Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  expand section
  collapse section
   
མགོན་ཁང་རྒྱུན་བསང་ལས་བཞི་མྱུར་གྲུབ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
  expand section
  expand section
   
   
   
   
   
  expand section
   


 
previousམགོན་ཁང་རྒྱུན་བསང་ལས་བཞི་མྱུར་གྲུབ།next

མགོན་ཁང་རྒྱུན་བསང་ལས་བཞི་མྱུར་གྲུབ།


SPN003_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་ཁང་རྒྱུན་བསང་ལས་བཞི་མྱུར་གྲུབ་ཅེས་པ་བཞུགས། རྩ་གསུམ་འདུས་ཞལ་རྡོ་རྗེ་ནག་པོ་ཆེན་པོ་ལ་ན་མཿ འདིར་ཡེ་ཤེས་མགོན་པོ་བེར་ཅན་ལྕམ་དྲལ་འཁོར་དང་བཅས་པ་མངའ་གསོལ་ཞིང་བསང་མཆོད་འབུལ་བ་མདོར་བསྡུས་ཀྱི་རིམ་པ་ནི། དམ་ཚིག་དང་ལྡན་པའི་སྒྲུབ་པ་པོས། རྟེན་བཤམས་པའི་དྲུང་དུ། དམ་རྫས་གཏོར་མ། སྨན་དང་རཀྟའི་ཨརྒཾ། ཉེར་སྤྱོད་མཆོད་པ། ཕྱེ་མར་འབྲུ་སྣ་དང་སྨན་སྣ། ཕུད་སྣ་དར་སྣ་ཚོགས། རིན་ཆེན་ཕྱེ་མ། གཞན་ཡང་སྤྱན་གཟིགས་དཀོར་ཆས་ཀྱི་རིགས་དང་། དར་ནག་གི་བ་དན་བསྒྲེང་། དྲི་བཟང་པོ་བདུག་པའི་བྱེ་བྲག་དང་། གསུར་ཆེན་གྱི་དུད་པ་བཏང་ལ། དང་པོ་མཆོད་རྫས་བྱིན་


SPN003_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

བརླབ་ནི། རང་ལྷར་གསལ་བའི་ངང་། ༀ་ཨཱ་བིགྷྣན་སོགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས་ལ། སྟོང་པའི་ངང་ལས་ཡྃ་ལས་རླུང་དཀྱིལ་སྟེང་། །རྃ་ལས་མེ་དཀྱིལ་ཀྃ་ལས་ཐོད་སྒྱེད་གསུམ། །དེ་དབུས་ཨ་ལས་བྷནྡྷའི་སྣོད་ཡངས་པར། །གོ་ཀུ་ད་ཧ་ན་ལས་ཤ་ལྔ་དང་། །བི་མུ་མ་ར་ཤུ་ལས་བདུད་རྩི་ལྔ། །སོ་སོར་ཡི་གེ་དེ་དག་མཚན་པའོ། །རླུང་མེའི་སྦྱོར་བས་རྫས་ཀྱི་ཉེས་སྐྱོན་སྦྱངས། །འབྲུ་གསུམ་འཕྲོ་འདུས་ཡེ་ཤེས་བདུད་རྩིར་གྱུར། །ༀ་ཨཱ་ཧཱུྃ། ལན་གསུམ། རོལ་ཆེན་དང་བཅས། གུ་རུ་དེ་ཝ་ཌཱ་ཀི་ནི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ༀ་མ་ཧཱ་ཀ་ལ་ཀཱ་ལ་ཡ། དེ་ཝ་རཀྵ་ཛཿཧཱུྃ་བྃ་ཧོཿ འདིར་ཤོག་འདིར་ཤོག །ཨ་གཙྪ་ཡ་ཨ་གཙྪ་ཡ། ཧཱུྃ་ཡ་ཛཿ ཧཱུྃ་ཡ་ཛཿ རྔ་འགྲིགས་དབྱངས་དང་བཅས། ཧཱུྃ། ཆོས་དབྱིངས་རྣམ་དག་ཕོ་བྲང་ནས། །སྐྱབས་གནས་བཀའ་བརྒྱུད་བླ་མ་རྣམས། །རྣལ་འབྱོར་གདུང་བས་སྤྱན་འདྲེན་ན། །འདིར་གཤེགས་མངའ་གསོལ་མཆོད་པ་བཞེས། །རང་བཞིན་ལྷུན་གྲུབ་ཞིང་ཁམས་ནས། །ཡི་དམ་དཔའ་བོ་ཌཱ་ཀིའི་ཚོགས། །རྣལ་འབྱོར༴ འདིར་གཤེགས༴ འོག་མིན་བྱང་ཕྱོགས་དུར་ཁྲོད་ནས། །དཔལ་ལྡན་རྡོ་རྗེ་ནག་པོ་ཆེ། །རྣལ་འབྱོར༴ འདིར་གཤེགས༴ བྱང་ཤར་ཐོད་མཁར་བརྩེགས་པ་ནས། །རྡོ་རྗེ་ནག་མོ་རེ་མ་ཏི། །རྣལ་


