Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  collapse section
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རིག་འཛིན་མི་འགྱུར་རྡོ་རྗེའི་མཆོག་སྤྲུལ་གྱི་བཞེད་ངོར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   


 
previousརིག་འཛིན་མི་འགྱུར་རྡོ་རྗེའི་མཆོག་སྤྲུལ་གྱི་བཞེད་ངོར།next

རིག་འཛིན་མི་འགྱུར་རྡོ་རྗེའི་མཆོག་སྤྲུལ་གྱི་བཞེད་ངོར།


SPN003_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པདྨཱ་ཀ་ར་ཡེ། འདིར་བསྟན་པའི་བཀའ་སྲུང་ཡུལ་ལྷ་རྣམས་ཀྱི་བསང་མཆོད་བགྱིད་པར་སྤྲོ་ན། བསང་རྫས་གཙང་ཞིང་བཟང་བ་ཚར་དུ་དངར་བ་འདུ་བར་བྱས་ལ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བསང་མཆོད་རྫས། །འདོད་པའི་ཡོན་ཏན་རྒྱ་ཆེ་ཞིང་། །རྒྱུན་མི་ཆད་པའི་རྣམ་པ་ཅན། །ནམ་མཁའ་མཛོད་ཀྱི་རང་བཞིན་གྱུར། །ༀ་ཨ་ཀཱ་རོ་ལན་གསུམ་བརྗོད་པས་བྱིན་གྱིས་བརླབས། དེ་ནས་མགྲོན་རྣམས་སྤྱན་དྲངས་བ་ནི། ཀྱཻ། སྔོན་ཚེ་ཨོ་རྒྱན་རྡོ་རྗེ་འཆང་། །མཚོ་སྐྱེས་པདྨ་བཛྲ་གྱི། །བཀའ་དང་དམ་ལ་གནས་པ་ཡི། །དཀར་ཕྱོགས་སྐྱོང་བ་ཡོངས་ཀྱི་རྒྱལ། །ལྷ་ཡི་དགེ་བསྙེན་གྲགས་ལྡན་པ། །གནས་ཞིང་སྲུང་བའི་ཟོ་དོར་གཙོ། །ཁྲ་ཤོད་སྦོམ་བྲག་གཉེན་པོ་དང་། །ཇོ་བོ་ལྷ་འཁོར་སེང་གནམ་བྲག །ཁྱད་པར་ཆོས་འཁོར་གདན་ས་ཡི། །བཀའ་སྲུང་ཞལ་བཞེས་གཡར་དམ་ཅན། །ཡུལ་ལྗོངས་དགེ་ཞིང་ཤིས་པ་ཡི། །སྟོབས་ཀྱི་དཔུང་པས་ལེགས་སྐྱོང་བ། །རྨུགས་འཛིན་ནོར་བདག་མདོ་རྒྱལ་གཉེན། །སྲས་ལྕམ་བཙུན་མོའི་འཁོར་ཚོགས་དང་། །ཕྱཱ་རྒྱལ་རྡོ་རྗེ་གཡུ་དྲུང་རྩལ། །མཆེད་གསུམ་རང་རིགས་སྡེ་དཔུང་དང་། །འཛི་རྒྱལ་སྒབ་གྲོ་བཀྲམ་རྒྱལ་སོགས། །འདིར་དམིགས་བསལ་ཡུལ་ལྷ་གང་རུང་འཛུད་ཀྱང་ཆོག །རྣལ་འབྱོར་སྒྲུབ་པོས་སྤྱན་འདྲེན་ན། །མ་ཐོགས་མྱུར་བར་གནས་འདིར་གཤེགས། །རང་རང་གདན་ལ་བཞུགས་སུ་གསོལ། །འདིར་བཤམས་ཕྱི་ནང་གསང་མཆོད་རྫས། །བྱང་སེམས་ཀུན་ཏུ་


