Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྤྱི་ཕུག་བླ་མ་སྐུ་ཆེན་པས་བསྐུལ་ངོར་ཡུལ་ལྷའི་བསང་མཆོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
  expand section
  expand section
   
   
   
   
   
  expand section
   


 
previousསྤྱི་ཕུག་བླ་མ་སྐུ་ཆེན་པས་བསྐུལ་ངོར་ཡུལ་ལྷའི་བསང་མཆོད།next

སྤྱི་ཕུག་བླ་མ་སྐུ་ཆེན་པས་བསྐུལ་ངོར་ཡུལ་ལྷའི་བསང་མཆོད།


SPN003_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ཡུལ་ལྷའི་བསང་མཆོད་བྱེད་པར་སྤྲོ་ན། མཆོད་རྫས་བསང་ཤིང་སོགས་འདུ་བགྱིས་ནས། སྭ་བྷཱ་ཝ་སོགས། སྟོང་པར་གྱུར་པའི་ངང་ཉིད་ལས། །བསང་ཁང་ཡིད་འོང་རྒྱ་ཆེའི་ནང་། །སྨན་སྤོས་དྲི་ངད་བདུག་པའི་ཚོགས། །སྤྲིན་ཕུང་གཏིབས་པ་ལྟ་བུ་དང་། །དེ་ལས་འདོད་ཡོན་དཔག་མེད་པ། །རབ་འཕྲོས་ས་དང་བར་སྣང་གི། །ཕྱོགས་ཀུན་རྒྱས་པར་འགེངས་པ་དང་། །གཞན་ཡང་མཆོད་རྫས་ཉེར་སྤྱོད་དང་། །སྤྱན་གཟིགས་དཀོར་ཆ་ལ་སོགས་པ། །ལྷ་མིའི་ལོངས་སྤྱོད་ལས་ལྷག་གྱུར། །ༀ་བཛྲ་སྥ་ར་ཎ་ཁཾ། ལན་གསུམ་བརྗོད། ཀྱཻ། སྐྱབས་གནས་རྩ་གསུམ་ཐུགས་རྗེ་ཅན། །མཆོག་གསུམ་སྤྱི་དཔལ་པདྨ་འབྱུང་། །གསར་རྙིང་རྒྱུད་སྡེའི་ལྷ་རབ་འབྱམས། །ཇི་སྙེད་རྒྱལ་བ་སྲས་བཅས་རྣམས། །བསང་ངོ་མཆོད་དོ་དགྱེས་པར་རོལ། །ཐང་ལྷ་ཡར་ཞུར་སྤོམ་ར་གཉེན། །དགེ་བསྙེན་ཆེན་པོ་ཐམས་ཅད་དང་། །མདོ་ཁམས་སྒང་དྲུག་ཁྱད་པར་དུ། །ཟལ་མོའི་སྒང་དུ་གནས་པ་ཡི། །སྐུ་རྒྱལ་ཤེ་ནེ་འཁོར་བཅས་དང་། །ཆོས་འཁོར་འདི་ཉིད་སྐྱོང་བྱེད་པའི། །གནས་བདག་ཡུལ་ལྷ་གཞི་བདག་རྣམས། །ཟོ་དོར་སྟོན་རྒྱལ་གཉན་པོ་དང་། །རྒྱལ་ཆེན་གྲུ་གུ་ལ་སོགས་པ། །ཐམས་ཅད་འདིར་གཤེགས་བསང་ལ་བྱོན། །སྔོན་ཚེ་ཨོ་རྒྱན་ཆེན་པོ་དང་། །