SPN003_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར༴ འདིར་གཤེགས༴ ཕྲིན་ལས་རྣམ་བཞིའི་དཀྱིལ་འཁོར་ནས། །དཔལ་མགོན་ཕྱག་བཞི་བྱ་རོག་གདོང་། །རྣལ་འབྱོར༴ འདིར་གཤེགས༴ འཇིག་རྟེན་འཇིག་རྟེན་འདས་པ་ཡི། །ཆོས་སྐྱོང་སྲུང་མ་མ་ལུས་པ། །རྣལ་འབྱོར༴ འདིར་གཤེགས༴ མི་འགྱུར་བཀའ་གསང་རྡོ་རྗེ་ཡི། །དམ་ཚིག་གཉན་པོའི་གཞལ་ཡས་ནས། །རྒྱལ་ཆེན་རྣམ་མང་ཐོས་སྲས་མཆོག །དམ་ཅན་སྐྱེས་བུ་རྡོ་རྗེ་ལེགས། །ག་ཡ་དྷ་ར་ཡབ་ཡུམ་འཁོར། །སྲིན་མགོན་ནག་པོ་ཐོད་ཕྲེང་ཅན། །རྣལ་འབྱོར༴ འདིར་གཤེགས༴ ཀླུ་རྒྱལ་ཇོ་བོ་སྔགས་ཀྱི་བདག །དགེ་བསྙེན་བཛྲ་རཱ་ཛ་ཆེ། །དབྱིངས་ཕྱུག་ཨ་ཕྱི་ཆོས་ཀྱི་སྒྲོན། །བཀྲ་ཤིས་ཚེ་ཡི་དཔལ་སྟེར་མ། །ལྷ་སྨན་རྒྱལ་མོ་མཆེད་ལྔ་དང་། །བོད་ཁམས་སྐྱོང་མ་བཅུ་གཉིས་ཀྱང་། །རྣལ་འབྱོར༴ འདིར་གཤེགས༴ བཙན་རྒོད་རྡོ་རྗེ་དབང་དྲག་འབར། །ས་བརྒྱད་སེམས་དཔའ་ལྷ་ཆེན་གཙོ། །ཐང་ལྷ་ཡར་ཞུར་སྲས་འཁོར་བཅས། །རྨ་རྒྱལ་སྤོམ་ར་མཆེད་ལྕམ་དཔུང་། །སྐུ་ལྷ་གེར་མཛོ་འབྲི་གཉན་ལྡང་། །ཟིལ་ཕྲོམ་རྡོ་རྒྱལ་མུ་ནམ་སོགས། །རྣལ་འབྱོར༴ འདིར་གཤེགས༴ ཐུབ་བསྟན་ཆོས་འཁོར་གཉན་སྲུང་བ། །ཟོ་དོར་དབུ་ཆེ་བྲག་དཀར་ནི། །རྡོ་རྗེ་དཔལ་སྐྱོང་རྩལ་ཞེས་གྲགས། །དགྱེས་སྡེ་སྲས་འཁོར་སྒོ་


