Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
དཔལ་དུས་ཀྱི་འཁོར་ལོའི་སྦྱོར་དྲུག་གི་སྔོན་འགྲོ་ཆོས་སྤྱོད་ཀྱི་ངག་འདོན།
   
   
   
   
   
   
   
   
   
   
   
   


 
previousདཔལ་དུས་ཀྱི་འཁོར་ལོའི་སྦྱོར་དྲུག་གི་སྔོན་འགྲོ་ཆོས་སྤྱོད་ཀྱི་ངག་འདོན། next

དཔལ་དུས་ཀྱི་འཁོར་ལོའི་སྦྱོར་དྲུག་གི་སྔོན་འགྲོ་ཆོས་སྤྱོད་ཀྱི་ངག་འདོན།


SPN002_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དུས་ཀྱི་འཁོར་ལོའི་སྦྱོར་དྲུག་གི་སྔོན་འགྲོ་ཆོས་སྤྱོད་ཀྱི་ངག་འདོན་བཞུགས་སོ། །ན་མོ་གུ་ར་ཝེ། གང་ཞིག་སྲིད་དང་ཞི་བའི་དངོས་པོ་རྣམས། །མི་འགྱུར་བདེ་བ་ཆེན་པོའི་དབྱིངས་ཉིད་དུ། །རྒྱས་གདབ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཆོག །མངོན་པར་གསལ་སྟོན་དཔལ་ལྡན་བླ་མར་འདུད། །དུས་གསུམ་རྒྱལ་དང་རྒྱལ་སྲས་ཀྱི། །འཇུག་ངོགས་བླ་ན་མེད་པ་ཡི། །ཟབ་མོའི་ལམ་མཆོག་འདིར་གུས་རྣམས། །སྔོན་འགྲོའི་ཆོས་ལ་འབད་པར་རིགས། །དེ་ཡང་གང་ཟག་སྐལ་བ་མཆོག་དང་ལྡན་ཞིང་དད་མོས་དམ་ཚིག་ཅན་གྱིས་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ཉམས་སུ་ལེན་པ་ལ་རྒྱུད་སྣོད་རུང་དུ་བྱ་ཕྱིར་ཐུན་མོང་སྔོན་འགྲོ་ཆོས་སྤྱོད་ཀྱི་རིམ་པ་ལ་ལྔ་སྟེ།


SPN002_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མར་ཐེག་ཆེན་ལམ་གྱི་གཞི་རྟེན་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ། སྡིག་སྒྲིབ་བག་ཆགས་སྦྱོང་བྱེད་རྡོར་སེམས་བསྐྱེད་བཟླས། ཚོགས་གཉིས་མྱུར་དུ་རྫོགས་ཕྱིར་མཎྜལ་མཆོད་འབུལ། ཐུགས་རྗེས་རྒྱུད་གྲོལ་སྨིན་བྱེད་བླ་མའི་རྣལ་འབྱོར་བཅས་དང་། ཐུན་མོང་མིན་པའི་སྔོན་འགྲོ་རྫོགས་རིམ་གྱི་རྟེན་བསྐྱེད་རིམ་ལྷའི་རྣལ་འབྱོར་སོགས་ཀྱི་ངག་འདོན་མཐར་ཆགས་སུ་བསྟར་ལ། དང་པོ་དབེན་པའི་གནས་སུ་བདེ་བའི་སྟན་ལ་ལུས་གནད་དཀྱུས་མཐུན་ཙམ་བཅས། སེམས་རྣལ་དུ་ཕབ་ནས། དག་པའི་ཞིང་ཁམས་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། ལྷའི་གཞལ་ཡས་ཁང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་རྒྱ་ཁྱོན་བཀོད་ལེགས་དེའི་དབུས་སུ། དཔག་བསམ་ལྗོན་པ་རྩ་བ་བརྟན་ལ་ཡལ་ག་དང་ལོ་མ་མེ་ཏོག་དང་འབྲས་བུ་རྒྱས་པའི་སྟེང་དུ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི། སྣ་ཚོགས་པདྨ་དང་ཉི་ཟླའི་སྟེང་དུ། ངོ་བོར་རང་གི་རྩ་བའི་བླ་མ་རྣམ་པ་རྡོ་རྗེ་འཆང་གི་སྐུ་ཅན་ལ་བརྒྱུད་པའི་བླ་མ་ཐམས་ཅད་སྤྲིན་ལྟར་གཏིབས་པ། དེ་ལ་ཡི་དམ་རྒྱུད་སྡེ་བཞིའི་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱིས་བསྐོར་ཞིང་། ཕྱོགས་ཀྱི་ས་གཞི་ལ་སེང་ཁྲི་པདྨ་ཉི་ཟླའི་གདན་རེ་རེ་གསལ་བའི་མདུན་དུ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་སྤྲུལ་པའི་སྐུ་རྣམས་ཀྱིས་བསྐོར་བ་དང་། གཡས་སུ་འཕགས་པ་འཇམ་དཔལ་ཉེ་བའི་སྲས་བརྒྱད་སོགས་བྱང་སེམས་འཕགས་པའི་དགེ་འདུན་རྣམས་དང་། གཡོན་དུ་མཆོག་ཟུང་གཉིས་སོགས་ཉན་རང་འཕགས་པའི་དགེ་འདུན་གྱི་ཚོགས་དང་། རྒྱབ་ཕྱོགས་སུ་ཆོས་དཀོན་མཆོག་དམ་བའི་ཆོས་གསུང་རབ་གླེགས་བམ་གྱི་རྣམ་པ། གདན་


