Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  collapse section
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལྷ་བྲག་དཀར་པོའི་བསང་མཆོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   


 
previousལྷ་བྲག་དཀར་པོའི་བསང་མཆོད། next

ལྷ་བྲག་དཀར་པོའི་བསང་མཆོད།


SPN003_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

སྭ་སྟི། ལྷ་བྲག་དཀར་པོའི་བསང་མཆོད་སྤྲོ་ན། མཆོད་རྫས་རྣམས་གཙང་ཞིང་བཟང་བ་འདུ་བར་བྱས་ལ་རང་ལྷའི་ང་རྒྱལ་དང་ལྡན་པས། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས ། སྟོང་པའི་ངང་ལས་སྣང་སྲིད་ཀྱི། །ཆོས་རྣམས་གཟུང་འཛིན་བྲལ་བའི་ངང་། །རིན་ཆེན་བསང་ཁང་ནང་དུ་ནི། །མཆོད་སྤྲིན་རབ་འབྱམས་ཆར་འབེབས་གྱུར། །ༀ་བཛྲ་སྥ་ར་ཎ་ཁཾ། ༀ་ཨཱཿཧཱུྃ། ཞེས་ལན་གསུམ་གྱིས་བྱིན་གྱིས་བརླབས། ཀྱཻ། ཛམ་བུ་བྲྀཀྴས་མཚན་པའི་བྱང་། །བསིལ་བའི་ལྗོངས་ཀྱི་མདོ་ཁམས་སྨད། །བོད་ཆེན་སྨར་ཁམས་སྒང་གི་ཆ། །བྱེ་བྲག་གྲུ་གུའི་གནས་མཆོག་གི །རིན་ཆེན་ཤེལ་གྱི་ལྡིང་ཁང་ན། །རིག་འཛིན་པདྨའི་དགེ་བསྙེན་ཆེ། །སངས་རྒྱས་ཆོས་ཀྱི་སྲུང་མ་སྟེ། །བཀའ་དང་ཟབ་གཏེར་གཉན་གྱི་བདག །ཡུལ་ལྷ་ཟོ་དོར་ཀུན་གྱི་གཙོ། །ལྷ་བྲག་རྡོ་རྗེ་འབར་བ་རྩལ། །ཞི་འཛུམ་རིན་ཆེན་རྒྱན་དང་ལྡན། །དར་


SPN003_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་གསེར་གྱི་པྲོག་ཞུ་མཛེས། །སྐུ་མདོག་དཀར་ལ་བེར་དཀར་གསོལ། །གཡས་པས་དར་དཀར་བ་དན་དང་། །གཡོན་པས་རིན་ཆེན་རྒྱལ་མཚན་བསྣམས། །བསྟན་པ་སྐྱོང་དང་རྣལ་འབྱོར་སྲུང་། །དགྲ་བགེགས་འདུལ་བའི་རྟགས་ཀྱིས་བརྒྱན། །རཏྣའི་སྒ་སྲབ་རབ་བརྗིད་པའི། །མགྱོགས་འགྲོ་འཕུར་ཤེས་རྟ་དཀར་བཅིབས། །སྲས་དང་བཙུན་མོ་བློན་འཁོར་བཅས། །ས་བདག་གཏེར་བདག་ཡུལ་གནས་བདག །ལྷ་ཀླུ་གཉན་གྱི་སྡེ་རིས་བསྐོར། །གནས་འདིར་དམ་ཚིག་དབང་གིས་གཤེགས། །རང་རང་དགྱེས་པའི་གདན་ལ་བཞུགས། །འདིར་བཤམས་ཕྱི་ནང་མཆོད་པའི་ཚོགས། །རྣམ་མང་བཀོད་ལེགས་ཡིད་དུ་འོང་། །སྤྱན་གཟིགས་དཀོར་ཆས་རྟ་ཕྱུགས་དང་། །འཕུར་དགུ་འཛུལ་བཅུའི་གཟུགས་འགྲོས་དང་། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན། །ཉེ་བའི་རིན་ཆེན་འདོད་ཡོན་ལྔ། །ཉེར་སྤྱོད་སྣ་ཚོགས་མཆོད་པའི་རྫས། །སོ་སོའི་ཡིད་བཞིན་འཆར་བ་ཡི། །ཟག་མེད་ནམ་མཁའི་མཛོད་ཇི་བཞིན། །ཀུན་ཏུ་བཟང་པོའི་སྨོན་ལམ་ལྟར། །བདུག་སྤོས་སྤྲིན་གྱི་ཕུང་པོ་ཡི། །འོད་ཀྱི་དྲྭ་བའི་ཆ་རྣམས་ལས། །གྲུ་ཆར་བཞིན་དུ་སྤུངས་སེ་སྤུང་། །ཆུ་འཛིན་འཁྲིགས་ལྟར་ཐིབས་སེ་ཐིབ། །གསེར་མངལ་ཅན་དང་ཀུ་བེ་ར། །ཀླུ་དབང་ལ་སོགས་རྣམ་དཔྱོད་འཕྲུལ། །ཟིལ་གནོན་ཡ་མཚན་