SPN003_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་གྲུབ་ཐོབ་རྒྱ་མཚོ་ཡི། །སྤྱན་སྔར་ཐ་ཚིག་མནའ་བོར་ལྟར། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །རྣལ་འབྱོར་སྒྲུབ་པོའི་དམ་ལ་འདུས། །འདིར་བཤམས་ཡིད་འོང་བསང་མཆོད་རྫས། །མ་ལ་ཡ་ཡི་ནགས་རླུང་གི། །དྲི་བཞོན་དཀྲིགས་པ་དང་མཚུངས་དང་། །སྐབས་གསུམ་འཆི་མེད་ལོངས་སྤྱོད་ལས། །ཕུལ་གྱུར་རྨད་བྱུང་འདོད་ཡོན་རྣམས། །སོ་སོར་མོས་པའི་རང་བཞིན་དག །རྒྱ་ཆེན་རྒྱུན་མི་ཆད་པ་དང་། །རྒྱལ་སྲིད་བཀྲ་ཤིས་རྫས་རྟགས་དང་། །ནོར་བུ་རིན་ཆེན་དར་སྣ་དང་། །སྤྱན་གཟིགས་དཀོར་ཆས་གཟུགས་འགྲོས་སོགས། །གསེར་གཡུའི་སྐྱེམས་བཟང་ཛ་གད་ཕུད། །སྣ་ཚོགས་འབྲུ་སྣ་སྨན་སྣ་སོགས། །མདོར་ན་དགྱེས་བསྐང་མཐུན་པའི་རྫས། །བློ་ཡིས་དངོས་སྤྲུལ་འབུལ་གྱི་བཞེས། །བསང་ངོ་མཆོད་དོ་མངའ་གསོལ་ལོ། །གསོལ་ཞིང་མཆོད་པ་ལ་བརྟེན་ནས། །རྣམ་དག་དྲི་མེད་རྒྱལ་བའི་བསྟན། །བཀའ་བརྒྱུད་རིང་ལུགས་ཕྱོགས་མཐར་ཁྱབ། །བསྟན་འཛིན་དགེ་འདུན་རྒྱ་མཚོ་རྣམས། །འཕེལ་ཞིང་དར་རྒྱས་ཡུན་ཏུ་གནས། །གཟུགས་ཅན་གཟུགས་མེད་བདུད་ཀྱི་སྡེ། །ཆོས་འཁོར་གཉན་ལ་བར་གཅོད་པའི། །བསམ་སྦྱོར་ལོག་འདྲེན་བྱེད་པ་རྣམས། །ཚར་གཅོད་རྗེས་འཛིན་ཕྲིན་ལས་ཀྱི། །མེལ་ཚེ་མ་གཡེལ་དམ་ཚིག་ཅན། །རྣལ་འབྱོར་བདག་


SPN003_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་འཁོར་བཅས་ཀྱི། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །མཐུན་རྐྱེན་ཡིད་བཞིན་འབད་མེད་དུ། །མྱུར་དུ་འགྲུབ་ཅིང་མི་མཐུན་པའི། །ནད་གདོན་འགལ་རྐྱེན་བཟློག་པ་དང་། །ཉིན་མཚན་དུས་རྣམས་ཀུན་ཏུ་ཡང་། །ལྷ་སྲུང་མགོན་བྱེད་མཆོད་བསྟོད་ན། །ཅི་ལྟར་བཅོལ་པའི་འདོད་དོན་ཀུན། །རེ་བའི་ཤིང་རྟ་འགེངས་པར་མཛོད། །མཐུ་སྟོབས་རྫུ་འཕྲུལ་མངའ་དབང་ཕྱུག །ལས་བཞིའི་ཕྲིན་ལས་བདག་པོ་སྟེ། །དཀར་ཕྱོགས་སྐྱོང་བའི་ལྷ་ཆེན་པོ། །ཡུལ་བདག་དགེ་བསྙེན་ཚོགས་བཅས་བསྟོད། །ཆོས་དང་ལོངས་སྤྱོད་དཔལ་འབྱོར་གྱི། །ཕྱྭ་གཡང་དངོས་གྲུབ་མ་ལུས་རྣམས། །ཐམས་ཅད་དབང་དུ་གྱུར་ནས་ཀྱང་། །བཀྲ་ཤིས་ཡིད་བཞིན་དཔག་བསམ་ཤིང་། །དགོས་འདོད་ལྷུན་གྲུབ་མཆོག་ཐུན་གྱི། །ཕུན་སུམ་ཚོགས་པའི་གཏེར་གང་ཞིང་། །བདེ་ལེགས་དབྱར་མཚོ་མཐའ་རྒྱས་ཤོག །གཙྪས་གཤེགས། ཞེས་སྤྱི་ཕུག་བླ་མ་སྐུ་ཆེན་པས་བསྐུལ་ངོར་སྤེལ། །


previousསྤྱི་ཕུག་བླ་མ་སྐུ་ཆེན་པས་བསྐུལ་ངོར་ཡུལ་ལྷའི་བསང་མཆོད།next