བཅུ་ལྡན། །ཐལ་དཀར་མཆེ་བ་དྲུག་གིས་མཛེས་པ་ཕུལ། །འཆི་བདག་དཔུང་གཞོམ་རྡོ་རྗེ་གསུམ་བརྙེས་ཤོག །ཧསྟི་རཏྣ༴འཕགས་མ་མཆོག་དང་རྒྱལ་བ་སྲས་བཅས་ལ། །གུང་གཉིས་གླིང་བཞི་བསྐོར་བའི་མྱུར་མགྱོགས་རྩལ། །རྫུ་འཕྲུལ་ཤུགས་ལྡན་ཅང་ཤེས་རྟ་མཆོག་འབུལ། །བར་ཆད་ལས་སྒྲོལ་ཡིད་ལ་འདོད་འཇོ་ཤོག །ཨ་ཤྭ་རཏྣ༴འཕགས་མ་མཆོག་དང་རྒྱལ་བ་སྲས་བཅས་ལ། །ཕས་རྒོལ་མཐར་བྱེད་དཔའ་བོ་རྔམ་བརྗིད་ཅན། །མཐུ་སྟོབས་གཟི་ལྡན་དམག་དཔོན་རིན་ཆེན་འབུལ། །བདུད་བཞིའི་གཡུལ་རྒྱལ་སངས་རྒྱས་བསྟན་འཕེལ་ཤོག །ཁངྒ་རཏྣ། དེ་ནས་འདོད་ཡོན་ལྔ་མཆོད་ནི། རྒྱལ་བའི་གཙུག་ཏོར་ལས་བྱུང་རྗེ་བཙུན་མ། །ལྷ་ཚོགས་མ་ལུས་འཁོར་དང་བཅས་རྣམས་ལ། །གཟུགས་ཀྱི་བྱེ་བྲག་ཡིད་འོང་གང་དག་དང་། །སྒྲ་ཡི་རྣམ་པ་སྲིད་ན་མཆིས་སོ་ཅོག །དྲི་མཆོག་སྦྱར་དང་བྱུགས་པའི་ཚོགས་ཇི་སྙེད། །བཤོས་གཙང་རོ་བརྒྱ་དང་ལྡན་ལྷའི་ཞལ་ཟས། རེག་འཇམ་རིན་ཐང་བྲལ་བའི་ན་བཟའ་སོགས། །འདོད་ཡོན་ཕུལ་བྱུང་མཆོད་པའི་སྤྲིན་སྤྲོ་བས། །རྒྱལ་བ་རྒྱ་མཚོའི་


SPN002_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྣམས་མཉེས་གྱུར་ཅིག །ཐུགས་རྗེས་བརྩེར་དགོངས་འཆི་བ་མེད་པའི་ཚེ། །རྒུད་མེད་ལང་ཚོ་རྟག་བརྟན་གཞོམ་བྲལ་བར། །སྟན་ཐོག་འདི་རུ་བྱིན་རློབས་དངོས་གྲུབ་སྩོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་བཛྲ་པཉྩ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱ་ཧཱུྃ་སྭཱ་ཧཱ། དེ་ནས་བཀྲ་ཤིས་རྟགས་བརྒྱད་འབུལ། སྐབས་གསུམ་བདག་པོ་ལྷ་མིན་གཡུལ་རྒྱལ་ནས། །བཀྲ་ཤིས་ལྷ་མོས་མཆོད་པས་མདུན་བདར་བཞིན། །བཅོམ་ལྡན་འདས་མ་རྒྱལ་བ་སྲས་འཁོར་གྱི། །དབུ་ལ་དར་དང་རིན་ཆེན་རྒྱན་མཛེས་གདུགས། །སྤྱན་ལ་གསེར་ཉ་ལྡེམ་འཁྱུགས་འོད་འཚེར་བ། །གསུང་ལ་དུང་དཀར་གཡས་འཁྱིལ་གྲགས་སྙན་ལྡིར། །ལྗགས་ལ་པདྨ་འདབ་སྟོང་གེ་སར་བཞད། །མགུལ་ལ་རིན་ཆེན་གཏེར་གྱི་བུམ་པ་བཟང་། །ཐུགས་ལ་དཔལ་གྱི་བེའུ་རྣམ་པར་བཀྲ། །སྐུ་ལ་མི་ནུབ་རྒྱལ་མཚན་སྲིད་རྩེར་བསྒྲེང། །ཞབས་ལ་ཛམྦུའི་གསེར་འཁོར་རྩིབས་སྟོང་ཅན། །བདག་གཞན་བསོད་ནམས་ཚོགས་ཆེན་སྤེལ་བའི་ཕྱིར། །ལྷག་བསམ་དད་པའི་མོས་བློས་ཀུན་བླངས་ནས། །འབུལ་གྱི་བརྩེ་བར་དགོངས་ཏེ་བཞེས་ནས་ཀྱང་། །ཚེ་དང་དཔལ་དང་གྲགས་དང་མཐུ་སྟོབས་དང་། །འབྱོར་པ་གཟི་བརྗིད་ཡེ་ཤེས་སྣང་བས་ཁྱབ། །མི་ཤིགས་རྡོ་རྗེ་གསུམ་ལྡན་དྭངས་མའི་ལུས། ཡོངས་གྲུབ་འཆི་མེད་རྟག་བདེའི་རང་བཞིན་དུ། །ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབ་ཏུ་


SPN002_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ཨཥྚ་མངྒ་ལ་པྲ་ཏཱིཙྪ་ཨཱཿཧཱུྃ། དེ་ནས་བཀྲ་ཤིས་རྫས་བརྒྱད་འབུལ། སྔོན་ཚེ་ལྷ་ཡི་ལྷར་གྱུར་སྒྱུ་འཕྲུལ་སྲས། །བཅོམ་ལྡན་དགྲ་རྒྱལ་དགེ་སྦྱོང་ཆེན་པོའི་དྲུང་། །གསང་བའི་བདག་དང་བརྒྱ་བྱིན་ལ་སོགས་ཀྱིས། །བདེ་ལེགས་རྫས་བརྒྱད་ཕུལ་བ་སླར་ཡང་ནི། །དགེ་མཚན་ཉིད་དུ་བྱིན་གྱིས་བརླབས་ཇི་བཞིན། །དེང་འདིར་བདེ་གཤེགས་གཙུག་ཏོར་ལྷ་མོ་མཆོག །རྒྱལ་སྲས་སློབ་དང་སྤྲུལ་འཁོར་བཅས་པ་ལ། །ཡུངས་ཀར་དཱུརྦ་བིལ་བ་གིའུ་ཝྃ། །ལི་ཁྲི་ཞོ་མཆོག་མེ་ལོང་དུང་དཀར་པོ། །རྨད་བྱུང་མཆོད་པའི་རྫས་བརྒྱད་འདི་འབུལ་བས། །བདག་གཞན་འདི་ནས་སྙིང་པོ་བྱང་ཆུབ་བར། །ཚེ་རབས་རྟག་ཏུ་བཀྲ་ཤིས་ཡོན་ཏན་གྱི། །དཔལ་དང་ལྡན་པའི་བདེ་ལེགས་ཀུན་འབྱུང་བའི། །བརྩེ་ཆེན་ཐུགས་རྗེས་ཁྱབ་པར་མཛད་དུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ཨཥྚ་མངྒ་ལ་དྲ་བྱ་པྲ་ཏཱིཙྪ་ཨཱཿཧཱུྃ། དེ་ནས་མཎྜལ་འབུལ་བ་ནི། །རྒྱས་པར་ཡན་ལག་བདུན་པ་དང་། །ཚོམ་བུ་སོ་བདུན་བཀོད་པ་འབུལ། །བསྡུ་ན་ཚོམ་བུ་བདུན་པ་དང་། །འབྲེལ་བའི་མཆོད་ཅིང་བསྔོ་བ་སོགས། །སྤྱི་འགྲོ་བཞིན་དུ་དབུལ་བར་བྱ། །སྐབས་འདིར་བསྟོད་ཕྱག་འབུལ་ཕྱིར་འཇུག །སྤྲོ་ན་སྟོང་ཕྲག་མཆོད་པའི་ཚོགས། །འབུལ་ཞིང་ཐུགས་རྗེ་བསྐུལ་བ་ནི། །རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མེ་ཏོག་བདུག་སྤོས་སྣང་གསལ་དྲི། །