SPN003_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཞི། །སྨུག་སངས་རྩེ་རྒྱལ་ཞལ་ད་སོགས། །དཀར་ཕྱོགས་གཞི་གནས་ཡུལ་བདག་རྣམས། །རྣལ་འབྱོར༴ འདིར་གཤེགས༴ ཞེས་དང་། དེ་ནས་བསང་ཁང་དུ་ཕྱེ་མར་ལ་སོགས་འབྲུ་སྨན་གྱི་རིགས་རྣམས་གསུམ་ཆ་འབུལ་ཞིང་། གཏོར་མ་དང་གསེར་སྐྱེམས་ནམ་མཁར་མཆོད་ལ། ཀྱཻ། འཁོར་འདས་མཉམ་ཉིད་སྤྲོས་བྲལ་ཀློང་། །སྐྱེ་མེད་ཆོས་སྐུའི་རང་གདངས་རྩལ། །འགགས་མེད་ལོངས་སྐུའི་དཀྱིལ་འཁོར་ཤར། །གནས་མེད་སྤྲུལ་པའི་རོལ་པ་ལས། །འབྱུང་ལྔ་རྣམ་དག་ཡུམ་ལྔའི་དབྱིངས། །ཁམས་ལྔ་འདུས་པའི་རྟེན་འབྲེལ་གྱིས། །སྣང་སྲིད་སྣོད་བཅུད་ལྷུན་གྱིས་རྫོགས། །རབ་འབྱམས་འཇིག་རྟེན་བཀོད་པ་གསལ། །ཛམྦུ་བྲྀཀྵས་མཚན་པའི་ཞིང་། །སངས་རྒྱས་ཆོས་ཀྱི་དཔལ་གཡང་ལྡན། །བྱང་ཕྱོགས་གངས་རིའི་ཕྲེང་བསྐོོར་བའི། །སྨན་ལྗོངས་སྣ་ཚོགས་སྐྱེད་ཚལ་མཛེས། །དྲི་བསུང་སྤོས་ངད་ལྡང་པ་ཡི། །བདུད་རྩི་ཅན་ཤིང་རྣམ་མང་པོ། །རིན་ཆེན་བསང་ཁང་ཟླུམ་འཁྱིལ་དབུས། །འབར་གཡོའི་འཕྲུལ་གྱི་དུད་པའི་སྤྲིན། །ཕྱོགས་ཀྱི་གོ་སྐབས་འཕྲོག་བྱེད་པའི། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན། །མཐོ་རིས་དབང་པོའི་ལོངས་སྤྱོད་ཀྱི། །ལེགས་བྱས་རང་གཟུགས་ཅི་ཡང་འཆར། །དག་གཙང་ཡིད་འོང་ཉེར་སྤྱོད་བདུན། །མཐའ་ཀླས་རྒྱས་པར་འགེངས་པ་དང་། །ཨཱིནྡྲ་


