Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  expand section
  expand section
  expand section
   
   
   
  expand section
  collapse section
བོད་དང་བོད་ཆེན་ལྗོངས་རྣམས་སུ། །བསྟན་དང་བསྟན་འཛིན་མཆོག་རྣམས་ལ། །བསྙེན་བཀུར་མཆོད་སྤྲིན་འབུལ་བའི་ཐོ། །པུཎྜ་རཱི་ཀའི་ཕྲེང་འདིར་གསལ།
   
   
   
   
   
   
   
   
   
   
   
   
  expand section
   


 
previousབོད་དང་བོད་ཆེན་ལྗོངས་རྣམས་སུ། །བསྟན་དང་བསྟན་འཛིན་མཆོག་རྣམས་ལ། །བསྙེན་བཀུར་མཆོད་སྤྲིན་འབུལ་བའི་ཐོ། །པུཎྜ་རཱི་ཀའི་ཕྲེང་འདིར་གསལ། next

བོད་དང་བོད་ཆེན་ལྗོངས་རྣམས་སུ། །བསྟན་དང་བསྟན་འཛིན་མཆོག་རྣམས་ལ། །བསྙེན་བཀུར་མཆོད་སྤྲིན་འབུལ་བའི་ཐོ། །པུཎྜ་རཱི་ཀའི་ཕྲེང་འདིར་གསལ།

སྐྱབས་མཆོག་རྒྱལ་དབང་རིན་པོ་ཆེའི་ཞབས་དྲུང་དུ་ཕུལ་བ།


SPN003_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

བོད་དང་བོད་ཆེན་ལྗོངས་རྣམས་སུ། །བསྟན་དང་བསྟན་འཛིན་མཆོག་རྣམས་ལ། །བསྙེན་བཀུར་མཆོད་སྤྲིན་འབུལ་བའི་ཐོ། །པུཎྜ་རཱི་ཀའི་ཕྲེང་འདིར་གསལ། །


SPN003_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

ཨངྒི་ར་ཞེས་ཆུ་སྤྲེལ་ལོར། །བོད་ཡུལ་དབུས་གྱི་རྒྱལ་རྣམས་ལ། །དངོས་འབུལ་ཐོ་ཡིག་ཚིགས་བཅད་ཕྲེང་། །བཀོད་རྣམས་འདི་ན་གསལ་བར་བྱ། །དེ་ཡང་དང་པོ་སྐྱབས་མཆོག་རྒྱལ་དབང་རིན་པོ་ཆེའི་ཞབས་དྲུང་དུ་ཕུལ་བ་ནི། ༀ་སྭ་སྟི་ཛ་ཡནྟུ། མཐའ་ཡས་སྲིད་པར་ཕྲིན་ལས་རྒྱ་མཚོ་ཡི། །ཐུགས་རྗེ་ཆེན་པོའི་རླབས་ཕྲེང་གཡོ་བ་ཅན། །མི་བཟད་སྙིང་རྗེའི་རྣམ་པར་འཕྲུལ་པ་ལས། །ཚར་དུ་དངར་བ་རིམ་བྱོན་མུ་ཏིག་ཕྲེང་། །མཆོག་གི་དཔལ་ལྡན་རྡོ་རྗེ་ཅན་དངོས་ཆེ། །དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་འཁོར་ལོའི་མགོན། །གང་དེའི་ཞབས་པད་རྡོ་རྗེ་གཡུང་དྲུང་དང་། །སེང་གེས་བཏེགས་པའི་ཁྲི་འཕང་ལྷར་བཅས་པ། །ཆེ་དགུའི་གཙུག་གི་


SPN003_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུས་མངོན་བཏུད་པའི། །བསྔགས་འོས་ཕྱག་བྱར་གྱུར་པ་གང་དྲུང་དུ། །ཕུན་སུམ་ཚོགས་པའི་རབ་དགེའི་དུས་ཀྱི་ཆར། །གུས་པས་ཡིད་ཀྱི་དང་བ་བསྐྱེད་བཞིན་དུ། །ལུས་ཀྱི་གནས་ལྔ་ས་ལ་རེག་ནས་སུ། །ངག་གི་སྡེབ་ལེགས་ལྷ་ཡི་རོལ་མོ་བཀྲོལ། །ཀ་མ་ལ་ཡི་ཆར་ཆེན་ཕྱོགས་ཀུན་ཏུ། །འཐོར་བར་བྱས་ནས་མགོན་པོ་ཁྱོད་ཉིད་ཀྱི། །གསང་གསུམ་རྣམ་ཐར་རིག་པའི་ཨཱ་དཪྴ། །གསལ་བར་བཀོད་ནས་ཤིས་པའི་ཚིག་གི་ཕྲེང་། ཏམྦུ་ར་ཡི་རྒྱུད་ཀྱི་བསྟོད་པ་ནི། །དེང་ཡང་འབྱམས་ཀླས་བསྐལ་པའི་གོང་རོལ་ནས། །སྟོབས་བཅུ་མངའ་བ་རྣམས་ལས་ཆེས་ལྷག་པའི། །བདེ་བར་གཤེགས་པའི་བརྩེ་ཆེན་ཡེ་ཤེས་ངང་། །


SPN003_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་བྱང་ཆུབ་ཉིད་ནའང་གཞན་སྣང་ངོར། །ཡལ་བར་འདོར་མེད་ཆོས་དབྱིངས་ཀློང་ཡངས་སུ། །བྱམས་པའི་ཤུགས་ཀྱིས་བསྐུལ་བའི་ཁྱུང་སྔོན་སྐྱེས། །ལེགས་བྱས་བྱེ་བའི་བསོད་ནམས་འོད་རིས་ཀྱིས། །དྲངས་ནས་ཤར་རིའི་རྩེ་ལས་ཉིན་མོར་བྱེད། །ཇི་བཞིན་རྫུ་འཕྲུལ་རྟ་བདུན་ཤིང་རྟ་ཡིས། །བཏེགས་ནས་ཛམ་གླིང་སྐྱེ་དགུའི་མཆོད་སྡོང་དུ། །གཟུགས་སྐུའི་དཀྱིལ་འཁོར་ཆ་རྫོགས་ལྷམ་མེ་བ། །ངེས་གསང་རིང་ལུགས་ཡོངས་རྫོགས་འཛིན་པའི་བདག །མ་འདྲིས་ཡིད་ཅན་གདུལ་བྱའི་སྐྱེད་མོས་ཚལ། །ཕན་བདེའི་འདབ་སྟོང་གྲོལ་བའི་གཉེན་གཅིག་པུ། །མ་སྨད་རྣམ་དཔྱོད་ཕྲིན་ལས་འཇུག་པ་གང་། །གཞན་དྲིང་མི་འཇོག་རྒྱལ་རྣམས་འགྲོ་ཕན་གྱི། །ཚུལ་ལ་བསྙེལ་བ་མེད་བཞིན་གང་འདིར་ཡང་། །རྡོ་རྗེའི་སྐུ་ནི་མཚན་དཔེའི་དཔལ་འབར་བ། །མཐོང་ཐོས་དྲན་ཙམ་བདེ་བ་ཆེ་ཐོབ་པ། །བླ་མེད་འཕགས་པའི་ཚོགས་ཀྱི་བྱིན་བསྡུས་ལས། །ལྷག་པའི་གཏེར་ཆེན་གང་ཁྱོད་ལས་གཞན་སུ། །རྡོ་རྗེའི་གསུང་ནི་ཡན་ལག་དྲུག་ཅུར་ལྡན། །འགགས་མེད་དབྱངས་ཀྱི་གྲག་སྟོང་སེང་གེའི་སྒྲ། །ལུང་དང་རིགས་པའི་ང་རོས་རྒོལ་ངན་རྣམས། །མཐར་བྱེད་ངག་གི་དབང་ཕྱུག་གང་ལས་ཅི། །རྡོ་རྗེའི་ཐུགས་ནི་མི་གཡོ་གསུམ་ལྡན་ངང་། །ཟབ་ཞི་སྤྲོས་བྲལ་ཏིང་འཛིན་ཕྲག་


SPN003_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་ཡི། །ཡོན་ཏན་མ་འདྲེས་སོ་སོར་གསལ་སྟོན་པའི། །དུས་གསུམ་ཀུན་མཁྱེན་གཟིགས་པ་ཉིད་ལས་གང་། །དེ་ལྟའི་དཔག་པར་དཀའ་བའི་ཡ་མཚན་གྱིས། །ཕྱུར་བུར་གཏམས་པ་དགོས་འབྱུང་དབང་རྒྱལ་བཞིན། །ལྷ་དབང་རལ་པའི་ཟུར་ཕུད་རྩེ་མོས་མཆོད། །གསེར་མངལ་ཅན་དང་འཇིག་རྟེན་སྐྱོང་བ་ཡི། །གྲགས་ལྡན་ཆེན་པོར་གྱུར་པ་རྣམས་ཀྱིས་ཀྱང་། །ཁེངས་པ་བསྐྱུངས་ནས་མགོན་ཁྱོད་ཞབས་པདྨོ། །གེ་སར་རྒྱས་པའི་ངོགས་སུ་བསྙེན་བྱས་ནས། །དམ་པའི་བདུད་རྩིའི་ཞོ་ཤས་འཚོ་བཞིན་པར། །དཀར་པོའི་ཕྱོགས་ཀུན་རྒྱལ་བའི་བ་དན་བསྒྲེངས ། །དེ་མཐུའི་དཔལ་ལས་སྲིད་ཞིའི་དགེ་མཚན་ནི། །རྟག་པར་ནོངས་མེད་རྒྱལ་ཁམས་རྫོགས་ལྡན་དུས། །དང་པོར་སྤྱོད་པ་ཇི་ལྟའི་བསོད་ནམས་གང་། །མི་བཟད་གཏེར་ཆེན་བུམ་པ་བཟང་པོ་ལྟར། །འདི་ཀྭ་གང་གི་ཐུགས་རྗེའི་ཆ་ཤས་ཀྱི། །འཕྲུལ་ལས་གྲུབ་པ་དེ་ལས་གཞན་སུ་ཞིག །དེས་ན་འགྲོ་བའི་བླ་མ་ཁྱོད་ཁོ་ན། །བསེ་རུ་ལྟ་བུར་ངེས་པའི་གང་འདིར་ཡང་། །བདག་སོགས་ཚོགས་གཉིས་མ་ལུས་རྫོགས་སླད་དུ། །དད་གསུམ་བློ་ཡིས་གསོལ་གདབ་ལས་བྱུང་བའི། །མཐོང་དང་ཐོས་དང་དྲན་ཙམ་གྲོལ་བ་ཡི། །རྫུ་འཕྲུལ་བཀོད་པའི་རང་གཟུགས་ལས་གྲུབ་པའི། །རང་རྟགས་


SPN003_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

མི་བསྐྱོད་རིགས་ཀྱི་ཅོད་པན་ཅན། །ལྟ་བས་མི་ངོམས་བྱིན་གཟི་རབ་འབར་བ། །ཐོད་དུ་བཅིངས་ནས་གདུལ་བྱ་སྐལ་ལྡན་རྣམས། །འབྲེལ་ཚད་ཡང་དག་ལམ་ལ་དཀྲི་བ་ཡི། །རིང་ནས་སྔོན་གོམས་ཐུགས་བསྐྱེད་དམ་བཅའི་ཁུར། །ཟབ་མོ་རྗེས་སུ་དགོངས་པའི་བྱང་ཆུབ་ཆེའི། །གོ་འཕང་བདེ་བླག་སྟོན་ཕྱིར་བདེན་པའི་ཚིག །རྡོ་རྗེའི་གསུང་གི་བརྗོད་དང་ལྷན་ཅིག་ངང་། །བྱམས་ཆེན་དབྱིངས་ནས་བརྩེ་བཞེས་སྲིད་པའི་འགྲོ། །ཡལ་བར་འདོར་མེད་འཁོར་བའི་ཆུ་བོ་ལས། །བརྒལ་དཀའི་ངན་སོང་དུཿཁས་གཙེས་པ་དག །གང་གི་ཐུགས་རྗེའི་གྲུ་གཟིངས་ལ་བརྟེན་ནས། །མྱང་འདས་ཐར་པའི་གྲོང་ཁྱེར་ཉམས་དགའ་བར། །འཇུག་པའི་ཕྲིན་ལས་ནམ་མཁའི་ཁམས་སུ་ཡང་། །ཤོང་བར་དཀའ་བའི་རང་བཞིན་ལས་འདས་ཀྱང་། །མོས་པའི་བློ་ཡིས་ཡར་གཞལ་མ་ཡིན་པར། །མངོན་སུམ་ཚད་མས་གྲུབ་འདི་ངོ་མཚར་ཕུལ། །བཀའ་དྲིན་འཁོར་མཐའ་བྲལ་བའི་ཚད་བཟུང་བ། །ཆུ་ལྷས་ལྕེ་བརྒྱ་བསྐྱོད་ཀྱང་བརྗོད་མི་ནུས། །དེས་ན་བདག་ལྟ་སོ་སྐྱེས་ལྟ་ཅི་སྨོས། །འོན་ཀྱང་ས་མུ་དྲ་ལས་ཉར་མ་ཙམ། །གུས་པས་ཀུ་ཤའི་རྩེ་མོས་འཐོར་བ་འདིའི། །ལེགས་བྱས་དགེ་མཚན་བསོད་ནམས་དཔལ་ཐོབ་སྙམ། །དེང་འདིར་རྒྱལ་བའི་ཞལ་ལྟ་ཆོས་མཉན་ཕྱིར། །


