Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྨུག་པོའི་གནས་ཀྱི་བསང་མཆོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
  expand section
  expand section
   
   
   
   
   
  expand section
   


 
previousསྨུག་པོའི་གནས་ཀྱི་བསང་མཆོད།next

སྨུག་པོའི་གནས་ཀྱི་བསང་མཆོད།


SPN003_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

སྨུག་པོའི་གནས་ཀྱི་བསང་མཆོད་བཞུགས། ༀ་སྭ་སྟི། འདིར་ལི་ཡུལ་ལྕང་ར་སྨུག་པོའི་གནས་ཞིང་སྐྱོང་བ་ཆེན་མོའི་བསང་མཆོད་སྤྲོ་ན། འདི་ཉིད་ཁོ་ན་བཏོན་པའི་ཚེ་སྐྱབས་སེམས་དང་ཡི་དམ་གྱི་བདག་བསྐྱེད་མོས་པ་ལམ་བྱེད་ཙམ་སྔོན་དུ་བཏང་ནས། དཀར་གསུམ་མངར་གསུམ་གྱིས་སྦགས་པའི་དཀར་བཤོས་དར་སྣས་བརྒྱན་པ་དང་། ཕྱེ་མར། འབྲུ་སྣ། ཇ་ཆང་། འོ་ཕུད་ལ་རིན་ཆེན་ཕྱེ་མ་བཏབ་པ་དང་། བསང་ཁང་ཟླུམ་པོ་ལ་བདུག་སྤོས་ཀྱི་རིགས་དྲི་བསུང་སྣ་ཚོགས་ཚར་དུ་དངར་བ་གཙང་ཞིང་རྒྱ་ཆེ་བ་འདུ་བྱས་པར་བཤམས་ལ། ༀ་བཛྲ་ཨ་མྲྀ་ཏས་བསངས།སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་དྷཱི་ལས་བསང་ཁང་ཡིད་དུ་འོང་བ་དང་། བྷྲཱུྃ་ལས་བྱུང་བའི་རིན་པོ་ཆེའི་སྣོད་


SPN003_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སུ་ༀ་ཨཱཿཧཱུྃ་ལས་བྱུང་བའི་མཆོད་རྫས་རྣམས་ཁ་དོག་དྲི་རོ་རེག་བྱ་ནུས་པ་ཕུན་སུམ་ཚོགས་པའི་རང་བཞིན་ཅན་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་ནམ་མཁའི་མཛོད་དུ་གྱུར། །ༀ་བཛྲ་སྥ་ར་ཎ་ཁཾ། ཞེས་ལན་གསུམ་གྱིས་བྱིན་བརླབས་ནས། ཧཱུྃ་ཧྲཱིཿ བདེ་ཆེན་ཡེ་ཤེས་འཁོར་ལོ་ཆེན་པོ་རུ། །དངོས་སྣང་དྲྭ་བ་སྡོམ་པ་བཅོམ་ལྡན་ཡབ། །ལྷན་སྐྱེས་ཡུམ་བཅས་དཔའ་བོ་རྣལ་འབྱོར་མ། །དགྱེས་རོལ་ཐར་པ་ཆེན་པོའི་ཞིང་གི་མཆོག །སྐྱོང་མཛད་སྣ་ཚོགས་སྒྱུ་འཕྲུལ་ཚུལ་ཤར་བས། །གནས་དང་ཉེ་བའི་གནས་སུ་གང་འདུལ་གྱི། །སྐུར་སྟོན་མི་ལས་འདས་པའི་གཟུགས་ཅན་མ། །མཚར་སྡུག་ཡིད་འོང་ཌཱ་ཀི་དཔའ་མོའི་ཚོགས། །གཙོ་དང་འཁོར་རྣམས་འཇིག་རྟེན་སྐྱོང་བའི་གཟུགས། །གྲངས་མེད་ཀྱིས་བསྐོར་སྔོན་ཚེ་དཔལ་ཆེན་པོ། །ཧེ་རུ་ཀ་ཡི་བྲན་དུ་དམ་བཅས་བཞིན། །དམ་ཚིག་རྗེས་དགོངས་འདིར་སྤྱོན་ས་མཱ་ཛཿ ཞེས་སྤྱན་དྲངས་ལ། ཡིད་སྤྲུལ་རྣམ་མང་རིན་ཆེན་ཁང་བཟང་དབུས། །དམ་ཚིག་བརྟེན་པའི་རྫས་ལ་བག་ཕོབ་ལ། །འཇམ་མཉེན་པདྨ་སྤུངས་པའི་གདན་བཞུགས་ཏེ། །རིག་འཛིན་རྒྱལ་བ་རྣམས་ཀྱིས་དབང་བསྐུར་བའི། །རྡོ་རྗེའི་ཐ་ཚིག་གཉེན་པོ་དྲན་མཛོད་ལ། །ཁམས་ཀྱི་རགས་པའི་ཟས་ཀྱི་སྲེད་བྲལ་ཡང་། །