SPN003_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

སྙིལ་གྱི་ཡོལ་གོ་རུ། །ཛ་གད་དང་སྦྱར་གསེར་གཡུའི་སྐྱེམས། །བཅུད་ལྡན་དཀར་མངར་བདའ་དགུའི་ཕུད། །ཚེ་གལ་མཐུན་བསྡེབས་དཔང་རེ་མཐོ། །དར་སྣ་བལ་ཚོན་མདངས་རེ་གསལ། །སྤྱན་གཟིགས་དཀོར་ཆས་རྔམས་ཤིང་བརྗིད། །ཤ་ཆེན་གཏོར་མ་རི་ལྟར་སྤུངས། །ཁྲག་ཆེན་ཨརྒྷཾ་མཚོ་ལྟར་བསྐྱིལ། །གསུར་ཆེན་དུད་པ་སྤྲིན་ལྟར་གཏིབས། །འདོད་ཡོད་སྣ་ཚོགས་གཅལ་དུ་བཀྲམ། །དར་ནག་རྒྱལ་མཚན་བ་དན་བསྒྲེངས། །རོལ་མོ་སིལ་སྙན་འབྲུག་སྟོང་ལྡིར། །ཏིང་འཛིན་མཆོད་པ་བསམ་མི་ཁྱབ། །གསོལ་ལོ་མཆོད་དོ་མངའ་གསོལ་ལོ། །ཀྱཻ། འགྲོ་བའི་མགོན་གྱུར་ཐུགས་རྗེའི་བདག། དཀོན་མཆོག་ཀུན་འདུས་ངོ་བོ་ཉིད། །རྩ་བརྒྱུད་བླ་མ་མངའ་གསོལ་ལོ། །ཡི་དམ་ལྷ་ཚོགས༴ ། དཔའ་བོ་མཁའ་འགྲོ༴ །ཡེ་ཤེས་མགོན་པོ༴ མ་ཧཱ་ཀཱ་ལ༴ །ལྷ་ཆེན་དཔལ་འབར༴ །ལེགས་ལྡན་ནག་པོ༴ །མཁའ་འགྲོའི་གཙོ་བོ་མངའ༴ །རིག་འཛིན་སྲུང་མ་མངའ༴ །རྣལ་འབྱོར་དགྲ་ལྷ༴ །དམ་ཉམས་སྲོག་གཅོད༴ །འཇིགས་བྱེད་ཆེན་མོ༴ །མ་གཅིག་ལྷ་མོ༴ །ཟ་བྱེད་ཆེན་མོ༴ །དབུགས་ལེན་བཅུ་དྲུག༴ །ཕྱོགས་བཅུ་མགོན་པོ༴ །དྲེགས་པ་དོན་གཉིས༴ །དྲེགས་པ་རྣམ་གསུམ༴ །མ་བདུན་སྲིང་བཞི༴ །འབར་དུས་ལྷ་མོ༴ །དམག་གི་རྒྱལ་མོ༴ །དབང་ཕྱུག་


SPN003_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་བརྒྱད༴ བརྟན་མ་བཅུ་གཉིས༴ །སྤྲུལ་དང་ཡང་སྤྲུལ༴ །ཧཱུྃ། དཔལ་མགོན་ཕྱག་བཞི་མངའ་གསོལ་ལོ། །ལས་མགོན་བྱ་གདོང༴ །རྒྱལ་ཆེན་རྣམ་སྲས༴ །བཛྲ་སདྷུ༴ །དཔལ་ལྡན་ཞིང་སྐྱོང་༴ །སྲིན་མགོན་ཐོད་ཕྲེང༴ །མ་དྲོས་བདག་པོ༴ །ཀླུ་རྒྱལ་མཁར་ནག༴ །དྷརྨ་ཏཱ་ར༴ །ཚེ་རིང་མཆེད་ལྔ༴ །བཙན་རྒོད་འབར་བ༴ ། དྲི་ཟའི་རྒྱལ་པོ༴ །རྨ་རྒྱལ་སྤོམ་ར༴ །གེར་མཛོ་གཉན་པོ༴ རྡོ་རྗེ་བློ་གྲོས། །རྡོ་རྗེ་གཡུང་དྲུང༴ །མུ་ནམ་མཆེད་བརྒྱད༴ །རྡོ་རྗེ་དཔལ་སྐྱོང༴ །སྨུག་སངས་དགེ་བསྙེན༴ །རྩེ་རྒྱལ་ཞལ་ད༴ །གཞན་ཡང་ཡུལ་རིས་ས་ཕྱོགས་འདིར། །གནས་པའི་ས་བདག་ཀླུ་གཉན་ཚོགས། །གཉུག་གནས་གློ་བུར་ལྷགས་པ་རྣམས། །མངའ་གསོལ་བསང་མཆོད་དགྱེས་པར་རོལ། །གསོལ་དང་མཆོད་པའི་བྱིན་རླབས་ཀྱིས། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །བར་དུ་གཅོད་པ་མཐའ་དག་སེལ། །དངོས་གྲུབ་མ་ལུས་ཀུན་སྩོལ་ཅིག །དེ་ནས་འདོད་དོན་གསོལ་ཞིང་ཕྲིན་ལས་བཅོལ་བ་ནི། སྐྱེམས་ཕུད་འཐོར་བཞིན་པས། ཀྱཻ། གསོལ་ལོ་མཆོད་དོ། །དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཡི་དམ་དཔའ་བོ་རྣལ་འབྱོར་མའི་ཚོགས་རྣམས་དང་། དཔལ་ཡེ་ཤེས་ཀྱི་མགོན་


