Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  collapse section
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་སྒོ་ནས་སྐྱེ་བདུན་བུམ་སྒྲུབ་ཀྱི་ཟིན་བྲིས་དྲི་མེད་པདྨའི་རྒྱ་བཀྲོལ་ཐབས་མཆོག་སྙིང་རྗེའི་ལྡེ་མིག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   


 
previousཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་སྒོ་ནས་སྐྱེ་བདུན་བུམ་སྒྲུབ་ཀྱི་ཟིན་བྲིས་དྲི་མེད་པདྨའི་རྒྱ་བཀྲོལ་ཐབས་མཆོག་སྙིང་རྗེའི་ལྡེ་མིགnext

ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་སྒོ་ནས་སྐྱེ་བདུན་བུམ་སྒྲུབ་ཀྱི་ཟིན་བྲིས་དྲི་མེད་པདྨའི་རྒྱ་བཀྲོལ་ཐབས་མཆོག་སྙིང་རྗེའི་ལྡེ་མིག


SPN003_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་སྒོ་ནས་སྐྱེ་བདུན་བུམ་སྒྲུབ་ཀྱི་ཟིན་བྲིས་དྲི་མེད་པདྨའི་རྒྱ་བཀྲོལ་ཐབས་མཆོག་སྙིང་རྗེའི་ལྡེ་མིག་བཞུགས་སོ། །ན་མོ་ལོ་ཀཱི་ཤྭ་ར་ཡ། འདིར་འཕགས་མཆོག་ཐུགས་རྗེ་ཆེན་པོའི་ལས་ཚོགས་སྐྱེ་བདུན་རིལ་བུ་སྒྲུབ་པའི་ཐབས་ནི་སྣ་སེལ་གྱི་འདོན་བྱ་དགེ་ཆོས་སོགས་སྒྲུབ་ཆེན་སྤྱི་འགྲེ་སྔོན་དུ་གྲུབ་པར་བྱས་ལ། དེ་ལས་ཀྱང་ཐོག་མ་ཉིད་ནས། དང་པོ་རྒྱུད་ལས་བཤད་པའི་སྐྱེ་བདུན་དམ་རྫས་དང་། གུ་རུ་རིན་པོ་ཆེའི་གཏེར་ཁ་ལས་བྱོན་པའི་འཁྲུལ་མེད་ཨ་རྒྱ་མ་སོགས་ལ་གཞི་བྱས་ཏེ། མྱོང་བས་གྲོལ་ནུས་ཀྱི་ཏཻ་ལོ་ནཱ་རོ་ནས་བཟུང་བཀའ་བརྒྱུད་གོང་མ་རྣམས་དང་། རྙིང་མའི་གཏེར་ཆེན་གང་ཟག་ལུང་ཟིན་རྣམས་ཀྱི་བྱིན་རླབས་རྟེན་སེལ་མེད་ཀྱི་རིགས་རྣམས་གང་འཛོམས་དང་། ཛཱ་ཏི། སུག་སྨེལ། ཀ་ཀོ་ལ། ཅུ་གང་། ལི་ཤི། གུར་གུམ། གླ་རྩི། དབང་ལག །རྟག་དུ། ཨ་བར་སྐྱུར་གསུམ་རྣམས་ཕྱེ་མར་བཏུལ་བ་འབྲས་ཕྱེ་དང་སྦྱར་ནས་རིལ་བུར་དྲིལ་ལ། མཚལ་གྱིས་


