Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བསང་མཆོད་རིན་ཆེན་ཆར་འབེབས་བཀྲ་ཤིས་རེ་སྐོང་།
  expand section
   
   
   
  expand section
  expand section
   
   
   
   
   
  expand section
   


 
previousབསང་མཆོད་རིན་ཆེན་ཆར་འབེབས་བཀྲ་ཤིས་རེ་སྐོང་།next

བསང་མཆོད་རིན་ཆེན་ཆར་འབེབས་བཀྲ་ཤིས་རེ་སྐོང་།


SPN003_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

བསང་མཆོད་རིན་ཆེན་ཆར་འབེབས་བཀྲ་ཤིས་རེ་སྐོང་བཞུགས་སོ། །ཀྱཻ་བླ་མ་དཀོན་མཆོག་རྣམ་གསུམ་ལ། །སྒོ་གསུམ་གུས་པས་སྐྱབས་སུ་མཆི། །འགྲོ་བ་སེམས་ཅན་ཀུན་དོན་དུ། །བདག་གིས་བསང་དང་མཆོད་པ་བྱ། །ཆོས་རྣམས་སྟོང་པའི་ངང་ཉིད་ལས། །རང་ཉིད་རྡོ་རྗེ་གྲོ་ལོད་སྐུ། །སྨུག་ནག་སྤྱན་གསུམ་ཨཾ་གཙིག་སྡོམ། །ཐོར་ཚུགས་ཕོད་ཁ་ཆོས་གོས་གསོལ། །རྡོ་རྗེ་འཕྱར་ཞིང་ཕུར་བུ་འདྲིལ། །སྟག་མོའི་སྟེང་ན་དོར་སྟབས་བསྒྲད། །ཡེ་ཤེས་དམ་ཚིག་དབྱེར་མེད་པའི། །ཐུགས་སྲོག་ཧཱུྃ་ལས་འོད་འཕྲོས་པས། །བསང་མགྲོན་ཐམས་ཅད་སྤྱན་དྲངས་གྱུར། །ཀྱཻ་སྐུ་གསུམ་དག་པའི་ཞིང་ཁམས་ནས། །འཇིག་རྟེན་འདས་དང་མ་འདས་པའི། །ལྷ་དང་སྲུང་མ་ཐམས་ཅད་ཀུན། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །གཙོ་འཁོར་འཚམས་པའི་གདན་ལ་བཞུགས། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་འབུལ། །ཡན་ལག་དྲུག་ཅུའི་དབྱངས་ཀྱིས་བསྟོད། །ཀྱཻ་བསང་གི་རྒྱུ་བྱུང་གང་ནས་བྱུང་། །གྲངས་མེད་བསྐལ་པའི་སྔོན་རོལ་ནས། །བཅོམ་ལྡན་ཤཱཀྱ་ཐུབ་པ་ཉིད། །རྒྱལ་པོ་ཆོས་ཀྱི་དབང་


SPN003_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་གྱུར། །དེ་ཡི་སངས་རྒྱས་མཆོད་པའི་ཕྱིར། །སྤོས་ཀྱི་རེང་བུ་གཅིག་བསྲེགས་ནས། །སིལ་སྙན་བཀྲོལ་ཞིང་བསང་མཆོད་མཛད། །སྤོས་སྤྲིན་ན་བུན་ཆེན་པོ་ཡིས། །ཞག་བདུན་བར་དུ་འཛམ་གླིང་ཁྱབ། །དེ་ནས་བསང་བྱུང་གང་ནས་བྱུང་། །སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས། །འཛམ་གླིང་སྤྱི་བསང་བསྡུས་པ་བརྩམས། །རྒྱ་གར་ལྷ་འདྲེ་ཐམས་ཅད་མཉེས། །རྡོ་རྗེ་གདན་གྱི་གཙུག་ལག་འགྲུབ། །དེ་ནས་སློབ་དཔོན་པདྨ་ཡིས། །ཞི་བརྔན་བསང་གསུར་ཆོ་ག་མཛད། །བོད་ཀྱི་ལྷ་འདྲེ་ཐམས་ཅད་མགུ། །དཔལ་གྱི་བསམ་ཡས་གཙུག་ལག་འགྲུབ། །དེ་ནས་རང་བྱུང་རྒྱལ་བ་ཡིས། །འཛམ་གླིང་སྤྱི་ཡི་བསང་མཆོད་མཛད། །ཁམས་ཕྱོགས་ས་བདག་ཀླུ་གཉན་དགའ། །སོག་གི་ཆུ་ལ་ལྕགས་ཟམ་ཚུགས། །སྔོན་དུས་སྲིད་པ་དེ་བཞིན་དུ། །ད་ལྟ་རྣལ་འབྱོར་བདག་ཅག་གིས། །བཟང་ཤིང་སྣ་ཚོགས་བསྲེག་པ་ལ། །འབྲུ་སྣ་ཕྱེ་མར་ཟས་ཕུད་དང་། །ཇ་ཆང་འོ་ཞོའི་ཕུད་ཀྱིས་མཆོད། །རྃ་ཡྃ་ཁྃ་གིས་མི་གཙང་སྦྱངས། །ༀ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། །དྷུ་ལས་ལྷ་མོ་བདུག་སྤོས་མ། །མཐིང་གསལ་མཛེས་