SPN002_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲི་རྣམས་ཀྱི་བར་མཚམས་སུ་ཡེ་ཤེས་ཆོས་སྐྱོང་རྣམས་དང་། དཔའ་བོ་མཁའ་འགྲོ་ལ་སོགས་པ་ཐམས་ཅད་སྲུང་སྐྱོབ་ཀྱི་ཚུལ་དུ་བཞུགས་པར་མོས་ལ། དེ་རྣམས་ཀྱི་དྲུང་དུ་ལྷན་ཅིག་མ་གྱུར་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས་སྐྱབས་ཡུལ་རྣམས་ཀྱིས་ཡོན་ཏན་དྲན་བཞིན་པའི་སྒོ་ནས་སྐྱབས་སུ་འགྲོ་བ་དང་། རིགས་དྲུག་སེམས་ཅན་གྱི་སྡུག་བསྔལ་ལ་སྙིང་རྗེས་ཀུན་ནས་བསླངས་ཏེ་ཐར་པའི་གནས་སུ་དྲང་བའི་འདུན་པ་དང་ལྡན་པས། མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཆོས་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ༴། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ༴། དམ་པའི་ཆོས་རྣམས་ལ༴། འཕགས་པའི་དགེ་འདུན་རྣམས་ལ་༴། མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། །དེ་ལྟར་ཚོགས་ཞིང་རྣམས་ལ་བློ་གཏད་ལིང་སྐྱུར་གྱིས་སྐྱབས་འགྲོ་ཅི་ནུས་བྱ་ཞིང་། མཐར། བླ་མ་དཀོན་མཆོག་རིན་པོ་ཆེ་ཁྱེད་རྣམས་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ལན་གསུམ་གསོལ་བ་གདབ། སྐྱབས་ཡུལ་རྣམས་འོད་དུ་ཞུ་སྟེ་རང་ལ་ཐིམ། ཅི་གནས་སུ་མཉམ་པར་བཞག །བསྔོ་བ་ནི། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་


SPN002_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་པོ་ཐོབ་པར་ཤོག །ཅེས་བརྗོད། འདི་སྐབས་ཉལ་བའི་རྣལ་འབྱོར་ནི། སྐྱབས་ཡུལ་རྣམས་བསྡུས་པར་བླ་མའི་སྐུའི་མདུན་ཕྱོགས་ཀྱི་ས་གཞིར་པད་ཟླའི་གདན་ལ་རང་ཉིད་ཉལ་བར་མོས་ཏེ། སྐྱབས་ཡུལ་ལ་མོས་གུས་བསྒོམ་བཞིན་པས་གཉིད་དུ་འགྲོ་བར་བྱའོ། །ཞར་བྱུང་གི་མན་ངག་གོ། །དེ་ནས་གཉིས་པ་སེམས་བསྐྱེད་ནི། ཕྱོགས་བཅུ་ནམ་མཁའི་མཐའ་དང་མཉམ་པའི་འཇིག་རྟེན་གྱི་ཁམས་ལ་བློས་གཞིག་བཏང་ནས། བདག་གཞན་ཐམས་ཅད་བདེ་བ་ལྟར་སྣང་ཉི་ཚེ་བའི་ངང་ནས། སྡུག་བསྔལ་མཐའ་མེད་ཁོར་མོ་ཡུག་ཏུ་སྤྱོད་བཞིན་པ་ལ་ཡིད་སྐྱོ་ཤས་དང་བཅས་སྨོན་འཇུག་གི་སེམས་བསྐྱེད་པ་དང་། ཚད་མེད་བཞིའི་དོན་བསྒོམ་པ་རང་རྒྱུད་ལ་ཅི་འདྲེར་བྱ་ཞིང་ངག་ཏུ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་བྱ། དེའི་ཕྱིར་དུ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་བསྒོམ་པར་བགྱིའོ། །སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག །ངག་


