Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  collapse section
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
འཕགས་མ་སྒྲོལ་ལྗང་མཎྜལ་བཞི་པའི་ཟིན་ཐོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   


 
previousའཕགས་མ་སྒྲོལ་ལྗང་མཎྜལ་བཞི་པའི་ཟིན་ཐོ།next

འཕགས་མ་སྒྲོལ་ལྗང་མཎྜལ་བཞི་པའི་ཟིན་ཐོ།


SPN003_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་མ་སྒྲོལ་ལྗང་མཎྜལ་བཞི་པའི་ཟིན་ཐོ་ཨུཏྤལ་མཱ་ལ་བི་ཧ་ར་ཏིསྨ། སྭ་སྟི། ཐུགས་རྗེ་ཆེ་མངའ་བྱམས་མགོན་འཕགས་པ་མཆོག །གཉིས་མེད་སྤྲུལ་སྒྱུར་བཅོམ་ལྡན་རྗེ་བཙུན་མ། །ཚེ་དབང་དཔལ་སྟེར་རྒྱལ་ཀུན་སྐྱེད་པའི་ཡུམ། །གང་གིས་ཚེ་རབས་ཀུན་ཏུ་སྐྱོང་གྱུར་ཅིག། འཕགས་མ་སྒྲོལ་ལྗང་མཎྜལ་གྱི། །མཆོད་ཆོག་ཟིན་ཐོ་ཨུཏྤལ་ཕྲེང་། །སྤེལ་བགྱི་སྐལ་ལྡན་མགུལ་པའི་རྒྱན། །མཛེས་པའི་དཔྱིད་དུ་རོལ་པར་གྱིས། །དེ་ཡང་བཤམས་བཀོད་རིམ་པ་ལ། །དམིགས་རྟེན་ཏཱ་རེའི་སྐུ་བརྙན་ནི། །བྱིན་རླབས་ལྡན་པ་མཉྫིའི་ཁར། །བཞུགས་སུ་གསོལ་ཞིང་བསྡུས་པ་ན། །མཎྜལ་ཚོམ་བུར་བརྟེན་ཀྱང་རུང་། །ཕྱོགས་བཞིར་མཆོད་པའི་མཎྜལ་བཞི། །ཚོམ་


SPN003_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

བུ་བདུན་བཀོད་རེ་རེ་ལའང་། །མཆོད་པ་རྣམ་ལྔ་ཅི་བདེར་བཤམས། །ཡང་ན་མཎྜལ་གཅིག་རིམ་བཞིན། །འདོན་པ་དང་བསྟུན་དབུལ་ཀྱང་འཐུས། །མཆོད་པའང་བརྗེའམ་ཁ་གསོ་བྱ། །དེ་དག་གང་འབྱོར་འདམ་གའོ། །མཆོད་པའི་འདས་གཏོར་མཐོ་བར་བཤམས། །གསུམ་པོ་ཕྲེང་ཚར་བཤམས་བྱས་ལ། །བསང་ཆུ་འབྲུ་དཀར་ལ་སོགས་པ། །མཁོ་བའི་ཡོ་བྱད་མཆོད་རྫས་རྣམས། །ལེགས་པར་འདུ་བྱས་གཙང་སྦྲ་དང་། །ལྡན་པས་བདེ་བའི་སྟན་ལ་འདུག །དང་པོ་རང་གི་མདུན་གྱི་མཁར། །བླ་མ་མཆོག་དང་དབྱེར་མེད་པའི། །འཕགས་མ་སྒྲོལ་ལྗང་གསལ་བཏབ་ལ། །མཐའ་སྐོར་དཀོན་མཆོག་