SPN003_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དོག་བསྒྱུར། བུམ་པར་བླུགས། རིལ་ཆགས་ལེགས་པར་གྲུབ་ནས། རྡུལ་ཚོན་གྱི་དཀྱིལ་འཁོར་ས་བསླང་སོགས་སྤྲོ་ན་དེར་བསྟུན། འདོན་བྱ་རྣམས་གཞུང་གསལ་ལྟར་དང་དེ་མིན་རས་བྲིས་བཀྲམ་པའི་སྟེང་དུ་བཀོད། དེའི་སྟེང་ཐོད་པ་མཚན་ལྡན་དང་མེ་ལོང་སིནྡྷུ་རའི་དཀྱིལ་འཁོར་བྲི་བ་སོགས་མཐོང་རྒྱུན་ལྟར་བཤམས་པ་ནི་སྟ་གོན་ནོ། །གཉིས་པ་དངོས་གཞི་ལ། རྒྱལ་བ་རྒྱ་མཚོའི་དཀྱིལ་ཆོག་ལྟར་བདུད་རྩི་བྱིན་རླབས་ནས་བརྩམས་ཏེ་ལྷ་དགུའི་བདག་བསྐྱེད་བཟླས་པའི་བར་དུ་བཏང་། བུམ་བསྐྱེད་ཀྱང་གཞུང་ལྟར་ཁ་བསྒྱུར་ལ། རྡོ་རྗེའི་ཆུ་རྒྱུན་བུམ་པའི་རྫས་ཀྱིས་གང་བར་གྱུར་པའི་རྣམ་པར་རྒྱལ་བའི་བུམ་པའི་ནང་དུ་མྱོང་གྲོལ་དམ་རྫས་ཀྱི་རིལ་བུ་དང་། དབྱེར་མེད་པར་སྣ་ཚོགས་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་སོགས། བསྐྱེད་བསྟིམ་མཆོད་བསྟོད་རྣམས་ཟིན་ནས་བཟླས་པའི་སྐབས་སུ་སློབ་དཔོན་གྱིས་གཟུངས་ཐག་འཛིན་ལ། ༀ་ཨཱཿཧཱུྃ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ། དྷཱ་ཀི་ནི་ཧ་རི་ནི་ས་ར་ཙ་ཧྲི་ཡ་སིདྡྷི་ཕ་ལ་ཨ་བེ་ཤ་ཡ་ཧཱུྃ་ཧྲཱི༔ ཞེས་པ་སྟོང་ཕྲག་རེའི་མཚམས་སུ། ཨེ་མ་ཧོ༔ དུས་གསུམ་སངས་རྒྱས་ཀུན་གྱི་བདག༔ རང་བྱུང་རྒྱལ་བ་རྒྱ་མཚོའི་ཚོགས༔ ཏིང་འཛིན་རྟོག་མེད་རང་བྱུང་གྲོལ༔ དྲི་མེད་ཚངས་པའི་དབྱངས་ཀྱིས་མཆོད༔


SPN003_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་ཞེ་སྡང་གཏི་མུག་ཆེ༔ ང་རྒྱལ་ཕྲག་དོན་ཡེ་ཤེས་ལྔ༔ དབྱིངས་ཀྱི་དག་པའི་མཆོད་པ་བཞེས༔ སྟོང་ཚིགས་མཆོད་འབུལ་དབྱིངས་སུ་བཞེས༔ ཞེས་ཐུགས་དམ་བསྐུལ་ལོ། །དེ་ལྟར་བདག་བསྐྱེད་དང་། བུམ་བསྐྱེད་མདུན་བསྐྱེད་བཅས་ཀྱི་བསྙེན་མཐར་རྗེ་རང་བྱུང་ཞབས་ཀྱི་བཞེད་ལྟར་སྡིག་སྒྲིབ་ཀུན་འཇོམས་ཀྱི་གཟུངས་འདིའང་ལན་ཉེར་གཅིག་རེ་བཟླ་དགོས་པས་དེའང་ཡིག་བཅུའི་གཤམ་དུ། ཨཱོཾ་པདྨ་ཚིནྡྷ་མ་ཎི་ཛྭ་ལ་ཧཱུྃ་ཧྲཱིཿཛཿ བི་པུ་ལ་གརྦྷེ་མ་ཎི་པྲ་བྷེ། ཏ་ཐཱ་ག་ཏ་ནི། ཏི་རི་གི་ནི། མ་ཎི་མ་ཎི་སུ་པྲ་བི་མ་ལེ། ས་ག་ར་གམྦྷི་ར་ཧཱུྃ་ཧཱུྃ་ཛྭ་ལ་ཛྭ་ལ། བུདྡྷ་བི་ལོ་ཀི་བིདྱ་གུ་ཧྱ་ཨ་དྷིཥྛི་ཏེ་གརྦྷེ་སྭཱ་ཧཱ། པདྨ་དྷཱ་ར་ཨ་མོ་གྷ་ཛ་ཡ་ཏེ་ཙུ་རུ་ཙུ་རུ་སྭཱ་ཧཱ། བསྒོམ་དང་བཟླས་པ་ཙམ་གྱིས་ཀྱང་། །སྒྲིབ་པ་ཀུན་སེལ་ཚོགས་གཉིས་རྫོགས། །ཞེས་གསུངས་པས་ཤིན་ཏུ་བྱིན་ཆེ། འདི་སྐབས་ཚོགས་མང་གཞུང་བསྲང་རྣམས་ནས་བུམ་བསྐྱེད་ཀྱི་བསྙེན་པའི་མཐར་ཡིག་བཅུའི་ཤམ་བུར་སྔགས་ཀྱི་སྐྱེ་བདུན་འདིའང་སྟོང་ཕྲག་རེ་འགྲོ་ངེས་དགོས། ཐུན་བཟུང་རྣམས་ནས་ཐོག་མར་ཡིག་བཅུ་བརྒྱ་རྩ་བརྒྱད་བཟླ། དེ་ནས་ཐུན་མ་གྲོལ་བར་ཡིག་བཅུའི་ཤམ་བུར་སྐྱེ་བདུན་སྔགས་འདི་བཏགས་ཏེ་བཟླའོ། །ༀ་ཨཱཿཧཱུྃ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ། ཨ་ར་པ་ཙ་མི་ཏ་ཧྲི་ད་ཡ་སྭཱ་ཧཱ། རིལ་བུ་དམ་རྫས་ཡེ་ཤེས་གཉིས་སུ་མེད་པའི་ཐུགས་རྗེ་ཆེན་པོའི་ངོ་བོར་མོས་པ་དེ་ལས་བུམ་ལྷ་འོད་ཞུ་མི་དགོས་ཞིང་། དེ་ནས་ལས་བུམ་རྟ་མགྲིན་བསྐྱེད་པ་སོགས་གཞུང་