SPN002_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཅི་ནུས་བརྗོད་མཐར་དགེ་བསྔོ་བཅས་བྱ། གསུམ་པ་རྡོར་སེམས་ནི། རང་གི་སྤྱི་བོར་པྃ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ། ལྟེ་བ་ལ་ཧཱུྃ་གིས་མཚན་པ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་ཧཱུྃ་ལ་ཐིམ། དེ་འོད་དུ་ཞུ་བ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། རྡོ་རྗེ་དང་པདྨའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་དཔྲལ་བར་ༀ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། ལྟེ་བར་ཧོཿཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་བསྟིམ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱིས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ༀ་ཤྲི་བཛྲ་ཧེ་རུ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ཧེ་རུ་ཀ་ཏྭེ་ནོ་


SPN002_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡ། ཀུ་རུ་ཧཱུྃ་ཧ་ཧ་ཧ་ཧ་ཧོཿབྷ་ག་ཝཱན། བཛྲ་ཧེ་རུ་ཀ་མཱ་མེ་མུཉྩ། ཧེ་རུ་ཀོ་བྷ་བ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿཧཱུྃ་ཕཊ། ཅེས་ཅི་ནུས་བཟླ་ཞིང་། སྔགས་དོན་དང་མཐུན་པར་གསོལ་བ་གདབ་པ་ནི། ཐུགས་ཀར་ཟླ་སྟེང་ཧཱུྃ་མཐར་སྔགས་ཕྲེང་ཞལ་ནང་བསྟན་དེ་ལས་བདུད་རྩི་བབས། སྐུ་གང་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་སྤྲོས། སྦྱོར་མཚམས་དང་སྐུའི་ཆ་རྣམས་ལས་བདུད་རྩིའི་འོ་རྒྱུན་བབས། རང་ལུས་ཤེལ་བུམ་གང་བ་ལྟར། ནད་གདོན་བག་ཆགས་དྲི་མ་ཕྱིར་ལུད་པར་དམིགས་ནས་མཐར། བདག་ནི་མི་ཤེས་རྨོངས་པ་སྟེ། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱོབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། རྡོ་རྗེ་སེམས་དཔའ་ཡབ་ཡུམ་འོད་དུ་ཞུ་སྟེ་རང་ལ་ཐིམ། གནས་ལུགས་བསྐྱང་། བསྔོ་བ་ནི། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་སེམས་


SPN002_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །སྡིག་སྒྲིབ་དག་པའ་ིརྟགས་ཀྱང་ཡང་ཡང་འབྱུང་ངོ་། །བཞི་པ་མཎྜལ་ནི། དངོས་འབྱོར་དང་ཡིད་ཀྱིས་སྤྲུལ་པའི་མཆོད་པ་འདི་སྐབས་དང་བླ་མའི་རྣལ་འབྱོར་བཅས་ལ་རྟེན་འབྱུང་གི་ཆེད་དུ་གཙོར་བཏོན་དགོས་པས། དཀོན་མཆོག་གི་རྟེན་བཀྲམ་པའི་དྲུང་། མཆོད་རྫས་གང་འབྱོར་ཚར་དུ་དངར་བ་དང་། མཎྜལ་རྒྱུ་རིན་པོ་ཆེ་ལས་གྲུབ་པ་སོགས་གང་རྙེད་དང་། དྲི་བཟང་གི་ཆུ་དང་། འབྲུ་སྣ་ལ་སོགས་པ་བཅས་འདུ་བྱས་ལ། མདུན་གྱི་ནམ་མཁར་གཞལ་མེད་ཁང་དང་སྐྱབས་ཡུལ་ཚོགས་ཞིང་རྣམས་སྔར་ལྟར་དམིགས་ལ། བདག་གཞན་སེམས་ཅན་གྱི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བ་ནི། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཅེས་དང་། གང་གི་བཀའ་དྲིན་འོད་ཀྱིས་གསལ་བྱས་བདག་ཉིད་ཀྱི། །དེ་ཉིད་རིན་ཆེན་འོད་ཀྱི་ཚོགས་ཀྱིས་མུན་བཅོམ་ནས། །མིག་སྐྱོན་མེད་རྣམས་རོལ་པར་བཅས་པས་སྟེང་དུ་ནི། །བལྟ་གྱུར་བླ་མ་ཉི་མ་དེ་ལ་ཕྱག་འཚལ་ལོ། །ཞེས་པས་ཕྱག་བྱ། ཁྱོད་ནི་མ་དང་ཁྱོད་ནི་ཕ་སྟེ་ཁྱོད་ནི་འགྲོ་བའི་བླ་མ་ཁྱོད་ནི་གཉེན་དང་གྲོགས་བཟང་ཡང་། །ཁྱོད་ནི་མགོན་པོ་ཁྱོད་ནི་བྱེད་པོ་ཕན་དང་སྡིག་འཕྲོག་ཁྱོད་ནི་གོ་འཕང་ཕུན་སུམ་ཚོགས་པ་ཡང་། །ཁྱོད་ནི་འབའ་ཞིག་