SPN003_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་གསུམ་རྣམས། །སྤྲིན་ཕུང་གཏིབས་བཞིན་བཞུགས་པའི་དྲུང་། །རང་དང་སེམས་ཅན་ཐམས་ཅད་ཀྱིས། །སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་བྱ། །དེ་ནས་རང་ཉིད་སྐད་ཅིག་གིས། །སྤྱན་རས་གཟིགས་དབང་སྐུ་མདོག་དཀར། །ཕྱག་གཡས་མཆོད་སྦྱིན་པདྨ་འཛིན། །གཡོན་པས་ཐུགས་ཀར་པདྨ་བསྣམས། །ཞལ་འཛུམ་སྤྱན་གསུམ་རིན་ཆེན་དར། །རྒྱན་མཛེས་རི་དྭགས་ལྤགས་པ་ཡིས། །ཕྲག་གཡོན་བཀབ་ཅིང་ཞབས་གཡས་བརྐྱང་། །གཡོན་བསྐུམ་པད་ཟླའི་གདན་བཞུགས་བསྐྱེད། །བསང་ཆུ་ཁྲོ་ཆེན་བདུད་རྩི་འཁྱིལ། །བྱིན་རླབས་རང་བཞིན་མོས་ཀུ་ཤའི། །འཐོར་གཡབ་སེམས་མ་རྡོ་རྗེ་མའི། །རྒྱས་བཟུང་མཐོང་བ་བརྒྱུད་ལྟར་བྱ། །དེ་ནས་གནས་ཁང་མཆོད་པའི་རྫས། །ཡོ་བྱད་ཐམས་ཅད་ཡེ་ཤེས་ཀྱི། །ངོ་བོར་བྱིན་དབབ་ཚིག་དོན་དང་། །མཚུངས་པའི་གཞུང་ལྟར་མཐར་ཆགས་དང་། །མདུན་བསྐྱེད་སྒྲོལ་མ་མངོན་རྟོགས་ལྟར། །ཇི་བཞིན་བསྐྱེད་ལ་དམ་ཚིག་པར། །ཡེ་ཤེས་བསྐྱེད་བསྟིམ་དབང་བསྐུར་དང་། །རྒྱས་གདབ་ལ་སོགས་དཀྱུས་ལྟར་རོ། །རང་ལྷར་གསལ་བའི་ཐུགས་ཀའི་ཧྲཱིཿ །མདུན་བསྐྱེད་ཐུགས་ཀའི་ཏྲཱྃ་ལས་ཀྱང་། །འོད་འཕྲོས་རྒྱལ་བ་སྲས་འཁོར་བཅས། །ཚོགས་ཞིང་རྟེན་དུ་སྤྱན་དྲངས་ལ། །ཕྱི་འབྲང་བགེགས་བསྐྲད་གདན་བཞུགས་བསམ། །


SPN003_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དཀོན་མཆོག་ཡོན་ཏན་རྣམས། །རྗེས་སུ་དྲན་བཞིན་སྒོ་གསུམ་གྱི། །མོས་འདུན་དང་བཅས་མདོ་བཀླག་ནས། །ཕྱག་འཚལ་སྐབས་སུ་རང་དང་ནི། །སྦྱིན་བདག་སོགས་ཀྱི་ལུས་རྡུལ་སྙེད། །དུ་མར་སྤྲུལ་ནས་འདུད་པ་དང་། །གཞན་ཡང་མ་གྱུར་ཐམས་ཅད་ཀྱིས། །གུས་པས་སྒོ་གསུམ་དད་ཕྱག་དམིགས། །བཟང་སྤྱོད་ཡན་ལག་བདུན་པ་བརྗོད། །རང་གཞན་ཀུན་གྱིས་ཕྱག་འཚལ་མོས། །མཆོད་རྫས་རབ་འབྱམས་ཁམས་བཀང་འབུལ། །ཉེས་གྱུར་འགྱོད་བཤགས་སྡོམ་པ་བཟུང་། །རྒྱལ་བའི་མཛད་པར་རྗེས་ཡི་རང་། །ཆོས་འཁོར་བསྐོར་བར་བསྐུལ་གསོལ་འདེབས། །དུས་གསུམ་དགེ་ཀུན་བྱང་ཆེན་བསྔོ། །དེ་ནས་སེམས་བསྐྱེད་བཟུང་བ་ནི། །སྔོན་གྱི་འཕགས་པ་རྣམས་ཀྱིས་ནི། །བདག་མེད་སྟོང་ཉིད་རང་བཞིན་དུ། །ཐུགས་བསྐྱེད་ཇི་ལྟར་བདག་གཞན་གྱིས། །བྱང་ཆུབ་དམ་པར་སེམས་བསྐྱེད་མོས། །དེ་ནས་མཆོད་འབུལ་རིན་ཆེན་སེམས། །སོགས་ཀྱིས་འཇིག་རྟེན་ཁམས་དཔལ་འབྱོར། །བདག་པོས་བཟུང་དང་མ་བཟུང་བའི། །མཆོད་པ་དངོས་སུ་འབྱོར་པ་དང་། །ཡིད་སྤྲུལ་ཏིང་འཛིན་ངང་ནས་ཕུལ། །མཎྜལ་རྒྱས་བསྡུས་སྔགས་བཅས་བཏོན། །ལུས་དང་ལོངས་སྤྱོད་དགེ་རྩ་འབུལ། །མེ་ཏོག་བྱིན་བརླབས་སྔགས་བརྗོད་ཅིང་། །བྱང་སེམས་ཤིས་བརྗོད་སླར་ཡང་ནི། །མཐུ་བསྐྱེད་ཨཱ་ལི་ཀཱ་ལི་དང་། །ཡིག་བརྒྱ་རྟེན་སྙིང་སྦྲེལ་མར་བརྗོད། །མེ་ཏོག་བྱིན་བརླབས་ཁ་གསོ་བྱ། །འགྲེང་བཞིན་འདོད་


