Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཁྲོ་ཆུ་ཤུ་བྷམ་དགོན་གྱི་བླ་མ་ཏསྩ་རྗེ་དྲུང་པས་བསྐུལ་ངོར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
  expand section
  expand section
   
   
   
   
   
  expand section
   


 
previousཁྲོ་ཆུ་ཤུ་བྷམ་དགོན་གྱི་བླ་མ་ཏསྩ་རྗེ་དྲུང་པས་བསྐུལ་ངོར།next

ཁྲོ་ཆུ་ཤུ་བྷམ་དགོན་གྱི་བླ་མ་ཏསྩ་རྗེ་དྲུང་པས་བསྐུལ་ངོར།


SPN003_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་མྲྀ་ཏས་བསངས་ལ། སྭ་བྷཱ་ཝས་སྦྱངས། སྟོང་ལས་བྷྲཱུཾ་ཡིག་རིན་ཆེན་སྣོད། །ཡིད་འོང་མཁའ་ལྟར་ཁྱབ་པའི་ནང་། །འབྲུ་གསུམ་འོད་ཞུ་བསང་མཆོད་རྫས། །ཟག་མེད་བདེ་ཆེན་སྐྱེད་བྱེད་པ། །འདོད་ཡོན་སྣ་ཚོགས་སྤྲིན་གྱི་ཆར། །སྣང་སྲིད་ཞིང་ཁམས་འབྱམས་ཀླས་པའི། །ཀུན་ཏུ་བཟང་པོའི་སྨོན་ལམ་བཞིན། །རྒྱ་ཆེན་རྒྱུན་མ་ཆད་པར་སྤེལ། །ཨ་ཀཱ་རོས་བྱིན་བརླབས་ལ། རང་ཉིད་ལྷར་གསལ་ཐུགས་འོད་ལས། །ཟེར་འཕྲོས་


SPN003_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་འོས་མགྲོན་རིགས་རྣམས། །སྔོན་གྱི་དམ་ཚིག་རྗེ་དྲན་ནས། །སྐད་ཅིག་ཐོགས་མེད་འདིར་གཤེགས་གྱུར། །ཀྱཻ། བཅོམ་ལྡན་ཤཱཀྱ་སེང་གེ་ཡིས། །བདུད་བཏུལ་མངོན་བྱང་ཆུབ་པའི་ས། །རྡོ་རྗེ་གདན་གྱི་བྱང་གི་ཕྱོགས། །བསིལ་རིའི་ལྗོངས་ཏེ་གངས་ཅན་ཡུལ། །ཤར་གྱི་ཆར་བསྟན་སྦས་པའི་གནས། །རྒྱལ་མོ་ཚ་བའི་རོང་ཆེན་གྱི། །དཀར་པོ་ལྷ་ཡི་སྡེ་དཔོན་ཆེ། །ནག་ཕྱོགས་བདུད་རིས་མཐར་བྱེད་པའི། །ཡུལ་ལྷ་ཟོ་དོར་ཡོངས་ཀྱི་གཙོ། །ཨའུ་ཐབས་ཤེས་གཉན་པོ་ནི། །རྫུ་འཕྲུལ་སྣ་ཚོགས་སྟོབས་འཆང་ཞིང་། །སྐུ་མདོག་ཆ་ལུགས་ཅིར་ཡང་བསྒྱུར། །བཙུན་མོ་སྲས་འཁོར་ཡང་སྤྲུལ་དང་། །གཞན་ཡང་ཆོས་འཁོར་གཙུག་ལག་སྐྱོང་། །དགེ་བའི་གྲོགས་དང་མགོན་བྱེད་པའི། །གཞི་བདག་གཉུག་མར་གནས་པ་རྣམས། །ཀུན་ཀྱང་འདིར་བྱོན་གདན་ལ་བཞུགས། །འདིར་བཤམས་བསང་མཆོད་དུད་པའི་སྤྲིན། །ཆ་ཤས་ཟེར་མ་རེ་རེ་ལས། །བཀྲ་ཤིས་རྫས་རྟགས་འདོད་ཡོན་ལྔ། །མཁོ་དགུའི་སྤྱན་གཟིགས་དཀོར་ཆས་དང་། །ཉེར་སྤྱོད་རིན་ཆེན་གསེར་གྱི་སྐྱེམས། །རང་རང་ཇི་ལྟར་མོས་ཐོབ་ཀྱི། །སྣ་ཚོགས་ཡིད་ལ་འདོད་འཇོ་བའི། །མཆོད་རྫས་རྒྱ་ཆེན་འབུལ་བཞེས་གསོལ། །ངད་བཟང་བདུག་པའི་དྲི་བཞོན་གྱིས། །བྱིང་རྨུགས་དམེ་དང་


