Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  expand section
  collapse section
   
   
   
   
   
   
གེར་མཛོ་གཉན་པོའི་བསང་མཆོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
  expand section
  expand section
   
   
   
   
   
  expand section
   


 
previousགེར་མཛོ་གཉན་པོའི་བསང་མཆོད།next

གེར་མཛོ་གཉན་པོའི་བསང་མཆོད།


SPN003_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པདྨཱ་ཀ་ར་ཡེ། འདིར་གེར་མཛོ་གཉན་པོའི་བསང་མཆོད་རིམ་པ་འབུལ་བ་ནི། གཙང་སྦྲ་དང་ལྡན་པའི་མཆོད་གཏོར་དང་། གཞན་ཡང་སྤྱན་གཟིགས་དཀོར་ཆ་འདུ་བར་བྱས་ཏེ། ཧོ། སྐྱབས་ཡུལ་དམ་པ་མཆོག་གསུམ་དང་། །རྩ་བ་གསུམ་ལ་སྐྱབས་སུ་མཆི། །དེང་འདིར་མཆོད་སྦྱིན་དགེ་བའི་མཐུས། །འགྲོ་ཀུན་བླ་མེད་སངས་རྒྱས་ཤོག །སྭ་བྷཱ་ཝས་སྦྱངས། ཆོས་ཀུན་སྟོང་པ་ཆེན་པོའི་ངང་། །པད་ཟླར་ཧྲཱིཿཡིག་ཡོངས་གྱུར་ལས། །རང་ཉིད་མཚོ་སྐྱེས་པདྨ་རྒྱལ། །ཞལ་གཅིག་ཕྱག་གཉིས་རྡོ་རྗེ་ཐོད། །ཕོད་ཀ་ཆོས་གོས་ཟབ་བེར་གསོལ། །ཁ་ཊཱྃ་མཆན་བཅུག་སྐྱིལ་ཀྲུང་བཞུགས། །གནས་གསུམ་ༀ་ཨཱཿཧཱུྃ་གིས་མཚན། །ཡེ་ཤེས་འོད་ལྔའི་ཀློང་དུ་


SPN003_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

གསལ། །བྷྲཱུྃ་ལས་རིན་ཆེན་སྣོད་ཡངས་པར། །འབྲུ་གསུམ་འོད་ཞུ་བསང་མཆོད་རྫས། །ཟད་མི་ཤེས་པ་ནམ་མཁའི་མཛོད། །འདོད་ཡོན་ལྔ་དང་ལྡན་པར་གྱུར། །ཀྱཻ། འཛམ་གླིང་སྐྱོང་བའི་སྐྱེས་གཅིག་པུ། །དགྲ་བླ་ཡོངས་ཀྱི་རྗེ་བོ་སྟེ། །གེར་མཛོ་གཉན་པོ་འཁོར་བཅས་རྣམས། །དེང་འདིར་རྣལ་འབྱོར་སྒྲུབ་པ་པོས། །དམ་ཚིག་དབང་གིས་སྤྱན་འདྲེན་ན། །སྔོན་གྱི་ཐུགས་དམ་མ་གཡེལ་བར། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །མ་ཐོགས་མྱུར་དུ་ད་ཚུར་བྱོན། །འདིར་བཤམས་གདན་ལ་བཞུགས་སུ་གསོལ། །སྐུ་མདོག་ཉ་རྒྱས་ཟླ་ལྟར་དཀར། །ལྷོ་སྤྲིན་འཁྱུད་འདྲའི་འཇོལ་བེར་གསོལ། །ཕྱག་གཡས་རིན་ཆེན་གཞོང་པ་བསྣམས། །དགོས་འབྱུང་ལྷུན་གྲུབ་ཆར་ཆེན་འབེབས། །གཡོན་པས་དར་དཀར་བ་དན་འཕྱར། །སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་བསྒྲེངས། །ཆིབས་སུ་རྟ་མཆོག་རླུང་ཤུགས་ཅན། །དཀར་པོ་འཕུར་ཤེས་རྒྱན་ལྡན་ཆིབས། །མཐུ་ཆེན་དགྲ་བླའི་དཔུང་ཚོགས་རྣམས། །རྒྱུ་སྐར་ཕྲེང་བ་ལྟ་བུས་བསྐོར། །མཁའ་དབྱིངས་གང་བའི་མཆོད་པའི་རྫས། །ཀུན་བཟང་མཆོད་སྤྲིན་ཟག་མེད་ཀྱི། །བདུད་རྩི་ཤིང་གི་དུད་པ་ལ། །ཉེར་སྤྱོད་འདོད་ཡོན་དཀོར་ནོར་དང་། །རྒྱལ་སྲིད་བདུན་དང་བཀྲ་ཤིས་བརྒྱད། །