SPN002_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དང་ཁྱོད་ནི་ཡོན་ཏན་མཆོག་གི་གནས་ཏེ་སྐྱོན་རྣམས་བཅོམ་པ་ཁྱོད་ཉིད་དོ། །ཁྱོད་ནི་དམན་པ་རྣམས་ཀྱི་མགོན་དང་ཡིད་བཞིན་ནོར་བུ་རྒྱལ་བའི་དབང་པོ་ཁྱོད་ལ་བདག་ནི་སྐྱབས་སུ་མཆི། །ཞེས་པའམ། བསྡུ་ན། དཔལ་ལྡན་བླ་མ་དམ་པ་དུས་གསུམ་གྱི་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །ཞེས་པས་སྐྱབས་འགྲོ་བྱ། དེ་ནས་ལུས་ཀྱི་ལས་སུ་མཎྜལ་གྱི་ཚོམ་བུ་བཀོད། ཡིད་ཀྱི་དམིགས་པ། འོག་གཞི་འབྱུང་བ་བཞིའི་དཀྱིལ་འཁོར་ལ་བརྟེན་པའི་གླིང་བཞི་རི་རབ་འཁོར་ཡུག་དང་བཅས་པ། སྟེང་ཕྱོགས་སྲིད་པའི་རྩེ་མོ་མན་ཆད་ཁམས་གསུམ་ཡོངས་སུ་རྫོགས་པའི་འཇིག་རྟེན་གྱི་ཁམས་འདིར་རིན་པོ་ཆེ་སྣ་བདུན་ལ་སོགས་པ་ལྷ་དང་མིའི་དངོས་པོ་བཟང་ལ་གྱ་ནོམ་པས་གོ་མཚམས་མེད་ཅིང་ཕྱུར་བུར་བཀང་སྟེ་བླ་མ་དཀོན་མཆོག་རྣམས་ལ་ཕུལ། དེའི་རྗེས་སུ་བདག་མྱུར་དུ་སངས་རྒྱས་ཐོབ་པ་དང་། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཉམས་རྟོགས་སྐྱེ་བར་གསོལ་བ་འདེབས་པ་ཡིན། དེ་དག་གི་སྐབས་ངག་ཏུ། ༀ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞིའི་སྟེང་དུ། ༀ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རི་འཁོར་ཡུག་གིས་བསྐོར་བའི་དབུས་སུ། ཧཱུྃ་རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། བྱང་སྒྲ་མི་སྙན། ནུབ་བ་ལང་སྤྱོད། སྒྲ་གཅན། ཉི་མ། ཟླ་བ། དུས་མེ། དབུས་སུ་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་


SPN002_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

པ་གང་ཡང་མ་ཚང་བ་མེད་པ་འདི་ཉིད་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །བདག་གཞན་ལུས་ངག་ཡིད་གསུམ་དུས་གསུམ་དགེ་ཚོགས་བཅས། །རིན་ཆེན་མཎྜལ་བཟང་པོ་ཀུན་ཏུ་མཆོད་པའི་ཚོགས་བཅས་ལ། །བློ་ཡིས་དམིགས་ནས་བླ་མ་དཀོན་མཆོག་རྣམས་ལ་འབུལ། །ཐུགས་རྗེའི་དབང་གིས་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པའམ། ས་གཞི་སྤོས་སོགས་བརྗོད། ཚུལ་དེས་མཎྜལ་ཅི་ནུས་སུ་ཕུལ། ཐུན་འཇོག་ཁར། མཆོད་ཡུལ་རྣམས་འོད་དུ་ཞུ་སྟེ་རང་ལ་གཉིས་སུ་མེད་པར་ཐིམ། ངོ་བོ་བསྐྱང་ཞིང་དགེ་བསྔོ་སོགས་བྱའོ། །ལྔ་པ་བླ་མའི་རྣལ་འབྱོར་ནི། གནས་ཁང་དག་པའི་ཞིང་དུ་གསལ་བའི་དབུས་སུ། སེང་ཁྲི་པདྨ་ཉི་ཟླའི་གདན་ལ་རྩ་བའི་བླ་མ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་བཟུང་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཚན་དང་དཔེ་བྱད་ཐམས་ཅད་ཡོངས་སུ་རྫོགས་ཤིང་། རང་ལ་དགྱེས་པའི་ཞལ་འཛུམ་བག་དང་ལྡན་པ། འོད་དང་འོད་ཟེར་གྱི་ཚོགས་