SPN002_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ཟས་ལ་སོགས་མཆོད་པའི་རྫས། །ཀུན་བཟང་སྨོན་ལམ་ལས་བྱུང་བའི། །མཆོད་པའི་སྤྲིན་ཕུང་ནམ་མཁའི་མཛོད། །བདག་གིས་གུས་པས་བཤམས་པ་འདི། །འཕགས་མ་རྣམ་རྒྱལ་ལྷ་ཡི་ཚོགས། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་འབུལ་གྱི་བཞེས། །ཐུགས་རྗེའི་གཏེར་ཆེན་མཆོག་རྣམས་ཀྱིས། །བདག་གཞན་ཚེ་དཔལ་ཡེ་ཤེས་དང་། །དོན་གཉིས་གྲུབ་པར་བྱིན་གྱིས་རློབས། །ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་ཨརྒྷཾ། པཱ་དྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ། རྣམས་ཀྱིས་འབུལ་ཞིང་། ན་མ་སརྦ་བུདྡྷ་བོ་དྷི་སཏྭ་བྷྱཿༀ་སརྦ་བིད་པཱུ་ར་པཱུ་ཱུར་ཨ་ཝར་ཏེ་བྷྱཿསྭཱ་ཧཱ། ཕྱོགས་བཅུའི་དེ་བཞིན་གཤེགས་རྣམས་ལ། །མཆོད་ཅིང་བསྙེན་བཀུར་ཞབས་སྤྱི་བོས། །འདུད་ཅིང་ཕྱག་བྱས་མཚུངས་པར་འགྱུར། །དེ་ལྟར་མཆོད་པ་སྟོང་རྩ་འབུལ། །གསུམ་པ་བསྟོད་ཕྱག་འབུལ་བ་ནི། །རབ་འབྱམས་བདེར་གཤེགས་ཐུགས་རྗེའི་ཀློང་ཡངས་ནས། །རབ་གསལ་ཉིན་བྱེད་སྣང་བས་བསྐྱེད་པ་ཡིས། །རབ་མཛེས་པུནྜཱ་རི་ཀ་རྒྱས་པའི་དབུས། །རབ་དགེའི་དྲི་བསུང་དང་ལྡན་བཅོམ་ལྡན་མ། །རྩ་ཞལ་ཟླ་བཞིན་མཚར་སྡུག་གཡས་སེར་འཛུམ། །གཡོན་སྔོ་ཁྲོ་ཉམས་མཆེ་བས་མ་མཆུ་གནོན། །ཞལ་རེ་ལའང་ཨུཏྤལ་དང་འདྲའི་སྤྱན། །གསུམ་ལྡན་ཀུན་གཟིགས་མ་ལ་ཕྱག་འཚལ་བསྟོད། །ཕྱག་བརྒྱད་


SPN002_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་བཞི་སྣ་ཚོགས་རྡོ་རྗེ་དང་། །འོད་དཔག་མེད་མགོན་མདའ་དང་མཆོག་སྦྱིན་ཏེ། །གཡོན་བཞི་སྡིགས་མཛུབ་ཞགས་བསྣམས་ཚེ་བུམ་བཟུང་། །གཞུ་དང་སྐྱབས་སྦྱིན་འགྲོ་སྒྲོལ་ཕྱག་འཚལ་བསྟོད། །འཆི་མེད་ན་ཆུང་སྒེག་པའི་ལང་ཚོ་ཅན། །འཆི་མེད་ལྷ་རྫས་རིན་ཆེན་ནོར་བུས་བརྒྱན། །འཆི་མེད་བདག་པོ་ཚངས་དབང་ཕྱག་གི་གནས། འཆི་མེད་མཆོག་སྟེར་མ་ལ་ཕྱག་འཚལ་བསྟོད། །སྟེང་གི་ཕྱོགས་ནས་ལྷ་ཡི་བུ་གཉིས་ཀྱིས། །ཡན་ལག་བརྒྱད་ལྡན་ཁྲུས་གསོལ་གཡས་གཡོན་དུ། །ནོར་བུ་པདྨ་ཅན་དང་གསང་བའི་བདག །རྔ་ཡབ་འཛིན་ཅིང་ཕྱོགས་བཞིར་ཁྲོ་བོའི་རྒྱལ། །མི་གཡོ་འདོད་རྒྱལ་དབྱུག་སྔོན་སྟོབས་པོ་ཆེ། །གཡས་རྣམས་རལ་གྲི་ལྕགས་ཀྱུ་དབྱུག་པ་དང་། །རྡོ་རྗེ་གཡོན་རྣམས་སྡིགས་མཛུབ་གཏུམ་རྔམས་ཅན། །མ་རུང་བགེགས་ཚོགས་འདུལ་ལ་ཕྱག་འཚལ་བསྟོད། །བདག་སོགས་དད་དང་མོས་པ་རྣམ་དག་གིས། །ལྷ་ཁྱོད་བསྐུལ་མཐུས་དམ་བཅས་ཐུགས་བསྐྱེད་པ། །བརྩེར་དགོངས་ཚེ་དབང་བསོད་ནམས་ཡེ་ཤེས་གཟི། །རྒྱས་ཤིང་བསམ་དོན་འབད་མེད་འགྲུབ་བྱིན་རློབས། །བཞི་པ་བསྙེན་སྔགས་བཟླ་བ་ནི། མདུན་བསྐྱེད་བཅོམ་ལྡན་འདས་མ་རྣམ་པར་རྒྱལ་མའི་ཐུགས་ཀར་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་བྷྲཱུྃ་


SPN002_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་དཀར་པོའི་མཐའ་སྐོར་དུ་གཟུངས་སྔགས་ཀྱི་ཡིག་འབྲུ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་མཆོད་ཅིང་ཐུགས་དམ་གྱི་རྒྱུད་བསྐུལ། བདག་གཞན་སེམས་ཅན་རྣམས་ཀྱི་སྒྲིབ་གཉིས་བག་ཆགས་ནད་གདོན་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་ཞིང་། འོད་ཟེར་ཚུར་འདུས་རྒྱལ་བའི་བྱིན་རླབས་དང་བརྟན་གཡོ་སྣོད་བཅུད་ཀྱི་དྭངས་མ་ཐམས་ཅད་རང་ལ་ཐིམ་ནས་ཚེ་དཔལ་བསོད་ནམས་ཡེ་ཤེས་འབྱོར་པ་ཐམས་ཅད་འཕེལ་ཞིང་རྒྱས་པའི་དངོས་གྲུབ་ཐོབ་པར་གྱུར་པར་མོས་ལ། ༀ་ན་མོ་བྷ་ག་ཝ་ཏེ་སརྦ་ཏྲཻ་ལོ་ཀྱ་པྲ་ཏི་བི་ཤིཥྚཱ་ཡ། བུདྡྷཱ་ཡ་ཏེ་ན་མཿཏདྱ་ཐཱ། ༀ་བྷྲཱུྃ་བྷྲཱུྃ་བྷྲཱུྃ་ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ཨ་ས་མ་ས་མནྟ་ཨ་བ་བྷ་ས་སྥ་ར་ཎ་ག་ཏི། ག་ག་ན་སྭ་བྷཱ་ཝ་བི་ཤུདྡྷེ། ཨ་བྷི་ཥིཉྩནྟུ་མཱཾ། སརྦ་ཏ་ཐཱ་ག་ཏཱཿསུ་ག་ཏ་བ་ར་བ་ཙ་ན་ཨ་མྲྀ་ཏ་ཨ་བྷི་ཥེ་ཀཻ་ར་མ་ཧཱ་མུ་དྲཱ་མནྟྲ་པ་དཻཿཨཱ་ཧ་ར་ཨཱ་ཧ་ར། མ་མ་ཨཱ་ཡུསྶཾ་དྷཱ་ར་ཎི། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་བི་ཤོ་དྷ་ཡ། ག་ག་ན་སྭ་བྷཱ་ཝ་བི་ཤུདྡྷེ། ཨུཥྞི་ཥ་བི་ཛ་ཡ་པ་རི་ཤུདྡྷེ། ས་ཧ་སྲ་རསྨི་སཉྩོ་དི་ཏེ། སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ནི། ཥཊྤཱ་ར་མི་ཏཱ་པ་རི་པཱུ་ར་ཎི། སརྦ་ཏ་ཐཱ་ག་ཏ་མཱ་ཏེ། ད་ཤ་བྷཱུ་མི་པྲ་ཏིཥྛི་ཏེ། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཨ་དྷིཥྛ་ན་ཨདྷིཥྛི་ཏེ། མུ་དྲེ་མུ་དྲེ། མ་ཧཱ་མུ་དྲེ། བཛྲ་ཀཱ་ཡ་སཾ་ཧ་ཏ་ན་པ་རི་ཤུདྡྷེ། སརྦ་ཀརྨ་ཨཱ་བ་