SPN003_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་གཞུང་ལྟར་གྱི། །རྡོ་རྗེའི་གསུང་རྣམས་ཚིག་དོན་དང་། །ཡིད་ལ་འདྲེས་པའི་འདུན་པ་ཡི། །ངེས་ཤེས་བརྟན་ཅིང་ཤིས་པ་བརྗོད། །དེ་དག་ཆོ་ག་དང་པོའོ། །དེ་ནས་གཉིས་པ་རྗེ་བཙུན་མར། །བྱེ་བྲག་མཆོད་ཅིང་གསོལ་གདབ་ནི། །མཆོད་ཞིང་རྒྱལ་བ་ཐམས་ཅད་ལ། །ཐལ་སྦྱར་འདུད་བཅས་སྙན་གསན་ཕབ། །དེ་དག་ཐམས་ཅད་འཕགས་མར་བསྟིམ། །དེ་ཉིད་དཀོན་མཆོག་འདུས་པའི་སྐུར། །ཡེ་ནས་ཡིད་བཞིན་མོས་གུས་ཀྱི། །སྣང་བ་ཟབ་མོས་རྒྱུད་བསྐུལ་ནས། །ཕྱག་འཚལ་དམིགས་པ་གོང་ལྟར་དང་། །སླར་ཡང་མཆོད་པ་མཐུ་བསྐྱེད་གཟུངས། །བཏོན་ཅིང་མཆོད་ཡོན་ཕལ་ཆེར་གྱིས། །མཆོད་འབུལ་སྔགས་བཅས་ཡན་ལག་བདུན། །ཚིགས་བཅད་དང་ནི་རྒྱུན་ཆགས་གཉིས། །གང་བདེ་མཎྜལ་ལ་སོགས་འབུལ། །རྗེ་བཙུན་བཅོམ་ལྡན་འདས་སོགས་ཀྱིས། །འདོད་དོན་གསོལ་བཏབ་སྨོན་ཤིས་བརྗོད། །སྔགས་ཀྱིས་མེ་ཏོག་བྱིན་བརླབས་ལ། །བྱང་སེམས་ཤིས་བརྗོད་མེ་ཏོག་འབུལ། །དེ་ནས་བསྙེན་པའི་དམིགས་པ་རྣམས། །གཞུང་ལྟར་ཇི་བཞིན་གསལ་གདབ་ལ། །སངས་རྒྱས་ཀུན་འདུས་འཕགས་མ་ལ། །རྩེ་གཅིག་དད་མོས་ཤུགས་ཕྱུང་གིས། །མཐར་ཐུག་མཆོག་སྩོལ་གནས་སྐབས་སུ། །ཐུན་མོང་ཡིད་བཞིན་དངོས་གྲུབ་ཀྱི། །འདོད་དོན་འགྲུབ་པར་