SPN003_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

གཏང་རག་དངོས་པོའི་བདོག་པ་པད་སྣལ་ལྟར། །ཕྲ་ཡང་ལྷག་བསམ་དག་པས་ཀུན་བསླངས་ནས། །རྒྱ་མཚོའི་གོས་ཅན་དོག་པར་བྱེད་ནུས་པའི། །ཀུན་བཟང་མཆོད་པའི་སྤྲིན་དུ་དམིགས་པ་ཡིས། །རབ་འབྱམས་མཐའ་ཡས་ཞིང་རྣམས་མ་ལུས་པར། །མཎྜལ་གཅིག་ཏུ་བསྡུས་ནས་འབུལ་ལགས་ན། །བརྩེ་བས་དགོངས་ཏེ་དགྱེས་པར་བཞེས་སུ་གསོལ། །ཞེས་ཚིགས་སུ་བཅད་པའི་ཆེད་དུ་བརྗོད་པས་མདུན་བདར་བར་བྱས་ནས། དེ་ཡང་གནས་ཕུན་སུམ་ཚོགས་པ་འོག་མིན་དཔལ་གྱི་མཚུར་ཕུའི་གནྡྷོ་ལའི་གཞལ་མེད་ཁང་མ་བཞེངས་ལྷུན་གྱིས་གྲུབ་པ་ལྟ་བུ་འདིར། དུས་ཕུན་སུམ་ཚོགས་པ་རྟ་ལྡན་མ་ཉ་བའི་རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་དང་ཉེ་བར་ཨཽ་ཌི་ཡ་ནའི་ཨ་ཙཱཪྱའི་དུས་བཟང་པོར་དཀར་ཕྱོགས་ཀྱི་ཡར་ཚེས་བཅུ་ལ། སྟོན་པ་ཕུན་སུམ་ཚོགས་པ་གྲུ་འཛིན་བདག་པོའི་ཕྲེང་བ་རིམ་པར་བྱོན་པ་ལས་བཅུ་བཞི་པ། མཚན་བརྗོད་པར་དཀའ་བ་ཐེག་པ་མཆོག་གི་རྡོ་རྗེ་འཆང་ཆེན་པོ་འཚོ་ཞིང་གཞེས་པ་ལ། འཁོར་ཕུན་སུམ་ཚོགས་པ་ཚེ་རབས་ནས་རྗེས་སུ་འབྲེལ་བའི་སྔོན་སྨོན་ལས་འཕྲོ་དང་ལྡན་པའི་གནས་བརྟན་དགེ་འདུན་གྱི་ཚོགས་དང་མཆོག་དམན་བར་མའི་སྐྱེ་བོ་སྣ་ཚོགས་ཀྱི་དབུས་སུ། ཆོས་ཕུན་སུམ་ཚོགས་པ་མཐོང་བ་ཙམ་


SPN003_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གྲོལ་བར་འགྱུར་བའི་ཕྱག་རྒྱ་ཆེན་པོའི་གནས་ལུགས་རྗེན་པར་འཆར་ནུས་པའི་བྱིན་རླབས་ཀྱི་གཟི་འོད་དང་ལྡན་པ། མཐོན་མཐིང་གནམ་སྔོན་ཞུན་མའི་ངོས་ལ། རབ་གསལ་ཉིན་མོར་བྱེད་པའི་འོད་མདངས་ཀྱིས་བརྒྱན་པ་ལྟ་བུའི། དབུ་ཞྭ་རིན་པོ་ཆེ་དབུ་ལ་བཞེས་ནས་འབྲེལ་ཚད་ཡང་དག་པའི་ལམ་ལ་བཀོད་པར་མཛད་ནས། སེམས་ཅན་དབུགས་མ་དབྱུང་བ་རྣམས་དབུགས་འབྱིན་པ་དང་། མ་བརྒལ་བ་རྣམས་བརྒལ་བ་དང་། མ་གྲོལ་བ་རྣམས་གྲོལ་བའི་གོ་འཕང་ལ་འགོད་པའི་སྙིང་རྗེ་ཆེན་པོས་ཉེ་བར་ཁྱབ་པར་གནང་བའི་བཀའ་དྲིན་གཏང་རག་གི་ཡོན་དུ་དངོས་པོའི་ཡོ་བྱད་ཆུ་ཐིགས་ཙམ་སྟོབ་པའི་ཐོ་གསལ་དུ་བཀོད་པ་ལ། ཐོག་མར་བཀྲ་ཤིས་པའི་ལྷའི་རེག་བྱ་གངས་རིའི་མདངས་ཅན་སྲིད་ན་རིང་བ་ཕོན་ཚར་མ་ཉམས་པ། སྐུ་རྟེན་ཤཱཀྱའི་རྒྱལ་པོའི་གསེར་སྐུ། གསུང་རྟེན་ཚེ་མདོ། ཐུགས་རྟེན་བཀའ་གདམས་མཆོད་རྟེན། གདན་དཀར་རྡོ་རྗེའི་རེ་ཁཱ་བཀྲ་བ། རྡོར་དྲིལ། རྒྱ་སྦུབ་སྤུས་ལེགས། གོས་ཆེན་ཅོད་ལྡན་སྒྲིལ་ཁ། ཡང་གོས་ཆེན་སིའུ་སྦུ་ཅན་སྒྲིལ། ཞབས་ཆག་ཆ། ཚན་དང་པོར་ལྷ་རྫས། གོས་དམར་སྨུག་ཡུག་བཅས་དགུ་ཚན། ཚན་གཉིས་པར་ལྷ་རྫས། གོས་སེར་སྨུག་ཡུག་བཅས་དགུ་ཚན། ཚན་གསུམ་པར་ལྷ་རྫས། གོས་སྨྱུག་


SPN003_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཡུག་བཅས་དགུ་ཚན། ཚན་བཞི་པར་ལྷ་རྫས། གོས་སེར་ཡུག་བཅས་བདུན་ཚན། ཚན་ལྔ་པར་ལྷ་རྫས། གོས་སྔོན་ཡུག་བཅས་བདུན་ཚན། ཚན་དྲུག་པར་ལྷ་རྫས། འགའ་ཁྲ་ཡུག་བཅས་བདུན་ཚན། ཚན་བདུན་པ་ལྷ་རྫས། སྲང་ལེ་བཅས་ལྔ་ཚན། ཆིབས་བཀྲ་ཤིས་དུང་དར། ཡང་ཆིབས་སྔོ་སྐྱ། ཆིབས་ཧྲོལ་གཉིས། དཀྱུས་རྟ་བཅུ་གསུམ། དྲེའུ་གསུམ། མཛོ་བཅུ། ཁལ་བཅོ་ལྔ། ཇ་ཆུང་འཇུ་འཁོར་དྲུག་ཅུ། ཀོ་རྩེ་འཁོར་དྲུག་བཅོ་ལྔ། དངུལ་སྲང་བརྒྱ་དང་ལྔ་བཅུ། མཐའ་དཀར་ཀ་ཅི་ཡུག་བཅས་ཁྱོན་བརྒྱ་ཕྲག་གཉིས་དང་ཡོན་ཏན་ནོར་ལྷའི་གྲངས་ལྡན་བཅས་འབུལ་ལམ་ཞུ། སླར་ཡང་གསོལ་བ། གདོད་ནས་ལྷུན་གྲུབ་ཆོས་དབྱིངས་ཡེ་ཤེས་ལས། །ཡོངས་གྲུབ་བདེ་ཆེན་སྒྱུ་འཕྲུལ་རྡོ་རྗེའི་གར། །སྤྲུལ་པའི་རྣམ་རོལ་གཟུགས་ཀྱི་སྐུར་སྣང་བ། །ཞིང་འདིར་གདུལ་བྱའི་མགོན་དུ་བསྐལ་པའི་བར། །སྟེང་ཕྱོགས་ཡོན་ཏན་དཔག་མེད་མགོན་པོ་བཞིན། །མི་འགྱུར་རྡོ་རྗེ་ཆོས་བདུན་ངོ་བོ་རུ། །ནམ་མཁའ་ཇི་སྲིད་གནས་དང་དེ་སྲིད་ཀྱི། །བར་དུ་རྡོ་རྗེའི་ཁྲི་ལ་རྟག་བཞུགས་ནས། །སྨིན་གྲོལ་དམ་ཆོས་བདུད་རྩིའི་དགའ་སྟོན་གྱིས། །འགྲོ་མང་ཐེག་པ་མཆོག་ལ་བསྒྱུར་བ་ཡི། །ཕྲིན་


SPN003_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཁྱབ་དང་རྟག་པའི་བདག་ཉིད་ཀྱིས། །སྲིད་ཞིའི་འཆིང་བ་ཀུན་ལས་བསྒྲལ་དུ་གསོལ། །བཀྲ་ཤིས་གང་ཞིག་ཚད་མེད་བྱམས་པའི་ཐུགས་རྗེའི་མཁའ་དབྱིངས་ལས། །ཡོངས་ཤར་རྒྱལ་བའི་དཀྱིལ་འཁོར་རྟ་བདུན་དབང་པོའི་འོད་སྟོང་ཅན། །ཕྲིན་ལས་རྣམ་བཞིའི་གཟི་འབར་རྒྱ་མཚོའི་གོས་ཅན་ཡོངས་ཁྱབ་པའི། །བཀྲ་ཤིས་དེས་ཀྱང་ངེས་གསང་རིང་ལུགས་པད་ཚལ་བཞད་གྱུར་ཅིག །བཀྲ་ཤིས་གང་ཞིག་འདུས་མ་བྱས་པའི་རང་གདངས་རྩལ་འཁྲུངས་པའི། །ཞི་དང་ཁྲོ་ཚོགས་དག་པ་རབ་འབྱམས་སྐུར་སྟོན་ལྷ་ཡི་ལྷ། །དངོས་གྲུབ་རྣམ་གཉིས་འདོད་འཇོ་ཀ་ན་ཀ་ཡི་རྩིབས་སྟོང་ལྡན། །བཀྲ་ཤིས་དེས་ཀྱང་གླིང་བཞིར་དབང་བསྒྱུར་སྐྱེ་དགུ་བདེ་གྱུར་ཅིག །བཀྲ་ཤིས་གང་ཞིག་ཞི་ལས་མ་གཡོས་མངོན་སྤྱོད་རོལ་པ་ཆེའི། །བདུད་དགྲ་མཐར་བྱེད་དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ་བ་པོ། །ཆོས་འཁོར་སྐྱོང་ལ་གཡེལ་བ་མེད་པའི་མཐུ་ལྡན་མེལ་ཚེ་ཅན། །བཀྲ་ཤིས་དེས་ཀྱང་ཕྱོགས་རྣམས་ཀུན་ལས་རྣམ་པར་རྒྱལ་གྱུར་ཅིག །ཛ་ཡ་ཛ་ཡ། སུ་ཛ་ཡ། སརྦ་མངྒ་ལམ། །

གུས་ཕྲན་བླ་མ་གར་དབང་པས་དངོས་འབུལ་མཎྜལ་མཚོན་བྱེད་ཀྱི་ཐོ་ཆུང་།


SPN003_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

གུས་ཕྲན་བླ་མ་གར་དབང་པས་དངོས་འབུལ་མཎྜལ་མཚོན་བྱེད་ཀྱི་ཐོ་ཆུང་། ༀ་སྭ་སྟི། རྒྱལ་དང་རྒྱལ་བའི་ཡེ་ཤེས་ཀྱི། །མི་བཟད་རྒྱན་གྱི་འཁོར་ལོ་


SPN003_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའི། །བདག་ཉིད་ཆེན་པོ་རིགས་ཀུན་གྱི། །ཁྱབ་བདག་དང་པོའི་རྡོ་རྗེ་འཆང་། །གང་གི་ཞབས་པད་འཆར་ཀའི་འོད། །དྲི་བྲལ་ཆུ་འཛིན་ལྡན་དེའི་དྲུང་། །རབ་གུས་སྒོ་གསུམ་འདུད་པ་བཅས། །ལག་པད་ཚངས་གནས་བཟླུམས་བྱས་ནས། །མཆོག་གི་ཡོན་ཏན་རྒྱ་མཚོ་ལས། །དད་པས་ཀུན་བླངས་འདི་སྐད་གསོལ། །སྨོན་ལམ་ཟབ་མོའི་ལེགས་བྱས་འཕྲུལ། །རྟེན་ཅིང་འབྲེལ་བའི་དུས་ཀྱི་ཆར། །ཆོས་དབྱིངས་རྟག་བརྟན་འདུས་མ་བྱས། །ཡོངས་གྲུབ་ཀུན་བཟང་ཀློང་ཡངས་པོར། །གདོད་ནས་བདེ་བར་གཤེགས་རྣམས་ལས། །ཡེ་སངས་རྒྱས་པ་ཟིན་ན་ཡང་། །སྲིད་པའི་འཁོར་བ་གནས་ཀྱི་བར། །ཐུགས་རྗེའི་ལྷ་ལམ་ཁྱོན་ཡངས་ནས། །སེམས་ཅན་ཕྲ་མོའི་ཕྱིར་ཡང་ནི། །བསྐལ་པར་བསྙེལ་མེད་ཕྲིན་ལས་ཀྱི། །ཀ་རུ་ཎི་ཀའི་རང་མདངས་ལས། །འཁྲུངས་པའི་ནོར་བུ་པདྨ་ཅན། །གང་གི་རྣམ་རོལ་ཆུ་ཟླའི་གར། །མི་མཇེད་འཇིག་རྟེན་བྱེ་བ་བརྒྱར། །མཐའ་ཀླས་སྤྲུལ་པའི་ཙནྡྲ་གསལ། །གདུལ་བྱའི་ཁམས་དབང་སྣ་ཚོགས་ངོར། །མོས་པའི་སྟོབས་ཀྱི་བསོད་ནམས་ཞིང་། །ཛམྦུ་བྲྀཀྵས་མཚན་པའི་གླིང་། །བྱང་ཕྱོགས་བསིལ་ལྡན་བྷོ་ཊའི་ལྗོངས། །དེང་འདིར་གདུལ་བྱའི་


