Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  collapse section
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
པདྨ་བཛྲ་གྱི་སྒོ་ནས་སྐྱེ་བདུན་རིལ་བུ་བསྒྲུབ་པའི་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   


 
previousཔདྨ་བཛྲ་གྱི་སྒོ་ནས་སྐྱེ་བདུན་རིལ་བུ་བསྒྲུབ་པའི་ཟིན་བྲིས།next

པདྨ་བཛྲ་གྱི་སྒོ་ནས་སྐྱེ་བདུན་རིལ་བུ་བསྒྲུབ་པའི་ཟིན་བྲིས།


SPN003_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་བཛྲ་གྱི་སྒོ་ནས་སྐྱེ་བདུན་རིལ་བུ་བསྒྲུབ་པའི་ཟིན་བྲིས་བཞུགས་སོ། །ༀ་སྭ་སྟི། པདྨ་བཛྲ་གྲུབ་ཐོབ་རྒྱ་མཚོའི་སྒོ་ནས་མྱང་གྲོལ་རིལ་བུ་བསྒྲུབ་པའི་སྐབས་ཐོག་མར་སྒྲུབ་ཆེན་གཞན་དང་ཁོག་མཚུངས་ཀྱི། སཱཙྪ་བཏབ་པ། ཆུ་གཏོར་བརྒྱ་རྩ་དང་། རྒྱལ་པོ་མདོ་བཅུ་བཀླག་པར་གསུངས་པས། ཤེས་རབ་སྙིང་པོ་གཅིག །འདའ་ཀ་ཡེ་ཤེས་གཉིས། བཟང་པོ་སྤྱོད་པ་གསུམ། རྡོ་རྗེ་རྣམ་འཇོམས་བཞི། བྱང་ཆུབ་ལྟུང་བཤགས་ལྔ། གཙུག་གཏོར་དཀར་མོ་དྲུག །གོས་སྔོན་ཅན་གྱི་མདོ་བདུན། ཚེ་མདོ་བརྒྱད། ནོར་རྒྱུན་མ་དགུ། ཡི་གེ་གཅིག་མ་བཅུ་སོགས་བཏོན། བསང་བརྔན་རྒྱས་པ། སྡེ་བརྒྱད་ཆ་སྙོམས། གླུད་འབྱུང་བཞི་ཆ་གསུམ། སྤྲང་པོ་ལ་སྦྱིན་པ། ཚེ་ཐར་སྲོག་བསླུ། བྱིས་པ་ལ་སྟོན་མོ་སོགས་མདོར་ན་དཀར་པོ་དགེ་བའི་ལས་སྤྱོད་ཅིང་། དེ་ནས་དང་པོ་དཀྱིལ་ཁོར་བདུན་བརྩེགས་ཀྱི་བཤམས་བཀོད་གཞུང་ནས་གསུངས་པ་ལྟར་མཐོང་བ་བརྒྱུད་པའི་ཕྱག་ལེན་ཟིན་བྲིས་རྒྱས་པ་ཅི་ལྟ་བ་ལས། དམིགས་བསལ་སྔ་ནས་ཚགས་སུ་ཚུད་


SPN003_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

པར་དགོས་རྒྱུའི་དམ་རྫས་ཁྱད་འཕགས་ཀར་རྙིང་གི་བྱིན་རླབས་རྟེན་སེལ་མེད། སངས་རྒྱས་ཀྱི་འཕེལ་གདུང་སྐྱེ་བདུན་དམ་རྫས་སོགས་མྱོང་བས་གྲོལ་བའི་རིགས་རྣམས་གང་དག་གཙོ་བོར་གྱུར་བ་གཞིར་བྱས་ལ། ཅུ་གང་། གིའུ་ཝཾ། ཙནྡན་དཀར་དམར། ཨ་རུ་ུར། ལི་ཤི། ཛ་ཏི། སྨན་སྣ། གུར་གུམ། ད་ལི་སོགས་སྨན་གྱི་རིགས་དང་། རྒྱ་སྲན། ནས། གྲོ། འབྲས། ཡུངས་དཀར་ནག །ལ་ཕུག་གི་ས་བོན། ཏིལ་དཀར་ནག །ས་ོབ། རྒུན་འབྲུ། སེ་འབྲུ་སོགས་འབྲུ་སྣ་ཚོགས། གསེར། དངུལ། ཟངས། ལྕགས། མུ་མེན། བཻཌཱུཪྱ། བྱེ་རུ། གཡུ། རྡོ་རྗེ་ཕ་ལམ། མུ་ཏིག །སྦུར་ལེན་སོགས་རིན་པོ་ཆེ་སྣ་ཚོགས། ཤ་ལྔ་བདུད་རྩི་ལྔ་ནི་རྩ་བརྒྱད་སྟོང་སྦྱར་བདུད་རྩི་ཆོས་སྨན་ཚད་ལྡན་ནང་འཐུས་ཤིང་། ག་བུར་དང་། རྒྱ་ཚྭ། ཅོང་ཞི་དཀར་དམར་སོགས་རྫས་རྣམས་ཞིབ་པར་བཏུལ་ལ་དར་ཚགས་ལ་དྲངས་ཏེ་ཕྱེ་མར་གྲོ་ཟན་དང་འབྲས་ཟན་གང་རུང་གིས་སྦྲུས་ཏེ་རིལ་བུར་དྲིལ་ལ། ལྷུང་བཟེད་དམ་དཀར་ཡོལ་གྱི་