SPN003_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ལྟར་བཏོན་ལ་སྔགས་ཉེར་གཅིག་བཟླས། ཁྲོ་བོའི་རྒྱལ་པོ་དཔལ་རྟ་མགྲིན་གྱིས་སོགས། ཕྲིན་བཅོལ་བྱ། དེ་ལྟར་ཐུན་གསུམ་མམ་བཞིར་བུམ་བསྐྱེད་སླར་བསྐྱར་ཞིང་འདོན། ཐུན་རྗེས་མར་མདུན་བསྐྱེད་དང་མཆོད་བཞི་བསྟོད་བཞི། ཚོགས་གཏོར་བསྔོས་ནས་བཀྲ་ཤིས་བརྗོད་པའི་བར་མཐར་ཆགས་སུ་བཏང་། བདག་འཇུག་དབང་ལེན་རྒྱུ་གྲོལ་ཉིན་བར་བསྐྱུར། དང་པོ་ཉིན་བདག་བསྐྱེད་བསྙེན་བའི་ནང་ནས་ཐུན་པ་རྣམས་ཀྱིས་རྒྱལ་བ་རྒྱ་མཚོ་ལྷ་དགུའི་མངོན་རྟོགས་རྒྱས་བསྡུས་གང་རུང་གིས་ཐུན་བཟུང་སྔགས་ཡིག་བཅུ་དང་། སླར་ཤམ་བུ་ཅན་ཁོ་ནར་འབད། ཞག་ལྔ་ཙམ་སོང་ནས་རྒྱལ་བ་རིགས་ལྔའི་སྙིང་པོ་སྐུ་ལྔ་ཡེ་ཤེས་ལྔ་རུ་སྦྱོར་བ་དང་། ཕུང་པོའི་བདུད་བཅོམ་ནས་ཚེའི་རིག་འཛིན་སྒྲུབ་པའི་སྙིང་པོ་འདི་ཡང་བརྒྱ་རེ་ཙམ་བཟླ་དགོས་པས། ཨཱོཾ་ཨཱཿཧཱུྃ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ། ཨཱོཾ་ཨཱཿཧཱུྃ་སྭ་ཧཱ། མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ། སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨཱོཾ་ཨཱ་ཡུརྫྙཱ་ན་མ་ཧཱ་པུཎྱེ་ཏིཥྛ་ཨཱོཾཿ མཐར་སྟོད་ཚིགས་ཀྱི་མཆོད་འབུལ་སོགས་གོང་བཞིན་བྱ། དེ་ནས་གསུམ་པ་དངོས་གྲུབ་ལེན་པ་ནི། གྲོལ་ཉིན་ཐུན་པ་མང་མས་མདུན་བསྐྱེད་བསྙེན་པའི་སྐབས་ནས་སྔགས་རྒྱུན་བཞག །དཔོན་སློབ་ཚང་མས་དཀྱིལ་ཆོག་གཞུང་ལྟར་དབང་རྒྱས་པར་བླངས་ནས་འགྲོ་བའི་དོན་རྒྱ་ཆེན་པོ་