SPN002_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡས་པ་འཕྲོ་བའི་སྐུ་ཅན། མཐའ་སྐོར་དུ་བརྒྱུད་པའི་བླ་མ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། སངས་རྒྱས་བྱང་སེམས། འཕགས་པ་ཉན་རང་། ཆོས་སྐྱོང་སྲུང་མ་ཐམས་ཅད་བཞུགས་པར་གྱུར། སྤྲོས་པ་ལ་དགའ་ན་ཕྱག་མཆོད་ཡན་ལག་བདུན་པ་རྒྱས་པར་བྱ། བསྡུ་ན་ཡིད་ཀྱིས་སྤྲུལ་པའི་མཆོད་པ་བསམ་གྱིས་མི་ཁྱབ་པ་བློས་ཕུལ་ཏེ། དཔལ་ལྡན་བླ་མ་དམ་པ་ལ་བདག་ཕྱག་འཚལ་ལོ། །མཆོད་དོ། །སྡིག་པ་བཤགས་སོ། །དགེ་བ་ལ་རྗེས་སུ་ཡི་རང་ངོ་། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ལོ། །མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་སོ། །དགེ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་བགྱིའོ། །སྐྱབས་སུ་མཆིའོ། །བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བླ་ན་མེད་པའི་ལམ་བསྟེན་པར་བགྱིའོ། །བདག་ལ་ཐུགས་རྗེས་བཟུང་དུ་གསོལ། །ཞེས་བརྗོད་ཅིང་དོན་བསམ། བར་འདིར་སྤྲོ་ན་རྩ་བརྒྱུད་ཀྱི་བླ་མའི་གསོལ་འདེབས་ལོགས་ན་ཡོད་པ་རྣམས་བྱ་ཞིང་། བསྡུས་པ་ལ་དགའ་ན་མ་བྱས་ཀྱང་ཆོག །ངེས་པར་གདུང་བ་དྲག་པོས་གསོལ་བ་འདི་ལྟར་གདབ་སྟེ། སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་ཆོས་རྗེ་དཔལ་ལྡན་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །དེ་བཞིན་དུ་སྦྱར་ཏེ། སྐུ་བཞིའི་བདག་ཉིད་བླ་མ་རིན་པོ་ཆེ་ལ༴། སྐྱབས་མཆོག་མཚུངས་མེད༴། འདྲེན་མཆོག་མཚུངས་མེད༴། ཐར་པའི་ལམ་


SPN002_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན༴། དངོས་གྲུབ་འབྱུང་གནས༴། མ་རིག་མུན་སེལ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །བདག་རྩེ་གཅིག་སྒྲུབ་པ་ནུས་པར༴། སྒྲུབ་པ་ལ་བར་ཆད་མི་འབྱུང་བར༴། སྒྲུབ་པ་སྙིང་པོ་ཉམས་སུ་ལོངས་པར༴། སྒྲུབ་པ་རབ་ཀྱི་མཐར་ཕྱིན་པར༴། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་འབྱོངས་བར༴། ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བའི་ཏིང་ངེ་འཛིན་ལ་དབང་ཐོབ་པར༴། ཉམས་མྱོང་དང་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར༴། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་རིམ་པ་མཐར་ཕྱིན་པར༴། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །དེ་ལྟར་རྒྱང་འབོད་གསོལ་འདེབས་སྣང་བ་འགྱུར་ངེས་ཅི་ནུས་ཀྱི་མཐར་བྱིན་རླབས་བསྡུ་བ་ནི། བླ་མའི་སྐུའི་དཔྲལ་བར་ༀ། མགྲིན་པར་ཨཱཿསྙིང་ཁར་ཧཱུྃ། ལྟེ་བར་ཧོཿརྣམས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ངོ་བོར་བཞུགས། ༀ་ལས་འོད་ཟེར་དཀར་པོ་འཕྲོས། རང་གི་དཔྲལ་བར་ཐིམ། ལུས་ཀྱི་སྡིག་སྒྲིབ་དག །བུམ་པའི་དབང་ཐོབ། སྐུའི་བྱིན་རླབས་ཞུགས། ཨཱཿལས་འོད་ཟེར་དམར་པོ་འཕྲོས། རང་གི་མགྲིན་པར་ཐིམ། ངག་གི་སྡིག་སྒྲིབ་དག །གསང་བའི་དབང་