SPN003_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་རིལ་ཆགས་མཐོང་རྒྱུན་བཞིན་བྱས་ལ་མཚལ་དང་ཤེལ་ཀར་བསྲེས་ལ་རྩི་བཏང་བ་བུམ་པའི་ནང་དུ་བླུགས། ཁ་རྒྱན་དང་སྣ་ཚོགས་དར་གྱི་མགུལ་ཆིངས་གཟུངས་རྡོར་དང་བཅས་བཀོད། དེའི་སྟེང་དུ་ཐོད་པ་མཚན་ལྡན་ཀྱང་རིལ་བུས་བཀང་བ་དང་། གསུང་དཀྱིལ་སོགས་བཤམས་བཀོད་སྔོན་དུ་འགྲོ་བས། གཉིས་པ་ལས་བྱང་གི་གཞུང་བསྲང་ཐིག་གདབ་ནས་བརྩམས་བདག་བསྐྱེད་དང་མདུན་བསྐྱེད་ཀྱི་བསྙེན་པ་བཅས་དང་། དེ་ནས་ཐུན་གྲངས་ཀ་གང་བྱེད་པའི་བུམ་བསྐྱེད་ཁོ་ནར་འདོན་ལ། སློབ་དཔོན་གྱིས་གཟུངས་ཐག་འཛིན་བཞིན། བསྙེན་པ་རྣམས་སྐབས་བསྟུན་གྱིས་བསགས་ལ་མཐར་དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་བཅས་ཚར་གསུམ་རེ་དང་། ཧཱུྃ། ཡེ་ཤེས་ལྷ་ཚོགས་སོགས་མཆོད་བསྟོད་བཤགས་པ་རྙིང་མ་སྤྱིའི་ལུགས་འདི་སྐབས་ཐུན་རེ་བཅད་པའི་མཐར་བཏོན་དགོས་ཤིང་། ཐུན་སྔ་མའི་བདག་བསྐྱེད་བསྙེན་པའི་སྐབས་སྔགས་རྒྱུན་པ་རྣམས་སྡོད་ནས་ཚོགས་ཐེངས་རེ་རེའམ་གཉིས་རེ་ལ་བརྗེ་ལེན་སོགས་ཅི་བདེར་ཉིན་མཚན་ལ་རྒྱུན་མི་ཆད་པར་གལ་ཆེའོ། །དེའང་


