Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཛོད་དགོན་ཨ་ཅང་བསོད་དབང་སྤྲུལ་སྐུའི་བཞེད་ངོར་འབོལ་ཡག་ཡུལ་ལྷའི་བསང་མཆོད།
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
  expand section
  expand section
   
   
   
   
   
  expand section
   


 
previousམཛོད་དགོན་ཨ་ཅང་བསོད་དབང་སྤྲུལ་སྐུའི་བཞེད་ངོར་འབོལ་ཡག་ཡུལ་ལྷའི་བསང་མཆོད།next

མཛོད་དགོན་ཨ་ཅང་བསོད་དབང་སྤྲུལ་སྐུའི་བཞེད་ངོར་འབོལ་ཡག་ཡུལ་ལྷའི་བསང་མཆོད།


SPN003_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པྲ་ཝཱ་ཀ་ར་ཡེ། འདིར་འབོལ་ཡག་བཀྲ་ཤིས་མཐོང་སྨོན་གནས་ཀྱི་ཟོ་དོར་རྣམས་ལ་བསང་མཆོད་འབུལ་བར་འདོད་ན། མཆོད་རྫས་སྤྱི་དང་བསང་ཤིང་


SPN003_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་གཙང་ལ་བཟང་བ་འདུ་བགྱིད་ལ། རྣལ་འབྱོར་པ་ལྷའི་བསྐྱེད་རྫོགས་དང་ལྡན་པའི་ངང་ནས། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས་ལ། སྟོང་ལས་བསང་ཁང་བྷྲཱུྃ་ཡིག་ལས། །རིན་ཆེན་བཀོད་མཛེས་རབ་ཡངས་པར། །འབྲུ་གསུམ་འོད་ཞུ་བསང་བརྔན་རྫས། །ལྷ་ཀླུ་མི་ཡི་ལོངས་སྤྱོད་གང་། །རྒྱ་ཆེ་རྒྱུན་ཆད་མེད་གྱུར་བ། །སེམས་དཔའ་ཀུན་བཟང་སྨོན་སྟོབས་བཞིན། །དཔག་མེད་བསམ་ཡས་བརྗོད་བྲལ་ཞིང་། །མཆོད་སྤྲིན་རབ་འབྱམས་རྒྱས་འགེངས་གྱུར། །ཨ་ཀཱ་རོ་ལན་གསུམ་བྱིན་བརླབས་ལ། བསང་མགྲོན་མཆོད་ཡུལ་རྣམས་སྤྱན་དྲངས་པ་ནི། ཧྲཱིཿ སྐུ་གསུམ་ཡོན་ཏན་ཞིང་གི་བདག །རྒྱལ་དང་རྒྱལ་སྲས་རྩ་བརྒྱུད་ཀྱི། །བླ་མ་རིག་འཛིན་ཡི་དམ་དང་། །དཔའ་བོ་ཌཱ་ཀི་ཆོས་སྐྱོང་ཚོགས། །སྤྲིན་ལྟར་འདུ་ཞིང་གནས་པ་ཡི། །གདོད་ནས་རང་བྱུང་དག་པའི་ཞིང་། །ཐུབ་བསྟན་གསང་སྔགས་ཆོས་ཀྱི་རྫོང་། །བཀྲ་ཤིས་མཐོང་སྨོན་གཙུག་ལག་གི། །སྲུང་མ་རྡོ་ཐི་གངས་དཀར་གཉན། །རྡོ་རྗེ་ཅང་ཕུག་དགེ་བཙན་པོ། །ཁྱད་པར་གནས་ཀྱི་ཟོ་དོར་ནི། །དགུ་བཙུན་གངས་པ་དཀར་པོ་དང་། །ཇ་སྟི་ཉི་མ་ལྷ་རྩེ་སོགས། །པདྨའི་དགེ་བསྙེན་མཐུ་རྩལ་ཅན། །མ་ལུས་འཁོར་དང་ཡང་འཁོར་ཚོགས། །གཉུག་མར་གནས་པའི་ཡུལ་གཞིའི་བདག །རང་ལ་རིགས་ཀྱི་འགོ་བ་ཡི། །