SPN002_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ། །གསུང་གི་བྱིན་རླབས་ཞུགས། ཧཱུྃ་ལས་འོད་ཟེར་མཐིང་ནག་འཕྲོས། རང་གི་སྙིང་གར་ཐིམ། ཡིད་ཀྱི་སྡིག་སྒྲིབ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་ཀྱི་བྱིན་རླབས་ཞུགས། ཧོཿལས་འོད་ཟེར་སེར་པོ་འཕྲོས། རང་གི་ལྟེ་བར་ཐིམ། ཆགས་རྟོག་གི་བག་ཆགས་དག །བཞི་པ་ཡེ་ཤེས་རྡོ་རྗེའི་དབང་ཐོབ། ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཞུགས། དབང་བཞི་ལེན་པ་གྲངས་གསོག་ཚེ། གོང་གི་བླ་མའི་སྐུ་སོགས་ནས་བསྐྱར་ཞིང་མཐར། སླར་ཡང་མོས་གུས་དུང་བ་དང་ཡིད་ཀྱིས་གསོལ་བ་བཏབ་པས་སངས་རྒྱས་བྱང་སེམས་འཁོར་གྱི་ཚུལ་དུ་བཞུགས་པ་རྣམས་བླ་མ་ཉིད་ལ་ཐིམ། དེ་ཉིད་ཤིན་ཏུ་དགྱེས་པའ་ིཚུལ་གྱིས་རང་གི་སྤྱི་བོར་བྱོན། འོད་ཟེར་རམ་བདུད་རྩིའི་ཚུལ་དུ་ཞུ་སྟེ་རང་ལ་ཐིམ། བླ་མ་དང་རང་སེམས་དབྱེར་མེད་པའི་ངང་ལ་ཅུང་ཟད་མཉམ་པར་བཞག །དགེ་བསྔོ་སོགས་བྱའོ། །གཞན་ཡང་། སྐྱེ་བ་ཀུན་ཏུ་སོགས་སྨོན་ལམ་རྣམ་དག་ཅི་རིགས་པའང་བརྗོད། སྔགས་ལམ་གྱི་ཉམས་རྟོགས་ཡོན་ཏན་ཐམས་ཅད་བླ་མའི་བྱིན་རླབས་ཁོ་ནས་ལམ་དུ་བྱེད་དགོས་པས་དེས་ན་བླ་མའི་མཚན་ཉིད་དང་བསྟེན་ཚུལ། མོས་གུས་དད་པའི་ཕན་ཡོན་སོགས་ངེས་པར་བྱས་ནས་ཉམས་སུ་ཅི་ནུས་ལེན་པ་གྲུབ་གཉིས་ཀྱི་རྩ་བ་མཆོག་སྟེ་གལ་ཆེའོ། །དམིགས་པ་འདིའི་ཡན་ལག་ཉལ་བའི་རྣལ་འབྱོར་ནི། རང་གི་སྙིང་པདྨ་འདབ་བརྒྱད་ཀྱི་


SPN002_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བ་ལ་བླ་མ་སྐུ་ཚད་ཚོན་གང་ཙམ་དགྱེས་པའི་འཛུམ་ཞལ་དུ་བཞུགས་པ་ལ་མོས་གུས་དུང་ངེ་བའི་ངང་ལས་གཉིད་དུ་འགྲོ་བར་བྱའོ། །དེ་ནས་ཐུན་མོང་མིན་པའི་སྔོན་འགྲོ་ལ་རྫོགས་རིམ་གྱི་རྟེན་བསྐྱེད་པའི་རིམ་པ་ལྷན་སྐྱེས་ཉིད་བསྔགས་པས་དེའི་སྒོམ་ཚུལ་ནི། ༀ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གིས་དུས་འཁོར་ལྷན་སྐྱེས་སུ་གྱུར་པ་ནི། འབྱུང་བཞི་རི་རབ་པད་ཟླ་ཉི་མ་སྒྲ་གཅན་རྣམས་བརྩེགས་པའི་གདན་ལ། བདག་ཉིད་དཔལ་དུས་ཀྱི་འཁོར་ལོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཡོན་པ་དཀར་པོ་བསྐུམ་པས་དབང་ཕྱུག་དཀར་པོ་དང་། གཡས་པ་དམར་པོ་བརྐྱང་བས་འདོད་ལྷ་དམར་པོའི་སྙིང་གར་མནན་པ། རལ་པའི་ཐོར་ཚུགས་དང་ཡིད་བཞིན་གྱི་ནོར་བུ་དང་། ཟླ་བ་ཕྱེད་པས་དབུ་ལ་བརྒྱན་པ། རྡོ་རྗེའི་རྒྱན་དང་། སྟག་གི་པགས་པའི་ཤམ་ཐབས་ཅན། ཕྱག་སོར་རྣམས་ཁ་དོག་ལྔ་པ་དང་། སོར་ཚིགས་རྣམས་ཁ་དོག་གསུམ་པ། རྡོ་རྗེ་སེམས་དཔས་དབུ་བརྒྱན་ཅིང་། མེ་རི་ཁ་དོག་སྣ་ལྔ་པའི་དབུས་ན་བཞུགས་པ། ཁྲོ་ཆགས་འདྲེས་པའི་ཉམས་ཅན་ནོ། །དེ་ལ་འཁྱུད་པའི་སྣ་ཚོགས་ཡུམ་སྐུ་མདོག་སེར་མོ་ཞལ་གཅིག་