SPN003_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

བགོ་སྐལ་དུ། །ལྷ་རྣམས་ཀུན་གྱི་ལྷར་གྱུར་བཞིན། །རྡོ་རྗེ་གསུམ་ལྡན་སྐུའི་དཀྱིལ་འཁོར་། །རི་བོང་འཛིན་པའི་ཆ་གང་བ། །ཕྲིན་ལས་འོད་དཀར་ཟེར་ཕྲེང་གིས། །མཉམ་མེད་ཤཱཀྱའི་རིང་ལུགས་གང་། །སྡེ་སྣོད་གསུམ་གྱི་ཀུ་མུཏ་ཚལ། །གཅིག་ཆར་འཛུམ་པའི་གཉེན་དམ་པ། །བསྟན་འཛིན་རྒྱུ་སྐར་ཕྲེང་བའི་དབུས། །ཁྱོད་ཀྱི་རྣམ་དཔྱོད་ཆུ་ཤེལ་དབང་། །བསྒྲུན་དུ་མེད་པའི་རང་བཞིན་ཅན། །བདག་སོགས་གདུལ་བྱའི་མོས་པའི་མཁའ། །དང་བའི་ངོགས་སུ་མངོན་སུམ་ཉིད། །མཐོང་ཙམ་མོད་ལ་གྲོལ་ནུས་པའི། །ཐུགས་རྗེའི་སྣང་བྱེད་བསྐུལ་བ་ལས། །ཅོད་པན་མཐོན་ཀའི་མདངས་འཚེར་བ། །ཌཱ་ཀིའི་དབང་ཞུ་འཆིང་ནས་སུ། །འབྲེལ་དང་འབྲེལ་པར་གྱུར་པ་རྣམས། །ཕྱམ་གཅིག་བདེ་ཆེན་ལམ་བཀོད་པའི། །ཕུལ་བྱུང་ཐུགས་བསྐྱེད་རྒྱ་ཆེན་པོ། །གང་གི་བཀའ་དྲིན་བརྗོད་འདས་ཀྱང་། །དངོས་འབྱོར་རྔོ་མ་ཐོགས་ནའང་། །འོན་ཀྱང་དུས་གསུམ་བསགས་ཡོད་ཀྱི། །དགེ་ཚོགས་གཅིག་ཏུ་བཟླུམས་བྱས་ནས། །ཀུན་བཟང་མཆོད་པའི་སྤྲིན་ཕུང་དུ། །དམིགས་ནས་འབུལ་གྱི་བརྩེ་ཆེན་གྱིས། །དགོངས་པའི་ཀློང་ནས་བཞེས་སུ་གསོལ། །ཞེས་མཆོད་པར་བརྗོད་པ་སྔོན་དུ་བཏང་


SPN003_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མཎྜལ་དངོས་པོའི་རྟེན་འབྱུང་དུ་བསྟར་བའི་ཐོག་མར་བཀྲ་ཤིས་པའི་ལྷ་རྫས་རབ་དཀར་མངྒའི་རེ་ཁཱ་བཀྲ་བ། སྐུ་རྟེན་ཨཱཪྱ་ཏཱ་རེའི་ཞལ་ཐང་། གསུང་རྟེན་ཚེ་མདོ་གཟུངས། ཐུགས་རྟེན་བཀའ་གདམས་མཆོད་རྟེན། གདན་དཀར་རྡོ་རྗེ་དང་གཡུང་དྲུང་གི་རི་མོས་མཚན་པ། དར་དཀར་ཡུག །ལིང་ཡུག །ཟམ་ཡུག་གཉིས། གཡི་ལྤགས། གཟིག་ལྤགས། རོལ་མོ། དཔའ་དམ། དངུལ་སྲང་ཉེར་ལྔ། མཛོ་གསུམ། མཛོ་མོ་གཉིས། ཁལ་བཞི། སྒ་སྟན་ཆ་ལྔ། ཆུ་འཇུག་འཁོར་དྲུག་ཅུ། མར་ལྟང་གཉིས། རྟ་ཆིབས་ཆེན། ཆིབས་རོལ། དཀྱུས་རྟ། དྲེའུ། མཐའ་དཀར་བཅས་ཕུལ་བ་བརྩེ་ཆེན་ཡེ་ཤེས་ཀློང་ཡངས་དམ་པར་བསྟི་བ་ཅི་ནས་མཁྱེན་མཁྱེན་མཁྱེན་ཞུ། སླར་ཡང་གསོལ་བ། དེ་ལྟར་ཚོགས་གཉིས་ཤིང་རྟའི་འཁོར་ལོ་ཡིས། །དྲངས་པའི་ལྷག་བློའི་འདུན་པ་མི་ཕྱེད་པའི། །སྟོབས་ལས་བྱུང་བའི་དགེ་རྩ་མི་བཟད་པར། །ནམ་མཁའ་མཛོད་བཞིན་ཕྱུར་བུར་འགེངས་པའི་མཐུས། །དཔལ་ལྡན་བླ་མའི་ཞབས་པད་བསྐལ་བརྒྱར་བརྟན། །ངེས་དོན་མཐར་ཐུག་དབུ་མའི་བཞེད་སྲོལ་གྱི། །བསྟན་པ་མི་ནུབ་རྒྱལ་མཚན་སྲིད་རྩེར་བསྒྲེང་། །དགེ་འདུན་སྡེ་རྒྱས་མངའ་རིས་བདེ་ལྡན་ཞིང་། །རྟག་པར་ནོངས་མེད་བཀྲ་ཤིས་ཕུན་སུམ་ཚོགས། །རྣམ་ཀུན་བསམ་དོན་ཆོས་བཞིན་ལྷུན་གྲུབ་ཤོག །སརྦ་ཛ་ག་ཏཾ་ཤུ་བྷ་མསྟུ། །

དེ་ནས་དཔལ་ལྡན་འབྲུག་པ་རྒྱལ་དབང་བརྒྱད་པའི་དྲུང་དུ་ཕུལ་པའི་ཐོ་ཡིག


SPN003_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དཔལ་ལྡན་འབྲུག་པ་རྒྱལ་དབང་བརྒྱད་པའི་དྲུང་དུ་ཕུལ་པའི་ཐོ་ཡིག་ནི། ༀ་བདེ་ལེགས་སུ་གྱུར་ཅིག། རྒྱལ་དང་རྒྱལ་བའི་མི་བཟད་རྒྱན་འཁོར་ལྔའི། །བདག་ཉིད་ཆེན་པོར་ཡོངས་གྲུབ་རིགས་ཀུན་གྱི། །ཁྱབ་བདག་དཀྱིལ་འཁོར་རྒྱ་མཚོའི་མངའ་དབང་ཕྱུག །རྡོ་རྗེ་སློབ་དཔོན་མཆོག་གི་སྐུར་སྣང་བ། །ཆོས་ཀུན་ཆགས་ཐོགས་མེད་པར་མཁྱེན་ཅིང་གཟིགས། །དེ་ཕྱིར་བྱང་འཕགས་རྣམས་ཀྱིའང་སྤྱི་རྒྱན་དུ། །མཆོད་འོས་ཉིད་ན་སྲིད་ཞིའི་དཔལ་མགོན་པོར། །གདོད་ནས་ངེས་པ་གང་དེའི་ཞབས་ཆུ་སྐྱེས། །དྲི་མེད་འདབ་རྒྱས་མི་འཇིགས་སེང་གེའི་ཁྲི། །ལྷར་བཅས་གཙུག་གི་ནོར་བུས་འདེགས་པའི་དྲུང་། །རབ་གུས་དད་པའི་ལག་པད་ཟུམ་བཞིན་པར། །དང་བའི་ཡིད་ཀྱིས་གང་གི་རྣམ་པར་ཐར། །ག ནྡྷར་དཔལ་མོའི་རྒྱུད་མངས་ལ་དྲངས་ཏེ། །ངག་གི་གླིང་བུར་བསྒྱུར་ནས་འདི་སྐད་གསོལ། །དེང་ཡང་དགེ་ལེགས་རྨད་བྱུང་ངོ་མཚར་གཞི། །དཔལ་ཡོན་ཕུན་སུམ་ཚོགས་པའི་དངོས་པོ་ཀུན། །ཡོངས་འདུ་དབྱར་རྔའི་སྒྲ་ཡིས་ས་གསུམ་གནས། །


SPN003_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཅན་མདོངས་མཐའ་ཡས་རྣམས་དགའ་བསྐྱེད་པའི། །རྫོགས་ལྡན་སྤྲིན་ཕྲེང་གསར་པ་དཀྲིགས་པ་ཡི། །དཔྱིད་ཀྱི་ལང་ཚོ་བཞད་པའི་དུས་ཀྱི་ཆར། །བརྗོད་བྲལ་དཔག་པར་དཀའ་བའི་རང་བཞིན་ཅན། །རྡུལ་སྙེད་བསྐལ་མང་གོང་ནས་གཞན་ཕན་དོན། །འདྲེན་པ་གཞན་ལས་ལྷག་པའི་སེམས་བསྐྱེད་ཀྱི། །དམ་བཅའ་ཟབ་མོའི་ཕ་རོལ་ཕྱིན་པ་ལས། །འཁོར་བ་དོང་སྤྲུགས་ཕྲིན་ལས་བསྙེལ་མེད་སླད། །མངོན་པར་རྫོགས་པ་འཚང་རྒྱ་ཟིན་མོད་ཀྱང་། །གདུལ་བྱ་རྒྱ་མཚོའི་གོས་ཅན་དོག་གྱུར་པའི། །སྙིགས་ལྔའི་འགྲོ་ལ་བརྩེ་བས་རྗེས་ཆགས་ནས། །མ་འདྲིས་དེད་དཔོན་ཉིད་དུ་དུས་གསུམ་གྱི། །བདེ་གཤེགས་ཀུན་ཀྱི་དགོངས་ཀློང་གཅིག་བསྡུས་ཕྱིར། །མི་བཟད་ཐུགས་རྗེའི་སྒྱུ་འཕྲུལ་དྲྭ་བ་ལས། །ཅིར་ཡང་འཆར་བའི་ཆུ་ཟླའི་གར་བསྒྱུར་བ། །མོས་པའི་ཡིད་མཁར་གཟུགས་སྐུ་རི་བོང་འཛིན། །བྲལ་སྨིན་ཡོན་ཏན་ཆ་གང་ཡོངས་རྫོགས་པ། །རིགས་དྲུག་དུཿཁའི་ཞུགས་ལྕེ་མཐར་བྱེད་པའི། །བྱམས་པའི་བདུད་རྩིའི་འོད་དཀར་བསིལ་སྦྱིན་ཅིང་། །ཡང་དག་ཐར་པའི་ལམ་མཆོག་གསལ་བའི་གཉེན། །འཇིག་རྟེན་གསུམ་གྱི་ཕྱག་གི་གནས་གཅིག་པུ། །རྡོ་རྗེའི་


SPN003_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་མཆོག་མཚན་དཔེ་ལྷམ་མེ་བ། །མཐོང་ཙམ་གྲོལ་བས་མངོན་མཐོ་ངེས་ལེགས་ཀྱི། །སར་བཀོད་དེ་ཕྱིར་ཕྱག་ན་པདྨ་འཆང་། །དབྱེར་མེད་དོན་གྱི་ཡེ་ཤེས་རྣམ་རོལ་མཚུངས། །རྡོ་རྗེའི་གསུང་གསང་ཡན་ལག་དྲུག་ཅུར་ལྡན། །ཐོས་པས་སྲིད་འགྲོ་འཁོར་མཚོ་ན་ཀྲ་ཡི། །འཇིགས་སྐྱོབ་འཇམ་དཔལ་དཔའ་བོའི་ངང་ཚུལ་བཞིན། །ཇི་སྙེད་ཤེས་བྱ་ཐོགས་མེད་ཀུན་མཁྱེན་པ། །རྡོ་རྗེའི་ཐུགས་ནི་ཏིང་འཛིན་བརྒྱ་ཕྲག་སྟོང་། །གཅིག་ཆར་སྟོན་པའི་འཇུག་སྒོ་མཐའ་ཡས་ཕུལ། །དྲན་པའི་མོད་ལ་བདུད་བཞིའི་དཔུང་གཞོམ་པའི། །ཁྲོ་ཆེན་གསང་བདག་རྡོར་འཛིན་རྒྱལ་པོ་དངོས། །ཡོན་ཏན་རྡོ་རྗེ་རྣམ་བཞི་ལྷུན་གྲུབ་པ། །འདོད་དགུའི་གཏེར་ཆེན་བསམ་འཕེལ་བུམ་པ་བཟང་། །བསོད་ནམས་རིན་ཆེན་བྱེ་བའི་འབྱུང་གནས་མཆོག །ཚེ་འོད་དཔག་མེད་སྟོན་པ་མངོན་དུ་གྲུབ། །ཕྲིན་ལས་རྡོ་རྗེ་དོན་དམ་སྣང་ཆའི་ངོར། །རྒྱལ་ཀུན་འདུས་པའི་རང་རྩལ་ཧེ་རུ་ཀ །མཚོར་འཁྲུངས་སངས་རྒྱས་པད་སྐྱེས་མི་གཉིས་པར། །གསང་སྔགས་གནས་ལ་སྒྲིབ་མེད་སྤྱན་ལྔ་ལྡན། །སྔོན་ཚེ་བྱང་ཆུབ་སྦྱངས་ཡོན་འབྲས་སྨིན་སྟོབས། །རྟེན་འབྱུང་དུས་ཀྱིས་བསྐྱེད་པའི་བསྐལ་བཟང་འདིར། །འཕགས་ཡུལ་གྲུབ་གཙོ་ཡོངས་


