Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡུལ་ལྷ་ཞལ་ད་གཉན་པོའི་བསང་མཆོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
  expand section
  expand section
   
   
   
   
   
  expand section
   


 
previousཡུལ་ལྷ་ཞལ་ད་གཉན་པོའི་བསང་མཆོད།next

ཡུལ་ལྷ་ཞལ་ད་གཉན་པོའི་བསང་མཆོད།


SPN003_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པདྨཱ་ཀ་ར་ཡ། འདིར་ཡུལ་ལྷ་ཞལ་ད་གཉན་པོའི་བསང་མཆོད་སྤྲོ་བར་འདོད་ན། གཙང་ཞིང་བཟང་བའི་མཆོད་རྫས་འདུ་བར་བྱས་ལ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་ལས་བསང་ཁང་རིན་ཆེན་ལས་གྲུབ་པར། །བདུག་སྤོས་སྣ་ཚོགས་དྲི་བསུང་ངད་ལྡང་ཞིང་། །གཞན་ཡང་ལྷ་མིའི་འབྱོར་བ་མཐའ་ཡས་པ། །མཆོད་པའི་བྱེ་བྲག་ནམ་མཁའ་གང་བར་གྱུར། །ༀ་བཛྲ་སྥ་ར་ཎ་ཁཾ། ལན་གསུམ་དང་། རང་ཉིད་རྡོ་རྗེ་དྲག་རྩལ་གསལ་བ་ཡི། །ཐུགས་ལས་འོད་འཕྲོས་མཆོད་ཡུལ་སྤྱན་དྲངས་གྱུར། །ཀྱེ། སྔོན་ཚེ་མཚོ་སྐྱེས་རྡོ་རྗེ་ཐོད་ཕྲེང་རྩལ། །བཀའ་བརྒྱུད་བླ་མ་རྣམས་ཀྱི་སྤྱན་སྔ་རུ། །དམ་བཞག་དབང་བསྐུར་ཐ་ཚིག་ཡལ་གམ་ཅན། །ལྷ་ཡི་དགེ་བསྙེན་རྩེ་རྒྱལ་ཞལ་ད་གཉན། །སྦས་པའི་ཡུལ་ལྗོངས་བྱང་གི་ཨ་ཏ་རོང་། །གནས་ཤིང་སྐྱོང་བའི་དཀར་ཕྱོགས་སྡེ་དཔོན་ཆེ། །ཕྱི་ལྟར་རིན་ཆེན་མར་གད་ལྷུན་པོ་ལ། །ནང་ལྟར་བཀོད་ལེགས་ལྷ་ཡི་ཕོ་བྲང་མཛེས། །གསང་བ་རང་བཞིན་རྣམ་དག་དཀྱིལ་འཁོར་ཤར། །ངོ་མཚར་རྨད་དུ་བྱུང་བའི་བསྟི་གནས་ཀྱི། །ཡུལ་གཞིའི་བདག་པོ་བཙུན་མོ་སྲས་འཁོར་བཅས། །ཁྱེད་རྣམས་


SPN003_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་མཛད་སྨན་སྤོས་དུད་པའི་སྤྲིན། །རྒྱ་མཚོའི་གོས་ཅན་ཁྱབ་པར་གཡོ་བ་ཡི། །དབང་གཞུའི་ཁ་དོག་ཟེར་མའི་ཆ་ཤས་ལས། །བཀྲ་ཤིས་རྫས་རྟགས་འདོད་ཡོན་རྒྱལ་སྲིད་བདུན། །ལྷ་ཀླུ་མི་ཡི་ལོངས་སྤྱོད་མི་ཟད་པ། །འདོད་དགུ་ཡིད་བཞིན་སོ་སོར་འཕྲོ་བ་དང་། །ནམ་མཁའ་མདའ་འཕང་ལྗང་བུ་འཕེན་བཟང་ལྡན། །དཀར་གསུམ་མངར་གསུམ་འབྲུ་སྣ་བ་ལིང་ཏ། །ཕྱེ་མར་ཇ་ཕུད་ཛ་གད་རིན་ཆེན་སྐྱེམས། །སྲ་བརྟན་གོ་ཆ་མཚོན་དང་དར་སྣ་ཚོགས། །སྟག་གཟིག་དཀོར་ཆས་བསམ་ལས་འདས་པ་དང་། །འདབ་ལྡན་ཅང་ཤེས་ཙ་ར་ཤེལ་སྒོང་སོགས། །འཕུར་ལྡིང་རྐང་འགྲོ་རྣམ་པ་མང་པོ་བཅས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ་བར་བགྱི། །ཟག་མེད་བདེ་བ་ཆེན་པོའི་ངང་དུ་རོལ། །བསང་གི་སྤོས་སྤྲིན་དྲ་བའི་འོད་ཟེར་འདིས། །ཉམས་ཤིང་རྨུགས་པའི་གྲིབ་ཀུན་སངས་གྱུར་ཅིག །ཐུགས་འགལ་ཉེས་རྣམས་བྱང་ཞིང་དག་ཚངས་སྩོལ། །རང་ཕྱོགས་བསྲུང་ཞིང་ཕས་རྒོལ་འཇོམས་པའི་ལྷ། །མཆོད་དོ་བསྟོད་དོ་བརྔན་ནོ་མངའ་གསོལ་ལོ། །རྒྱལ་བའི་བསྟན་སྲུང་བསྟན་འཛིན་ཕྲིན་ལས་སྤེལ། །དགེ་འདུན་སྡེ་སྐྱོངས་བདག་ཅག་གཞི་བྱེས་ལ། །སྲུང་སྐྱོབ་རྟག་པར་འགོ་ཞིང་སྡོང་གྲོགས་དང་། །ཕོ་ལྷ་དགྲ་བླ་མ་ལྷ་བུ་རྫིར་མཛོད། །ཡུལ་ཕྱོགས་འདི་རུ་ཆར་ཆུ་དུས་འབེབས་ཤིང་། །ལོ་ལེགས་འབྲུ་འཕེལ་སྐྱེ་དགུ་བདེ་སྐྱིད་ལྡན། །ནད་མུག་མཚོན་བསྐལ་ཞི་བའི་ཕྲིན་ལས་མཛོད། །མདོར་ན་རྣལ་འབྱོར་བསམ་དོན་མ་ལུས་པ། །ཐོགས་མེད་


SPN003_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་བཞིན་འགྲུབ་པའི་བཀྲ་ཤིས་སྩོལ། །གཙྪས་རང་གནས་གཤེགས་པར་བྱའོ། །ཞེས་པའང་སི་ཏུ་པདྨ་ཉིན་བྱེད་དབང་པོས་གཙུག་ལག་ཟུང་གི་མཁྱེན་སྟོབས་དང་ལྡན་པ་གཉེར་མགོན་བརྟན་བཞེད་ངོར་སྤེལ་བ་དགེ །


previousཡུལ་ལྷ་ཞལ་ད་གཉན་པོའི་བསང་མཆོད།next