SPN002_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ར་ཎ་བི་ཤུདྡྷེ། པྲ་ཏི་ནི་ཝརྟ་ཡ་མ་མ་ཨཱ་ཡུར། བི་ཤུདྡྷེ་སརྦ་ཏ་ཐཱ་ག་ཏ། ས་མ་ཡ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། ༀ་མུ་ནི་མུ་ནི་མ་ཧཱ་མུ་ནི། བི་མུ་ནི་བི་མུ་ནི་མ་ཧཱ་བི་མུ་ནི། མ་ཏི་མ་ཏི་མ་ཧཱ་མ་ཏི། མ་མ་ཏི་སུ་མ་ཏི་ཏ་ཐཱ་ཏ། བྷཱུ་ཏ་ཀོ་ཊི་པ་རི་ཤུདྡྷེ། བི་སྥུ་ཊ། བུདྡྷི་ཤུདྡྷེ། ཧེ་ཧེ་ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ། སྨ་ར་སྨ་ར། སྥ་ར་སྥ་ར། སྥཱ་ར་ཡ་སྥཱ་ར་ཡ། སརྦ་བུདྡྷ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། ཤུདྡྷེ་ཤུདྡྷེ། བུདྡྷེ་བུདྡྷེ། བཛྲེ་བཛྲེ་མ་ཧཱ་བཛྲེ། སུ་བཛྲེ་བཛྲེ་གརྦྷེ་ཛ་ཡ་གརྦྷེ། བི་ཛ་ཡ་གརྦྷེ། བཛྲ་ཛྭཱ་ལཱ་གྷརྦྷེ། བཛྲོདྦྷ་བེ། བཛྲ་སཾ་བྷ་བེ། བཛྲ་བཛྲི་ཎི། བཛྲཾ་བྷ་བ་ཏུ་མ་མ་ཤ་རཱི་རཾ། །སརྦ་སཏྭཱ་ནཱཉྩ་ཀཱ་ཡ་པ་རི་ཤུདྡྷིརྦྷ་བ་ཏུ། མེ་ས་དཱ་སརྦ་ག་ཏི་པ་རི་ཤུ་དྡྷིཥྩ། སརྦ་ཏ་ཐཱ་ག་ཏཱ་ཤྩ། མཱཾ་ས་མཱ་ཤྭཱ་ས་ཡནྟུ། བུ་དྷྱ་བུ་དྷྱ། སི་དྷྱ་སི་དྷྱ། བོདྷ་ཡ་བོདྷ་ཡ། བི་བོ་དྷ་ཡ་བི་བོ་དྷ་ཡ། མོ་ཙ་ཡ་མོ་ཙ་ཡ། བི་མོ་ཙ་ཡ་བི་མོ་ཙ་ཡ། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ས་མནྟ་མོ་ཙ་ཡ་མོ་ཙ་ཡ། ས་མནྟ་རསྨི་པ་རི་ཤུདྡྷེ། སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། མུ་དྲེ་མུ་དྲེ། མ་ཧཱ་མུ་དྲེ། མ་ཧཱ་མུ་དྲཱ་མནྟྲ་པཱ་དཻཿསྭཱ་ཧཱ། ༀ་བྷྲཱུྃ་སྭཱ་ཧཱ། ༀ་ཨ་མྲྀ་ཏ་ཨཱ་ཡུརྡ་དཻ་སྭཱཧཱ། དེ་ལྟར་སྙིང་པོ་དང་ཉེ་སྙིང་། སྲུང་སྔགས་དང་བཅས་སྐབས་བསྟུན་བཟླ། ༀ་ཨཱཿཧཱུྃ་ཏྲཱྃ་ཧྲཱིཿཨཾ་ཨ། བདག་དང་བསྲུང་བྱ་ལ་རཀྵ་


SPN002_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

རཀྵ་ཀུ་རུ་སྭཱ་ཧཱ། གཟུངས་རིང་སྟོང་ཕྲག་གཅིག་བཟླ་ཞིང་། །བཅོམ་ལྡན་འདས་མའི་རྒྱུད་བསྐུལ་བས། །བདག་ལ་འདོད་དོན་སྟེར་བར་མོས། །འབུམ་ཕྲག་རྫོགས་ཚེ་རྗེ་བཙུན་མ། །མཇལ་ཞིང་མཆོག་དངོས་སྩོལ་བར་འགྱུར། །ལྔ་པ་འདོད་དོན་གསོལ་གདབ་ནི། །སྙིམ་པ་མེ་ཏོག་བཀངས་ནས་སུ། །ཐལ་སྦྱར་འདུད་པ་དང་བཅས་ནས། །འགྲེངས་བཞིན་སྒོ་གསུམ་རྩེ་གཅིག་བློས། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱའི་དབང་པོའི་གཙུག་ཏོར་ལས་སྤྲུལ་པའི་ལྷ་མོ་རྗེ་བཙུན་འཕགས་མ་རྣམ་པར་རྒྱལ་མའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་དང་། གཞན་ཡང་རབ་འབྱམས་མཐའ་ཡས་མུ་མེད་ཀྱི་ཞིང་དུ་བཞུགས་པའི་བདེ་བར་གཤེགས་པ་རྒྱལ་བ་སྲས་དང་སློབ་མར་བཅས་པ་རྣམས་དང་། བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་དམ་པ་ཆོས་ཀྱི་སྲུང་མ་ལ་སོགས་པ་དེང་འདིར་མཆོད་པའི་ཞིང་མཆོག་ཏུ་བཞུགས་པ་རྣམས་བདག་གཞན་སེམས་ཅན་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་དགོངས་སུ་གསོལ། གང་འདིར་བདག་ཅག་རྣམས་ཀྱིས་གཞན་ཕན་བྱང་ཆུབ་སེམས་ཀྱི་མོས་པ་རྣམ་པར་དག་པས་ཀུན་ནས་བསླང་བའི་འདོད་པའི་དོན་ཐམས་ཅད་ཐོགས་པ་མེད་པར་ཡིད་བཞིན་དུ་འབད་མེད་ཡོངས་སུ་འགྲུབ་པའི་ཕྱིར། མཁྱེན་བརྩེ་ནུས་པའི་སྟོབས་དང་ལྡན་པ་ཁྱེད་རྣམས་ཀྱི་བྱིན་གྱིས་བརླབ་པའི་མཐུ་ཆེན་པོ་བསྐྱེད་ནས་ཐུགས་རྗེ་ཆེན་པོས་ཉེ་བར་བཟུང་བར་མཛད་