SPN003_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་ས་བརྟོལ་ལྗོན། །ཇི་བཞིན་པཎ་ཆེན་ནཱ་རོ་ཏ་པའི་ཞབས། །བསྟན་པ་ཡོངས་རྫོགས་ལོ་འདབ་ཕྱོགས་བཅུར་རྒྱས། །ལུང་རིགས་མན་ངག་མེ་ཏོག་རྣམ་པར་བཀྲ། །ཕྱི་རོལ་རྒོལ་ངན་སྦྲང་རྩིའི་བརྟུལ་ཞུགས་ཅན། །ཀུན་ཀྱང་དྷརྨའི་ཟིལ་མངར་བཅུད་ལ་འདུ། །མགོན་དེའི་བཞེད་གཞུང་ཚངས་པའི་རལ་ཀླུང་ཆེ། །རྣམ་དཔྱོད་ཧུབ་ཀྱིས་བཏུང་བའི་ལོ་ཙཱ་བ། །དྲང་སྲོང་ཛཧྣུ་ལས་བྱུང་གདམས་པའི་ཕྲེང་། །གསུང་རབ་ནོར་བུའི་འདྲེན་བྱེད་རྦ་རླབས་གཡོ། །གང་ཞིག་སྙིང་པོའི་གནས་ལུགས་རབ་དྭངས་པ། །རྙོག་བྲལ་ཇི་བཞིན་འདོམས་པའི་རྒྱུན་བཟང་པོས། །བུ་རམ་ཤིང་པའི་རིང་ལུགས་རྩ་བརྟན་ཕྱིར། །མདོ་རྒྱུད་ལྟ་གྲུབ་ཚད་མའི་ཆུ་བོ་རྣམས། །ཀུན་འདུས་བཀའ་བརྒྱུད་མ་དྲོས་ཀླུ་དབང་བདག །མཆོག་གཉིས་དགོས་འབྱུང་མ་ཎིར་དབང་བསྒྱུར་ནས། །མངོན་མཐོའི་ཆོས་ཀྱིས་ཕོངས་པའི་སེམས་ཅན་ལ། །རྣམ་བཞིའི་སྦྱིན་པས་གྲོལ་བའི་ལམ་རབ་སྟོན། །དེ་ལྟའི་གཞན་ཕན་སྤྱོད་པ་བགྲང་ཡས་ཤིང་། །སྣང་ཚུལ་འདིར་ཡང་སྔོན་སྨོན་མཐུ་སྟོབས་ཀྱིས། །སྟོན་འཁོར་ཐ་མི་དད་པ་ཉི་དང་འོད། །ཧ་རི་ཙནྡན་དྲི་བསུང་དུང་དང་མདོག །ཅི་བཞིན་འདུ་འབྲལ་མེད་པ་ངེས་དོན་དུ། །གྲུབ་ཀྱང་ཀུན་རྫོབ་


SPN003_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པའི་ལྷ་ལམ་ནས། །ཆུ་འཛིན་སྤྲིན་ཡིག་ཕྲེང་བྲེས་བཀའ་གསང་ཆར། །དད་པའི་ཡུལ་སར་རེག་མ་ཐག་པའི་མོད། །ཡིད་ལ་རྒྱས་གདབ་དུས་རིང་སེར་བུའི་དགྲའི། །ངལ་དུབ་རྒྱང་དོར་གང་གི་བཀའ་དྲིན་འོད། །ཅི་དགར་བླ་ན་གསལ་བ་ཁོ་ན་ཡིས། །ཉེར་འཚོའི་འབྱུང་ཁམས་ལྷག་བསམ་པད་ཚལ་གྱི། །འདབ་རྒྱས་གེ་སར་འཛུམ་པའི་གཉེན་གཅིག་པུ། །གང་སྐུའི་དཀྱིལ་འཁོར་ཉིན་བྱེད་གཟི་བྱིན་ཅན། །འགྲོ་རྒྱུད་ཉོན་མོངས་མུན་སྟུག་བྲལ་ནས་སུ། །ཡང་དག་ཡེ་ཤེས་ལམ་བཟང་སྟོན་མཁས་པ། །རྒྱལ་སྲས་སློབ་བཅས་ངོ་མཚར་ཞིང་གི་གནས། །དེ་ཚུལ་སྐབས་གསུམ་བདག་པོས་བརྗོད་དཀའ་ན། །སོ་སྐྱེའི་བློ་ཡིས་གཞལ་བྱར་མ་མཆིས་ཀྱང་། །གསུམ་ལྡན་དད་པའི་སྤུ་ལོང་རབ་གཡོས་ཏེ། །རྣམ་ཐར་མཐའ་མི་མངོན་ལས་ཟེགས་མ་ཙམ། །སྤྲོས་འདིའི་བསོད་ནམས་རིན་ཆེན་བྱེ་བ་བརྒྱ། །སྲིད་མཐར་འཛད་མེད་བདག་གཞན་ཚོགས་གསུམ་གྱི། །རྡོ་རྗེའི་ས་ལ་དབུགས་དབྱུང་སྩོལ་བའི་སླད། །མཆོག་ཞལ་ལྟ་དང་ངེས་གསང་ཆོས་འཁོར་ལོ། །བསྐོར་བར་གསོལ་བའི་བདོག་པ་ཆེས་ཕྲ་ཞིང་། །ཇི་བཞིན་རྔོ་མ་ཐོགས་ནའང་རྟེན་འབྱུང་རྫས། །ཀུན་བཟང་མཆོད་པའི་སྤྲིན་དུ་བསྒྱུར་བྱས་ནས། །སྲིད་ཞིའི་དཔལ་འབྱོར་ཕྱུར་


SPN003_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

བུར་སྤུངས་པ་ཡི། །བཀོད་མཛེས་མཎྜལ་བཟང་འདི་སེམས་ཅན་དོན། །དགོངས་ཕྱིར་ཆོས་དབྱིངས་ཀློང་ནས་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དེ་ལྟར་ཆེད་དུ་བརྗོད་པའི་ཚིགས་སུ་བཅད་པ་མཱ་ལི་ཀའི་ཕྲེང་བས་མདུན་ས་མཛེས་པར་བརྒྱན་ནས། དེ་ཡང་གནས་དུས་སྟོན་འཁོར་དམ་ཆོས་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པ་རང་བཞིན་ལྷུན་གྱིས་གྲུབ་པའི་དགེ་མཚན་བཟང་པོས་སྤུད་པར་བྱས་པའི་ཆ་འདིར། རྣམ་འདྲེན་ཡོངས་ཀྱི་རིགས་བདག་རྡོ་རྗེ་འཆང་དབང་མཆོག་གི་སྐུའི་དཀྱིལ་འཁོར་མངོན་སུམ་མཐོང་ཞིང་། གསུང་གི་བདུད་རྩིའི་ཟབ་དོན་མྱོང་ནས་ཐུགས་ཀྱི་ཡེ་ཤེས་རང་རྒྱུད་སྨིན་པར་མཛད་པའི་བདག་ཉིད་ཆེན་པོ་གང་ཁྱོད་སྲིད་འདིར་ཞབས་པད་རྡོ་རྗེའི་ཆོས་བདུན་ངོ་བོར་བསྐལ་བརྒྱར་བརྟན་ཅིང་། འདི་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར་དུ་རྗེས་སུ་འཛིན་པར་གསོལ་བའི་རྟེན་ཐོག་མར་སྐབས་གསུམ་ལྷ་ཡི་རེག་བྱ་མངྒས་མཚན་པའི་ཕོན་ཚར་མ་ཉམས་པ་སྲིད་རིང་། སྐུ་རྡོ་རྗེ་མི་འགྱུར་བའི་ཕྱིར་དུ་བསྟན་པའི་མངའ་བདག་ཤཱཀྱའི་རྒྱལ་པོའི་སྣང་བརྙན་གསེར་ལས་བྱས་པ་གསར་བསྐྲུན་ཁྱད་མཚར། གསུང་རྡོ་རྗེ་མི་འགག་པའི་རྟེན་ཏ་ཐཱ་ག་ཏའི་


SPN003_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་གྱི་རབས་བརྗོད་རྒྱ་སྤར་མ། ཐུགས་རྡོ་རྗེ་འཁྲུལ་པ་མེད་ཕྱིར་ཆོས་སྐུའི་མཆོད་སྡོང་བཀའ་གདམས་ལི་རྙིང་བྱིན་ཆེན། སྟན་དཀར་རྡོ་རྗེ་དང་གཡུང་དྲུང་གི་རེ་ཁཱ་བཀྲ་བ། རིན་གཉིས་མཎྜལ་རི་རབ་མཚོ་གླིང་མཐའ་ཡས་ཞིང་ཁམས་ཀྱི་བཀོད་པས་མཛེས་པ། ཏིང་ཤག་དངུལ་ལུང་ཅན། གོས་ཇུས་སེར་པོ་དང་། སྔོན་པོ་བཅས་སྒྲིལ་གཉིས། ཚན་དང་པོར་ལྷ་རྫས་ཕྱི་མཛོད་དང་། གོས་སེར་ཡུག་གཙོས་དགུ་ཚན། གཉིས་པར་ལྷ་རྫས། གོས་དམར་གཙོས་དགུ་ཚན། གསུམ་པར་ལྷ་རྫས་དང་། གོས་སྔོན་སོགས་དགུ་ཚན། བཞི་པར་ལྷ་རྫས་ལིང་དམར་ཡུག་གིས་གཙོས་བདུན་ཚན། ལྔ་པར་ལྷ་རྫས་དང་། གོས་ལིང་སྔོ་ནག་སོགས་བདུན་ཚན། ཕྱིང་ཁྲ། སྦུ་ཧར་ཀོ་བུབ། སག་སྔོན་བུབ། དངུལ་གྱི་རྣ་རྒྱན། རལ་གྲི། ཤིང་ཡེ་ལྗོན་འདབ་འཁོར་དྲུག་ཅུ། གཞུང་ཇ་འཁོར་དྲུག་ཉི་ཤུ། རྟ་ཆིབས་ཆེན་གཉིས། ཆིབས་ཧྲོལ་གཉིས། དཀྱུས་རྟ་བཅུ། དྲེའུ་གསུམ། རྒྱ་དངུལ་སྲང་བརྒྱ་དང་ལྔ་བཅུ། མཐའ་དཀར་ཀ་ཤི་ཡུག་བཅས་རྣམ་གྲངས་བརྒྱ་ཕྲག་ཕྱེད་གསུམ་ལ་ཡོན་ཏན་གྱིས་ལྷག་པ་འབུལ་ལམ་ཞུ་ཞུ། སླར་གསོལ་བ། མཆོག་ཏུ་འགྱུར་བ་མེད་པའི་ཆོས་དབྱིངས་ཁམས། །


SPN003_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི་ཡོན་ཏན་ཡོངས་རྫོགས་སྒྱུ་དྲྭའི་འཕྲུལ། །མཆོག་རྣམས་རིགས་བསྡུས་སྤྱི་དཔལ་སྐུར་བཞེངས་པ། །མཆོག་ཞབས་ཞིང་འདིར་རྟག་བརྟན་འཚོ་གཞེས་གསོལ། །དཔལ་ལྡན་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད། །དཔལ་ཀུན་འབྱུང་གནས་གདོད་མའི་ཚེ་མཐའ་ཡས། །དཔལ་འབར་འཆི་མེད་རྡོ་རྗེ་ཡོངས་གྲུབ་གང་། །དཔལ་མགོན་དམ་པར་ཆོས་སྟོན་འཚོ་གཞེས་གསོལ། །མི་ཤིགས་གཞོམ་བྲལ་གུར་ཁང་རབ་འཚེར་དབུས། །མི་འགྱུར་གསང་གསུམ་གཟི་བྱིན་རབ་གསལ་བ། །མི་ནུབ་བགྲང་ཡས་བསྐལ་ཆེན་རབ་གནས་བར། །མི་འཇིགས་སེང་ཁྲིར་འཚོ་གཞེས་རབ་བརྟན་གསོལ། །རང་བྱུང་ལྷུན་རྫོགས་ངང་ལས་མ་བཅོས་སྐུ། །རང་ཤར་ཀློང་དུ་བྲི་གང་མི་མངའ་ཡང་། །རང་སྣང་གདུལ་བྱར་རྗེས་སུ་དགོངས་པ་ཡི། །རང་རྩལ་ཐོགས་པ་མེད་བཞིན་ཞབས་བརྟན་གསོལ། །ཆོས་ཉིད་རྣམ་པར་དག་པ་དོན་དམ་བདེན། །ཆོས་ཅན་ཀུན་རྫོབ་བསླུ་མེད་བདེན་འབྲས་དང་། །དེང་འདིར་གསོལ་བཏབ་སྨོན་པའི་བདེན་སྟོབས་ཀྱིས། །བསྐལ་བརྒྱར་ཞབས་བརྟན་གདུལ་བྱ་རྗེས་འཛིན་གསོལ། །ཚོགས་གཉིས་དཔག་པར་དཀའ་བའི་ལེགས་བྱས་རང་གཟུགས་གསེར་གྱི་ལྷུན་པོ་བཞིན། །ཆོས་ཀྱི་