SPN003_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མ་ཧཱ་ཀཱ་ལ། བདུད་འདུལ་རྡོ་རྗེའི་དེད་དཔོན། འཇིགས་བྱེད་ཆེན་པོ་བེར་ནག་པོ་ཅན། ཡེ་ཤེས་ཀྱི་མགོན་པོ། ལས་ཀྱི་མགོན་པོ། འཇིག་རྟེན་གྱི་མགོན་པོ། ཡབ་ལེགས་ལྡན་ནག་པོ། སྐུ་ཡི་མགོན་པོ། གསུང་གི་མགོན་པོ། ཐུགས་ཀྱི་མགོན་པོ། ཡོན་ཏན་གྱི་མགོན་པོ། ཕྲིན་ལས་ཀྱི་མགོན་པོ། དཔལ་ལྡན་ལྷ་མོ་རང་བྱུང་གི་རྒྱལ་མོ། འདོད་པ་ཁམས་ཀྱི་དབང་ཕྱུག་མ། རེ་མ་ཏི། རེ་མ་ཛ། རེ་མ་ཛུ། དབུགས་ལེན་གྱི་ཤན་པ་ཡབ་ཡུམ་བཅུ་དྲུག །ཕྱོགས་སྐྱོང་བའི་མགོན་པོ་བཅུ། དྲེགས་པའི་གཙོ་བོ་བདུན་ཅུ་རྩ་གཉིས། མྱུར་མགྱོགས་ཀྱི་དྲེགས་པ་རྐྱ་གསུམ། མ་བདུན་སྲིང་བཞི། འབར་མ་དགུ། དུས་ལ་འཆར་བའི་ལྷ་མོ་བཞི། དམག་གི་རྒྱལ་མོ་ཆེན་མོ་བཞི། དབང་ཕྱུག་མ་ཉེར་བརྒྱད། རྡོ་རྗེའི་བརྟན་མ་བཅུ་གཉིས། གཞན་ཡང་སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་དམ་ཅན་རྒྱ་མཚོའི་དམག་ཚོགས་འཁོར་དང་བཅས་པ་རྣམས་གསོལ་ལོ་མཆོད་དོ། །དཔལ་ཁྲག་འཐུང་གི་རྒྱལ་པོ་ཕྱག་བཞི་པ། ལས་མགོན་བྱ་རོག་གི་མཚན་ཅན། རྒྱལ་ཆེན་ངལ་བསོས་པོ། སྐྱེས་བུ་བཛྲ་ཐིག་ལེ་རྩལ། ཞིང་སྐྱོང་ཀུན་དགའ་གཞོན་ནུ། ལངྐ་དུར་ཁྲོད་བདག་པོ། ཀླུ་རྒྱལ་སོག་མ་མེད། དགེ་བསྙེན་རྡོ་རྗེ་རྒྱལ་པོ། སྣ་ནམ་ལྷའི་ལྕམ་མོ། །བཀྲ་ཤིས་ཚེ་རིང་མ་མཆེད་ལྔ། མཐུ་