SPN003_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་གྲིབ་སོགས། །མི་གཙང་ཉེས་པ་ཐམས་ཅད་སོལ། །སངས་རྒྱས་ཆོས་ཀྱི་འཁོར་ལོའི་གཞི། །བསྟན་པ་གཉན་སྲུང་ཕས་རྒོལ་འཇོམས། །དཀར་ཕྱོགས་སྐྱོང་བའི་སྡེ་དཔོན་ཆེ། །གསོལ་ལོ་མཆོད་དོ་མངའ་གསོལ་ལོ། །རྣམ་དག་ངེས་པའི་རིང་ལུགས་གང་། །འཛིན་བྱེད་རྡོ་རྗེ་སློབ་དཔོན་དང་། །སློབ་མར་བཅས་ཀུན་སྐྱོང་བྱེད་པ། །གསོལ་ལོ༴ རྒྱལ་ཁམས་བདེ་ལྡན་ཉེར་འཚོའི་གནས། །ས་སྐྱོང་མི་བདག་མངའ་རིས་ཀྱི། །ཡུལ་ལྗོངས་དགེ་བའི་མགོན་བྱེད་པ། །གསོལ་ལོ༴ རྣལ་འབྱོར་བརྟེན་བསྒྲུབ་འགོ་བ་ཡི། །རིགས་ཆོས་རྒྱུད་ཀྱི་སྲུང་མ་སྟེ། །ཁ་འཛིན་སྡོང་གྲོགས་རྒྱབ་རྟེན་བྱེད། །གསོལ་ལོ༴ མཐུ་ཆེན་རྩལ་དྲག་ལྡན་པ་ཡི། །སྦས་པའི་གནས་ཡུལ་བདེར་སྐྱོང་བ། །གཞི་བདག་ཟོ་དོར་དཔུང་གི་ཚོགས། །འཁོར་བཅས་བསྟོད་དོ་རབ་ཏུ་བསྔགས། །སྔོན་ཚེ་པདྨ་ཐོད་ཕྲེང་དང་། །ལོ་ཆེན་བཻ་རོ་ལ་སོགས་པ། །རྩ་བརྒྱུད་བླ་མའི་སྤྱན་སྔ་རུ། །ཐ་ཚིག་རྡོ་རྗེའི་མནའ་བོར་ལྟར། །བཀའ་བསྒོས་དམ་བཞག་མ་བསྙེལ་བར། །མི་ནུབ་བསྟན་པའི་རྒྱལ་མཚན་བསྒྲེང་། །ངེས་གསང་སྙིང་པོ་སྒྲུབ་བརྒྱུད་ཀྱི། །བསྟན་དང་བསྟན་འཛིན་ཕྲིན་ལས་འོད། །རྒྱ་མཚོའི་གོས་ཅན་ཁྱབ་པ་དང་། །དགེ་འདུན་འདུས་པ་ཚུལ་གནས་ཐོས། །


SPN003_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྤྱོད་ཕར་ཕྱིན་བསླབ་གསུམ་ལྡན། །ནོངས་མེད་འཕེལ་རྒྱས་ཁམས་ཀུན་ཏུ། །རྒྱལ་པོ་ཆོས་མཐུན་སྐྱེ་དགུ་རྣམས། །དགེ་ལ་གཞོལ་ཞིང་རྟག་བདེ་སྐྱིད། །ཆར་ཆུ་དུས་འབབ་ལོ་ཕྱུགས་ལེགས། །ཡིད་སྲུབས་རྒྱུད་བསྐུལ་ཆོས་མིན་རྣམས། །མིང་མེད་རྩད་ནས་གཞོམ་པ་དང་། །ནད་ཡམས་བསྐལ་ངན་འཇིགས་ཆེན་བརྒྱད། །དལ་ཁ་མཚོན་ཁ་བསྒྱུར་དུ་གསོལ། །རྫོགས་ལྡན་དང་པོའི་ལང་ཚོ་ནི། །གསར་དུ་འཆར་འདྲའི་དཔལ་འབྱོར་གྱིས། །འཇིག་རྟེན་ཁྱབ་པར་མཛད་དུ་གསོལ། །རྣལ་འབྱོར་མཐུན་རྐྱེན་འདོད་པའི་དོན། །ཡིད་བཞིན་འགྲུབ་པའི་སྡོང་གྲོགས་མཛོད། །ཉིན་མཚན་དུས་ཀུན་འབྲལ་མེད་དུ། །སྲུང་སྐྱོབ་མེལ་ཚེ་མ་གཡེལ་ཅིག །འགལ་རྐྱེན་ནད་གདོན་བར་ཆད་རིགས། །མི་མཐུན་གཡུལ་ངོ་བཟློག་ཏུ་གསོལ། །གཉིས་སྣང་འཛིན་པའི་བག་ཆགས་ཀྱི། །འཁྲུལ་རྟོག་གིས་བསླད་ནོངས་པ་རྣམས། །བཟོད་བཞེས་མཉམ་ཉིད་མཁའ་ཡངས་པོར། །བཤགས་སོ་དག་ཚངས་དངོས་གྲུབ་སྩོལ། །རང་རང་གནས་གཤེགས་སླར་ཡང་ནི། །མཆོད་པའི་སླད་དུ་འབྱོན་པར་གསོལ། །སརྦ་བྷཱུ་ཏ་གཙྪས་གཤེགས། བཀྲ་ཤིས་ཕུན་ཚོགས་དགེ་བའི་ཆར། །སྲིད་ཞིའི་དངོས་ཀུན་ལེགས་བྱས་སུ། །དེང་འདིར་མངོན་པར་ཡོངས་གྲུབ་


SPN003_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པའང་རྒྱལ་རོང་ཁྲོ་ཆུ་ཤུ་བྷམ་དགོན་གྱི་བླ་མ་ཏསྩ་རྗེ་དྲུང་པས་བསྐུལ་ངོར། སི་ཏུ་པདྨ་ཉིན་བྱེད་དབང་པོས་སྤེལ་བ་དགེ་བར་གྱུར་ཅིག །


previousཁྲོ་ཆུ་ཤུ་བྷམ་དགོན་གྱི་བླ་མ་ཏསྩ་རྗེ་དྲུང་པས་བསྐུལ་ངོར།next