Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  expand section
  expand section
  collapse section
   
   
སོ་ཐར་སྡོམ་རྒྱུན་གྱི་ཟིན་བྲིས་ནོར་བུའི་ཕྲེང་མཛེས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
   
   
   
   
  expand section
   


 
previousསོ་ཐར་སྡོམ་རྒྱུན་གྱི་ཟིན་བྲིས་ནོར་བུའི་ཕྲེང་མཛེས།next

སོ་ཐར་སྡོམ་རྒྱུན་གྱི་ཟིན་བྲིས་ནོར་བུའི་ཕྲེང་མཛེས།


SPN003_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ཐར་སྡོམ་རྒྱུན་གྱི་ཟིན་བྲིས་ནོར་བུའི་ཕྲེང་མཛེས་ཞེས་པ་བཞུགས་སོ། །ན་མཿཤཱཀྱ་རཱ་ཛ་ཡེ། ཚད་མེད་ཡོན་ཏན་རྒྱ་མཚོའི་འཇུག་ངོགས་ནས། །མཐའ་ཡས་ཟབ་དོན་བསླབ་གསུམ་ནོར་བུ་མཆོག །ཇི་སྙེད་བརྗོད་བྲལ་ཐུགས་རྗེའི་གཏེར་ཆེན་པོ། །བདེར་གཤེགས་ཤཱཀྱའི་རྒྱལ་པོས་རྟག་ཏུ་སྐྱོངས། །རྣམ་དག་རྒྱ་ཆེན་སྡེ་སྣོད་སྐྱེད་ཚལ་དབུས། །ཟླ་མེད་ཚུལ་ཁྲིམས་བསུང་ཞིམ་འདབ་རྒྱས་པ། །ཐུབ་བསྟན་རྒྱན་མཆོག་པུཎྜཱ་རི་ཀ་ཡི། །ཕྲེང་མཛེས་བཀའ་བརྒྱུད་བླ་མར་གུས་པས་འདུད། །རླབས་ཆེན་བྱང་ཆུབ་སྤྱོད་པ་དཔག་བསམ་གྱི། །ཡོངས་འདུ་ུས་བརྟོལ་ལྗོན་དབང་ཇི་བཞིན་པར། །གྲུབ་གཉིས་ཆར་གྱིས་འགྲོ་བའི་གདུང་སེལ་གཉེན། །བདུད་འདུལ་རྡོ་རྗེར་བྱང་ཆུབ་བར་དུ་འདུད། །དེ་ལྟར་ཆེད་དུ་བརྗོད་པས་མདུན་བསུས་ཏེ། །འདི་ན་སོ་སོ་ཐར་པའི་སྡོམ་པ་ཡི། །སྲོལ་འཛིན་བྱུང་ཚུལ་ཟིན་ཐོར་སྤེལ་བ་ལ། །དེ་ཡང་འཕགས་པའི་ཡུལ་དུ་ཉན་ཐོས་ཀྱི། །སྡེ་པ་བཅོ་བརྒྱད་གྲགས་ཤིང་བོད་འདིར་ནི། །རྩ་བའི་སྡེ་བཞིའི་ནང་ནས་གཞི་ཐམས་ཅད། །ཡོད་པར་སྨྲ་བའི་སྡེ་སྟེ་སྡོམ་པའི་རྒྱུན། །ཟ་ཧོར་མཁན་པོ་ཞི་འཚོ་ནས་བརྒྱུད་པའི། །བསྟན་པ་སྔ་དར་རིང་ལ་ཚང་མ་དང་། །དེ་ཉིད་