SPN002_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསོལ། རྒྱལ་དང་རྒྱལ་བས་བསྔགས་འོས་ཡོན་ཏན་ཞིང་། །རྒྱལ་བའི་བསྟན་པ་རྣམ་དག་དྲི་མ་མེད། །རྒྱལ་བ་བསྐལ་བཟང་རྣམ་འདྲེན་བཞི་པ་མཆོག །རྒྱལ་བ་ཤཱཀྱའི་གཙོ་བོའི་རིང་ལུགས་གང་། །ངེས་དོན་མཐར་ཐུག་ཐེག་མཆོག་སྙིང་པོའི་བསྟན། །དར་རྒྱས་ཕྱོགས་དང་ཐ་གྲུ་ཀུན་ཁྱབ་པར། །དཀར་པོའི་ཕྱོགས་ཀྱི་མེལ་ཚེར་བརྩོན་བཞིན་དུ། །ཉམས་མེད་ཡུན་གནས་བྱིན་གྱིས་བརླབ་ཏུ་གསོལ། །དེར་འཛིན་སྐྱོང་དང་སྤེལ་མཁས་ཕྲིན་ལས་བདག །འགྲོ་བའི་ཡོན་གནས་སྐྱེས་བུ་མཆོག་རྣམས་ཀྱང་། །བསྟན་འགྲོའི་དོན་ཆེན་སྒྲུབ་ལ་གེགས་མེད་ཅིང་། །དམ་པའི་རྣམ་ཐར་མཐར་ཕྱིན་བྱིན་གྱིས་རློབས། །གཞན་ཡང་དགེ་འདུན་འདུས་པའི་སྡེ་རྒྱས་ཤིང་། །ཐོས་བསམ་སྒོམ་པའི་རྩ་བ་རབ་ཏུ་བརྟན། །བསྟན་དང་བླ་མར་གུས་མཆོད་བསླབ་གསུམ་ལྡན། ལྷར་བཅས་བསྟོད་འོས་ཉིད་དུ་བྱིན་གྱིས་རློབས། །བསྟན་པའི་སྒོར་ཞུགས་མཆིས་སོ་ཅོག་ཐམས་ཅད། །ལས་འབྲས་བླང་དོར་ཇི་བཞིན་སྤྱོད་ནས་སུ། །ཉོན་མོངས་རླབས་ལ་མི་བྱིངས་ཐར་པའི་གྲུར། །བརྟེན་ནས་ཡང་དག་ལམ་འགོད་བྱིན་གྱིས་རློབས། །གང་དག་གྲུབ་མཐའ་གཞུང་ལུགས་སྣ་ཚོགས་ཀྱི། །སྲོལ་འཛིན་རྣམས་ཀྱང་ཀུན་སློང་རང་སར་ཞི། །ཆོས་སྤང་སྒྲིབ་པར་མི་འགྱུར་བྱང་སེམས་ཀྱིས། །རྒྱུད་བརླན་ཕན་ཚུན་


SPN002_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པར་བྱིན་གྱིས་རློབས། །ལོག་ཕྱོགས་བདུད་རིས་རློམས་པའི་བསླུ་ཆོས་མཁན། །ལྟར་སྣང་བཟང་བརྫུའི་ཚུལ་འཆོས་བྱིས་པ་རྣམས། །འབྲིད་ཅིང་ཆོས་མིན་ཆོས་ལྟར་སྟོན་བྱེད་ཀུན། །མིང་གི་ལྷག་མར་འགྱུར་བར་བྱིན་གྱིས་རློབས། །དེ་བཞིན་མཚམས་སྦྱོར་ལོག་པ་ལས་བསྐྱེད་པའི། །མི་དང་མི་མིན་ལ་སོགས་སྤྲུལ་བྱས་ནས། །དངོས་སུ་བསྟན་དང་བསྟན་འཛིན་འཚེ་བྱེད་རྣམས། །རྩད་ནས་ཉམས་ཤིང་ཞི་བར་བྱིན་གྱིས་རློབས། །མངའ་རིས་ཡུལ་ལྗོངས་སྐྱོང་བའི་མི་བདག་རྣམས། །མཆོག་གསུམ་རྒྱལ་ལ་ལྷག་པར་དད་བསྐྱེད་ནས། །སྟོབས་ཀྱིས་ཁུར་འདེགས་ངལ་མེད་བརྩོན་བཞིན་དུ། །སངས་རྒྱས་བསྟན་ལ་བྱ་བ་བྱེད་བྱིན་རློབས། །དེ་མཐུས་འཕྲལ་དང་ཡུན་གྱི་དགེ་བའི་ཚོགས། །ཆབ་སྲིད་འཁོར་འབངས་འཕེལ་རྒྱས་འཁྲུགས་རྩོད་ཞི། །ཆོས་རྒྱལ་བྱང་སེམས་ཆེན་པོས་སྐྱོང་ཇི་བཞིན། །རྫོགས་ལྡན་དང་པོའི་དུས་ལྟར་བྱིན་གྱིས་རློབས། །ཡིད་སྲུབས་བྱིན་ཞུགས་བསྟན་ལ་སྡང་ཞིང་རྒོལ། །འགྲོ་ལ་ཁྲིམས་འགལ་ལོག་སྤྱོད་དུཿཁས་གཟིར། །རྒྱལ་ཁམས་མི་དགེའི་ལས་ངན་སྦྱོར་བ་རྣམས། །མཐུ་ཉམས་རྩལ་ཞན་སྤ་བཀོང་བྱིན་གྱིས་རློབས། །སྐྱེ་དགུ་རྣམས་ཀྱང་རྟག་ཏུ་དགེ་བ་བཅུའི། །ཆོས་ལྡན་ཕན་ཚུན་ནོངས་མེད་མཐུན་ཞིང་བརྩེ། །རྣམ་སྨིན་མི་དགེའི་ལས་རྣམས་རིང་སྤངས་ནས། །མཐོ་རིས་ཡོན་ཏན་ཐོབ་པར་བྱིན་གྱིས་


SPN002_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

རློབས། །རྩོད་དུས་ལྔ་བརྒྱ་ཐ་མའི་སྙིགས་མ་འདིར། །མཐའ་ཡི་དམུ་རྒོད་ལོག་པར་སེམས་པ་ཡི། །སངས་རྒྱས་བསྟན་དང་སྐྱེ་འགྲོ་ལ་སྡང་བའི། །ཧོར་སོག་དམག་དཔུང་བཟློག་པར་བྱིན་གྱིས་རློབས། །ས་ཆུ་མེ་རླུང་འབྱུང་བ་ཆེན་པོ་རྣམས། །འཁྲུགས་པའི་རྐྱེན་གྱིས་ནང་བཅུད་སེམས་ཅན་ཁམས། །གཡོ་ཞིང་འཇིགས་པས་ཉེན་བྱེད་དེ་དག་ཀྱང་། །ལྡང་བ་མེད་པར་ཞི་བར་བྱིན་གྱིས་རློབས། །གཤིས་ངན་རྐྱེན་ལས་གྱུར་བའི་དུས་མ་ཡིན། །འཆི་བ་རྣམ་པ་བཅོ་བརྒྱད་མི་འབྱུང་ཞིང་། །འཇིག་པ་ཆེན་པོ་བརྒྱད་དང་བཅུ་དྲུག་གི། །གནོད་པ་རྩད་ནས་ཉམས་པར་བྱིན་གྱིས་རློབས། །སྨན་རྣམས་བཅུད་ནུས་བརྟས་ཤིང་ཉེར་འཚོའི་གཞི། །གསོས་སུ་སྨིན་ཞིང་འབྱུང་པོ་གནོད་སྦྱིན་དང་། །ཤ་ཟ་སྲིན་པོས་གནོད་འཚེ་རིང་སྤངས་ནས། །སྙིང་རྗེ་དང་ལྡན་གཉུག་མར་གནས་བྱིན་རློབས། །འཇིག་རྟེན་ཁམས་ཀུན་བདེ་ལྡན་སྡུག་བསྔལ་བྲལ། །ཆར་ཆུ་དུས་འབབ་ལོ་ལེགས་འབྲུ་འཕེལ་ཞིང་། །ནད་མཚོན་དབུལ་བའི་བསྐལ་པ་རྒྱང་བསྲིངས་ནས། །སྡེ་བཞིའི་དཔལ་གྱིས་འཚོ་བར་བྱིན་གྱིས་རློབས། །ཚངས་དང་དཔའ་བོ་རྒྱལ་ཆེན་གཙང་རིས་ཀྱི། །ལྷ་རྣམས་སྟོབས་ཀྱིས་དཔུང་ཚོགས་འདེགས་བཞིན་དུ། །འཇིག་རྟེན་སྐྱོང་ལ་རྟག་ཏུ་གཡེལ་མེད་པར། །མཐུ་སྟོབས་རྫུ་འཕྲུལ་ཆེས་ཆེར་བསྐྱེད་བྱིན་རློབས། །