SPN003_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་རྣམ་འདྲེན་སྟོབས་བཅུའི་ཡོན་ཏན་མངའ་བའི་དཔལ་ལྡན་པ། །མགོན་པོ་ཟླ་བ་ཉ་འདྲའི་དཀྱིལ་འཁོར་ཇི་ལྟར་སྲིད་ན་ལྷམ་མེ་བ། །དུས་གསུམ་ཀུན་ཏུ་དགེ་བའི་མཆོག་སྟེར་བཀྲ་ཤིས་དེང་འདིར་བདེ་ལེགས་ཤོག །དེས་གསུང་དམ་ཆོས་བདུད་རྩིའི་རྒྱ་མཚོ་རྣམ་མང་རིན་ཆེན་འབྱུང་བའི་གནས། །ཞི་བ་ཆགས་བྲལ་སྨྲ་བསམ་བརྗོད་སོགས་བློ་ཡི་ཡུལ་ལས་རིང་སོང་བའི། །མཐའ་གཉིས་སྤངས་པའི་རྡོ་རྗེའི་དབྱངས་ཀྱི་ཡན་ལག་དྲུག་ཅུའི་ངེས་པ་ཅན། །འགྲོ་བའི་དབུགས་འབྱིན་རབ་དགེའི་དཔྱིད་དུ་བཀྲ་ཤིས་དེང་འདིར་བདེ་ལེགས་ཤོག །ཕ་རོལ་ཕྱིན་བཅུའི་དོན་ལ་རབ་གནས་རིག་དེང་གྲོལ་བའི་སར་བཞུགས་པའི། །ཡང་དག་ངེས་པའི་ལམ་སྟོན་རྒྱལ་སྲས་འཕགས་པ་བྱང་སེམས་དགེ་འདུན་ཚོགས། །སྲིད་ཞིའི་གདུང་སེལ་འགྲོ་བའི་བླ་མར་མཆོད་འོས་ནམ་མཁའི་ནོར་བུའི་འོད། །རྟག་པར་ནོངས་མེད་དགེ་མཚན་དང་བཅས་བཀྲ་ཤིས་དེང་འདིར་བདེ་ལེགས་ཤོག །ཤཱཀྱའི་སྤྱན་སྔར་ཇི་ལྟར་བདེན་མཐོང་གང་གི་རིང་ལུགས་གདུགས་དཀར་པོ། །བླ་ན་འདེགས་ཤིང་ཆོས་ཀྱི་རྒྱལ་སྲིད་སྐྱོང་ལ་གཡེལ་མེད་སྙིང་སྟོབས་ལྡན། །ཚངས་དང་ལྷ་དབང་རྒྱལ་ཆེན་བཞི་སོགས་དཀར་པོའི་ཕྱོགས་ཀྱི་སྡེ་རིས་ཀྱིས། །དེང་འདིར་བསམ་དོན་དགེ་ལེགས་ཡོངས་འགྲུབ་བཀྲ་ཤིས་ཀུན་ཏུ་ཁྱབ་པར་མཛོད། །སརྦ་ཀཱ་ལྱ་ཎོ་མ་ནོ་ར་ཐེ་པཱུརྞཾ་བྷ་བ་ཏུ། །

ཟུར་མང་གར་སྤྲུལ་པའི་འབུལ་ཐོ།


SPN003_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་མང་གར་སྤྲུལ་པའི་འབུལ་ཐོ་བཞུགས། ༀ་སྭ་སྟི། དོན་གྲུབ་ལྷ་རྣམས་ཀུན་གྱི་ལྷ། །རྡོ་རྗེའི་ཚེ་མཆོག་དཀྱིལ་འཁོར་བདག །འཆི་མེད་པདྨཱ་ཀཱ་ར་དང་། །རྣམ་དབྱེར་མེད་པའི་དཔལ་ལྡན་པ། །གང་གི་ཞབས་ཟུང་གསེར་འཁོར་ལོ། །སེང་གེས་བཏེགས་པའི་ཁྲི་དྲུང་དུ། །སྒོ་གསུམ་འདུད་པ་དང་བཅས་ནས། །དད་པའི་མེ་ཏོག་མནྡཱ་ར། །འཐོར་བཞིན་མཆོག་གི་དཔལ་ཡོན་ལ། །དང་བ་བསྐྱེད་ནས་གསོལ་འདེབས་སྤྲོ། །དེང་དུས་རྒྱལ་ཀུན་ཐམས་ཅད་ཀྱི། །རང་གཟུགས་ཉིད་དུ་བསྐལ་སྔོན་ནས། །རང་དོན་མཛད་པ་མཐར་ཕྱིན་པའི། །མངོན་པར་སངས་རྒྱས་གྲུབ་ན་ཡང་། །གཞན་དོན་རླབས་ཆེན་སྤྱོད་པ་ཡི། །ཕྲིན་ལས་རྒྱུན་མི་ཆད་པའི་མཐུས། །བསམ་བཞིན་སྲིད་པར་ཉེར་བཟུང་བའི། །རྣམ་རོལ་ཟླ་ཤེལ་རི་བོང་ཅན། །ཡིད་ཅན་མོས་པའི་རྫིང་བུ་ཡི། །ཉེས་གསུམ་རྙོག་པ་བྲལ་བའི་ངོར། །དེར་སྣང་མོས་ངོར་འཆར་བ་ལས། །བསམ་མི་ཁྱབ་པའི་གཟུགས་ཀྱི་སྐུ། །ཐུགས་རྗེའི་འོད་དཀར་ཟེར་ཕྲེང་གཡོ། །གདུལ་


SPN003_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཀུ་མུཏ་གཉེན་གཅིག་པུ། །ལྗོངས་འདིར་ཁྱོད་ལས་གཞན་སུ་ཞིག །དེས་ན་ལྷག་པར་ཕྱག་བྱར་གནས། །སྟོན་པ་བདེ་གཤེགས་ཐུབ་མཆོག་དང་། །མཚོ་སྐྱེས་རྡོར་འཆང་རིང་ལུགས་ཀྱི། །སྙིང་པོ་ཟབ་གསང་ངེས་པའི་དོན། །དྲི་བྲལ་ཐེག་པའི་འཇུག་སྒོ་རྣམས། །ཇི་བཞིན་འཆང་ལ་ཐོགས་མེད་ཀྱི། །མཁྱེན་པའི་ཡེ་ཤེས་རབ་གསལ་བ། །ཆགས་ཐོགས་མེད་པའི་རང་བཞིན་གྱི། །གསང་བ་གསུམ་གྱི་འཁོར་ལོ་ནས། །སྣ་ཚོགས་ཆོས་ཀྱི་བདུད་རྩིའི་རྒྱུན། །ཉོན་མོངས་དག་བྱེད་སིམ་པ་ལས། །བྱང་ཆུབ་ཐར་པའི་སྐྱེད་ཚལ་བཟང་། །རབ་ཏུ་རྒྱས་པའི་གསོས་དམ་པ། །མ་འདྲིས་ཡོངས་ཀྱི་མགོན་གྱུར་གང་། །དེང་འདིར་བདག་སོགས་ལས་སྨོན་གྱི། །བགོ་སྐལ་ཉིད་དུ་མངོན་ཤར་ནས། །གསང་གསུམ་དཀྱིལ་འཁོར་མཇལ་ནས་སུ། །བྱིན་རླབས་དབང་བཞི་སྩོལ་བ་ཡི། །བཀའ་དྲིན་སྲིད་མཐར་འཁོར་དཀའ་ཡང་། །ཀུན་བཟང་མཆོད་པའི་སྤྲིན་དམིགས་པས། །འབུལ་འདི་བརྩེ་བས་བཞེས་སུ་གསོལ། །ཞེས་མཆོད་པར་བརྗོད་པ་སྔོན་དུ་བཏང་ནས། །དངོས་པོའི་ཡོ་བྱད་རྟེན་འབྱུང་གི་རྫས་སུ་བསྟར་བའི་ཐོག་མར་ལྷ་རྫས་གངས་མདོག་དཀྱུས་རིང་། རྒྱ་དངུལ་རྟ་རྨིག་མ་རྡིལ་ཚད་གཅིག །ཕྱི་


SPN003_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། གོས་ཇུས་ཡུག །རས་ཡུག་གཉིས། འགའ་དཀར། འབྲུག་ཁྲ་པ་སངས་ཁ་བ་ཡུག་བཅས་བདུན་ཚན། རྟ་ཆིབས་ཆེན་གཅིག །ཆིབས་ཧྲོལ་གཅིག །དྲེའུ་གཅིག་བཅས་འབུལ་ལམ་ཞུ། སླར་ཡང་ཆེད་དུ་གསོལ་བ། དེ་ལྟའི་ལེགས་བྱས་ཕུན་ཚོགས་དཔལ་འབར་བ། །ཡོངས་གྲུབ་ཐོགས་པ་མེད་པའི་དགེ་མཚན་གྱིས། །མངོན་པར་བརྒྱན་པའི་ཚོགས་གཉིས་ལྷུན་རྫོགས་པ། །འདིས་མཚོན་བདག་གཞན་དུས་གསུམ་བསགས་ཡོད་ཀྱི། །དགེ་ཚོགས་གཅིག་ཏུ་བསྡུས་ནས་འབུལ་བའི་མཐུས། །བསིལ་ལྗོངས་སྟོན་པ་གང་ཁྱོད་གསང་བ་གསུམ། །རྡོ་རྗེའི་རང་བཞིན་རྟག་ཏུ་མི་གཡོ་བར། །མི་འགྱུར་གདོད་མའི་འཆི་མེད་དབང་བསྒྱུར་ནས། །ནམ་མཁའ་དེ་སྲིད་འཚོ་གཞེས་བརྟན་གྱུར་ཅིག །རྒྱལ་བསྟན་དར་ཞིང་སྐྱེ་དགུ་ཆོས་ལྡན་ཞིང་། །བདག་དང་བདག་གི་འབྲེལ་གྱུར་ཅི་སྙེད་པ། །ཀུན་ཀྱང་བསམ་དོན་ཡོངས་གྲུབ་མཐར་ཐུག་ཏུ། །བླ་མེད་སྐུ་བཞིའི་གོ་འཕང་མཆོག་ཐོབ་པའི། །ཐུགས་བསྐྱེད་དམ་པས་རྗེས་སུ་འཛིན་པ་ནས། །རྟག་པར་ནོངས་པའི་ཉེས་ཚོགས་རྒྱང་བསྲིང་བའི། །བཀྲ་ཤིས་དོན་གཉིས་མཐར་ཕྱིན་བྱིན་གྱིས་རློབས། །སརྦ་མངྒ་ལཾ་ཤུ་བྷ་པུཥྚིཾ། །


SPN003_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་སྭ་སྟི། ཐོག་མཐའ་བར་དུ་དགེ་བ་ཅན། །རྒྱལ་བའི་དཀྱིལ་འཁོར་ཁྱོན་ཡངས་པོའི། །མངའ་བདག་མཆོག་དངོས་གྲུབ་པའི་གཏེར། །རྡོ་རྗེ་འཆང་དབང་ཞབས་པདྨོ། །འཇིགས་བྲལ་གདོང་ལྔས་བཏེགས་པའི་ཁྲི། །སྲིད་ཞིའི་བླ་ན་མངོན་མཐོའི་དྲུང་། །གུས་པས་འདུད་ཕྱག་སྔོན་བཏང་ནས། །དད་དང་མོས་པ་མི་ཕྱེད་བློ། །བཅོས་མིན་ཤུགས་འབྱུང་གསོལ་བའི་མཆིད། །དགྱེས་པའི་རོལ་མོར་སྤྲོ་ཕྱིར་འབུལ། །རྣམ་མང་ལེགས་བྱས་རྒྱ་ཆེན་གྱིས། །རིང་ནས་ཤིས་པར་བྱས་པ་ཡི། །རྨད་བྱུང་ཡ་མཚན་ངོ་མཚར་གནས། །རྟག་པར་འཆར་བའི་དུས་ཀྱི་ཆར། །དེང་ཡང་འབྱམས་ཀླས་བརྗོད་འདས་ཀྱི། །བསྐལ་མང་གོང་ནས་བྱང་ཆུབ་མཆོག །སྤྱད་པ་སྤྱོད་པའི་ཆོས་ཀྱི་སྐུ། །མངོན་དུ་གྱུར་ཀྱང་ཚུར་མཐོང་གི། །སྣང་ཚུལ་སྤྲུལ་པའི་གར་སྟོན་པ། །ཐུགས་བསྐྱེད་དམ་བཅའི་ཁྱུང་སྔོན་སྐྱེས། །བསྐུལ་བའི་སྒྱུ་འཕྲུལ་རྡོ་རྗེའི་འོད། །ཉིན་བྱེད་མཚན་དཔེའི་གཟི་འབར་བས། །ལས་ཉོན་མུན་པར་བྱིང་བ་ཡི། །ལོག་རྟོག་དྲྭ་བར་འཐུམས་པ་རྣམས། །གཅིག་ཆར་བཅོམ་ཞིང་དྲང་ངེས་ཀྱི། །ཆོས་རྣམས་འཆད་ལ་བསྙེམས་བྲལ་བ། །སྐལ་ལྡན་གདུལ་བྱའི་སྐྱེད་ཚལ་དུ། །གང་གི་བྱིན་གཟིས་རེག་པའི་མོད། །རང་བྱུང་ཡེ་