SPN002_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཉིས་སྤྱན་གསུམ་མ། གཡས་གྲི་གུག་དང་། གཡོན་ཐོད་པ་འཛིན་པས་ཡབ་ལ་འཁྱུད་ཅིང་། ཞབས་གཡས་བསྐུམ་གཡོན་བརྐྱང་བས་ཡབ་དང་སྦྱོར་བ། གཅེར་བུ་རུས་པའི་ཕྱག་རྒྱ་ལྔས་བརྒྱན་ཅིང་། དབུ་སྐྲ་ཕྱེད་གྲོལ་བའོ། །དཔྲལ་བར་ༀ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། ལྟེ་བར་ཧོཿགསང་གནས་སུ་སྭཱ། གཙུག་ཏོར་དུ་ཧཱ་རྣམས་འཁོད་པར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། སྣོད་ཐམས་ཅད་གཞལ་ཡས་ཁང་དང་། །བཅུད་ཐམས་ཅད་དུས་ཀྱི་འཁོར་ལོའི་ལྷ་ཚོགས་སུ་གྱུར། དེ་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། ལྷ་སྐུ་གསལ་སྟོང་དེ་ལ་ཅི་ནུས་སུ་མཉམ་པར་བཞག །དེ་ལྟར་བསྒོམ་ཞིང་སྔགས་བཟླ་བ་ནི། ༀ་་སྭཱ་ཧཱ། ཅི་ནུས་དང་། མཐར། ཐུན་འཇོག་པའི་ཚེ། ལྷ་སྐུ་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བ་ཡན་ལག་དྲུག་ཏུ་འདོད། །དེ་དག་ཇི་བཞིན་འགྲུབ་པའི་འདོད་དོན་གསོལ་གདབ་ནི། ལྷ་བདེར་གཤེགས་སྙིང་པོའི་བཀའ་དྲིན་གྱིས། །ཡིད་རྣམ་རྟོག་འགྱུ་བ་སོ་སོར་བཅོད། །ཉམས་འོད་གསལ་རྟགས་བཅུ་རྫོགས་གྱུར་ནས། །ལམ་སོར་སྡུད་འབྱོངས་


SPN002_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱིན་གྱིས་རློབས། །ཕ་དྲིན་ཆེན་བླ་མ་ལ་གསོལ་བ་འདེབས། །འདྲེན་མཆོག་ཡབ་སྲས་རྣམས་ཀྱིས་བྱིན་གྱིས་རློབས། །ལྷ་བདེར་གཤེགས་སྙིང་པོའི་བཀའ་དྲིན་གྱིས། །ཡིད་རླུང་སེམས་ངག་རྣམས་མི་གཡོ་ཞིང་། །ཉམས་ཤེས་རབ་རྟོག་དཔྱོད་དགའ་བདེ་འཕེལ། །ལམ་བསམ་གཏན་འབྱོངས་པར་བྱིན་གྱིས་རློབས། །ཕ་དྲིན་ཆེན་བླ་མ་ལ་གསོལ་བ་འདེབས། །འདྲེན་མཆོག་ཡབ་སྲས་རྣམས་ཀྱིས་བྱིན་གྱིས་རློབས། །ལྷ་བདེར་གཤེགས་སྙིང་པོའི་བཀའ་དྲིན་གྱིས། །རྩ་རོ་རྐྱང་རླུང་བཅུ་དབུ་མར་ཚུད། །ཉམས་གཏུམ་མོ་འབར་བས་ཧཾ་ཡིག་ཞུ། །ལམ་སྲོག་རྩོལ་འབྱོངས་པར་བྱིན་གྱིས་རློབས། །ཕ་དྲིན་ཆེན་བླ་མ་ལ་གསོལ་བ་འདེབས། །འདྲེན་མཆོག་ཡབ་སྲས་རྣམས་ཀྱིས་བྱིན་གྱིས་རློབས། །ལྷ་བདེར་གཤེགས་སྙིང་པོའི་བཀའ་དྲིན་གྱིས། །ཁམས་འཛག་མེད་ཐིག་ལེ་དཔྲལ་བར་བརྟེན། །ཉམས་ཞུ་བདེ་འགྱུར་མེད་རྒྱུད་ལ་སྐྱེས། །ལམ་འཛིན་པ་འབྱོང་བར་བྱིན་གྱིས་རློབས། །ཕ་དྲིན་ཆེན་བླ་མ་ལ་གསོལ་བ་འདེབས། །འདྲེན་མཆོག་ཡབ་སྲས་རྣམས་ཀྱིས་བྱིན་གྱིས་རློབས། །ལྷ་བདེར་གཤེགས་སྙིང་པོའི་བཀའ་དྲིན་གྱིས། །ལུས་རྩ་འདབ་བདེ་ཆེན་ཐིག་ལེས་གང་། །ཉམས་ཕྱག་རྒྱ་གསུམ་ལ་མངའ་བརྙེས་པ། །ལམ་རྗེས་དྲན་འབྱོང་བར་བྱིན་གྱིས་རློབས། །