SPN003_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེ་མར་ཛ་གད་ཨ་མྲི་ཏ། །འབྲུ་སྣ་རིན་ཆེན་སྨན་སྣ་དང་། །དར་ཟབ་གོ་མཚོན་ལ་སོགས་པ། །སྐོང་རྫས་སྒྲུབ་རྫས་མཐའ་ཡས་པས། །ལྷ་ཆེན་དགྲ་བླ་་འཁོར་བཅས་ལ། །མཆོད་དོ་འབུལ་ལོ་དགྱེས་པར་རོལ། །བསང་ངོ་བརྔན་ནོ་མངའ་གསོལ་ལོ། །བཞེས་ནས་ལས་བཞིའི་ཕྲིན་ལས་སྒྲུབས། །ཐོགས་མེད་མཐུ་ལྡན་སྐུ་ལྷ་ཁྱོད། །སྔོན་ཚེ་དཔལ་ཆེན་ཧེ་རུ་ཀ །ལྷ་མཆོག་རྡོ་རྗེ་གཞོན་ནུ་དང་། །རྒྱལ་དབང་པདྨ་འབྱུང་གནས་ཆེ། །སྣང་སྲིད་ཟིལ་གནོན་ཀརྨ་པ། །གྲུབ་པའི་དབང་ཕྱུག་པཀྵི་ཡིས། །བཀའ་བསྒོས་དམ་བཞག་མ་བསྙེལ་བར། །དམ་ཚིག་གཉན་པོ་རྗེས་དྲན་མཛོད། །སྲིད་པའི་ལྷ་ཆེན་དགྲ་བླའི་རྒྱལ། །མཐུ་སྟོབས་རྫུ་འཕྲུལ་ཅི་ཡང་སྟོན། །དཀར་པོ་ལྷ་ཡི་དགེ་བསྙེན་ཆེ། །ཡུལ་བདག་འཁོར་བཅས་བསྟོད་པར་འོས། །ཁྱོད་ལ་བཅོལ་པའི་ཕྲིན་ལས་ནི། །སངས་རྒྱས་བསྟན་པ་བསྲུང་བ་དང་། །སྐྱེས་མཆོག་ཞབས་པད་བསྐལ་བརྒྱར་བརྟན། །བདག་དང་རྒྱུ་སྦྱོར་ཡོན་བདག་གི། །མཐུན་རྐྱེན་སྒྲུབས་ལ་འགལ་རྐྱེན་སོལ། །དཔལ་དང་འབྱོར་པ་སྙན་གྲགས་སྤེལ། །བདེ་ཞིང་དགེ་བའི་སྟོངས་གྲོགས་མཛོད། །མི་མཐུན་ཉེར་འཚེའི་བདུད་རིགས་རྣམས། །རྨེག་མེད་ཐལ་བར་བརླག་པ་དང་། །མཐའ་བཞིའི་


SPN003_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

དྲེགས་ལྡན་ཁེངས་པ་ཅན། །ཐམས་ཅད་དབང་དུ་གྱུར་ནས་སུ། །ཆོས་ཀྱི་རྒྱལ་མཚན་འཛུགས་པ་ཡི། །མ་གཡེལ་མ་འདའ་ཐུགས་དམ་ཅན། །རྣལ་འབྱོར་བདག་གི་བཅོལ་བའི་ལས། །ཐོགས་པ་མེད་པར་འབྱུང་བ་ཡི། །ཕྲིན་ལས་རྣམ་བཞི་བསྒྲུབ་པར་མཛོད། །ཀྱཻ། །སྲིད་ཞིའི་བདེ་ལེགས་གཡང་དུ་ལེན། །ཕྱེ་མར་འདི་ལ་བཅུད་གཡང་ཕོབ། །ཕྱྭ་དང་གཡང་གི་དངོས་གྲུབ་རྣམས། །འབད་མེད་ལྷུན་གྱིས་འགྲུབ་པར་མཛོད། །ཅེས་མདའ་དར་གཡབ་ཅིང་ཕྱེ་མར་དྲངས། བཤགས་པ་དང་བསྔོ་སྨོན་བཀྲ་ཤིས་ནི། འགལ་འཁྲུལ་ལྷག་ཆད་ནོངས་པ་བཤགས། །བྱང་དག་ཚངས་པར་མཛད་ནས་ཀྱང་། །འཁོར་བཅས་རང་གནས་ཅི་བདེར་གཤེགས། །དུས་སུ་སླར་ཡང་འབྱོན་པར་མཛོད། །གཙྪས་གཤེགས། དེ་ལྟར་མཆོད་བསྟོད་དགེ་བ་དེས། །འགྲོ་ཀུན་གཏན་བདེའི་གོ་འཕང་ཐོབ། །བཀྲ་ཤིས་དོན་གཉིས་འགྲུབ་པ་ཡི། །དགེ་ལེགས་དམ་པར་སྤྱོད་གྱུར་ཅིག །ཅེས་ཡུལ་ལྷ་གེར་མཛོའི་བསང་མཆོད་འདི་བཞིན་ཉེ་གནས་པ་དབོན་དྲུང་མཛོད་པ་ཀརྨ་ཕྲིན་ལས་ཡེ་ཤེས་ཀྱིས་བསྐུལ་ལྟར་སི་ཏུ་པདྨ་ཉིན་བྱེད་དབང་པོས་སྤེལ་བ་སརྦ་མངྒ་ལམ། །


previousགེར་མཛོ་གཉན་པོའི་བསང་མཆོད།next