SPN003_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་རྒྱན་རྣམས་རྫོགས། །ཕྱག་གཡས་བུམ་པས་ཉམས་གྲིབ་འཁྲུད། །གཡོན་པས་སྨན་སྤོས་གཞོང་པ་བསྣམས། །སྤོས་སྤྲིན་བསང་དུད་ཁམས་གསུམ་ཁྱབ། །རབ་འབྱམས་སངས་རྒྱས་ཞིང་རྣམས་ཀུན། །སྤོས་ཀྱི་འཁྲི་ཤིང་དུ་བ་འཁྲིགས། །དུད་པའི་ཆ་ཤས་རེ་རེ་ལས། །འདོད་ཡོན་ལྔ་དང་རྒྱལ་སྲིད་བདུན། །བཀྲ་ཤིས་རྫས་རྟགས་མཆོད་པའི་ཚོགས། །ཅི་འདོད་ལོངས་སྤྱོད་ཆར་ལྟར་འབེབས། །འདི་འདྲའི་ངོ་མཚར་བསང་མཆོད་འདིས། །ཀྱཻ་ཆོས་སྐུ་ཀུན་བཟང་ཡབ་ཡུམ་བསང་། །ཡུམ་ཆེན་ཤེས་རབ་ཕར་ཕྱིན༴ དྲུག་པ་རྡོ་རྗེ་འཆང་ཆེན་༴ ལོངས་སྐུ་རིགས་ལྔ་ཡབ་ཡུམ་༴ སྤྲུལ་སྐུ་སངས་རྒྱས་སྟོང་རྩ་༴ ཐུབ་པ་གནས་བརྟན་བཅུ་དྲུག་༴ གུ་རུ་སྐུ་ལྔ་མཚན་བརྒྱད་༴ རྒྱ་གར་གྲུབ་ཆེན་བརྒྱད་ཅུ་༴ བོད་ཀྱི་རྗེ་འབངས་ཉེར་ལྔ་༴ ལོ་པཎ་ཆོས་རྒྱལ་ཐམས་ཅད་༴ རྒྱ་བོད་མཁས་གྲུབ་ཐམས་ཅད་༴ རྩ་བ་བརྒྱུད་པའི་བླ་མ་༴ མགོན་པོ་ཚེ་དཔག་མེད་པ་༴ ཡི་དམ་ཐུགས་རྗེ་ཆེན་པོ་༴ རྒྱུད་སྡེ་བཞི་ཡི་ལྷ་ཚོགས་༴ ཐེག་པ་དགུ་ཡི་ལྷ་ཚོགས་༴ དམར་ནག་མེ་ཕྲེང་ལྷ་ཚོགས་༴ དབང་ཆེན་རྟ་མགྲིན་ལྷ་ཚོགས་༴ བཀའ་དགོངས་ཕུར་གསུམ་ལྷ་ཚོགས་༴ བདེ་གསང་འཇིགས་