SPN003_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་རྡོ་རྗེ་བྲག་བཙན་ལ་སོགས་ཡབ་ཡུམ་སྲས་འཁོར་བཀའ་སྡོད་ཕོ་ཉའི་ཚོགས་དང་བཅས་པ་རྣམས་གསོལ་ལོ་མཆོད་དོ། །གངས་ཅན་བོད་ཀྱི་བསྟན་སྲུང་ཁྱབ་འཇུག་གནམ་མཚོའི་བདག་པོ། ས་བརྒྱད་དབང་ཕྱུག་རྨ་རྒྱལ་རྡོ་རྗེ་བདུད་འཇོམས། སྲིད་པའི་ལྷ་ཆེན་ཨ་བོ་གེར་མཛོ། འབྲི་གཉན་ལྡང་བཛྲ་མ་ཏི་ལ་སོགས་དཀར་ཕྱོགས་སྐྱོང་བའི་ཡུལ་ལྷ་ཟོ་དོར་མཐུ་བོ་ཆེ་རྣམས་དང་། གདན་ས་གནས་མཆོག་འདི་ཉིད་ཀྱི་ཡུལ་དང་གཞིའི་བདག་པོ་དབུ་ཆེ་བྲག་དཀར་གཉན་པོ་ལ་སོགས་པ་རང་ལ་རིགས་ཀྱི་འགོ་བའི་ལྷ་དང་སྲུང་མ་བྱམས་པའི་སེམས་དང་ལྡན་པ་རྣམས་གསོལ་ལོ་མཆོད་དོ། །གསོལ་ཞིང་མཆོད་པ་ལ་བརྟེན་ནས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་རྡོ་རྗེ་སློབ་དཔོན་སྐུ་ཚེ་རིང་བར་གྱུར་ཅིག །མཆེད་དང་ལྕམ་དྲལ་ལ་ན་ཚ་མེད་པར་གྱུར་ཅིག །སྒྲུབ་པ་པོ་བདག་ཅག་གི་སྦྱིན་པའི་ཟས་ཟོ། བཅོལ་བའི་ལས་གྱིས། གདམས་པའི་ངག་ཉོན། དགོས་པའི་དོན་སྒྲུབས། སྡང་བྱེད་ཀྱི་དགྲ་སོད། གནོད་བྱེད་ཀྱི་བགེགས་ཐུལ། བར་ཆད་ཀྱི་རྐྱེན་ཟློག །སྡོད་སའི་གནས་མལ་སྲུངས། མཁོ་བའི་ཡོ་བྱད་སྲུངས། བརྒྱུད་འཛིན་གྱི་སློབ་མ་སྲུངས། ལུས་དང་གྲིབ་མ་བཞིན་དུ་མི་འབྲལ་བར་འགྲོགས་ལ། བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད་ཅིག །ཅེས་བརྗོད།