SPN003_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པུཎྜཱ་རི། །འདབ་བརྒྱ་གྲོལ་བར་བྱེད་པ་ཡི། །ཡང་དག་གནས་ལ་མ་སྨད་པའི། །བློ་མིག་དང་ལྡན་བྷྲ་མ་ར། །འཁོར་བའི་སྐལ་བཟང་ཀུན་དགའི་དཔྱིད། །སྨིན་པའི་འོད་ཟེར་འབུམ་བརྡལ་བས། །འཚོ་ཞིང་བརྟས་པར་ལོངས་སྤྱོད་པའི། །རྫོགས་ལྡན་གསར་པའི་དགའ་སྟོན་དཔལ། །ངོམ་པ་ཇི་ལྟའི་ཐུགས་རྗེའི་མདངས། །རབ་ཏུ་གསལ་འདིའི་བཀའ་དྲིན་ཆ། །གཞལ་བར་དཀའ་ཡང་བདག་གཞན་གྱི། །དུས་གསུམ་དགེ་ཚོགས་གཅིག་བསྡུས་ཤིང་། །དངོས་འབྱོར་ཀུན་བཟང་སྨོན་ལམ་བཞིན། །ཡིད་སྤྲུལ་མཆོད་པར་བསྟར་ནས་སུ། །མཎྜལ་རི་རབ་གླིང་བཞི་སོགས། །ལྷ་མིའི་དཔལ་འབྱོར་ཐམས་ཅད་ཀྱིས། །ཕྱུར་བུར་བཀང་ནས་འབུལ་བ་དང་། །ལྷན་ཅིག་རྟེན་འབྱུང་སྐྱེས་བཟང་རྣམས། །འབུལ་འདི་བརྩེར་བཞེས་བྱིན་གྱིས་རློབས། །ཞེས་པའི་འདུད་པས་གསོལ་བའི་མཆིད་ཀྱི་མདུན་བདར་ནས་སྐྱབས་འོག་པ་ཀརྨ་དམ་ཆོས་ལྷུན་གྲུབ་ཀྱི་འབུལ་མཚོན་སྐྱབས་འཇུག་རྟེན་ཐོག་མར་ལྷ་གོས་ཀཻ་ལ་ཤའི་མདོག་ཅན་ཕོན་ཚར་མ་ཉམས་པ། ཚན་དང་པོར་ལྷ་རྫས་ཕྱི་མཛོད། གོས་ཡུག །ལིང་ཡུག་གཉིས། རས་ཡུག་གཉིས། པ་སངས་ཁ་པ་བཅས་བདུན་ཚན། བཟང་


SPN003_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

ཇ་ཆུང་འཇུ་ཤིང་ཡེ་འཁོར་དྲུག་བཞི། རྒྱ་དངུལ་སྲང་ཉེར་ལྔ་བཅས་འབུལ་ལམ་ཞུ་ཞུ། སླད་མའི་ཆར་ཡང་གསོལ་སྙིང་རེ་འབྲས་ནི། །ཛམྦུ་བྲྀཀྵས་མཚན་པའི་ལྗོངས་འདི་ཡི། །ཐུབ་བསྟན་གསལ་བར་བྱེད་པའི་གཉེན་གཅིག་པུ། །གང་ཁྱོད་ལས་གཞན་དམིགས་སུ་མ་འཚལ་བ། །འཕགས་པ་རྣམས་ཀྱི་རི་མོར་བྱ་བའི་ཡུལ། །དེས་ན་མོས་བློས་ཡར་གཞལ་ཙམ་མིན་པར། །དད་པ་གསུམ་གྱིས་རྒྱུད་བསྐུལ་གསོལ་འདེབས་ཀྱིས། །བདག་སོགས་གདུལ་བྱ་རྒྱ་མཚོའི་དཔལ་མགོན་དུ། །གསང་གསུམ་ཡེ་ཤེས་རྡོ་རྗེའི་རང་བཞིན་མཆོག །ཡེ་ནས་གྲུབ་ཕྱིར་དོན་དམ་འཕོ་མེད་ཀྱི། །བདེ་ཆེན་རྟག་པའི་ངོ་བོར་དབང་བསྒྱུར་བའི། །མི་ཤིགས་དྭངས་མ་ཆེན་པོའི་སྐུར་བསྟན་ནས། །བསྐལ་བརྒྱར་འཚོ་གཞེས་རྡོ་རྗེའི་ཁྲི་འཕང་ལ། །བཞུགས་སུ་གསོལ་འདེབས་མདོ་སྔགས་རིང་ལུགས་གང་། །འཛིན་སྐྱོང་སྤེལ་དང་བཤད་སྒྲུབ་ཕྲིན་ལས་ཀྱིས། །ཁོར་ཡུག་ཀུན་ཁྱབ་རྒྱལ་མཚན་བསྒྲེང་བར་གསོལ། །སྐྱབས་འོག་ཆུད་པའི་གུས་ལྡན་རྣམ་ཀུན་ཏུ། །བསམ་དོན་ཆོས་བཞིན་འགྲུབ་ཅིང་ཚེ་དཔལ་རྒྱས། །གདོད་མའི་གནས་ལུགས་མངོན་སུམ་རྟོགས་པ་ཡི། །ཐུགས་རྗེས་བདག་རྒྱུད་སྨིན་གྲོལ་དངོས་གྲུབ་སྩོལ། །སརྦ་མངྒ་ལཾ་ཀུཪྺནྟུ། །

དེ་ནས་དཔའ་བོ་རིན་པོ་ཆེའི་དྲུང་དུ་འབུལ་བའི་ཐོ་ཡིག


SPN003_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དཔའ་བོ་རིན་པོ་ཆེའི་དྲུང་དུ་འབུལ་བའི་ཐོ་ཡིག་ནི། སྭ་སྟི་བྷ་ཝནྟུ། གཙུག་ལག་ཟབ་མོའི་གནས་རྣམས་ཀུན། །ཡོངས་རྫོགས་ཆོས་ཀྱི་རྒྱལ་པོ་མཆོག །འགྲོ་བའི་གདུང་སེལ་པདྨའི་གཉེན། །བསྟན་འཛིན་ནམ་མཁའི་ནོར་བུ་ཞེས། །རྒྱ་མཚོའི་གོས་ཅན་ཀུན་གསལ་བའི། །འཇིག་རྟེན་ཆེ་དགུའི་མཆོད་འོས་གནས། །ཞབས་པད་གསེར་གྱི་ཤིང་རྟའི་ཁྲི། །ཅང་ཤེས་བདུན་བཏེགས་གང་དྲུང་དུ། །རབ་དཀར་དགེ་བའི་དཔལ་གང་དག །གཅིག་ཏུ་སྤུངས་པའི་བདེ་ལེགས་ཀྱིས། །ཤིས་པར་བྱས་པའི་རྫོགས་ལྡན་དུས། །གསར་བཞད་ལྟ་བུའི་དེང་གི་ཆར། །གུས་དང་འདུད་བཅས་དང་བའི་ཡིད། །ལྷག་བསམ་རིན་ཆེན་འབྱུང་གནས་ཀྱི། །གཏིང་ནས་ཐོན་པའི་པུཎྜཱ་རི། །མོས་བློའི་འདབ་བརྒྱ་གྲོལ་བཞིན་པར། །ངོ་མཚར་གེ་སར་འཛུམ་ནས་སུ། །རིག་པའི་འཕྲུལ་གྱི་བྷྲ་མ་ར། །འཁོར་ཞིང་སྙན་སྒྲོགས་མགོན་ཁྱོད་ཀྱི། །ཡོན་ཏན་ཟེར་ཕྲེང་འབུམ་བརྡལ་བའི། །ཆ་ཤས་ཙམ་ཞིག་བློར་བཀོད་ནས། །གསལ་འདི་དོན་དང་ལྡན་པར་སེམས། །རིང་ནས་སྦྱངས་པའི་གོམས་སྟོབས་ཀྱིས། །རྒྱལ་དང་རྒྱལ་སྲས་གཞན་དག་ལས། །ཆེས་ཆེར་བརྗིད་པའི་


SPN003_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་བསྐྱེད་ཕུལ། །སྒྲོལ་བྱེད་དབུས་སུ་ཆུ་ཤེལ་ཅན། །དེ་ལྟའི་བསྙེམས་པའང་འཕྲོག་བྱེད་པའི། །གདོད་ནས་དག་པ་ཆོས་ཀྱི་སྐུ། །འདུས་མ་བྱས་པའི་རང་བཞིན་ཀློང་། །མཐའ་བྲལ་ཆེན་པོར་ལྷུན་གྲུབ་པའི། །རང་མདངས་མ་འགགས་ལོངས་སྐུར་ཤར། །ངེས་པ་ལྔ་ལྡན་ཞིང་གི་བདག། དེ་ལས་ཁྱུང་སྔོན་སྐྱེས་དྲངས་པའི། །ཅིར་ཡང་སྣང་བ་སྤྲུལ་པའི་སྐུ། །རིག་རྩལ་རོལ་པ་མཐའ་ཡས་པ། །གདུལ་དཀའི་བླ་ན་མངོན་འཆར་བའི། །གཞན་ཕན་ཐུགས་བསྐྱེད་ཀྱིས་བསྐུལ་ནས། །མཚན་དཔེའི་དཀྱིལ་འཁོར་ཉིན་མོར་བྱེད། །གསང་གསུམ་རྡོ་རྗེའི་འོད་སྟོང་གི། །ཕྲིན་ལས་རྣམ་བཞིའི་འདོད་དགུར་སྒྱུར། །རྒྱལ་བསྟན་མདོ་སྔགས་རིང་ལུགས་གང་། །དགའ་ཚལ་རྒྱས་པའི་དཔྱིད་འགྱུར་ཞིང་། །འགྲོ་རྒྱུད་མ་རིག་ཁྲི་མུན་དཔུང་། །བྲལ་ནས་ཐེག་པ་མཆོག་གི་ལམ། །མ་ནོར་ལྟ་བའི་གནས་ཐོབ་བྱེད། །གང་དྲིན་ལས་བྱུང་གཞན་དུ་མིན། །དེས་ན་རབ་འབྱམས་སྟོན་པ་ཀུན། །ཁྱོད་སྐུར་རྫོགས་པ་ངེས་བྱས་ནས། །བསླུ་མེད་ཉིད་དུ་ཡོངས་གྲུབ་མོད། །ཁྱད་པར་སྔོན་སྨོན་བཙན་པོ་ཡི། །རྗེས་འབྲེལ་ཟབ་མོའི་དགོངས་པ་ལས། །འདིར་སྣང་མེ་ཏོག་བགོ་སྐལ་དུ། །མངོན་སུམ་ཚད་མར་མཆེད་


SPN003_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

ཟླར་བཞེངས། །ཚུལ་འདི་ཨེ་མ་སྐལ་བཟང་རྨད། །ཕུན་སུམ་ཚོགས་པ་ལྔ་དང་ནི། །དགེ་ལེགས་ཡོངས་འདུའི་གནས་དམ་པར། །མགོན་ཁྱོད་གསེར་ཞལ་ལྷམ་མེ་བ། །མཇལ་བའི་བཀའ་དྲིན་གཞལ་དཀའི་གནས། །དངོས་པོའི་སྐྱེས་བཟང་ཆེས་ཕྲ་ཡང་། །ཡིད་ཀྱི་མཎྜལ་རི་མཚོ་གླིང་། །ལྷ་མིའི་དཔལ་འབྱོར་བཀོད་མཛེས་པ། །བྱེ་བ་བརྒྱར་སྤྲུལ་འབུལ་བ་དང་། །ལྷན་ཅིག་རྟེན་འབྱུང་བདོག་པ་རྣམས། །མཆོད་སྤྲིན་རྒྱ་མཚོར་སྤྲོ་བར་བགྱི། །དེ་ཡང་ཐོག་མར་བཀྲ་ཤིས་པའི་ལྷ་རྫས་དཀྱུས་རིང་མངྒའི་རི་མོས་མཚན་པ་ཕོན་ཚར་མ་ཉམས་པ། །སྐུ་རྟེན་རང་བྱུང་རྒྱལ་བའི་གསེར་སྐུ། གསུང་རྟེན་ཚེ་མདོ་གཟུངས། ཐུགས་རྟེན་བཀའ་གདམས་མཆོད་རྟེན། སྟན་དཀར་རྡོ་རྗེའི་རེ་ཁཱ་བཀྲ་བ། དྲི་ལྡན་གྱི་ཕྱག་རྩེའི་སྐོར། ཞབས་ཆག་ཆ། ལྔ་ཚན་གཅིག །བདུན་ཚན་གཅིག །དགུ་ཚན་གཅིག །ཤིང་ཡེ་འཁོར་དྲུག་གཉིས། ཀོ་རྩེ་འཁོར་དྲུག་བརྒྱད། ཆིབས་བཀྲ་ཤིས་དུང་ལེབ། མཚལ་བུ་རླུང་གཤོག །རོལ་རྟ་གཉིས། དཀྱུས་རྟ་གསུམ། དྲེའུ་གཅིག །མཛོ་གསུམ། ཁལ་ལྔ། དངུལ་སྲང་བརྒྱ། ཟམ་དཀར་ཡུག་བཅས་འབུལ་ལམ་ཞུ་ཞུ། སླར་ཡང་གསོལ་བ། རང་བྱུང་གཞི་ལས་འགྱུར་མེད་ཆོས་