SPN003_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབས་ཤིག་ཅེས་པའི་མཚམས་སུ་ཐལ་མོ་སྦྱར་ལ། ཐུགས་རྗེ་ཆེན་པོ་འཕགས་པ་སྦྱན་རས་གཟིགས༔ དྲི་མེད་ཤེལ་མདོག་ཅེས་ཚིག་བསྒྱུར་བས་བཤགས་པ་བྱ་སྟེ་རུ་དྲའི་སྨྲེ་བཤགས་དང་དོན་གཅིག་གོ། །ཧོ༔ དགོངས་ཤིག་རྒྱལ་བ་རྒྱ་མཚོའི་ཚོགས༔ བརྩེ་བའི་ཐུགས་མངའ་འགྲོ་བའི་སྐྱབས༔ ས་བཅུའི་དབང་ཕྱུག་ཐུགས་རྗེ་ཅན༔ མ་རིག་མུན་སེལ་ཡེ་ཤེས་སྒྲོན༔ རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ལ༔ གུས་པས་གསོལ་བ་རྒྱ་མཚོ་འདེབས༔ ཕྲིན་ལས་རྒྱ་མཚོ་འགྲུབ་པ་དང༔ འཁོར་བ་རྒྱ་མཚོ་ལས་སྒྲོལ་ནས༔ ཡོན་ཏན་རྒྱ་མཚོ་རབ་རྫོགས་ཏེ༔ སངས་རྒྱས་རྒྱ་མཚོ་འགྲུབ་བར་ཤོག༔ ཅེས་ལན་གསུམ་བརྗོད་ལ། ཨཱོཾ་ཨཱཿཧཱུྃ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ། སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཨཱོཾ་ཨཱཿཧཱུྃ་ཧྲཱིཿ ཞེས་བརྗོད་བཞིན་རྡོ་རྗེ་སློབ་དཔོན་གྱིས་རིལ་བུའི་བུམ་པ་གནས་བཞིར་གཏུག། ཚོགས་པ་ལའང་བསྐུར་ཅིང་རིལ་བུ་གསུམ་རེ་སྦྱིན། བུམ་ཆུ་ཕུལ། ཡིག་དྲུག་སོགས་དགེ་རྩ་རླབས་ཆེན་ཁས་ལེན་བྱེད་དུ་བཅུག །དེ་ནས་གཙོ་བོས་ཇི་ལྟར་སོགས་དབང་གི་མཐའ་བསྡུ་ཞིང་ཚོགས་འཁོར་བཏང་བ་དང་། སྐབས་འདིར་གཞན་དོན་ཕྲིན་ལས་ཀྱི་ཆེད་དུ་ཁྲོམ་དབང་བྱེད་པར་སྤྲོ་ན། གོང་གི་བདག་འཇུག་ཅི་ལྟ་བར་དབང་བཞི་ཡོངས་རྫོགས་མཐར་ཆགས་སུ་བསྐུར། ཐུགས་རྗེ་ཆེན་པོ་