SPN003_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་བཏབ། །རྩ་སྔགས་བརྒྱ་རྩ་གཉིས་བཟླ་ཞིང་། །ཚེ་ཤམ་སྦྱར་བ་བརྒྱ་རྩ་བཟླ། །གཞན་ཡང་ཁ་བསྒྱུར་སྐབས་ཐོབ་སྦྱར། །ལས་ཐམས་ཅད་པའི་རིགས་སྔགས་ཀྱང་། །བཟླས་མཐར་ཁ་སྐོང་དང་བཅས་བརྗོད། །དེ་ནས་བདག་གཞན་སེམས་ཅན་དང་། །འབྱུང་བ་བཞི་དང་དེ་དག་གི། །ཆ་ཤས་རྡུལ་ཕྲན་རྣམས་ལས་ཀྱང་། །ཕྱག་འཚལ་ཉེར་གཅིག་རང་སྒྲ་སྒྲོག །མོས་བཞིན་ལན་གཉིས་ཕན་ཡོན་ཚར། །གཅིག་བཅས་སླར་ཡང་ཕན་ཡོན་གྱི། །མཐུ་བསྐྱེད་སུམ་སྦྲེལ་གཟུངས་སྔགས་བཟླ། །མེ་ཏོག་བྱིན་བརླབས་འདོད་གསོལ་གྱི། །ཚིག་དོན་བློ་དང་མཐུན་པར་བྱ། །ཤིས་བརྗོད་དང་བཅས་གཉིས་པའོ། །དེ་ནས་གསུམ་པར་ཕྱག་འཚལ་སོགས། །བཟླས་པའི་བར་དུ་གོང་ལྟར་ཁྱབ། །རྩ་སྔགས་བརྒྱ་རྩ་གསུམ་ཚེ་ཤམ། །བརྒྱ་དང་ལྔ་བཅུ་ཁ་བསྒྱུར་རྣམས། །སྐབས་ཐོབ་ལས་ཐམས་ཅད་པའི་སྔགས། །གང་འོས་བཟླས་མཐར་ཁ་སྐོང་བྱ། །ཕྱག་འཚལ་ཉེར་གཅིག་ལན་གསུམ་དང་། །ཕན་ཡོན་ཚར་གཅིག་འདོད་གསོལ་དང་། །བཀྲ་ཤིས་དང་བཅས་གསུམ་པའོ། །དེ་ནས་བཞི་པར་ཕྱག་འཚལ་བ། །བསྙེན་པའི་བར་དུ་གོང་བཞིན་ལ། །རྩ་སྔགས་བརྒྱ་རྩ་བདུན་ཚེ་ཤམ། །ཕྱེད་དང་བཞི་བརྒྱ་ཁ་བསྒྱུར་རྣམས། །གང་འོས་ལས་སྔགས་


SPN003_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ཐོབ་བཟླ། །སུམ་སྦྲེལ་ཁ་སྐོང་དང་བཅས་བཏོན། །ཕྱག་འཚལ་ཉེར་གཅིག་ཚར་བདུན་དང་། །ཕན་ཡོན་དང་བཅས་སྒྲོལ་མཚན་བརྒྱ། །འདོད་གསོལ་ཤིས་བརྗོད་བཞི་པའོ། །དེ་ནས་རྗེས་ཀྱི་ཆོ་གའི་རིམ། །གཏོར་འབུལ་སོ་སོར་རིམ་བཞིན་ཕུལ། །མཆོད་གཟུངས་བཟླས་ལ་མཆོད་བྱིན་བརླབས། །མཆོད་བསྟོད་བྱ་ཞིང་དགེ་བ་བསྔོ། །ཆད་ལྷག་ཁ་སྐོང་བཟོད་པར་གསོལ། །མདུན་བསྐྱེད་སྐུ་ལས་སྐུ་འཕྲོས་ནས། །རང་གི་དཔྲལ་ཐིམ་གཉིས་མེད་པར། །བྱིན་བརླབས་འདུ་འབྲལ་མེད་པར་མོས། །ཡེ་ཤེས་དབྱིངས་སུ་གཤེགས་པའམ། །རྟེན་ལ་བཞུགས་སུ་གསོལ་བྱས་ན། །རབ་ཏུ་གནས་པའི་མཆོག་གྱུར་གསུངས། །འཇིག་རྟེན་པ་རྣམས་རང་གནས་གཤེགས། །དེ་ནས་སྨོན་ལམ་རྒྱས་གདབ་དང་། །བཀྲ་ཤིས་མཐའ་རྒྱས་རྗེས་བསྡུ་སོགས། །གཞུང་གསལ་བཞིན་གྱིས་འགྲུབ་པར་འགྱུར། །དེ་ལྟར་བཀོད་པའི་བསོད་ནམས་ཀྱི། །དགེ་ཚོགས་རྒྱ་མཚོ་བསྒྲུབ་པའི་མཐུས། །འགྲོ་ཀུན་ཉེར་འཚེའི་དགོས་འབྱུང་དབང་། །བླ་མའི་ཞབས་བརྟན་བདག་གཞན་རྣམས། །ལེགས་པའི་ཡོན་ཏན་ཕུན་སུམ་ཚོགས། །ནོངས་གྱུར་དག་ཚངས་དངོས་གྲུབ་སྩོལ། །དད་གསུམ་འབྱོར་པ་དང་ལྡན་པས། །བསྐུལ་བའི་གཡར་ངོས་སི་ཏུ་པ། །པདྨ་ཉིན་བྱེད་དབང་གིས་སྤེལ། །བསྟན་འགྲོར་ཕན་བདེའི་དཔལ་དུ་ཤོག །སརྦ་མདྒ་ལྃ། །


previousའཕགས་མ་སྒྲོལ་ལྗང་མཎྜལ་བཞི་པའི་ཟིན་ཐོ།next