SPN003_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཚར་གྲངས་བཏོན་ན་སླར་ཡང་གོང་གི་བསང་གཞུང་དང་ཕྲིན་བཅོལ་བཅས་ཀྱི་གྲངས་འཛིན་ལ། རྗེས་མར་ཡང་སྐྱེམས་ཕུད་ཕྱེ་མར་འབུལ་ཞིང་འདོད་གསོལ་སྤྱི་འགྲོ་འདིའང་བྱ་སྟེ། སངས་རྒྱས་བསྟན་སྲུངས་དཀོན་མཆོག་དབུ་འཕང་བསྟོད། །དགེ་འདུན་སྡེ་སྐྱོངས་རྣལ་འབྱོར་ཚེ་དཔལ་སྤེལ། །སྙན་པའི་དར་ཕྱོར་གྲགས་པའི་དུང་བུས་ལ། །འཁོར་དང་ལོངས་སྤྱོད་རྒྱས་པ་ཉིད་དུ་མཛོད། །རྒས་མེད་ལང་ཚོ་ལྡན་པའི་ལུས་སྟོབས་རྒྱས། །མིག་ལ་ཡ་མཚན་ལྟད་མོའི་དགའ་བ་དང། །རྣ་བར་རྟག་ཏུ་སྙན་པའི་གཏམ་ཐོས་ཤིང་། །དྲི་ཞིམ་ངད་པ་སྣ་དང་མི་འབྲལ་བར། །ཟས་སྐོམ་འབྱོར་པས་རོ་འཛིན་ཚིམ་བྱེད་ཅིང་། །ལུས་ལ་རེག་བྱ་བདེ་བ་ཁོ་ནས་འཚོ། །ཡིད་ལ་རྣམ་པར་བཀྲ་བའི་ཤེས་རབ་དང་། །ཟག་མེད་བདེ་བས་ནམ་ཡང་ངོམ་པར་མཛོད། །ཁྱོད་གསོལ་ཁྱོད་བརྟེན་ཁྱོད་མཆོད་ཁྱོད་རྦད་ན། །མཐུ་རྩལ་མ་ཆུང་བརྩེ་གདུང་ཆེ་བར་མཛོད། །གཞི་ལ་བཀྲ་ཤིས་ཕུན་ཚོགས་ལོངས་སྤྱོད་ལྡན། །བྱེས་སུ་ལམ་འཕྲང་ཆུ་ལ་སྒྲོལ་འདོན་མཛོད། །འཇིགས་སར་དགྲ་ཇག་ཆོམ་རྐུན་འཚེ་བ་སྐྱོབས། །མདོར་ན་བསམ་དོན་ཡིད་བཞིན་གྲུབ་པར་མཛོད། །ཅེས་དང་། བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱིས། །བླ་མེད་རྫོགས་པའི་བྱང་ཆུབ་བསྒྲུབ་པ་ལ། །འགལ་རྐྱེན་བར་ཆད་མ་ལུས་ཞི་བ་དང་། །མཐུན་


SPN003_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་བསམ་དོན་ལྷུན་གྱིས་གྲུབ་པར་མཛོད། །ཅེས་དང་། སྲིད་ཞིའི་དཔལ་འབྱོར་མ་ལུས་འབྱུང་བའི་གཞི། །ཐུབ་པའི་བསྟན་པ་ཡུན་རིང་གནས་པ་དང་། །དེ་འཛིན་བྱེད་པའི་སྐྱེས་བུ་དམ་པ་རྣམས། །དཔལ་འབྱོར་གྱིས་བརྒྱན་ཡུན་རིང་ཞབས་བརྟན་ཤོག །བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་ལ། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །དོན་རྣམས་ཐམས་ཅད་ཡིད་བཞིན་འགྲུབ་པ་དང་། །འགྲོ་བའི་དོན་ལ་མཐུ་དང་ལྡན་པར་མཛོད། །ལྷ་རྣམས་ནོངས་པ་གང་མཆིས་བཟོད་པར་བཞེས། །ཡེ་ཤེས་རྟེན་བཞུགས་འཇིག་རྟེན་རང་གནས་གཤེགས། །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཚོགས། །གོང་ནས་གོང་དུ་འཕེལ་བའི་བཀྲ་ཤིས་ཤོག །ཅེས་བདེ་ལེགས་ཀྱི་མེ་ཏོག་འཐོར་བར་བྱའོ། །ཞེས་པའང་མགོན་ཁང་ཆེན་མོར་རྒྱུན་བསང་ཁྱེར་བདེ་འདི་བཞིན། རྗེ་མཁའ་སྤྱོད་པས་མཛད་པའི་མངའ་གསོལ་བྱིན་རླབས་ཀྱི་ཁྱད་པར་གཞིར་བཀོད་ནས། མཆོད་འོས་ཁ་སྐོང་སོགས་ཀྱི་སྐོར་རྣམས་སི་ཏུ་པས་དགེ་བསྐོས་ཀརྨ་ལྷས་སྐྱབས་ཀྱི་བཞེད་ངོར་སྤེལ་བ་དགེ་བར་གྱུར་ཅིག་ཛ་ཡནྟུ། །


previousམགོན་ཁང་རྒྱུན་བསང་ལས་བཞི་མྱུར་གྲུབ།next