SPN003_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོ་ཡི། །མཆོད་སྤྲིན་རབ་འབྱམས་དང་མཉམ་པའི། །ཟད་མེད་ཕུན་སུམ་ཚོགས་པའི་གཏེར། །ཞིང་ཁམས་རྒྱ་མཚོར་འགེངས་པ་ཡི། །སྤྱན་གཟིགས་དཀོར་ཆས་སྣ་ཚོགས་དང་། །ཛ་གད་རཏྣའི་གསེར་སྐྱེམས་ཕུད། །ཕྱེ་མར་དཀར་གསུམ་མངར་གསུམ་དང་། །དར་སྣ་སྟག་རས་གཟིག་རས་སོགས། །བཟང་ཤིང་རྣམ་མང་བདུག་སྤོས་ཀྱི། །འོད་ཟེར་དྲྭ་བའི་རེ་ཁཱ་ལས། །མཐོ་རིས་བདག་པོའི་ལོངས་སྤྱོད་ཀྱི། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན། །ཉེ་བའི་རིན་ཆེན་འདོད་ཡོན་ལྔ། །དགེ་མཚན་རི་མོ་ཅི་ཡང་འཆར། །གནས་ཡུལ་གཞི་ཡི་བདག་རྣམས་ལ། །འབུལ་གྱི་དགྱེས་པ་བསྐང་གྱུར་ཅིག །གཉིས་འཛིན་འཁྲུལ་པས་ནོངས་པ་ཡི། །ཐུགས་འགལ་ཉེས་ཚོགས་བཤགས་པར་བགྱི། །བྱང་དག་ཚངས་པར་བསྩལ་དུ་གསོལ། །རབ་དཀར་བརྒྱུད་པའི་བཀའ་སྲུང་བ། །དྲེགས་ལྡན་མཐུ་སྟོབས་ཐོགས་པ་མེད། །མཆོག་གསུམ་དམ་པར་སྐྱབས་གསོལ་བའི། །དགེ་བསྙེན་ཆེན་པོ་སྲས་ལྕམ་དང་། །མཆེད་འཁོར་སྤྲུལ་དང་ཡང་སྤྲུལ་ཚོགས། །གཞན་ཡང་ཡུལ་རིས་ས་ཕྱོགས་འདིར། །གཉུག་མར་གནས་དང་གློ་བུར་ལྷགས། །མཆོད་འོས་མགྲོན་རྣམས་ཐམས་ཅད་ལ། །ཞི་བ་བསང་གི་མཆོད་པ་འབུལ། །


SPN003_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

མཉེས་ཤིང་དགྱེས་པ་བསྐང་གྱུར་ཅིག །རྒྱལ་བའི་བཀའ་སྡོད་དམ་ཚིག་ཅན། །ཕས་རྒོལ་འཇོམས་པའི་མཐུ་རྩལ་ལྡན། །ཆོས་ཀྱི་སྲུང་མ་ཁྱེད་རྣམས་བསྟོད། །སྔོན་ཚེ་དབང་དྲག་ཧེ་རུ་ཀ །རིག་འཛིན་རྩ་བརྒྱུད་བླ་མ་དང་། །ཁྱད་པར་མི་འགྱུར་རྡོ་རྗེ་ཅན། །ནུས་ལྡན་དྲག་པོ་རྩལ་སོགས་ཀྱི། །སྤྱན་སྔར་ཁས་བླངས་རྗེས་དྲན་ནས། །སངས་རྒྱས་བསྟན་པ་སྐྱོང་སྤེལ་དང་། །སྒྲུབ་པའི་མཐུན་རྐྱེན་སྒྲུབ་པ་དང་། །ཕྱི་ནང་བར་ཆད་བཟློག་ཏུ་གསོལ། །ཡུལ་རིས་ས་ཕྱོགས་རྣམ་ཀུན་བདེ། །དགེ་ཞིང་དགེ་བའི་སྡོང་གྲོགས་མཛོད། །བཀྲ་ཤིས་ཆོས་ཀྱི་རྒྱལ་སྲིད་ཆེ། །རྟག་བརྟན་ནོངས་མེད་ལྷུན་གྱིས་གྲུབ། །རྣམ་ཀུན་དགེ་ལེགས་འདོད་དགུའི་ཆར། །ཡོངས་སུ་འབེབས་པའི་བཀྲ་ཤིས་ཤོག གཙྪས་རང་གནས་སུ་གཤེགས་པར་བྱའོ། །ཞེས་པའང་སི་ཏུ་པདྨའི་མིང་ཅན་གྱིས་རིག་འཛིན་མི་འགྱུར་རྡོ་རྗེའི་མཆོག་སྤྲུལ་གྱི་དགོངས་བཞེད་བསྐང་ཕྱིར་སྤེལ་བ་ཡི་གེ་པ་ནི་ཀརྨ་པུཎྱེ་དྷརྨ་ཝརྡྷ་ཞེས་པའོ། །སརྦ་ཐཱ་མངྒ་ལམ། །


previousརིག་འཛིན་མི་འགྱུར་རྡོ་རྗེའི་མཆོག་སྤྲུལ་གྱི་བཞེད་ངོར།next