SPN002_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

མ་འོངས་བསྐལ་བཟང་ལྔ་པ་མི་ཕམ་མགོན། །བྱམས་ཆེན་དང་ནི་དྲུག་པ་སེང་གེ་ཡི། །བསྟན་པ་ཇི་སྲིད་ཤཱཀ་ཐུབ་རིང་ལུགས་རྣམས། །དེ་སྲིད་བར་དུ་ཡུན་གནས་བྱིན་གྱིས་རློབས། །རྒྱལ་བཀའ་འཁོར་ལོ་གསུམ་གྱི་དགོངས་པའི་དོན། །གཞན་སྟོང་དབུ་མ་ཆེན་པོའི་ལྟ་བ་དང་། །སྔ་འགྱུར་འོད་གསལ་རྡོ་རྗེ་སྙིང་པོ་ཡི། །བཞེད་གཞུང་འཁྲུལ་མེད་རྒྱུན་མི་ཆད་བྱིན་རློབས། །བསིལ་རིའི་ལྗོངས་དབུས་ལྷར་བཅས་མཆོད་སྡོང་ཆེ། །སྟོན་པའི་རྒྱལ་ཚབ་ཤཱཀྱ་མུ་ནེ་མཆེད། །གདེངས་ཅན་གདུལ་བྱ་རིང་དུ་བཞོལ་ནས་སུ། །འཛམ་གླིང་བསོད་ནམས་ཞིང་བཞུགས་བྱིན་གྱིས་རློབས། །གནས་མཆོག་ཕུན་ཚོགས་མཚུར་དཔལ་ཀུན་སྤུངས་པའི་ཞིང་། མཆན། གྱི་གནྡྷོ་ལ། །དུས་ནི་ཕུན་ཚོགས་རང་བཞིན་རྟེན་ཅིང་འབྲེལ། །འདྲེན་པ་ཕུན་ཚོགས་ཉིན་བྱེད་དབང་། མཆན། ཐེག་མཆོག་རྡོ་རྗེའི་ཞབས། །བདག་སོགས་མགོན་དུ་བསྐལ་བརྒྱར་བརྟན་བྱིན་རློབས། །ཆོས་ཟབ་ཕུན་ཚོགས་ངེས་གསང་བདེན་པའི་དོན། །འཁོར་ནི་ཕུན་ཚོགས་སྡོམ་པ་གསུམ་དང་ལྡན། །ལྔ་ལྡན་ཕུན་སུམ་ཚོགས་པའི་བདག་ཉིད་ཅན། །གདོད་ནས་ཡོངས་གྲུབ་རྟག་པར་བརྟན་བྱིན་རློབས། །བདག་སོགས་རྣལ་འབྱོར་བསམ་པའི་དོན་ཐམས་ཅད། །འབད་པ་མེད་པར་ཡིད་བཞིན་འགྲུབ་པ་དང་། །ནད་གདོན་བར་ཆད་འགལ་


SPN002_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་ཀུན་སེལ་ཞིང་། །རྟག་ཏུ་ལྷ་ཁྱོད་འབྲལ་མེད་བྱིན་གྱིས་རློབས། །རིང་དུ་འཚོ་བའི་ཚེ་ཡི་དངོས་གྲུབ་ཀྱི། །སྒོ་གསུམ་སྨིན་གྲོལ་དམ་པས་སིམ་པ་དང་། །ལོངས་སྤྱོད་དབང་འབྱོར་གཏེར་ཆེན་བུམ་བཟང་བཞིན། །རྒྱལ་ལ་སྲི་ཞུ་འགྲོ་ཕན་ནུས་བྱིན་རློབས། །མོས་པ་རྣམ་བཞིས་དཔལ་ཀུན་དབང་བསྒྱུར་ཞིང་། །མཐུ་སྟོབས་རིག་སྔགས་བདེན་པས་འཆང་བའི་མཐུས། །ཕས་རྒོལ་གནོད་བྱེད་བྱད་ཕུར་རྦོད་གཏོང་རྣམས། །ཐལ་བར་བརླག་པའི་ནུས་ཐོབ་བྱིན་གྱིས་རློབས། །ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ཁྱོད་སྐུར་རྫོགས། །གང་སྐུའི་བཀོད་པས་ཞིང་ཁམས་ཡོངས་ཁྱབ་པ། །ཐུགས་རྗེ་ཆེ་མངའ་ཁྱོད་ལས་གཞན་སུ་ཞིག །དམིགས་སུ་ུམ་འཚལ་དེ་ཕྱིར་བདག་བྱིན་རློབས། །ཁྱད་པར་ལྷ་གཅིག་བསྙེན་ཅིང་བསྒྲུབ་ལགས་ན། །རྒྱལ་ཀུན་བསྐྱེད་ཡུམ་བཅོམ་ལྡན་རྗེ་བཙུན་མ། །དངོས་དང་ཉམས་ཀྱི་སྣང་བར་ཞལ་བཟང་མཐོང་། །ལུང་བསྟན་དབུགས་དབྱུང་ཐོབ་པར་བྱིན་རློབས། །བདག་སོགས་རྣམས་ཀྱི་འབྲེལ་བཅས་མཁའ་མཉམ་གྱི། །མར་གྱུར་ཡོངས་དང་རྩ་བའི་ཕ་མ་ཡིས། །ཐོག་དྲངས་འགྲོ་བ་རིགས་དྲུག་སེམས་ཅན་རྣམས། །སྡུག་བསྔལ་མཚོ་བསྒྲལ་སངས་རྒྱས་ཐོབ་བྱིན་རློབས། །དེ་ལྟར་ཐེག་ཆེན་ཤིང་རྟས་ཉེར་དྲངས་པའི། །སྨོན་ལམ་བསམ་འཕེལ་དགོས་


SPN002_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་རིན་པོ་ཆེ། །འགྲོ་བའི་གཙུག་ནོར་བསོད་ནམས་དཔལ་ཐོབ་ནས། །རྒྱལ་བ་དགྱེས་པའི་མཆོད་སྤྲིན་འགྱུར་བྱིན་རློབས། །བདེན་གྲུབ་བདེན་གསུང་རྡོ་རྗེའི་རང་བཞིན་ཅན། །དཀོན་མཆོག་གསུམ་དང་འཕགས་མ་གཙོ་འཁོར་གྱིས། །དབྱིངས་ནས་བརྩེར་དགོངས་ཇི་ལྟར་རེ་བའི་འབྲས། །ཡར་ངོའི་ཟླ་ལྟར་འཕེལ་བར་མཛད་དུ་གསོལ། །དེ་ལྟར་མཆོད་ཅིང་འདོད་བའི་དོན། །རྩེ་གཅིག་མོས་པས་གསོལ་བཏབ་མཐུས། །བཅོམ་ལྡན་འདས་མ་དགྱེས་ཞལ་གྱི། །འཛུམ་མདངས་ཟླ་ལྟར་རྒྱས་པ་ཡིས། །རང་གཞན་གང་གི་དོན་བྱ་བ། །དེ་ཡི་སྤྱི་བོར་ཕྱག་གཡས་ཀྱི། །ཐ་མ་མཆོག་སྦྱིན་ཕྱག་རྒྱས་རེག །བྱིན་རླབས་མཆོག་དངོས་སྩོལ་བར་མོསག །གསུམ་པ་རྗེས་ཀྱི་ཆོ་གའི་རིམ་པ་ལ། །གཏོར་འབུལ་འདོད་གསོལ་གཏང་རག་མཆོད་པ་དང་། །བསྟོད་ཅིང་ནོངས་བཤགས་བསྡུ་རིམ་བསྔོ་སྨོན་དང། །ཤིས་པ་བརྗོད་བཅས་རྣམ་པ་བརྒྱད་དུ་བསྟན། །དེ་ཡང་དང་པོ་གཏོར་མ་འབུལ་བ་ནི། །ཨ་མྲྀ་ཏས་བསངས། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གཏོར་སྣོད་ཡངས་ཤིང་རྒྱ་ཆེ་བ་རིན་པོ་ཆེ་ལས་གྲུབ་པའི་ནང་དུ། ༀ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་གཏོར་མ་འདོད་དགུའི་རྒྱ་མཚོ་ཆེན་པོ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར། ༀ་ཨཱཿཧཱུྃ། གསུམ་མམ་ལན་བདུན་གྱིས་བྱིན་བརླབས་ནས་སུ། ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་ཝ་རེ་བྷྱཿༀ་ཨ་ཀཱ་རོ་སོགས་ཀྱི་ལན་ལྔའམ་བདུན་གྱིས་ཕུལ། ༀ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱ་དྱཾ༴ༀ་བཛྲ་པུཥྤེ་ཨཱཿཧཱུྃ།