SPN003_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལྷ་ཚོགས་༴ སྒྲོལ་མ་ཉི་ཤུ་རྩ་གཅིག་༴ ཕག་ཁྲོས་སེང་གསུམ་ལྷ་ཚོགས་བསང་། །ཀྱཻ་དུས་གསུམ་རྒྱལ་ཀུན་འདུས་པའི་དཔྱིད། །ཀོ་ཤའི་མཚོར་འཁྲུངས་པདྨ་འབྱུང་། །མ་རུངས་དྲེགས་པ་ཚར་གཅོད་ཕྱིར། །ཁྲག་འཐུང་དབང་དྲག་འབར་བའི་སྐུ། །ཆེ་མཆོག་རྡོ་རྗེ་གྲོ་བོ་ལོད། །ཡེ་ཤེས་ཁྲོ་བོའི་དཀྱིལ་འཁོར་བསང་། །ཛྙ་ན་ཌཱ་ཀིའི་གཙོ་མཆོག་མ། །བདེ་ཆེན་དབྱིངས་ཕྱུག་མཚོ་རྒྱལ་ཡུམ། །རྡོ་རྗེ་དྲག་མོ་སེང་གེའི་གདོང་། །མཁའ་འགྲོ་བྱེ་བ་འབུམ་སྡེ་༴ ནོར་བདག་རྨུགས་འཛིན་ཛམ་སེར་ནག །ལས་མགོན་ཏྲཀྴད་མཐུ་བོ་ཆེ། །ཡུམ་བཞི་སྲོག་བདུད་བརྒྱད་ལ་སོགས། །བདུད་ཀྱི་དམག་ཚོགས་རྒྱ་མཚོ་བསང་། །ཀྱཻ་འོག་མིན་བྱང་ཕྱོགས་དུར་ཁྲོད་ཀྱི། །གྲོང་ཁྱེར་སུམ་བརྩེགས་ཕོ་བྲང་བདག །མ་ཧཱ་ཀཱ་ལ་ཡོངས་ཀྱི་རྗེ། །དཔལ་ལྡན་མགོན་པོ་རྡོ་རྗེ་བེར། །མགོན་ཆེན་སྡེ་བཞི་འཁོར་བཅས་བསང་། །མ་ནིང་མཆེད་གསུམ་རིགས་ལྔ་༴ མགོན་ཆེན་བཞི་བཅུ་རྩ་ལྔ་༴ བྱང་ཤར་ཡོངས་འདུའི་ལྗོན་པའི་ཚལ། །ཐོད་པ་འཕྲུལ་གྱི་ལྡིང་ཁང་ནས། །རང་བྱུང་སྲིད་རྒྱལ་མུ་ཁ་ལེ། །མ་གཅིག་གཉེན་གྱི་རེ་མ་ཏི། །དཔལ་ལྡན་ལྷ་མོ་དཔོན་གཡོག ༴ ལྷ་མོ་སྟོང་དང་རྩ་བརྒྱད་༴


SPN003_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མགོན་བདུན་ཅུ་རྩ་གཉིས་༴ ཞིང་སྐྱོང་ཉི་ཤུ་རྩ་བཞི་༴ མཁའ་འགྲོ་སུམ་ཅུ་སོ་གཉིས་༴ དྲེགས་པའི་སྡེ་དཔོན་སུམ་ཅུ་༴ སྲོག་བདག་དྲེགས་ཆེན་བཅོ་བརྒྱད་༴ ནོར་ལྷ་རྣམ་སྲས་རིགས་བརྒྱད་༴ གཏེར་བདག་ཛམ་ལྷ་རིགས་ལྔ་༴ ནོར་རྒྱུན་ལྷ་མོ་མཆེད་བརྒྱད་༴ གནོད་སྦྱིན་འབྲོག་གནས་མཆེད་ལྔ་༴ རེ་མན་རྟ་ལྷ་ལྔ་བརྒྱ་༴ ཞིང་སྐྱོང་ཀུན་དགའ་གཞོན་ནུ་༴ སྲིན་མགོན་ཐོད་ཕྲེང་ཡབ་ཡུམ་༴ ཀླུ་རྒྱལ་མནྟྲ་པ་ཏི་༴ མཁར་ནག་རྡོ་རྗེ་རྒྱལ་པོ་༴ འོག་མིན་གནས་དང་མ་ལ་ཡ། །ཕ་ཝང་ལོང་བུའི་སྐུ་མཁར་ན། །ཡེ་ཤེས་ལས་དང་འཇིག་རྟེན་གྱི། །དམ་ཅན་སྐྱེས་བུ་རྡོ་རྗེ་ལེགས། །མགར་བ་ནག་པོ་དགྱེས་སྡེ་འཁོར། །གིང་ཆེན་སྡེ་བཞི་ལ་སོགས་པའི། །མཆེད་ཟླ་སུམ་བརྒྱ་དྲུག་ཅུ་བཅས། །འཁོར་དང་ཡང་འཁོར་ཐམས་ཅད་བསང་། །མ་གཅིག་དཔལ་གྱི་ལྷ་མོ་༴ ཨ་ཕྱི་ཆོས་ཀྱི་སྒྲོལ་མ༴ བཀྲ་ཤིས་ཚེ་རིང་མཆེད་ལྔ་༴ བོད་ཁམས་བརྟན་མ་བཅུ་གཉིས་༴ བྲག་བཙན་དབང་དྲག་འབར་བ་༴ གཉན་ཆེན་ཐང་ལྷ་ཡར་བཞུར་༴ རྨ་རྒྱལ་རྡོ་རྗེ་བདུད་འཇོམས་༴ སྐུ་ལྷ་ཨ་བོ་གེར་མཛོ་༴ སྦས་ཡུལ་ཨ་ཏ་རོང་གི་ཆར། །འབྲི་གཉན་རྡོ་རྗེ་བློ་གྲོས་སོགས། །དཀར་པོ་ལྷ་ཡི་