SPN003_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་དང་སྲུང་མ་དམ་ཚིག་ཅན། །བསང་བགྲོན་ཚོགས་རྣམས་འདིར་གཤེགས་ཤིག །རང་རང་དགྱེས་པའི་གདན་ལ་བཞུགས། །འདིར་བཤམས་ཕྱི་ནང་གསང་བ་ཡི། །མཆོད་པའི་བྱེ་བྲག་རྣམ་མང་པོ། །ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ། །བཀྲ་ཤིས་དགེ་བའི་རྫས་རྟགས་དང་། །རྒྱལ་སྲིད་ཉེ་བའི་རིན་ཆེན་བདུན། །སྤྱན་གཟིགས་དཀོར་ཆས་རྐང་འགྲོས་རིགས། །དར་སྣ་རིན་ཆེན་སྤོས་སྨན་དང་། །ཛ་གད་ཕུད་སྣའི་སྐྱེམས་བཟང་དང་། །ཕྱེ་མར་དཀར་གསུམ་མངར་གསུམ་སོགས། །བདུག་སྤོས་སྤྲིན་གྱི་དྲྭ་བ་ལས། །ས་གསུམ་འདོད་དགུའི་ལོངས་སྤྱོད་རྣམས། །ཅིར་ཡང་འཆར་བའི་ཡིད་སྤྲུལ་ཀྱིས། །རང་བཞིན་བློ་ཡིས་བླངས་ནས་སུ། །འབུལ་གྱི་དགྱེས་པ་ཆེན་པོར་རོལ། །མཐའ་ཡས་འགྲོ་སྒྲོལ་ཕྲིན་ལས་བཞིའི། །མངའ་བདག་དཀྱིལ་འཁོར་ལྷ་ཚོགས་བསྟོད། །གནས་དང་ཞིང་སྐྱོང་སྒྲུབ་པ་པོའི། །སྡོང་གྲོགས་དཔུང་གཉེན་མེལ་ཚེ་མཁན། །ཟོ་དོར་སྲུང་མའི་ཚོགས་རྣམས་བསྟོད། །དེ་ལྟར་མཆོད་སྤྲིན་རྒྱ་མཚོ་ཡིས། །གསང་གསུམ་དགྱེས་པ་བསྐྱེད་པའི་མཐུས། །སངས་རྒྱས་བསྟན་པ་རིན་ཆེན་སྲུངས ། །བསྟན་འཛིན་ཞབས་བརྟན་དགེ་འདུན་རྒྱས། །སྐྱེ་དགུའི་དཔལ་དང་འབྱོར་པ་སྤེལ། །ཁྱད་པར་རྣལ་འབྱོར་འཁོར་བཅས་ལ། །ལེགས་ཁ་རྒྱལ་ཁ་བཏོད་པ་དང་། །བསམ་དོན་ཡིད་


SPN003_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ལྷུན་གྱིས་གྲུབ། །ནད་གདོན་བར་ཆད་ལས་རྒྱལ་ཞིང་། །ཚེ་རིང་བདེ་སྐྱིད་ཕུན་སུམ་ཚོགས། །ཡུལ་འདིར་མི་མཐུན་རྒུད་པ་བྲལ། །སད་སེར་བཙའ་འབུ་ཞི་བ་དང་། །ཆར་ཆུ་དུས་འབེབས་ལོ་འབྲས་ལེགས། །རྟག་ཏུ་བདེ་དང་ལྡན་གྱུར་ཅིག །བཀྲ་ཤིས་ཡོན་ཏན་ཀུན་འབྱུང་གནས། །པད་འབྱུང་རྩ་གསུམ་ལྷ་ཚོགས་ཀྱི། །བྱིན་རླབས་དངོས་གྲུབ་ཆར་གྱི་རྒྱུན། །དེང་འདིར་བདེ་ལེགས་རབ་རྒྱས་ཤོག །སརྦ་བྷཱུ་ཏ་གཙྪས་རང་གནས་གཤེགས། ཞེས་པའང་སི་ཏུ་པདྨའི་མིང་གིས་མཛོད་དགོན་ཨ་ཅང་བསོད་དབང་སྤྲུལ་སྐུའི་བཞེད་ངོར་འབོལ་ཡག་ཡུལ་ལྷའི་བསང་མཆོད་ཆེད་དུ་སྤེལ་བ་དགེ། །


previousམཛོད་དགོན་ཨ་ཅང་བསོད་དབང་སྤྲུལ་སྐུའི་བཞེད་ངོར་འབོལ་ཡག་ཡུལ་ལྷའི་བསང་མཆོད།next