Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོ་བླ་ལྕགས་རྩེ་གཉན་པོའི་བསང་མཆོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
  expand section
  expand section
   
   
   
   
   
  expand section
   


 
previousརྡོ་བླ་ལྕགས་རྩེ་གཉན་པོའི་བསང་མཆོད།next

རྡོ་བླ་ལྕགས་རྩེ་གཉན་པོའི་བསང་མཆོད།


SPN003_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་བླ་ལྕགས་རྩེ་གཉན་པོའི་བསང་མཆོད་བཞུགས། འདིར་ཡུལ་ལྷའི་བསང་བརྔན་བགྱི་བར་སྤྲོ་ན། བསང་ཁང་ཟླུམ་པོ་ཡིད་དུ་འོང་བ་ཕུབ། ཕྱེ་མར། འབྲུ་སྣ། དཀར་ཕུད། དར་ཟབ། རིན་ཆེན་ཕྱེ་མ་སོགས་མཆོད་པ་བཤམས། རང་ཉིད་ལྷ་ཡི་ང་རྒྱལ་དང་ལྡན་པས། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་དྷཱི་ཡིག་ཡོངས་གྱུར་ལས། །རིན་ཆེན་བསང་ཁང་ཡངས་ཤིང་རྒྱ་ཆེ་བར། །དྲི་བཟང་སྨན་སྤོས་ཤིང་སྣ་དུད་པའི་སྤྲིན། །འདོད་ཡོན་ལོངས་སྤྱོད་ནམ་མཁའ་མཛོད་བཞིན་སྤེལ། །ༀ་བཛྲ་སྥ་ར་ཎ་ཁཾ། ལན་གསུམ་དང་། ཨ་ཀཱ་རོས་བྱིན་གྱིས་བརླབས་ལ། ཀྱཻ། སྣང་སྲིད་ཟིལ་གནོན་གདུག་པ་འདུལ། །ཕྱི་ལྟར་ཆེ་མཆོག་དྲག་པོ་རྩལ། །ནང་ལྟར་པདྨ་འབྱུང་གནས་སྐུ། །གསང་བ་ཐོད་ཕྲེང་ཧེ་རུ་ཀ །འཁོར་འདས་ཀུན་ལ་དབང་བསྒྱུར་བའི། །རྡོ་རྗེའི་ཐ་ཚིག་གཉན་པོ་ཡི། །བཀའ་བསྒོས་དམ་བཞག་ཡལ་གམ་ཅན། །དཀར་པོའི་ཕྱོགས་རྣམས་སྐྱོང་བར་བྱེད། །ནག་ཕྱོགས་ཕས་རྒོལ་འཇོམས་པའི་ལྷ། །ཤར་ཟླའི་ལྗོངས་ཀྱི་བྱེ་བྲག་ཏུ། །རྡོ་ཡུལ་སྟོད་སྨད་མངའ་བའི་བདག །ཟོ་དོར་


SPN003_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་གཙོ་བོ་སྟེ། །སྐུ་ལྷ་ལྕགས་རྩེ་གཉན་པོ་དང་། །དིལ་དཀར་དང་ནི་གཡུང་དྲུང་རྩེ། །ལྷ་རི་དིལ་དཀར་ལ་སོགས་པ། །ཆ་ལུགས་ཞོན་པ་ཕྱག་མཚན་རྣམས། །མ་ངེས་སྣ་ཚོགས་སྟོན་ཅིང་བསྒྱུར། །གཞན་ཡང་ཡུལ་ཕྱོགས་འདིར་གནས་པའི། །དགེ་བསྙེན་སྨན་མོ་འབྱུང་པོའི་ཚོགས། །ཐམས་ཅད་མ་ལུས་འཁོར་དང་བཅས། །འདིར་གཤེགས་མཆོད་ཕྱིར་སྤྱན་འདྲེན་ནོ། །རིན་ཆེན་བསང་ཁང་ཡིད་འོང་བར། །དྲི་ལྡན་སྣ་ཚོགས་དུད་པའི་སྤྲིན། །རབ་འབྱམས་ཕྱོགས་མཐར་ཀུན་ཁྱབ་པའི། །ཆ་ཤས་ཟེར་ལས་འཕྲོས་པ་ཡི། །བཀྲ་ཤིས་རྫས་རྟགས་འདོད་ཡོན་དང་། །མཁོ་དགུའི་ལོངས་སྤྱོད་དཔལ་འབྱོར་རྣམས། །ཡོངས་འདུའི་ལྗོན་བཞིན་ཆར་ལྟར་འབེབས། །གཞན་ཡང་ཕྱེ་མར་འབྲུ་སྣའི་རིགས། །ཇ་ཆང་དཀར་ཕུད་དར་ཚོན་ལྔ། །རིན་ཆེན་གསེར་གཡུའི་ཕྱེ་མ་དང་། །མཐུན་རྫས་དཀོར་ཆས་ས་གཞི་དང་། །བར་སྣང་ཁྱབ་པར་འཕྲོ་བ་ཡི། །རྟ་ཕྱུགས་གནག་ལུག་གཟུགས་འགྲོས་སོགས། །མདོར་ན་སོ་སོར་མོས་ཐོབ་ཀྱི། །མཆོད་པའི་ཡོ་བྱད་སྣ་ཚོགས་ཕུལ། །རབ་ཏུ་ཚིམ་ཞིང་དགྱེས་གྱུར་ནས། །བདེ་དང་དགའ་བས་ངོམས་གྱུར་ཅིག །སྔོན་ཚེ་དཔལ་ཆེན་ཧེ་རུ་ཀ །གྲུབ་པའི་དབང་ཕྱུག་ཀརྨ་པ། །རྩ་བརྒྱུད་བླ་མའི་སྤྱན་སྔ་རུ། །ཅི་ལྟར་ཁས་བླངས་དམ་བཅས་བཞིན། །དམ་