SPN003_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བསྙེན་ཚོགས། །དམ་ཚིག་ཅན་གྱི་ཟོ་དོར་བསང་། །ཁྱད་པར་གནས་འདིའི་ཡུལ་གཞིའི་བདག །དབུ་ཆེ་བྲག་དཀར་ཡབ་ཡུམ་༴ །སྒོ་སྲུང་སྡེ་བཞི་ལ་སོགས་༴ །རྡོ་རྒྱལ་མུ་ུནམ་མཆེད་བརྒྱད་༴ རྨུགས་སངས་རྩེ་རྒྱལ་ཞལ་ད༴ །ཀྱཻ་བསིལ་ལྡན་བོད་ཡུལ་བསྟན་སྲུང་བ། །པདྨའི་དགེ་བསྙེན་ཐ་ཚིག་ཅན། །རྗེ་ཡི་མགུར་ལྷ་བཅུ་གསུམ་༴ །དགེ་བསྙེན་ཉི་ཤུ་རྩ་གཅིག་༴ །ཕྱོགས་བཞིའི་གཉན་ཆེན་སྡེ་བཞི་༴ །གཉན་ཕྲན་བཞི་བཅུ་རྩ་གཉིས༴ །ཕ་མཚུན་དགྲ་བླ་འཁོར་བཅས༴ །ཁྱིམ་ལྷ་ཞིང་ལྷ་ཐབ་ལྷ༴ །བདག་ལ་འགོ་བའི་ལྷ་སྲུང་བསང་། །འཁོར་འདས་གཉིས་ལ་གཏོགས་པ་ཡི། །གཉུག་མར་གནས་དང་གློ་བུར་མགྲོན། །མ་ལུས་ལུས་པ་མེད་རྣམས་བསང་། །ཞི་བ་བསང་མཆོད་འདི་ཕུལ་བས། །གྲིབ་དང་མི་གཙང་བསང་གྱུར་ཅིག །རྣལ་འབྱོར་འདོད་དོན་ཀུན་འགྲུབ་མཛོད། །ཅེས་མཆོད་གཏོར་སྐྱེམས་ཕུད་ཕྱེ་མར་འབུལ་ལ། ལམ་ལྷ་སྤྲོ་ན། ཀྱཻ་སྤྱན་ལྔ་མངོན་ཤེས་ལྔ་ལྡན་རྣམས། །ལམ་ལྷ་དཔུང་གྲོགས་མ་གཡེལ་བར། །མཐུན་རྐྱེན་སྒྲུབས་ལ་འགལ་རྐྱེན་སོལ། །བདེ་ཞིང་དགེ་བར་བསྐྱང་དུ་གསོལ། །ཞེས་དང་། ཀྱཻ་རྣལ་འབྱོར་དམ་ཚིག་མོས་བློ་རྣམ་དག་