SPN003_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་སྤྱན་རས་གཟིགས། །སོགས་བཏོན་སྐབས་ཁྲོམ་རྣམས་ཕྱག་འཚལ་དུ་བཅུག །དེ་ནས། ཧོཿ དགོངས་ཤིག་སོགས་ཀྱིས་ཐུགས་རྗེ་ལན་གསུམ་བསྐུལ་ཞིང་། དེ་ནས་སྔགས་བཟླ་བཞིན་པར་རིལ་བུའི་བུམ་པས་དབང་བསྐུར། མྱོང་གྲོལ་དམ་རྫས་ཀྱང་བཀྱེ། མཐར་འབྲེལ་ཐོགས་དེ་དག་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་ལ་བཀོད་ཕྱིར་དགེ་རྩ་གང་འགྲུབ་ཀྱི་བསྐུལ་མ་གདབ་ནས་གྲོལ། སླར་སྒྲུབ་ཁང་ནས་རྗེས་ཀྱི་བྱ་བ་ལྷག་གཏོར་བཏང་བ་དང་། མཆོད་བསྟོད་དང་། ལྷག་ཆད་བསྐང་ཞིང་། དེ་ནས་རྡུལ་ཚོན་ནམ་རས་བྲིས་བསྡུ་རིམ་དང་། བཀྲ་ཤིས་བརྗོད། བསྔོ་བ་སྨོན་ལམ་མཐའ་རྒྱས་སྤེལ་ལེགས་བྱའོ། །ཡང་འདིར་སྒྲུབ་ཆེན་གཞན་དང་ཕྱོགས་མཚུངས་ཀྱི། ཐོག་མར་སྟ་གོན་སྐབས་ཉིན་ནས་གེགས་བསལ་བའི་ཆེད་དུ། གཏེར་རྙིང་གང་རུང་ལས་འབྱུང་བའི་རྟ་མགྲིན་དམར་པོའམ། ནག་པོའི་སྒོ་ནས་སྒྲུབ་ཟློག་ཟུར་དུ་ཚད་ལྡན་བཅའ་བའམ། ཡང་ན་རྗེ་དགུ་པའི་ཡི་དམ་དྲག་ཕྲེང་ལས་འབྱུང་བའི་རྟ་མགྲིན་གྱི་སྒོམ་བཟླས་གཏོར་བསྔོས། བསྙེན་པ་གང་འགྲོ་བྱས་པས་ཀྱང་དོན་གཅིག་ཏུ་འབབ་པས་དེས་ཀྱང་འཐུས་སོ། །ཞེས་ཟིན་བྲིས་འདི་ལྟར་སྔོན་ཆད་མེད་ཕྱིར་ཁོ་བོས་རང་བཟོ་བྱས་སོ་སྙམ་ན། ཀརྨ་ཆགས་མེད་ཞབས་ཀྱིས་རྒྱལ་བརྒྱ་མཚོའི་འགྲེལ་ཆེན་ལས། སྐྱེ་བདུན་བུམ་སྒྲུབ་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་གྱིས་ཁོག་ཕུབ་ནས་བསྒྲུབ་རྒྱུ་གསུངས་