SPN003_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ཁམས། །རྟག་བརྟན་བདེ་བ་ཆེན་པོའི་ཡེ་ཤེས་དང་། །ཆུ་ཟླའི་གར་རོལ་རྣམ་འཕྲུལ་སྣ་ཚོགས་གཟུགས། །ཅིར་ཡང་བསྒྱུར་བའི་བདག་ཉིད་ཞབས་བརྟན་གསོལ། །འཕུར་འགྲོའི་སློབ་དཔོན་མཚོར་འཁྲུངས་རྡོ་རྗེ་འཆང་། །སྙིགས་ལྔའི་བསྟན་འགྲོར་རྗེས་དགོངས་རྒྱལ་ཚབ་ཏུ། བསྔགས་པའི་དབུགས་དབྱུང་དམ་པར་དབང་བསྐུར་བ། །རིག་འཛིན་གྲུབ་པའི་སར་གནས་འཚོ་གཞེས་གསོལ། །གསང་སྔགས་ཐེག་པའི་རྩེ་རྒྱལ་ཨ་ཏིའི་ཆོས། །ཟབ་དོན་སྙིང་པོའི་བུམ་བཟང་གཏམས་ནས་སུ། །སྐལ་བཟང་བཅུད་དུ་སྨིན་གྲོལ་གངྒཱའི་ཀླུང་། །ཇི་བཞིན་རྣམ་ཀུན་ཆོས་འཁོར་བསྐོར་གསོལ་འདེབས། །དགེ་དེས་དྲི་མེད་ངེས་གསང་བསྟན་འཕེལ་ཞིང་། །འཛིན་སྐྱོང་གཅེས་སྤྲས་ལྡན་རྣམས་འཚོ་ཞིང་བརྟན། །རྒྱལ་ཁམས་བདེ་དགའི་ཉེར་འཚོ་རྒུད་པ་བྲལ། །རྟག་པར་ཞི་བའི་བདུད་རྩིས་སིམ་གྱུར་ཅིག །བཀྲ་ཤིས་དཔལ་གྱི་ལེགས་བྱས་གཞི། །རྟག་བརྟན་མི་འགྱུར་རྡོ་རྗེ་ཅན། །གཞར་ཡང་གཡོ་མེད་གཞན་རྐྱེན་སྤང་། །གང་འདིར་བཀྲ་ཤིས་སྐྱོང་གྱུར་ཅིག །སརྦ་མངྒ་ལམ། སུ་ཛ་ཡནྟུ། ཤུ་བྷ་པུཥྚིཾ། །སྭསྟི་ཛ་ཡནྟུ། ཕྱོགས་དུས་རྒྱལ་བ་ཀུན་གྱི་གསང་བ་གསུམ། །མི་


SPN003_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

འཛད་རྒྱན་གྱི་འཁོར་ལོའི་མཛོད་འཛིན་པ། །དཔལ་ལྡན་འཇིག་རྟེན་དབང་ཕྱུག་ཀརྨ་པའི། །བསྟན་པའི་ཕྲིན་ལས་འཛིན་པ་གང་དྲུང་དུ། །དེང་ཡང་ཕུན་སུམ་ཚོགས་པའི་དུས་ཀྱི་ཆར། །དགེ་ལེགས་བྱེ་བས་གཏམས་པའི་དཔལ་གང་དག །མ་ཚང་མེད་པ་ལྷུན་གྱིས་གྲུབ་པ་ཡི། །དུས་འདིར་བསོད་ནམས་ཚོགས་ཟུང་འབྲས་སྨིན་པས། །བསྟན་འགྲོ་ཉེར་འཚོའི་གཞིར་གྱུར་གཟུགས་ཀྱི་སྐུ། །སྨོན་ལམ་བྱམས་པའི་གོ་ཆ་ཆེར་བསྒོས་པས། །གང་ཞིག་སྐྱེ་དགུའི་རྒུད་པ་རྒྱང་བསྲིང་ཕྱིར། །ལེགས་བྱས་བླ་ན་མེད་པའི་ཡོན་ཏན་ཚོགས། །ཡོངས་འདུ་དབང་པོ་ལྟ་བུ་རབ་བརྗིད་པའི། །རྒྱལ་སྲས་ཐུ་བོའི་ཚུལ་འཛིན་བྱང་ཆེན་གྱི། །སྤྱོད་པས་སྒྲུབ་བརྒྱུད་སྙིང་པོའི་རིང་ལུགས་གང་། །འཛིན་སྐྱོང་སྤེལ་དང་ཐོས་བསམ་སྒོམ་སྟོབས་སོགས། །དམ་པའི་རྣམ་ཐར་རྗེས་སུ་སྐྱོང་བཞིན་པར། །རྒྱལ་བའི་གདུང་འཚོབ་ཉིད་དུ་བསྔགས་འོས་པའི། །ཤིས་བརྗོད་སྐབས་གསུམ་མེ་ཏོག་མནྡཱ་ར། །མངོན་པར་འཐོར་བཞིན་དབུགས་དབྱུང་གཟེངས་བསྟོད་པའི། །མིང་གི་དབང་བསྐུར་སེང་ཁྲིར་མངའ་གསོལ་བའི། །རྟེན་ཅིང་འབྲེལ་འབྱུང་རྨད་དུ་བྱུང་བ་དང་། །ཁྱད་པར་རྒྱལ་བའི་ཐུགས་རྗེའི་མཐུ་སྟོབས་དང་། །


SPN003_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ཕྱོགས་སྐྱོང་བ་རྣམས་ཀྱིའང་མགྲིན་གཅིག་ཏུ། །སྭ་སྟི་སིདྡྷི་ཞེས་པའི་སྒྲ་དབྱངས་དང་། །པུཎྜཱ་རི་ཀའི་ཆར་ཆེན་བསྙིལ་བཞིན་པར། །དགེ་བའི་མཚན་མས་ཀུན་ཏུ་ཁྱབ་བྱས་པའི། །དེང་འདིར་ཕྱོགས་ལས་རྣམ་པར་རྒྱལ་བ་ཡི། །གསང་གསུམ་མི་ནུབ་རྒྱལ་མཚན་བརྟན་གྱུར་ཅིག །ཅེས་ཆེད་དུ་བརྗོད་པའི་ཚིག་གིས་མདུན་བདར་ནས། དངོས་པོའི་ལེགས་སྐྱེས་མཚོན་པར་ཐོག་མར་བཀྲ་ཤིས་པའི་ལྷ་གོས་རབ་དཀར། སྐུ་རྟེན་དུ་ཨོ་རྒྱན་རིན་པོ་ཆེའི་གསེར་སྐུ། གསུང་རྟེན་བདེ་མཆོག་འཁོར་ལོའི་དཀྱིལ་ཆོག །ཐུགས་རྟེན་རྡོར་དྲིལ་བཅས་དང་། །ཡང་རབ་དཀར་ལྷ་རྫས། ལིང་ལྗང་ཡུག །ཟམ་དམར་ཡུག །འགའ་ཁྲ་ཡུག །སྦྲེ། ཝ། གཡི། གཟིག་བཅས་ཀྱི་པགས་པ། གསེར་སྒ་ཆས་འཁོར་ཚང་མ། ཆིབ་པ་གྲ་དཀར་རླུང་གཤོག། ཆིབ་རོལ་གཅིག །རྒོད་མ་གཅིག །མཛོ། མཛོ་མོ། འབྲི། ཁལ། མཐའ་དཀར་དང་བཅས་འབུལ་ཞུས་ལ་དགྱེས་བརྩེས་རོལ་པ་འཚལ། སླར་ཡང་སྨྲས་པ། སྟོན་མཆོག་ཞི་བ་ཆགས་བྲལ་ཚོགས་ཀྱི་མཆོག །མཆོག་གསུམ་ཐུགས་རྗེ་ཅན་གྱི་བྱིན་རླབས་འོད། །འོད་སྟོང་གསལ་བས་གང་འདིར་བདེ་ལེགས་དཔལ། །དཔལ་དང་ལྡན་པས་རྣམ་


SPN003_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཤིས་གྱུར་ཅིག །ཚངས་སོགས་ལྷ་ཡི་བདེན་པས་རྒྱལ་བའི་བསྟན། །བསྟན་འཛིན་ཕྲིན་ལས་མཐར་ཕྱིན་བཞེད་པའི་དོན། །དོན་གཉིས་ཡོངས་འདུའི་བཞེད་དགུ་ལྷུན་གྱིས་གྲུབ། །གྲུབ་གཉིས་དངོས་ཀུན་མཆོག་ཐོབ་བཀྲ་ཤིས་ཤོག། །

འབུལ་ལན་སྐོར།


SPN003_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་ལན་སྐོར་བཞུགས། ཆོས་ཀུན་རང་བཞིན་གདོད་ནས་རྣམ་དག་པའི། །འདུས་མ་བྱས་པའི་རང་གཟུགས་ཀློང་ཡངས་སུ། །ཇི་སྙེད་མ་ལུས་པྲ་ཕབ་རང་བཞིན་ཅན། །རྟོགས་པའི་རྒྱལ་ས་འཛིན་ཁྱོད་ཀུན་ཏུ་རྒྱལ། །དེང་ཡང་གཟོད་ནས་གཞན་རྐྱེན་མ་གོས་པའི། །སེམས་བསྐྱེད་རྣམ་དག་ཁམས་ལས་ཡོངས་གྲུབ་པའི། །སྙིང་སྟོབས་ཟབ་མོས་སྲ་བརྟན་ཡ་ལད་བགོས། །བྱམས་པའི་དཔུང་དང་སྟོང་ཉིད་མཚོན་ཆ་ཡིས། །གཟུང་འཛིན་དྲི་མ་ཡིད་སྲུབས་མདའ་ལྔ་པ། །ཕ་མཐར་བསྐྲད་པའི་དཔའ་བོའི་ངང་ཚུལ་ལ། །རིང་ནས་གོམས་པའི་ཚོགས་གཉིས་སྟོབས་ཆེན་པོ། །སྨིན་པའི་སྐུ་འཚོ་དཔག་བསམ་ལྗོན་བཟང་བཞིན། །སྦྱོང་ཡོན་བཅུ་གཉིས་ཡོན་ཏན་རབ་བརྗིད་པའི། །གཞན་དྲིང་མི་འཇོག་ཐབས་མཁས་ལོ་འདབ་རྒྱས། །འགྲོ་ཀུན་དུས་ཀྱི་ཚ་གདུང་འགོག་པ་


SPN003_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །བདེ་བར་ངལ་གསོའི་བསིལ་གྲིབ་སིམ་པ་བསྐྱེད། །གཞན་ཕན་ལྷག་བསམ་རྩ་བ་རབ་ཏུ་བརྟན། །འཇིག་རྟེན་མཆོད་འོས་བསྟན་དང་དེ་འཛིན་རྣམས། །དགྱེས་རོལ་ཡོངས་འདུ་མེ་ཏོག་རྣམ་བཀྲ་བས། །བླ་མེད་བསྒྲུབ་པའི་མཆོད་པ་འདབ་སྟོང་གྲོལ། །ཟག་མེད་བདེ་བ་ཆེན་པོའི་ཡེ་ཤེས་ངང་། །རྣམ་པར་མི་རྟོག་སྐྱེ་མེད་མཁའ་འདྲ་བའི། །གཉུག་མ་སྤྲོས་བྲལ་གཤིས་ཀྱི་རང་གདངས་ལས། །རྟོགས་ཚོགས་གེ་སར་བཞད་པའི་ཕྲེང་བ་མཛེས། །ཁོར་ཡུག་བྱར་མེད་སྐྱོང་བའི་དྲི་བསུང་གི། །བསོད་ནམས་བ སྐལ་བར་བརྗོད་དཀའི་གནས་ལས་ཅི། །སྣང་ཚུལ་རྟེན་འབྱུང་ཡ་མཚན་ལྟད་མོའི་འཕྲུལ། །འབྲས་བུ་གཡུར་དུ་ཟ་བའི་ལོངས་སྤྱོད་ཀྱིས། །མོས་བློའི་རྒྱུད་བསྐུལ་ཞབས་ཏོག་དགུ་ཕྲུག་གི། །མཆོད་སྤྲིན་བར་མེད་སྤྲོ་དང་ལྷན་ཅིག་པར། །གསུང་རིས་རྟེན་བཟང་དངོས་པོའི་བདོག་པ་ལས། །དམ་ཚིག་གཅེས་སྤྲས་ལྷ་རྫས་དྲི་མེད་དཀར། །དེ་ཉིད་གཞི་བརྟན་ས་ཟླ་ཟུང་འཇུག་གྲངས། །འབྲེལ་ཚད་ཐར་ལམ་སྐྱེལ་བའི་ཅང་ཤེས་རྟ། །སྤུ་སྡུག་སྤྲིན་ཤུགས་ལྡན་པ་བཅུ་ཕྲག་གསུམ། །ཞིང་གི་ཡོན་ཏན་རྫོགས་ཕྱིར་རིན་གཉིས་ཀྱི། །པདྨ་སྤུངས་པའི་རེ་ཁཱ་