SPN002_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ཤབྡའི་བར་གྱིས་མཆོད། གཉིས་པ་འདོད་པའི་དོན་གསོལ་བཏབ་པ་ནི། རྣམ་པར་རྒྱལ་མ་འཁོར་བཅས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །བར་བརྗོད། བཅོམ་ལྡན་འདས་རྗེ་བཙུན་འཕགས་མ་གཙུག་ཏོར་རྣམ་པར་རྒྱལ་མའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་དང་། གཞན་ཡང་ཕྱོགས་བཅུའི་རྒྱལ་བ་རྒྱ་མཚོ་ཐམས་ཅད་ཀྱིས་བདག་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ནད་གདོན་བར་ཆད་རྨི་ལྟས་མཚན་ངན་ཉེར་འཚེ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བར་མཛད་དུ་གསོལ། ཚེ་དཔལ་བསོད་ནམས་ཡེ་ཤེས་ཀྱི་སྣང་བ་རྒྱས་ཤིང་བློ་དམ་པའི་ཆོས་དང་མཐུན་པར་བྱིན་གྱིས་བརླབ་ཏུ་གསོལ། བདག་གཞན་སེམས་ཅན་ཐམས་ཅད་མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་པའི་ཐུགས་རྗེ་བྱམས་པའི་འོད་དཀར་གྱིས་ཁྱབ་པར་མཛད་དུ་གསོལ། ཁྱད་པར་ཡིད་ལ་འདོད་པའི་དོན། །དེ་ཉིད་འབད་མེད་ཡིད་བཞིན་དུ། །འགྲུབ་པར་གསོལ་བ་དྲག་ཏུ་གདབ། །གསུམ་པ་གཏང་རག་མཆོད་པ་འབུལ་བ་ནི། །མཆོད་སྤྲིན་གཟུངས་སྔགས་ལན་གསུམ་བརྗོད་བྱིན་བརླབ། །དྭངས་བསིལ་ཡན་ལག་བརྒྱད་ལྡན་གཙང་ཞིང་བཟང་། །རྡོ་རྗེའི་མཆོད་ཡོན་ཞིང་ཁམས་རྒྱ་མཚོར་སྤེལ། །འཆི་མེད་བཅོམ་ལྡན་རྣམ་རྒྱལ་དཀྱིལ་འཁོར་ལ། །མཆོད་འབུལ་ཐུགས་རྗེས་


SPN002_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེར་དགོངས་བཞེས་བྱིན་རློབས། ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། རྣམ་དག་དྲི་མེད་ཡིད་འོང་ཚངས་རལ་ཀླུང་། །རྡོ་རྗེའི་ཞབས་བསིལ་ཞིང་ཁམས་རྒྱ་མཚོར་སྤེལ། །འཆི་མེད་བཅོམ་ལྡན་རྣམ་རྒྱལ་དཀྱིལ་འཁོར་ལ། །མཆོད་འབུལ་ཐུགས་རྗེས་བརྩེར་དགོངས་བཞེས་བྱིན་རློབས། །པཱ་དྱཾ། ཆུ་དང་ཐང་སྐྱེས་དགའ་ཚལ་སྣ་ཚོགས་པ། །རྡོ་རྗེའི་མེ་ཏོག་ཞིང་ཁམས་རྒྱ་མཚོར་སྤེལ། །འཆི་མེད་བཅོམ་ལྡན་རྣམ་རྒྱལ་དཀྱིལ་འཁོར་ལ། །མཆོད་འབུལ་ཐུགས་རྗེས་བརྩེར་དགོངས་བཞེས་བྱིན་རློབས། །པུཥྤེ། ཧ་རི་ཙནྡན་མ་ལ་ཡ་རླུང་བསྐུལ། །རྡོ་རྗེའི་བདུག་སྤོས་ཞིང་ཁམས་རྒྱ་ཚོར་སྤེལ། །འཆི་མེད་བཅོམ་ལྡན་རྣམ་རྒྱལ་དཀྱིལ་འཁོར་ལ། །མཆོད་འབུལ་ཐུགས་རྗེས་བརྩེར་དགོངས་བཞེས་བྱིན་རློབས། །དྷཱུ་པེ། ཉི་ཟླ་ནོར་བུའི་འོད་ཟེར་སྟོང་གསུམ་འབར། །རྡོ་རྗེའི་སྣང་གསལ་ཞིང་ཁམས་རྒྱ་མཚོར་སྤེལ། །འཆི་མེད་བཅོམ་ལྡན་རྣམ་རྒྱལ་དཀྱིལ་འཁོར་ལ། །མཆོད་འབུལ་ཐུགས་རྗེས་བརྩེར་དགོངས་བཞེས་བྱིན་རློབས། །ཨཱ་ལོ་ཀེ། བསུང་ཞིམ་ཇི་སྙེད་བྱུགས་པའི་བྱེ་བྲག་རྣམས། །རྡོ་རྗེའི་དྲི་ཆབ་ཞིང་ཁམས་རྒྱ་མཚོར་སྤེལ། །འཆི་མེད་བཅོམ་ལྡན་རྣམ་རྒྱལ་དཀྱིལ་འཁོར་ལ། །མཆོད་འབུལ་ཐུགས་རྗེས་བརྩེར་དགོངས་བཞེས་བྱིན་རློབས། །གནྡྷེ། ལྷ་ཡི་བཤོས་གཙང་ཡིད་འོང་རོ་བརྒྱ་ལྡན། །རྡོ་རྗེའི་ཞལ་ཟས་ཞིང་ཁམས་རྒྱ་མཚོར་སྤེལ། །


SPN002_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་མེད་བཅོམ་ལྡན་རྣམ་རྒྱལ་དཀྱིལ་འཁོར་ལ། །མཆོད་འབུལ་ཐུགས་རྗེས་བརྩེར་དགོངས་བཞེས་བྱིན་རློབས། །ནཻ་ཝིདྱ། སྒྲ་སྙན་དབྱངས་ཀྱི་རྒྱུད་མངས་སྲིད་གསུམ་ཁྱབ། །རྡོ་རྗེའི་རོལ་མོ་ཞིང་ཁམས་རྒྱ་མཚོ་སྤེལ། །འཆི་མེད་བཅོམ་ལྡན་རྣམ་རྒྱལ་དཀྱིལ་འཁོར་ལ། །མཆོད་འབུལ་ཐུགས་རྗེས་བརྩེར་དགོངས་བཞེས་བྱིན་རློབས། །ཤབྡ་ཨཱཿཧཱུྃ། གི་བར་གྱིས་བཆོད། ཨིནྡྲ་སྙིལ་མཚུངས་རལ་གྲི་པགས་མཉན་འཇམ། །མཚོ་གླིང་སྐྱེད་ཚལ་དབང་གཞུ་ལྟར་བཀྲའི་གོས། །བཻཌཱུར་མཆིལ་ལྷམ་བཀོད་ལེགས་ཁང་བཟང་མཛེས། །ཡིད་འཕྲོག་ལྷ་རྫས་བདེ་ལྡན་གཟིམས་ཆ་སོགས། །ཉེ་བའི་རིན་ཆེན་དད་པས་འབུལ་ལགས་ན། །འཕགས་ནོར་བདུན་གྱི་དབང་འབྱོར་མཛད་དུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་ཨུ་པ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། བཞི་པ་ཕྱག་འཚལ་བསྟོད་པ་འབུལ་བ་ནི། ཚེ་མཐའ་ཡས་པའི་རང་གཟུགས་མཆོག །དུས་གསུམ་རྒྱལ་ཀུན་བསྐྱེད་པའི་གཞི། །དཔལ་ལྡན་རྗེ་བཙུན་རྣམ་རྒྱལ་མར། །ཕྱག་འཚལ་ཡོན་ཏན་བརྗོད་ཅིང་བསྟོད། །རབ་དཀར་སྟོན་ཟླའི་ཁ་དོག་ཅན། །ཐུགས་རྗེའི་འོད་སྣང་བྱེ་བ་ཡིས། །ཡིད་ཅན་ཀུ་མུཏ་གཉེན་གྱུར་ཅིང་། །ཕྱག་འཚལ་དད་གསུམ་བསྐྱེད་ཅིང་བསྟོད། །ཕན་བདེ་ཞི་བསིལ་བདུད་རྩི་ཡིས། །ཉོན་མོངས་ངན་སོང་ཚ་གདུང་བཅོམ། །རྣམ་གྲོལ་བདེ་བར་