SPN003_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། མཁན་ཆེན་འོད་ཟེར་བླ་མ་དང་སྤོ་རུ་བྱམས་ཆོས་པ་སོགས་ཀྱིས་ཀྱང་ཐུགས་རྗེ་ཆེན་པོའི་བུམ་སྒྲུབ་ཀྱི་ཡིག་ཆ་ཀ་དཔེ་མ་ཁོ་ནར་མ་ལྟོས་པར་སྐྱེ་བདུན་སྒྲུབ་ཚུལ་དང་། རང་རེ་གསར་མ་རྣམས་ལའང་བདུད་རྩི་རིལ་བུ་སྒྲུབ་ཐབས་བསམ་གྱིས་མི་ཁྱབ་པར་བཞུགས་ཤིང་། རིག་འཛིན་མི་འགྱུར་རྡོ་རྗེ་ལ་ཨོ་རྒྱན་རིན་པོ་ཆེས་སྐྱེ་བདུན་སྒྲུབ་ལུགས་གནམ་ཆོས་དག་སྣང་མ་སྩལ་པ་ལའང་རྒྱལ་བ་རྒྱ་མཚོའི་ལས་བྱང་གང་རུང་ལ་བརྟེན་ནས་སྒྲུབས་ཤིག་ཅེས་རྡོ་རྗེའི་ཚིག་གིས་རྗེས་སུ་གནང་ཞིང་། ཁྱད་པར་རཏྣ་གླིང་པའི་ཐུགས་རྗེ་ཆེན་པོ་གསང་འདུས་དང་རྒྱལ་བ་རྒྱ་མཚོ་གཉིས་ལྷ་སྔགས་གཅིག་ཅིང་། ཆོས་ཀྱི་བདག་པོ་རྗེ་བདུན་པ་ཆོས་གྲགས་རྒྱ་མཚོ་ལ་བཀའ་བབས་པས་དབང་ལུང་ཆུ་བོ་གཅིག་འདྲེས་སུ་བྱུང་བ་ཡིན་མོད་དེ་ལྟ་ནའང་འདི་ནི་རུང་མཐུན་ཙམ་དུ་བྱས་པ་མ་ཡིན་ཏེ་རཏྣ་གླིང་པའི་གཏེར་བྱོན་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་དྲི་མེད་པདྨའི་རྒྱ་ཅན་སྐུ་གསུང་ཐུགས་ཀྱི་གཟེར་ལུང་སུམ་བརྒྱ་དང་བཅས་པ་འདིའི་ལྷ་སྔགས་ཐམས་ཅད་རྒྱལ་བ་རྒྱ་མཚོ་ལྷ་དགུ་རང་ཡིན་བཞིན་དེ་ཡི་སྔགས་ཀྱི་ཤམ་བུ་དང་དངོས་གྲུབ་བསྐུལ་བའི་ཚིགས་བཅད་ཙམ་ཞིག་ལྷན་ཐབས་སུ་སྦྱར་བ་ལས་གཞན་བཅོས་བསྒྱུར་བྱས་པ་མེད་ལ། ཡང་ཁ་ཅིག་གིས་རྒྱལ་བ་རྒྱ་མཚོའི་བདུད་རྩི་རིལ་བུ་ཉིད་བསྒྲུབ་པས་འཐུས་སོ་


SPN003_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་ན། དེ་ནི་དབང་སྡུད་ཀྱི་རྫས་གཙོ་བོར་མཛད་པའི་རིལ་བུ་ཡིན་པས་རྫས་ཀྱང་དཀའ་ལ་སྐྱེ་འགྲོ་ཐུན་མོང་བ་ལ་སྦྱིན་རྒྱུའི་ཕན་ཡོན་ཡང་མ་བཤད་པ་དང་། སྐུལ་བ་པོའི་རེ་བ་བསྐང་ཕྱིར་དུ་ཟིན་བྲིས་འདི་བྱས་ཀྱི། དེའི་ཡིག་ཆ་མ་མཐོང་པའམ། རྒྱ་གཞུང་གི་དགོངས་པ་མ་ལོན་པ་ནི་མ་ཡིན་པས། ཆོས་ཀྱི་གནད་མ་གོ་བར་ཚིག་ཙམ་ལྷུར་ལེན་ནས་དཔྱོད་ལྡན་ཆེན་པོར་སྙེམས་ཤིང་བླ་མའི་བཀའ་རས་སུ་བོར་བའི་དེང་དུས་ཀྱི་མཁས་རློམ་དག་གི་ཅ་ཅོ་ལ་སྐལ་ལྡན་རྣམས་རྣ་བ་མ་གཏོད་ཅིག །ཅེས་པའང་སི་ཏུ་པདྨའི་མིང་ཅན་གྱིས། ཉེ་ཆར་དཔོན་བསམ་གཏན་སྤྲུལ་བའི་སྐུ་དང་། རིང་མོ་ནས་འཇང་དྲུང་པའི་སྤྲུལ་སྐུའི་བཞེད་ངོར་ཕྱོགས་མེད་ཀྱི་འགྲོ་དོན་རྒྱ་ཆེར་འབྱུང་བའི་ཕྱིར་དུ་གསལ་བར་བཀོད་པ་འདིའང་དགེ་ཞིང་ཤིས་པར་གྱུར་ཅིག །མདྒ་ལྃ། །


previousཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་སྒོ་ནས་སྐྱེ་བདུན་བུམ་སྒྲུབ་ཀྱི་ཟིན་བྲིས་དྲི་མེད་པདྨའི་རྒྱ་བཀྲོལ་ཐབས་མཆོག་སྙིང་རྗེའི་ལྡེ་མིགnext