SPN003_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་བ་བཅས། །བརྡའ་རྟགས་རྟེན་འབྲེལ་འཆར་སྒོའི་དཔྱིད་དུ་ནི། །སོན་བཞིན་ཡིད་ཀྱི་བུང་བ་བདེ་སྟོང་གི། །ཡེ་ཤེས་རྒྱུད་ལ་སྐྱེས་མཚུངས་སྤྲོ་དགར་རྨད། །འདིར་ཡང་སྐྱབས་གསུམ་ཉིན་བྱེད་གཟི་བྱིན་གྱི། །དཔལ་ལ་བརྟེན་མཐུས་འབྱུང་ཁམས་སྙོམས་པ་ནས། །བསྟན་འགྲོར་སྨན་བདེའི་འདུན་ཁུལ་དང་བཅས་ཏེ། །བསམ་གཏན་ཁང་བུར་ཆོས་སྤྱོད་ཟོལ་དུ་མཆིས། །འཕགས་ཆེན་མཆེད་དང་མཆོག་ཟུང་ཉན་རང་ཚོགས། །ཅི་བཞིན་དགེ་འདུན་རྣམས་ཀྱང་སྤངས་རྟོགས་ཀྱི། །ཡོན་ཏན་དགའ་ཚལ་རྒྱས་པའི་ཟིལ་མངར་ལ། །མཐའ་བཞིའི་ཡིད་ཅན་རྐང་དྲུག་འདུ་བཞིན་པར། །བདེན་བཞིའི་བཅུད་ཀྱིས་འཚོ་བའི་དཔལ་སྦྱིན་གནས། །གཞན་དུ་མི་བདག་འབངས་འཁོར་དྲི་བཞོན་ལྟར། །གྱ་གྱུའི་སྤྱོད་ཚུལ་ཀུན་ཏུ་གཡོ་བ་ཡི། །མངའ་རིས་གྲང་རེག་ཁོ་ནས་དུས་འདའ་ཞིང་། །བདེ་བའི་བར་མཚམས་དབེན་པའི་གོ་སྐབས་བྲལ། །འོན་ཀྱང་གཞར་ཡང་མི་བསླུའི་དཀོན་མཆོག་དབྱིངས། །མི་ཕྱེད་འདུན་པའི་སྐྱ་རེངས་ཀྱིས་བསྐུལ་ཚེ། །ཐུགས་རྗེའི་འོད་སྟོང་སྤྲོ་བར་ཅིས་མི་འགྱུར། །དེས་ན་ཚད་མེད་བཞི་ལྡན་སྨོས་ཅི་དགོས། །མཚམས་འབྲས་སླད་ཆར་གང་སྐུ་བསྙེལ་མེད་པར། །དུས་ཀྱི་འགྱུ་བས་མ་གཙེས་སྒོ་


SPN003_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པོ། །རྡོ་རྗེ་གསུམ་ལྡན་དྭངས་མའི་སྐུར་གྲུབ་ནས། །མི་ཤིགས་རྟག་པའི་ངོ་བོར་འཚོ་བརྟན་ངོས། །སྔོན་ཚེ་ལྷར་བཅས་འགྲོ་མགོན་བཅུ་གསུམ་པ། །བདུད་འདུལ་རྡོ་རྗེ་འཆང་བའི་བྱིན་རླབས་ཀྱི། །འཕོ་དབང་ཟབ་མོས་སྟན་ཐོག་གཅིག་སངས་རྒྱས། །དངོས་སུ་འགྲུབ་པའི་གསང་སྔགས་ཉེ་ལམ་མཆོག །མ་ཧཱ་མུདྲ་ཚངས་རལ་གངྒཱའི་ཀླུང་། །ཉིད་ཀྱི་སྐལ་བར་སྣོད་ལྡན་བུམ་བཟང་གཏམས། །རྒྱུད་གྲོལ་ཡེ་ཤེས་རྡོ་རྗེ་མངོན་གྱུར་བཞིན། །གདུལ་བྱར་འོས་པའི་རིགས་ཅན་གང་དག་རྣམས། །སྨིན་པའི་འགྲོ་སྒྲོལ་རླབས་ཆེན་སྤྱོད་པ་ཡི། །ཡང་དག་ལམ་ལ་འགོད་པའི་དེད་དཔོན་དང་། །རྒྱལ་བསྟན་མཆོད་ཅིང་སྐྱོང་དང་སྤེལ་བ་སོགས། །དམ་པའི་རྣམ་ཐར་རྗེས་སུ་སློབ་མཚུངས་པའི། །ཇི་ལྟར་སེམས་བསྐྱེད་འབྲས་གང་གེགས་མེད་པར། །དངོས་སུ་གྲུབ་དང་འགྲུབ་གྱུར་མཆིས་སོ་ཅོག །དེ་ལྟར་དོན་དང་ལྡན་ཕྱིར་སྨོན་ལམ་གྱི། །རྒྱས་གདབ་རྡོ་རྗེའི་བདེན་ཚིག་སྤེལ་ཡོད་ཅིང་། །འབྲེལ་གྱུར་རྣམས་ཀྱང་འདི་གཏན་བདེ་ཐོབ་ཕྱིར། །བསྔོ་བས་མཚམས་སྦྱོར་བགྱིད་པའང་དགོངས་ཆུབ་ནས། །མོལ་མཆིད་དལ་འབབས་རྒྱུན་བཞིན་ཆད་མེད་འཚལ། །རབ་དཀར་ལྷ་རྫས་བཀྲ་ཤིས་རེ་ཁཱ་བཀྲ། །ཆོས་ཀྱི་རྒྱལ་པོ་ཤཱཀྱའི་སྐུ་བརྙན་


SPN003_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །བསྟན་པའི་གསལ་བྱེད་དྷརྨཱ་ཀཱ་ར་ཡི། །སྐུ་བརྙན་གསེར་ལས་ལེགས་བྱས་མཚན་དཔེའི་ཆ། །གཟི་འབར་བྱིན་རླབས་སྟོབས་ཀྱིས་རབ་བརྗིད་པའི། །མཆོད་པའི་རྟེན་དུ་འོས་པ་ཉི་ཟླ་ཟུང་། །རྡོ་རྗེའི་མདུད་དང་དམ་རྫས་ལེ་ཚན་དང་། །ཙི་ནའི་ཆུ་གོས་ལས་གྲུབ་བླ་བྲེ་བཅས། །སྐྱེས་བདག་བགྲང་བྱའི་མགོ་ཟླའི་དབང་ཕྱོགས་ཀྱི། །རྒྱལ་བ་དང་པོའི་གྲལ་ཚེས་དགེ་བ་ལ། །དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གདན་ས་ཡི། །ཡང་དབེན་དོན་གྲུབ་བདེ་ཆེན་དགའ་གླིང་ནས། །སྤེལ་བའི་ཀུ་ཧུ་མགྲིན་གླུ་དང་བཅས་ཏེ། །སྐྱེས་བཟང་ལྡན་པའི་འདབ་གཤོག་བརྒྱར་བྱས་ནས། །ག་ལ་བ་དེར་བསོད་ནམས་ལྗོན་པའི་རྩེར། །དགེ་བར་འབབ་དགེས་ཀུན་ཏུ་དགེ་གྱུར་ཅིག །སརྦ་མངྒ་ལམ། སུ་ཛ་ཡནྟུ། ཤུ་བྷམ། ཞེས་གནས་མདོ་བླ་མ་ཡན་ལག་མཆོག་གི་འབུལ་སྐྱེལ་འབྱོར་ལེན་ལ་བསྲིང་པའོ། །

སྨན་པ་བླ་མ་ཚེ་བརྟན་གྱི་ཡུན་འཚོའི་ལན་དུ།


SPN003_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྨན་པ་བླ་མ་ཚེ་བརྟན་གྱི་ཡུན་འཚོའི་ལན་དུ་སྤེལ་བ་ནི། སྭསྟི། རྣམ་དག་བསླབ་གསུམ་རིན་ཆེན་ཁང་བཟང་དབུས། །འགྲོ་ཀུན་ཉེར་འཚོའི་གཏེར་གྱི་འདོད་འཇོའི་བུམ། །སྙིང་སྟོབས་ཞུམ་མེད་འཛིན་པའི་ཛཱི་ཝནྟ། །གུ་རུ་ཨཱ་ཡུ་ཏིཥྛ་རྒྱལ་གྱུར་ཅིག། གང་ཁྱོད་རིང་


SPN003_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མ་འདྲིས་བཤེས་རྣམས་ཀྱི། །རྗེས་སློབ་དགེ་ཚོགས་འབྲས་བུ་རླབས་ཆེན་པོ། །དུས་སྨིན་སྐུ་འཚོ་སཱ་ལའི་ལྗོན་དབང་ལྟར། །བརྟན་ཅིང་ཡོངས་ལ་ཕན་བདེའི་ལོ་འདབ་ཀྱི། །གྲིབ་བསིལ་སྣུམ་པོས་སྐྱོང་དང་ཆབས་ཅིག་པར། །འདིར་ཡང་རྣམ་ཀུན་བརྩེ་བའི་མི་ཕྱེད་འདུན། །དད་དང་དམ་ཚིག་རབ་དཀར་ཀཻ་ལ་ཤ། །ཇི་བཞིན་རྟག་འགྲུས་ངང་ནས་རྟེན་འབྱུང་རྫས། །རིན་ཐང་གཞལ་དཀའི་མཚན་དཔེའི་ཆ་རྫོགས་པའི། །རྒྱལ་བ་ཚེ་མཐའ་ཡས་པའི་སྐུ་བརྙན་མཆོག། སུ་ཝརྞ་ལས་གྲུབ་པའི་བཟོ་ཁྱད་ཅན། །ལྷ་རྫས་དྲི་མེད་འབེལ་མཆིད་རེ་ཁཱ་བཅས། །འབྱོར་བ་དགེ་བའི་མཚན་མ་གསུམ་ལྡན་པའི། །ལེགས་ཚོགས་ཡར་ངོའི་ཟླ་བཞིན་ཆ་གང་གྱུར། །དེ་ལྟའི་བསོད་ནམས་བྱེ་བའི་རྡུལ་བརྩེགས་ཀྱིས། །ཕྱོགས་ཀྱི་རྒྱ་མཚོའི་གོས་ཅན་ཡོངས་ཁྱབ་ནས། །བསྟན་འགྲོའི་མགོན་གྱུར་གང་ན་སུ་བཞུགས་པ། །འཚོ་བརྟན་གསོལ་ཞིང་དེ་མཐུས་བདག་ལྟའང་། །འབྱུང་འདུས་བདེན་པ་རྟག་པ་ཐེར་ཟུག་པའི། །མི་ཤིགས་རྡོ་རྗེ་གཡུང་དྲུང་ཁམས་གྲུབ་ཅིང་། །རྒྱལ་བསྟན་རྣམ་པར་དག་པ་གང་དག་ལ། །བྱ་བ་རྒྱ་ཆེར་འགྲུབ་པར་སྨོན་པ་དང་། །སྐྱེ་དགུ་ཆོས་ལ་སྦྱོར་བའང་འདུན་པ་བཅས། །དེ་ཀུན་གང་


SPN003_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

གི་སེམས་བསྐྱེད་ཟབ་མོའི་འཕྲུལ། །མ་སྨད་ཆོས་ཅན་ཆོས་ཉིད་བདེན་སྟོབས་ཀྱི། །མཐུ་ལས་ངེས་པར་འགྲུབ་པའི་རང་བཞིན་འགྱུར། །སླད་ཆར་ཉི་ཟླ་འོད་ཟེར་ཙནྡ་དྲི། །ཇི་བཞིན་དཔོན་སློབ་འདུ་འབྲལ་མེད་པར་གནས། །ཉིད་ཀྱང་བགྲང་བྱ་རྩེར་སོན་མཐར་ཕྱིན་ནས། །བཞེད་དོན་མཐའ་དག་འབད་མེད་མཐར་ཕྱིན་ཞིང་། །རྣམ་ཀུན་ཡེ་ཤེས་སྣང་བ་རབ་རྒྱས་ངོས། །བཀྲ་ཤིས་གསུང་ཚོགས་དབྱར་མཚོ་རབ་རྒྱས་འཚལ། །ཞེས་པའི་ཕྲིན་ཡིག་ལེགས་སྐྱེས་ལྷ་དར་དཀར། །ཀསྨི་ར་དང་ནཻ་པཱ་ལ་ཡུལ་གྱི། །ཚེ་ཡི་གསོས་གྱུར་བཟང་སྨན་ལེ་ཚན་དང་། །བཅུད་ཀྱི་སྙིང་པོ་ཤིས་པའི་རྫས་དང་བཅས། །སུཪྱ་བྱང་བསྒྲོད་ལྷ་ཡི་ཉིན་མོའི་དུས། །དཀར་ཕྱོགས་དགའ་བ་གསུམ་པའི་ཚེས་བཟང་ལ། །དོན་གྲུབ་བདེ་ཆེན་དགའ་བའི་གླིང་ནས་སྤེལ། མངྒ་ལམ། །


previousབོད་དང་བོད་ཆེན་ལྗོངས་རྣམས་སུ། །བསྟན་དང་བསྟན་འཛིན་མཆོག་རྣམས་ལ། །བསྙེན་བཀུར་མཆོད་སྤྲིན་འབུལ་བའི་ཐོ། །པུཎྜ་རཱི་ཀའི་ཕྲེང་འདིར་གསལ། next