SPN003_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

གིས། །རབ་དཀར་དགེ་བའི་སྤྱོད་ཚུལ་མ་སྨད་པས། །མཆོད་ཅིང་སྦྱིན་པའི་དངོས་པོ་ལ་བརྟེན་ནས། །དཀོན་མཆོག་གསུམ་གྱིས་བྱིན་གྱིས་བརླབས་པ་དང་། །ཡི་དམ་ལྷ་ཡིས་དངོས་གྲུབ་མཆོག་སྩོལ་ཞིང་། །ཆོས་སྐྱོང་སྲུང་མས་བར་ཆད་སེལ་བ་དང་། །ཡུལ་ལྷ་གཉན་གྱིས་སྡོང་གྲོགས་རྒྱབ་རྟེན་མཛོད། །དགྲ་བླ་ཝེར་མས་ཕ་རོལ་རྒོལ་བ་འཇོམས། །རིག་འཛིན་སྒྲུབ་པོའི་ཕྲིན་ལས་རྣམ་བཞི་སྒྲུབས། །རྒྱལ་བསྟན་རིན་ཆེན་དར་ཞིང་རྒྱས་པ་དང་། །སྐྱེས་མཆོག་ཞབས་བརྟན་དགེ་འདུན་འདུས་པ་མཐུན། །ཡེ་ཤེས་ཡོན་ཏན་དཔལ་དང་འབྱོར་པ་འཕེལ། །ཆར་ཆུ་དུས་འབབ་ལོ་ཕྱུགས་རྟག་ཏུ་ལེགས། །མི་ནད་ཕྱུགས་ནད་ཡམས་ནད་འཁྲུགས་རྩོད་ཞི། །འཇིག་རྟེན་ཁམས་ཀུན་བདེ་ལེགས་སྣང་བས་ཁྱབ། །རྫོགས་ལྡན་གསར་པའི་ལང་ཚོ་ངོམ་པར་མཛོད། །ཅེས་ཕྲིན་ལས་བཅོལ་ནས། གཡང་ལེན་བྱ་བ་ནི། ཀྱཻ་སྲིད་ཞི་ཕུན་ཚོགས་འབྱུང་གནས་གཏེར། །རྩ་བརྒྱུད་བླ་མའི་ཐུགས་རྗེ་དང་། །ཡི་དམ་དཔའ་བོ་མཁའ་འགྲོ་ཡི། །དངོས་གྲུབ་རྟེན་འབྲེལ་དམ་པ་རྣམས། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །རྣལ་འབྱོར་རིག་འཛིན་མཆོག་བརྙེས་ཤོག །དམ་ཅན་ཆོས་སྐྱོང་དྲག་རྩལ་


SPN003_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །དཀར་ཕྱོགས་ལྷ་ཡི་གཟི་བྱིན་དང་། །དགྲ་བླ་ཝེར་མའི་སྟོབས་རྩལ་རྣམས། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ནུས་མཐུའི་དཔལ་དུ་འབར་བ་དང་། །འབད་མེད་ཕྲིན་ལས་ལྡན་པར་ཤོག །གཞན་ཡང་སྲིད་པའི་ཆེ་དགུ་ཡི། །སྙན་གྲགས་དབང་ཐང་འབྱོར་བ་སྟོབས། །རྨ་གཡང་ལོངས་སྤྱོད་ཟས་ནོར་འབྲུ། །རྐང་བཞི་ཕྱུགས་ཀྱི་འཕེན་གཡང་རྣམས། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །མི་འཛད་ནམ་མཁའི་མཛོད་ཐོབ་ཤོག །སརྦ་སིདྡྷི་ཕ་ལ་ཧོཿ ཞེས་བརྗོད། ཡེ་ཤེས་ལྷ་ཚོགས་རྟེན་ལ་བཞུགས། །འཇིག་རྟེན་པ་རྣམས་རང་གནས་གཤེགས། །སརྦ་བྷུ་ཏ་གཙྪཿ ཞེས་དང་། རང་ཉིད་ལྷར་གསལ་མི་དམིགས་སྤྲོས་བྲལ་ངང་། །སྐྱེ་འགགས་གཉིས་མེད་ཟུང་འཇུག་རོལ་པར་ཤར། །བཀྲ་ཤིས་གུང་གཉིས་བདེ་ལེགས་གྲུ་ཆར་གྱིས། །བསམ་དོན་ཡོངས་འདུའི་ལྗོན་དབང་རྩ་བ་བརྟན། །གཙུག་ལག་ཟུང་གི་ལོ་འབྲས་གཡུར་ཟ་བའི། །རྟག་བརྟན་འགྱུར་བ་མེད་པའི་བཀྲ་ཤིས་ཤོག །ཅེས་བརྗོད། དེ་ལྟར་རྗེ་ཀརྨ་ཆགས་མེད་ཀྱིས་མཛད་པའི་རྒྱུན་བསང་བྱིན་རླབས་ཀྱི་ཚན་ཁ་རྨད་དུ་བྱུང་བ་གཞིར་བཞག་ནས་མཆོད་ཡུལ་དམིགས་བསལ་འགའ་ཞིག་དང་ཕྲིན་ལས་བཅོལ་བ་སོགས་རྗེས་ཆོག་གི་རིམ་པ་རྣམས་སི་ཏུ་པས་གྲོ་ལོད་སྒྲུབ་པ་མངྒ་ཛ་ཡི་ཆེད་དུ་བཀོད་པ་སརྦ་མངྒ་ལམ། །


previousབསང་མཆོད་རིན་ཆེན་ཆར་འབེབས་བཀྲ་ཤིས་རེ་སྐོང་།next