SPN002_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་པའི་ཡུམ། །ཕྱག་འཚལ་སྒོ་གསུམ་འདུད་བཅས་བསྟོད། །འགྲོ་བ་སྒྲོལ་ལ་བརྩེ་བ་ཅན། །ཚད་མེད་སྙིང་རྗེའི་སྟོབས་འཆང་བ། །འཇིག་རྟེན་དབང་དང་གསང་སྔགས་བདག །རྡོ་རྗེ་འཛིན་པར་ཕྱག་འཚལ་བསྟོད། །ཆོས་དབྱིངས་ཞི་ལས་མ་གཡོས་ཀྱང་། །ཐབས་ཀྱི་ཁྲོ་ཆེན་གཏུམ་པོའི་སྐུ། །བཞེངས་ནས་ལོག་འདྲེན་མཐར་བྱེད་པ། །མི་གཡོ་མགོན་དང་འདོད་པའི་རྒྱལ། །དབྱུག་སྔོན་ཅན་དང་སྟོབས་པོ་ཆེ། །རྫུ་འཕྲུལ་དབང་བསྒྱུར་ཕྱག་འཚལ་བསྟོད། །བཅོམ་ལྡན་དགྱེས་བྱེད་ཁྲུས་ཆབ་རྒྱུན། །བསིལ་བྱེད་རིན་ཆེན་བུམ་པ་བཟང་། །འཛིན་བཞིན་རིམ་གྲོའི་མཆོད་པར་བརྩོན། །ལྷ་ཡི་ཁྱེའུ་ཆུང་གཉིས་ཀྱང་བསྟོད། །དེ་ལྟར་འཕགས་མ་ལྷ་དགུ་དང་། །དཀོན་མཆོག་རྒྱ་མཚོ་རབ་འབྱམས་ཀྱི། །ཞིང་བདག་རྒྱལ་བ་མ་ལུས་པར། །གུས་པའི་ཡིད་ཀྱིས་ལུས་རྡུལ་སྙེད། །སྤྲུལ་ནས་ཕྱག་འཚལ་གུས་པས་བསྟོད། །ཚེ་རབས་ཀུན་ཏུ་འབྲལ་མེད་པར། །ཡང་དག་ཡེ་ཤེས་མཆོག་བརྙེས་ནས། །ལྷ་གཅིག་ཁྱོད་དང་དབྱེར་མེད་ཤོག །ལྔ་པ་འགལ་འཁྲུལ་ནོངས་པ་བཟོད་གསོལ་ནི། མ་འབྱོར་པ་དང་སོགས་ཤླཽ་ཀ་གཅིག་དང་། བདག་ནི་བྱིས་བློ་རྨོངས་པ་ཡི། །དབང་གྱུར་ཉོན་མོངས་སྒྲིབ་པས་བྱིངས། །ཏིང་འཛིན་སྔགས་དང་ཕྱག་རྒྱ་སོགས། །འགལ་འཁྲུལ་ལྷག་ཆད་ཅི་མཆིས་དང་། །མཆོད་པའི་ཡོ་བྱད་མ་ཚང་ཞིང་། །ནོངས་པར་གྱུར་


SPN002_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལས་གང་དག །མགོན་པོ་ཐུགས་རྗེ་ལྡན་རྣམས་ཀྱི། །དྲུང་དུ་བཟོད་གསོལ་འཕྲལ་ཡུན་གྱི། །སྒྲིབ་པར་མི་འགྱུར་དབུགས་དབྱུང་ནས། །གྲུབ་གཉིས་དམ་པའི་མཆོག་སྩོལ་མཛོད། །དེ་ནས་དབྱངས་གསལ་ཡི་གེ་བརྒྱ་པ་དང་། །རྟེན་འབྲེལ་སྙིང་པོ་ལ་སོགས་ལན་གསུམ་བརྗོད། །དྲུག་པ་བསྡུ་རིམ་བརྟན་བཞུགས་རྒྱས་གདབ་ནི། །ༀ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་སོགས་ནས། ༀ་བཛྲ་མུཿཡེ་ཤེས་པ་གཤེགས་པའམ། ༀ་ཨཱཿཧཱུྃ། བརྗོད་རང་གི་དཔྲལ་ཐིམ་བསྒོམ། རྟེན་ཡོད་ན། བདག་དང་འགྲོ་ལ་སོགས་དང་། ༀ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་པས་བརྟན་བཞུགས་རབ་གནས་མཆོག་ཏུ་འགྱུར། །བདུན་པ་བསྔོ་བ་སྨོན་ལམ་མཚམས་སྦྱོར་ནི། །དུས་གསུམ་འཇིག་རྟེན་སྒྲོན་མ་མཆོག་རྣམས་ཀྱིས། །བསྔོ་བར་རབ་བསྔགས་ཇི་ལྟར་བདག་གིས་ཀྱང་། །ལེགས་བྱས་འདིས་མཚོན་དགེ་ཚོགས་ཀླུང་རྒྱུན་རྣམས། །འགྲོ་ཀུན་བྱང་ཆུབ་རྒྱ་མཚོར་འཇུག་ཕྱིར་བསྔོ། །རྒྱལ་སྲས་ཐུ་པོ་རྣམས་ཀྱིས་ཡང་དག་པ། །བླ་མེད་ཐུགས་བསྐྱེད་ཟབ་མོའི་དགོངས་པའི་དོན། །ཇི་བཞིན་ཡོངས་བསྔོ་ཟག་བཅས་ཟག་མེད་ཀྱི། །ཇི་སྙེད་དགེ་གང་མཆིས་པ་དེ་སྙེད་ཀྱང་། །སེམས་ཅན་ཐམས་ཅད་སྐུ་ལྔ་ཡོངས་རྫོགས་ནས། །མངོན་པར་རྫོགས་པའི་སངས་རྒྱས་ཐོབ་ཕྱིར་བསྔོ། །དགེ་བ་འདིས་མཚོན་བདག་གཞན་འགྲོ་རྒྱུད་ལ། །


SPN002_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་མེད་ཞེན་བྲལ་སྦྱིན་དང་བག་ཡོད་ཀྱི། །སྡོམ་ལ་རབ་གནས་ཚུལ་ཁྲིམས་ཡིད་འབྱུང་བའི། །ཟུག་རྔུས་གཙེར་མེད་བཟོད་ཐོབ་ཆོས་ཀུན་ལ། །འཇུག་པའི་ལེ་ལོ་བྲལ་བའི་བརྩོན་འགྲུས་ལྡན། །ཏིང་འཛིན་ཕྲག་བརྒྱ་གཡོ་མེད་བསམ་གཏན་དང་། །རྣམ་ཐར་སྒོ་གསུམ་ཆགས་ཐོགས་མ་ིམངའ་བའི། །ཤེས་རབ་ལ་སོགས་ཕ་རོལ་ཕྱིན་དྲུག་གི། །ཡོན་ཏན་ཡོངས་རྫོགས་སྨོན་ལམ་བཟང་པོའི་མཐུ། །དེང་འདིར་གེགས་མེད་མྱུར་དུ་འགྲུབ་གྱུར་ཅིག །བརྒྱད་པ་ཤིས་བརྗོད་མེ་ཏོག་འཐོར་ནས་སུ། །ༀ། འགྲུབ་བར་གྱུར་ཅིག་སྐུ་ཡི་བཀྲ་ཤིས་སྐྱེ་འགག་གནས་མེད་ཆོས་ཀྱི་དབྱིངས། །གསུང་གི་བཀྲ་ཤིས་ཚངས་དབྱངས་འགག་མེད་ལོངས་སྤྱོད་རྫོགས། །ཐུགས་ཀྱི་བཀྲ་ཤིས་དོན་དམ་འཁྲུལ་མེད་སྤྲུལ་པའི་སྐུ། །རྡོ་རྗེ་གསུམ་ལྡན་སྐུ་གསུམ་བཀྲ་ཤིས་དེང་འདིར་བདེ་ལེགས་ཤོག །རྒྱལ་ཡུམ་བཀྲ་ཤིས་འཆི་མེད་མཆོག་སྩོལ་ཚེ་དཔག་མེད། །རྣམ་རྒྱལ་བཀྲ་ཤིས་ཆུ་ཤེལ་འོད་དཀར་ཆ་ཤས་གང་། །གང་འདིར་བཀྲ་ཤིས་འགྲོ་ལ་ཉོན་མོངས་གདུང་སེལ་བའི། །བདེན་པ་དམ་པའི་སྣང་བས་བཀྲ་ཤིས་དེང་འདིར་བདེ་ལེགས་ཤོག །བྱང་སེམས་བཀྲ་ཤིས་དམ་བཅས་འགྲོ་ལ་བརྩེ་ལྡན་ཞིང་། །འགྲོ་འདུལ་བཀྲ་ཤིས་ཐུགས་རྗེའི་སྤྱན་རས་དུས་དྲུག་གཟིགས། །སྲིད་