SPN002_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་དྲིན་ཆེན་བླ་མ་ལ་གསོལ་བ་འདེབས། །འདྲེན་མཆོག་ཡབ་སྲས་རྣམས་ཀྱིས་བྱིན་གྱིས་རློབས། །ལྷ་བདེར་གཤེགས་སྙིང་པོའོ་བཀའ་དྲིན་གྱིས། །རྩ་འཁོར་ལོ་དྲུག་པོ་བདེ་བས་གང་། །ཉམས་སྤྲོས་པ་མེད་ལ་དབང་འབྱོར་བའི། །ལམ་ཏིང་འཛིན་འབྱོང་བར་བྱིན་གྱིས་རློབས། །ཕ་དྲིན་ཆེན་བླ་མ་ལ་གསོལ་བ་འདེབས། །འདྲེན་མཆོག་ཡབ་སྲས་རྣམས་ཀྱིས་བྱིན་གྱིས་རློབས། །ལྷ་བདེར་གཤེགས་སྙིང་པོའི་བཀའ་དྲིན་གྱིས། །ལུས་བྱེད་བཅིངས་གནད་དང་མ་བྲལ་ཞིང་། །ཆོས་མ་ནོར་མན་ངག་ཟབ་མོ་ཡིས། །ལམ་སྦྱོར་དྲུག་འབྱོང་བར་བྱིན་གྱིས་རློབས། །ཕ་དྲིན་ཆེན་བླ་མ་ལ་གསོལ་བ་འདེབས། །འདྲེན་མཆོག་ཡབ་སྲས་རྣམས་ཀྱིས་བྱིན་གྱིས་རློབས། །དེ་ནས་བསྔོ་བ། ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་སོགས། སྨོན་ལམ་ནི། རིགས་སུ་སྐྱེ་དང་དམ་ཚིག་ཅན། །སྨྱོ་མེད་དུས་ཀྱི་འཁོར་ལོར་སྟོན། །བླ་མ་ལ་གུས་སྙིང་བརྩེ་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་པས་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་ནི་ཀློག་པ་དང་། །བཙུན་མོའི་ཁུ་བ་མཉམ་ཟ་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། །དེས་གསུངས་ཚིག་ཀྱང་ཚད་མའི་མཆོག་ཡིན་ཏེ། །བདེན་པ་དེ་ཡིས་ལྷ་མོ་དེ་དག་གིས། །བདག་ལ་


SPN002_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །དེ་ལས་བྱུང་བའི་དགེ་བའི་འོད་ཟེར་གྱིས། །མཁའ་མཉམ་འགྲོ་བའི་བློ་ཡི་མུན་བསལ་ནས། །བདེ་ཆེན་ཐར་པའི་ལམ་ལ་འགོད་པ་དང་། །ཀུན་ཁྱབ་བདེ་ཆེན་སྙིང་པོ་མངོན་གྱུར་ཤོག །བཀྲ་ཤིས་ནི། སྐྱབས་གསུམ་འགྱུར་བ་མེད་པའི་དགེ་ལེགས་དང་། །དོན་དམ་རྟག་བརྟན་བདེ་བའི་ཕུན་ཚོགས་ཀྱིས། །ངེས་དོན་སྙིང་པོའི་རྒྱུད་རྒྱལ་དུས་འཁོར་ལོའི། །ཕྲིན་ལས་དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པའང་སྦྱོར་དྲུག་ཁྲིད་རིམ་གྱི་སྔོན་འགྲོའི་ངག་འདོན་གཞུང་ཇི་བཞིན་པ་ལ་ཅུང་ཟད་གསལ་བར་བྱས་པ་འདི་ལྟར་རྒྱལ་དབང་མཁྱེན་གཟིགས་རིན་པོ་ཆེའི་བཀའ་བསྩལ་ལྟར་སི་ཏུ་པདྨ་ཉིན་བྱེད་དབང་པོས་བཀོད་པ་འགྲོ་རྣམས་རྡོ་རྗེའི་རྣལ་འབྱོར་ཆེན་པོའི་གོ་འཕང་མངོན་དུ་ཐོབ་པའི་རྒྱུར་གྱུར་ཅིག །དགེ་ཞིང་བཀྲ་ཤིས། །


previousདཔལ་དུས་ཀྱི་འཁོར་ལོའི་སྦྱོར་དྲུག་གི་སྔོན་འགྲོ་ཆོས་སྤྱོད་ཀྱི་ངག་འདོན། next