SPN003_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་སྤྲུལ་གྱིས། །སྟོང་གསུམ་འཇིག་རྟེན་ཀུན་བཀང་འབུལ། །དགྱེས་པ་ཆེན་པོས་བཞེས་སུ་གསོལ། །བརྩེ་བས་དགོངས་ཏེ་རོལ་པར་མཛོད། །གསོལ་ལོ་མཆོད་དོ་མངའ་གསོལ་ལོ། །མཐུ་སྟོབས་རྫུ་འཕྲུལ་ཅིར་ཡང་བསྒྱུར། །དཀར་ཕྱོགས་སྲུང་ཞིང་ནག་ཕྱོགས་གཞོམ། །ཐོགས་མེད་རྩལ་ལྡན་སྐུ་ལྷ་གཉན། །འཁོར་དང་བཅས་ལ་བདག་བསྟོད་དོ། །སེངྒེ་བྲག་གི་ཡང་རྫོང་དུ། །སྔོན་ཚེ་དཔལ་ཆེན་ཧེ་རུ་ཀ །པདྨ་ཐོད་ཕྲེང་ལ་སོགས་དང་། །དྲག་པོ་ནུས་ལྡན་རྡོ་རྗེ་ཡི། །སྤྱན་སྔར་ཞལ་བཞེས་གཡར་དམ་གྱི། །ཐ་ཚིག་གཉན་པོ་དྲན་མཛོད་ལ། །རིག་འཛིན་བྱང་ཆུབ་བསྒྲུབ་པ་ཡི། །བར་ཆད་ཉེར་འཚེ་བདུད་དཔུང་རྣམས། །ཕ་མཐར་བསྐྲད་ཅིང་གནས་སྐབས་སུ། །བསམ་དོན་ལྷུན་གྲུབ་ཚེ་བསོད་རྒྱས། །འཁོར་སློབ་མངའ་ཐང་དབྱར་མཚོ་ལྟར། །རྒྱས་ཤིང་གཞི་བྱེས་རྟག་པར་སྐྱོངས། །སངས་རྒྱས་བསྟན་པ་དར་བ་དང་། །གསང་བ་སྔགས་ཀྱི་ཟབ་ཆོས་གང་། །ཕྱོགས་མཐར་ཁྱབ་ཡུན་གནས་པར་མཛོད། །བསྟན་འཛིན་འཚོ་བརྟན་རྒྱལ་ཁམས་བདེ། །ནད་འཁྲུགས་དབུལ་ཕོངས་ཞི་བ་སོགས། །མདོར་ན་ལེགས་པའི་དཔལ་ཡོན་རྣམས། །རབ་དཀར་ཆུ་ཤེལ་རི་བོང་འཛིན། །ཡར་ངོའི་ཆ་གང་ལྟར་འཕེལ་བའི། །སྡོང་གྲོགས་


SPN003_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཡེལ་ཕྲིན་ལས་ཀུན། །བདེ་བླག་ཉིད་དུ་འགྲུབ་པར་མཛོད། །བདག་སོགས་མ་ཤེས་འཁྲུལ་དབང་གིས། །ནོངས་པར་གྱུར་རྣམས་བཟོད་པར་བཞེས། །བཀྲ་ཤིས་ལྗོན་བཟང་རྒྱལ་བའི་བསྟན། །འཕེལ་ཞིང་དེ་འཛིན་ལོ་འདབ་རྒྱས། །རྣལ་འབྱོར་བསམ་དོན་རེ་བའི་འབྲས། །ཡོངས་སུ་སྨིན་པའི་བཀྲ་ཤིས་ཤོག། གཙྪས་གཤེགས་པའམ། རྟེན་ལ་བསྟིམ་པར་བྱའོ། །ཞེས་པའང་ཀུན་མཁྱེན་སྤྲུལ་པའི་སྐུའི་བཞེད་པ་ལྟར་སི་ཏུ་པདྨ་ཉིན་བྱེད་དབང་པོས་སྤེལ་བ་དགེ་བར་གྱུར་ཅིག །ཤུབྷཾ། །


previousལྷ་བྲག་དཀར་པོའི་བསང་མཆོད། next