SPN002_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཞིར་བཀྲ་ཤིས་ཐབས་མཁས་ངན་སོང་སྡུག་བསྔལ་སྒྲོལ། །བྱམས་ཆེན་ཕྲིན་ལས་རྨད་བྱུང་བཀྲ་ཤིས་དེང་འདིར་བདེ་ལེགས་ཤོག །གསང་བདག་བཀྲ་ཤིས་རྒྱལ་ཀུན་བཀའ་ཡི་བསྡུ་པ་པོ། །རྡོར་འཛིན་བཀྲ་ཤིས་ལོག་སྨྲ་མུ་སྟེགས་ཕམ་མཛད་པའི། །བསྟན་ལ་བཀྲ་ཤིས་མི་ནུབ་རྒྱལ་མཚན་སྲིད་རྩེར་བསྒྲེངས། །ཁོར་ཡུག་ཀུན་ཏུ་ཁྱབ་པའི་བཀྲ་ཤིས་དེང་འདིར་བདེ་ལེགས་ཤོག །གཏུམ་ཆེན་བཀྲ་ཤིས་ཆོས་ཉིད་དབྱིངས་ལས་གར་དགུའི་སྐུ། །ཁྲོ་རྒྱལ་བཀྲ་ཤིས་མི་གཡོ་འདོད་རྒྱལ་དབྱུག་སྟོབས་ཆེན། །དཔའ་བོའི་བཀྲ་ཤིས་ཁྲག་འཐུང་རྔམས་བརྗིད་རོལ་པ་ཡིས། །ཉོན་མོངས་བདུད་བཞི་འཇོམས་པའི་བཀྲ་ཤིས་དེང་འདིར་བདེ་ལེགས་ཤོག །གཙང་གནས་བཀྲ་ཤིས་དགའ་བདེའི་ལོངས་སྤྱོད་དཔག་ཡས་ཅན། །ལྷ་བུའི་བཀྲ་ཤིས་ཚངས་རལ་བུམ་པ་བཟང་གཏམས་ནས། །རྒྱལ་ལ་བཀྲ་ཤིས་ཁྲུས་གསོལ་སིམ་བྱེད་མཆོད་འབུལ་མཐུས། །སྲིད་འགྲོར་ཞི་བསིལ་རྒྱུན་གྱི་བཀྲ་ཤིས་དེང་འདིར་བདེ་ལེགས་ཤོག །མཆོག་གསུམ་བཀྲ་ཤིས་མཁའ་ཁྱབ་མཐའ་དང་བྲལ་བའི་དབྱིངས། །རྩ་གསུམ་བཀྲ་ཤིས་རྣམ་འཕྲུལ་ཉི་ཟླའི་དཀྱིལ་འཁོར་གསལ། །ཕྱོགས་བཅུའི་བཀྲ་ཤིས་ཞིང་ཁམས་རྒྱ་མཚོའི་དཔལ་ཡོན་ལས། །དོན་གཉིས་ནོར་བུ་མཆོག་ཐོབ་བཀྲ་ཤིས་དེང་འདིར་བདེ་ལེགས་ཤོག །


SPN002_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་དབང་བཀྲ་ཤིས་ཡོངས་འདུ་ས་བརྟོལ་རྩ་བརྟན་ཅིང་། །རྒྱལ་ཆེན་བཀྲ་ཤིས་ལོ་འདབ་འབྲས་བུ་རྟག་པར་རྒྱས། །དཀར་ཕྱོགས་བཀྲ་ཤིས་རྒྱལ་བསྟན་བླ་ན་འདེགས་བཞིན་དུ། །སྐྱེ་དགུ་ངལ་འཚོའི་གཞིར་འགྱུར་བཀྲ་ཤིས་དེང་འདིར་བདེ་ལེགས་ཤོག །བདག་གཞན་བཀྲ་ཤིས་རིམ་གཉིས་ལམ་བསླབ་གྲུར་འཇུག་ཅིང་། །གནས་སྐབས་བཀྲ་ཤིས་བསམ་འགྲུབ་ཉེར་བརྩོན་སྐྱ་བས་བསྐུལ། །རྟག་ཏུ་བཀྲ་ཤིས་འཁོར་མཚོ་ཆུ་བཞི་ལས་བརྒལ་ནས། །ཐར་ཆེན་ཞིང་འགྲོད་མཐར་ཐུག་བཀྲ་ཤིས་དེང་འདིར་བདེ་ལེགས་ཤོག །ཕྱི་སྣོད་བཀྲ་ཤིས་འབྱུང་ལྔའི་སྟོབས་འཕེལ་གྲོགས་འགྱུར་ནས། །ནང་བཅུད་བཀྲ་ཤིས་སེམས་ཅན་བདེ་ལྡན་སྡུག་བསྔལ་བྲལ། །རྣམ་ཀུན་བཀྲ་ཤིས་དམ་པ་ཆོས་ཀྱི་སྐལ་ལྡན་ཅིང་། །མངོན་མཐོ་ངེས་ལེགས་མཆོག་ཐོབ་བཀྲ་ཤིས་དེང་འདིར་བདེ་ལེགས་ཤོག །དེ་ནས་དཀྱིལ་འཁོར་བསྡུ་ཞིང་མཆོད་པ་རྣམས། །གཙང་སར་གཤེགས་སམ་སྔགས་ཀྱིས་བྱིན་བརླབ་ནས། །དངོས་གྲུབ་སྤྱོད་སོགས་གང་བདེར་ལས་ཀྱི་རྗེས། །མི་མངོན་པར་བྱ་བསོད་ནམས་ཚོགས་ཆེན་འཐོབ། །དེ་ལྟར་བཅོམ་ལྡན་གཙུག་ཏོར་ལྷ་དགུ་ཡི། །མཆོད་ཅིང་བསྟོད་སྒྲུབ་རིམ་པ་ངོ་མཚར་ཕུལ། །དཔག་བསམ་རྐང་འཐུང་འདོད་དགུའི་ལོ་འདབ་གཡོ། །དངོས་གྲུབ་འབྲས་བུ་གཡུར་དུ་ཟ་བཞིན་པར། །འབད་མེད་རེ་སྐོང་ཡོངས་ཀྱི་སྤྱི་ནོར་སྐལ། །སྤེལ་བའི་ལེགས་བྱས་དགེ་གང་མཆིས་སོ་ཅོག །དཔལ་ལྡན་རྡོ་རྗེ་ཅན་ཞབས་ཡུན་དུ་


SPN002_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

གནས། །བཀའ་བརྒྱུད་བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་ཁྱབ། །བདག་སོགས་བསམ་དོན་ཆོས་བཞིན་འགྲུབ་པ་དང་། །ལྟོས་བཅས་འབྲེལ་དང་ཐོགས་མེད་མ་གྱུར་རྣམས། །ཉོན་ཤེས་སྒྲིབ་ཚོགས་བག་ཆགས་དྲུངས་ཕྱུང་ནས། །མྱང་འདས་མངོན་པར་འཚང་རྒྱ་ཉིད་གྱུར་ཅིག །ཚུལ་བཞིན་འགལ་འཁྲུལ་ནོངས་གྱུར་ཚེ་རབས་ཀྱི། །སྡིག་དང་ལྷན་ཅིག་བཟོད་བཞེས་དག་ཚངས་སྩོལ། །ཅེས་པའང་བཀྲ་ཤིས་ཟུར་མང་ལྷུན་གྲུབ་གླིང་གི་བསྟན་པའི་མངའ་བདག་གར་དབང་ཆོས་སྐྱོང་འགྱུར་མེད་ཀྱིས་བཀའ་གནང་ལྟར། སི་ཏུ་པདྨ་ཉིན་བྱེད་དབང་པོས་ས་ཟླའི་ཡར་ཚེས་བཟང་པོར་བཀོད་པ་དགེ་བར་གྱུར་ཅིག །ཤུ་བྷཾ་མསྟུ་སརྦ་ཛ་ག་ཏཾ།། །།


previousགཙུག་ཏོར་རྣམ་པར་རྒྱལ་མའི་མཆོད་ཆོག་ཡིད་བཞིན་རེ་སྐོང་ནོར་བུའི་གྲུ་ཆར། next