SPN003_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གྱིས་ཕྱི་དར་བླ་ཆེན་པ། །དགོངས་པ་རབ་གསལ་ལས་བརྒྱུད་སྡོམ་རྒྱུན་ནི། །ཁམས་ནས་ཡར་དར་སྨད་འདུལ་ཞེས་པར་གྲགས། །ཡང་ནི་འཕགས་ཡུལ་ཡོད་སྨྲའི་བིཀྵུ་ནི། །གུ་ཎ་མ་ཏིའི་སྡོམ་རྒྱུན་རྒྱལ་ཤེས་རབ། །མོན་གྲོ་འདུལ་འཛིན་ནས་བརྒྱུད་མངའ་རིས་ནས། །བར་དར་སྟོད་འདུལ་ཞེས་གྲགས་ཀརྨ་པ། །ཆོས་ཀྱི་བླ་མ་ཡན་ཆད་བོད་ལྗོངས་ཀྱི། །སྐྱེས་མཆོག་ཀུན་ཀྱང་སྡོམ་རྒྱུན་གཉིས་ཀ་ཡི། །ཁོངས་སུ་འདུས་ཤིང་མཉམ་མེད་འཇིག་རྟེན་མགོན། །བགྲང་བྱ་འཕེལ་བའི་སྐབས་དང་ས་པཎ་ཆེན། །ནར་སོན་ཙམ་དང་ཁྲོ་ལོ་བྱམས་པ་དཔལ། །ལ་སོགས་མཁས་གྲུབ་ས་སྟེང་ཁྱབ་པའི་སྐབས། །ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་ཞེས། །མ་འོངས་སངས་རྒྱས་རབ་གསལ་རྣམ་པར་འཕྲུལ། །ཡོངས་རྫོགས་རྒྱལ་བསྟན་འཛིན་པ་ཆེན་པོ་དེ། ལྗོངས་འདིར་སྤྱན་དྲངས་ཆོས་རྗེ་ས་པཎ་དང་། །བྱང་རྡོར་རྣམ་གཉིས་ལ་སོགས་བོད་ཡུལ་གྱི། །དགེ་འདུན་སྡེ་རྣམས་བསླབ་པའི་གཞི་ལ་བཀོད། །དམ་ཆོས་ཉིན་བྱེད་སྣང་བའི་རྒྱལ་མཚན་བསྒྲེངས། །དེ་ཕྱིན་འཇམ་མགོན་པཎ་ཆེན་སྡོམ་རྒྱུན་དར། །ལྷོ་བྲག་བྱང་ཆུབ་དཔལ་བ་ནས་བརྒྱུད་དེ། །དགེ་འདུན་སྒང་དང་ཆོས་ལུང་མཁན་པོ་སོགས། །བརྒྱུད་ཅིང་གཞན་ཡང་དབུས་པ་རྡོ་རྗེ་དཔལ། །བརྒྱུད་ནས་ཚེགས་རྩེ་ལས་འཕྲོས་བྱེ་རྫིངས་པའི། །མཁན་རིམ་བརྒྱུད་པར་བྱུང་འདིས་ཕྱོགས་ཀུན་ཁྱབ། །དྲན་


SPN003_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

པས་འཁོར་བའི་འཇིགས་འཕྲོག་མཐོང་བས་ནི། །ཡང་དག་ཐར་པའི་གོ་འཕང་སྦྱིན་ནུས་པའི། །རྒྱལ་བ་གཉིས་པ་བརྗོད་པར་དཀའ་བའི་མཚན། །དོན་སླད་སྨོས་ན་རྗེ་བཙུན་ཀརྨ་པ། །དཔལ་ལྡན་བསྟན་པའི་ཉིན་བྱེད་འཆི་མེད་གྲུབ་པའི་ཁྱུ་མཆོག་ཕྲིན་ལས་རྒྱས་པའི་སྡེ། །ཞེས་པའི་དྲུང་ནས་ནོད་པའི་སྡོམ་རྒྱུན་ནི། །བཅོམ་ལྡན་སངས་རྒྱས་རྣམ་འདྲེན་བཞི་པ་མཆོག །ཤེས་རབ་ཐོགས་མེད་འཕགས་པ་ཤཱ་རིའི་བུ། །གནས་བརྟན་སྒྲ་གཅན་འཛིན་དང་བྲཧྨ། །རཱ་ཧུ་ལ་སྟེ་སློབ་དཔོན་ཀླུ་སྒྲུབ་ཞབས། །ཡོན་ཏན་བློ་གྲོས་རིན་ཆེན་བཤེས་གཉེན་དང་། །ཆོས་ཀྱི་བཟང་པོ་ཡོན་ཏན་རྒྱ་མཚོའི་ཞབས། །ཆོས་ཀྱི་ཕྲེང་བ་བློ་གྲོས་འབྱུང་གནས་སྦས། །པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲ་ཡན། །རྒྱ་གར་ལས་འབྱོན་བོད་ཀྱི་འདུལ་འཛིན་པ། །བྱང་ཆུབ་དཔལ་དང་གཙང་པ་དབང་ཕྱུག་གྲགས། །གཞོན་ནུ་བྱང་ཆུབ་ཡོན་ཏན་རྒྱལ་བ་དང་། །མཁན་ཆེན་ཡོན་ཏན་བློ་གྲོས་སེདྒེ་དཔལ། །རབ་འབྱོར་སེདྒེ་ཆོས་གྲུབ་སེདྒེ་སོགས། །དགེ་འདུན་སྒང་པའི་མཁན་རིམ་ལས་བརྒྱུད་ནས། །རྒྱལ་དབང་བརྒྱད་པ་རྡོ་རྗེ་དགའ་བའི་དབྱངས། །གར་དབང་ལྔ་པ་དཀོན་མཆོག་ཤཱཀྱའི་གཙོ། །དབང་ཕྱུག་རྡོ་རྗེ་ཆོས་ཀྱི་དབང་ཕྱུག་དང་། །གྲུབ་དབང་བདུད་རྩི་ཀརྨ་རྣམ་རོལ་པ། །གར་དབང་བརྒྱད་པ་ཆོས་ཀྱི་དོན་གྲུབ་ཞབས། །བསྟན་པའི་ཉིན་བྱེད་གཙུག་ལག་