SPN003_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་རྗེས་སུ་དྲན་པར་གྱིས། །རྒྱལ་བའི་ཞལ་མཐོང་དགེ་བསྙེན་ཆེ། །མ་འོངས་འཁོར་བ་མཐའ་ཅན་དུ། །སེམས་བསྐྱེད་འབྲས་བུ་ཐོབ་གྱུར་པ། །ཁྱོད་ལ་བསྟོད་ཅིང་བསྔགས་པར་འོས། །བཅོལ་བའི་ཕྲིན་ལས་དམ་པ་ནི། །སངས་རྒྱས་བསྟན་དང་བསྟན་འཛིན་རྣམས། །དར་རྒྱས་ཡུན་གནས་དགེ་འདུན་སྡེ། །འཕེལ་ཞིང་རྒྱལ་པོ་ཆོས་བཞིན་སྤྱོད། །མངའ་རིས་བདེ་སྐྱིད་ལོ་ལེགས་ཤིང་། །ནད་མུག་མཚོན་བསྐལ་ཞི་བར་མཛོད། །རྣལ་འབྱོར་བདག་ཅག་འཁོར་དང་བཅས། །གཞི་བྱེས་བྱ་བ་གང་བརྩམ་པར། །ལེགས་ཁ་བཏོད་ལ་རྒྱལ་ཁ་ཟུངས། །མཐུ་དང་རྒྱབ་རྟེན་སྡོང་གྲོགས་མཛོད། །ཉིན་དང་མཚན་དུ་བྱ་ར་དང་། །སྲུང་སྐྱོབ་མི་འབྲལ་སྤ་བར་མཛོད། །གང་བཅོལ་བསམ་པའི་དོན་རྣམས་ཀུན། །ཐོགས་མེད་བདེ་བླག་འགྲུབ་གྱུར་པའི། །མྱུར་མགྱོགས་རྫུ་འཕྲུལ་སྟོབས་བསྐྱེད་ལ། །ཀུན་ཏུ་དགེ་ཞིང་ཤིས་པ་ཡི། །ཕྲིན་ལས་རྣམ་བཞི་ལྷུན་གྲུབ་ཤོག །མི་གཙང་ཉེས་པར་གྱུར་པ་རྣམས། །བཤགས་སོ་ཚངས་པར་མཛད་ནས་ཀྱང་། །རང་རང་གནས་སུ་སོ་སོར་གཤེགས། །དུས་སུ་སླར་ཡང་འབྱོན་པར་གསོལ། །སརྦ་བྷཱུ་ཏ་གཙྪས་གཤེགས་ལ། བསྔོ་བ་སྨོན་ལམ་བྱའོ། །དེ་ལྟར་སྒྲུབ་ཆེན་བླ་མ་ཀརྨ་གཟི་བརྗིད་ཀྱིས་བསྐུལ་བའི་ངོར། སི་ཏུ་པདྨ་ཉིན་བྱེད་དབང་པོས་སྣྲོན་ཟླའི་ཚེས་ལ་སྤེལ་བ་མངྒ་ལྃ། །


previousརྡོ་བླ་ལྕགས་རྩེ་གཉན་པོའི་བསང་མཆོད།next