SPN003_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

མོས་དང་དད་པས་ལེགས་སྦྱར་བཟའ་བཅའ་དང་། །བཏུང་བའི་ཚོགས་རྣམས་ཟག་མེད་བདེ་བ་ཆེའི། །ཡེ་ཤེས་བདུད་རྩི་ཆེན་པོར་བྱིན་བརླབས་ནས། །དང་བས་འབུལ་བཞེས་གང་གི་སྐུ་གསུང་ཐུགས། །དགྱེས་བསྐྱེད་རྣམ་མང་འདོད་རྒུ་ཀུན་བཟང་གི། །སྨོན་ལམ་ལས་བྱུང་མཆོད་སྤྲིན་ནམ་མཁའ་ཡི། །མཐའ་ཀླས་རྒྱས་པར་འགེངས་པ་ཇི་སྙེད་དང་། །ཁྱད་པར་དཀར་མངར་ཁ་ཟས་བཟང་རྒུ་ཡིས། །སྦགས་པའི་བཤོས་བུ་གཟུགས་སྒྲ་དྲི་དང་རོ། །རེག་བྱའི་སྐྱེ་མཆེད་ཉེར་སྤྱོད་རྣམ་པ་ལྔ། །བཀྲ་ཤིས་རྫས་རྟགས་སྤྱན་གཟིགས་དཀོར་ཆ་སོགས། །ཕྱེ་མར་ཇ་ཆང་གསེར་སྐྱེམས་བདུད་རྩིའི་མཚོ། །གང་གི་ལྗགས་ཀྱི་པདྨར་རྗེས་མཐུན་དུ། །འབུལ་གྱི་དགྱེས་རོལ་ལས་བཞིའི་ཕྲིན་ལས་སྒྲུབས། །དམ་ཚིག་སྡོམ་པ་མ་སྨིན་དྲི་བསུང་གིས། །ངོ་བོ་ཡུམ་ལྔའི་རྣམ་འཕྲུལ་བཟང་ཤིང་ཚོགས། །ཡེ་ཤེས་ཞུགས་ལྕེས་སྦར་བའི་དུད་སྤྲིན་གྱིས། །ལྷ་སྲུང་གྲིབ་ཀྱིས་གོས་པ་བསང་གྱུར་ཅིག །ལྷ་ཞལ་རི་བོང་འཛིན་ལས་དཀར་བ་ཡི། །ལྷ་ཡི་འཛུམ་འོད་ཟེར་ཕྲེང་སྤྲོ་བར་མཛོད། །ཕྱི་ལྟར་འཇིག་རྟེན་དབང་ཕྱུག་ཕོ་བྲང་སྟེ། །ནང་དུ་བདེ་མཆོག་འཁོར་ལོའི་དཀྱིལ་འཁོར་དངོས། །གསང་བ་རྡོ་རྗེ་བཙུན་མོའི་མཁའ་དབྱིངས་མཆོག །རྡོ་རྗེ་གནས་ཀྱི་སྲུང་མ་ཆེན་མོར་བསྟོད། །དེ་ལྟར་


SPN003_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་བསྟོད་ཐུགས་དམ་བསྐུལ་བའི་མཐུས། །བྱམས་པའི་ཐུགས་ཀྱིས་བརྩེ་བར་རྗེས་དགོངས་ལ། །བསྟན་དང་འགྲོ་ལ་ཕན་བདེའི་དཔྱིད་འགྱུར་པའི། །ཕྲིན་ལས་གང་བཅོལ་ཐོགས་མེད་འགྲུབ་པར་མཛོད། །ཁྱད་པར་དཔལ་ཆེན་ཙཀྲ་སམྦ་རའི། །བསྐྱེད་རྫོགས་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ཆེའི། །བརྒྱུད་འཛིན་མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི། །བསྟན་པ་རིན་ཆེན་སྤེལ་པའི་ལས་མཛོད་ཅིག །སྒྲུབ་མཆོག་བསམ་དོན་ཆོས་བཞིན་ཡོངས་འགྲུབ་ཅིང་། །ཚེ་རིང་ནད་མེད་དཔལ་འབྱོར་ཡེ་ཤེས་རྒྱས། །འཇིག་རྟེན་བདེ་ཞིང་ནད་མུག་འཁྲུགས་རྩོད་ཞི། །རྫོགས་ལྡན་དུས་བཞིན་བསྐལ་པ་བཟང་སྤྱོད་པའི། །ཕྲིན་ལས་རབ་འབྱམས་ཡིད་བཞིན་འགྲུབ་པ་དང་། །དེང་འདིར་གཉིས་འཛིན་འཁྲུལ་པས་བསླད་པ་ཡི། །མཆོད་རྫས་མི་གཙང་ཏིང་འཛིན་མ་གསལ་སོགས། །ནོངས་པ་གང་མཆིས་བཟོད་པར་གསོལ་ནས་ཀྱང་། །འཇིག་རྟེན་འཇིག་རྟེན་ལས་འདས་དགེ་ལེགས་ཚོགས། །གོང་དུ་འཕེལ་ཞིང་རབ་རྒྱས་བཀྲ་ཤིས་ཤོག །ཅེས་བརྗོད། བཛྲ་མཱུཿ གཤེགས་སུ་གསོལ། ཞེས་པའང་སི་ཏུ་པདྨ་ཉིན་བྱེད་དབང་པོས། དྲུང་པ་སྤྲུལ་པའི་སྐུ་ཀརྨ་བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་བཞེད་ངོར་སྤེལ་བ་དགེ །


previousསྨུག་པོའི་གནས་ཀྱི་བསང་མཆོད།next