SPN003_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྣང་བ། །སྙིགས་དུས་འདྲེན་པ་ཕྱག་ན་པདྨོ་ཅན། །རྒྱལ་མཆོག་བཅུ་གསུམ་མཐོན་མཐིང་ཅོད་པན་འཆང་། །རྗེ་བཙུན་བདུད་ལས་རྣམ་པར་རྒྱལ་དེ་ཡི། །ཞབས་ཀྱི་པདྨ་མཆོག་ལ་གུས་བཏུད་ནས། །སྡོམ་གསུམ་ནོར་བུའི་ཕྲེང་བ་བདག་ལྟ་བུ། །སོ་སྐྱེ་ལས་ཀྱང་སོ་སྐྱེར་གྱུར་མོད་ཀྱང་། །སྔོན་གོམས་ཚོགས་གཉིས་རྨད་བྱུང་སྨིན་པའི་མཐུས། །བསྟན་བའི་སྙིང་པོར་གྱུར་པ་ཀཾ་ཚང་གི། །རིང་ལུགས་སྒོར་ཞུགས་མ་ནོར་ཡོངས་འཛིན་གྱི། །དམ་པས་རྗེས་བཟུང་བསླབ་གསུམ་སྡོམ་པ་ཡི། །ཚུལ་ཁྲིམས་རྒྱན་བཟང་བདག་ལྟས་ནོད་པའི་དགེས། །རྒྱལ་བསྟན་སྙིང་པོར་གྱུར་པ་གང་ཡིན་པ། །དེ་འཛིན་སྐྱེས་མཆོག་ཞབས་བརྟན་ཕྲིན་ལས་རྒྱས། །ལུང་རྟོགས་ཡོན་ཏན་མཛོད་འཛིན་རིག་པ་དང་། །གྲོལ་བའི་སར་གནས་དགེ་འདུན་འདུས་པའི་ཚོགས། །ཀུན་ཀྱང་བྱམས་དང་སྙིང་རྗེས་རྒྱུད་བརླན་ཅིང་། །ཆོས་སྤྱོད་བཅུ་དང་འཁོར་ལོ་རྣམ་གཉིས་སོགས། །རྒྱལ་བའི་བསྟན་ལ་བྱ་ར་བྱེད་པར་སྨོན། །འཇིག་རྟེན་ཁམས་སུའང་སེམས་ཅན་ཐམས་ཅད་བདེ། །ལྷ་ཀླུ་གནོད་སྦྱིན་མི་མ་ཡིན་རྣམས་ཀྱང་། །དཀར་ཕྱོགས་སྐྱོང་བའི་མེལ་ཚེ་སྒྲུབ་བཞིན་དུ། །སྡང་བའི་སེམས་ཀྱི་འཚེ་དང་བྲལ་བར་ཤོག །ཁྱད་པར་བུ་རམ་ཤིང་པའི་རིང་ལུགས་གང་། །དྲི་མེད་རྣམ་དག་ངེས་གསང་སྙིང་པོའི་བསྟན། །ཉམས་


SPN003_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཡུན་གནས་མ་འོངས་རྣམ་པར་འདྲེན། །བྱམས་མགོན་བདུད་རྩི་བརྙེས་པར་གྱུར་གྱི་བར། །ཤཱཀ་ཐུབ་བསྟན་པའི་རྒྱལ་མཚན་མངོན་མཐོ་བ། །མི་ནུབ་སྲིད་མཐར་སྤེལ་བར་གཅིག་ཏུ་སྨོན། །དེ་ལྟར་སྨོན་པའི་བདེན་ཚིག་བསླུ་མེད་པ། །བདེན་པའི་བདག་ཉིད་བླ་མེད་དཀོན་མཆོག་གསུམ། །བྱིན་རླབས་སྟོབས་ཀྱིས་ཇི་ལྟར་སྨོན་པ་རྣམས། །བདེན་པ་དམ་པས་དེང་འདིར་བདེན་འགྲུབ་ཤོག །དེ་ལྟར་ཚུལ་འདིར་མོས་པའི་དང་བ་ཅན། །སྡེ་སྣོད་འཛིན་པ་ཀརྨ་དོན་དམ་གྱིས། །འདུལ་པའི་མཁན་བརྒྱུད་ཟིན་ཐོ་རབ་གསལ་བ། །སྤེལ་ཞེས་བྲིས་འདིར་འཁྲུལ་པའི་ཆ་གང་དང་། །ཚེ་རབས་སྒྲིབ་དང་ཆབས་ཅིག་མཐོལ་ལོ་བཤགས། །དགེ་གང་བསགས་དེས་འགྲོ་བའི་མ་རིག་བའི། །དུག་ལྔའི་མུན་བཅོམ་ཡང་དག་ཡེ་ཤེས་ཀྱི། །ཉི་མ་ཆེན་པོས་སྣང་བའི་གསོས་འགྱུར་ཤོག །ཅེས་པའང་སི་ཏུ་པདྨ་ཉིན་བྱེད་དབང་པོས་ནག་ཟླའི་རྒྱལ་བ་གཉིས་པར་སྤེལ་བ་ཀུན་ཏུ་ཛ་ཡ། །


previousསོ་ཐར་སྡོམ་རྒྱུན་གྱི་ཟིན་བྲིས་ནོར་བུའི་ཕྲེང་མཛེས།next