SPN003_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

བདག་བསྐྱེད་བསྙེན་པ་མ་ཟིན་གྱི་བར་དུ་ཐུན་པ་རྣམས་ཀྱིས་ཚིགས་བདུན་གསོལ་འདེབས་དང་། བསམ་པ་ལྷུན་འགྲུབ་གང་ཚར་བཏོན། ཐུན་བཟུང་དུས། དང་པོ་སྐྱབས་འགྲོ། དཀོན་མཆོག་གསུམ་དང་པདྨ་བཛྲ་རྩལ༔ ལན་གསུམ། བདག་བསྐྱེད་དང་། བུམ་པའི་རིལ་བུ་ལ་ཡང་ཆབས་ཅིག་དམིགས་ཏེ་པདྨ་བཛྲ་སྦས་གསང་གི་སྒོམ་བཟླས་ཉུང་བསྡུས། ཨ་ཧཾ་ཨཱཿ སྭ་བྷཱ་ཝ་ཧོ༔ སྣང་སྲིད་རབ་འབྱམས་ཁྱབ་པའི་བནྡྷའི་དབུས༔ ༔པདྨ་ཉི་ཟླ་སོགས། ༀ་པདྨ་བཛྲ་ཧཱུྃ༔ ཞེས་འབྲུ་དྲུག་ཁོ་ནས་ཐུན་རྒྱུན་རིང་བཟུང་བྱ། ཐུན་བརྗེ་མཚམས་སུ། གསར་སྡོད། ཐུན་རྗེས་མས་བསྙེན་པ་ལེན་དུས་ཐུན་པ་སྔོན་མ་རྣམས་ཀྱིས་དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་ཚར་གསུམ་རེའི་མཐར། ཡེ་ཤེས་ལྷ་ཚོགས་ཀྱི་བཤགས་པ་བྱའོ། །དེ་ལྟ་བུའི་སྒྲུབ་པ་ཞག་བདུན་སོགས་ཅི་རིགས་པར་ཞག་གྲངས་ཚང་ཉིན་དེར་གསུང་དཀྱིལ་གྱི་བསྙེན་བའི་མཐར་སྔགས་རྒྱུན་ཐུན་པ་རྣམས་ཀྱིས་ཕྱག་གསུམ་བཅས་དཀྱིལ་འཁོར་དྲུང་དུ་འགྲེང་སྟེ་ཐལ་མོ་སྦྱར་བའི་བར་སྤོས་ཀྱི་རེང་བུ་འཛིན་


SPN003_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་སོགས་གསུམ། ཡེ་ཤེས་ལྷ་ཚོགས་སོགས་བརྗོད་ནས་གྲོལ་ཆོག །དེ་ནས་སྐོང་བཤགས་སོགས་ཚར་མཚམས། བླ་མ་རིག་འཛིན་སོགས་བརྗོད་བཞིན་སློབ་དཔོན་དང་ཚོགས་པས། དངོས་གྲུབ་ཀྱི་དབང་ལེན། དེའི་སྐབས་བུམ་པ། པུསྟ་ཀ །ཙཀླི་རྣམས་དང་། རིལ་བུ་ཡང་དངོས་གྲུབ་ཀྱི་ཚུལ་དུ་ཞུ། འདི་མཚམས་ཁྲོམ་དབང་སོགས་དགོས་ནའང་མཐོང་རྒྱུན་བཞིན། སྒོ་དབྱེ་སྔོན་གཏོར་བཏང་ནས། སྙིང་ཐིག་དབང་མོ་ཆེ་གཞུང་ལྟར་ལ། བུམ་དབང་སྐབས་རིལ་བུའི་བུམ་པས་དབང་བསྐུར་བ་དང་། རིལ་བུའང་དེ་སྐབས་བཀྱེ་དགོས་ཤིང་། དེ་ཕྱིན་གཞུང་ལྟར་མཐའ་རྒྱས་བྱ་བས་འགྲུབ་པའོ། །དགེ་བསྐུལ་ཕན་ཡོན་ཐོབ་ངེས་ཅན་ཡང་ངེས་པར་བྱེད་བཅུག་གོ །དེ་ནས་བཀའ་སྲུང་གཏོར་འབུལ་རྣམས་དང་ཚོགས་ཀྱི་འཁོར་ལོ་ལ་ལོངས་སྤྱོད། ལྷག་མ་བཏང་བ་དང་། སྐུ་གསུམ་བླ་མ་མཁའ་འགྲོའི་ཚོགས༔ སོགས་དང་། རྟེན་དང་གཏོར་མའི་སོགས། རྗེས་རིམ་


SPN003_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང་། གཞུང་གི་འགྲོས་དང་། བདེན་གྲུབ་མའང་བརྗོད་པར་བྱའོ། །ཡང་འདི་སྐབས་གནས་འདྲེན་སྤྲོ་ན་སྒྲུབ་པ་ཞག་ལྔའམ་དྲུག་ཙམ་གྱི་དུས་སྐབས་བབས་གང་བདེར་འདོན་ལུགས་ཟིན་བྲིས་རྒྱས་པའི་ནང་གསལ་བ་དེས་ཁྱབ། དེའང་བཞི་སྡེ་ཙམ་གྱིས་འདོན་པའམ་ཚོགས་ཆེན་གྱིས་གསུང་པ་ཅི་བདེར་བྱ། དེ་ནས་གསུམ་པ་སྒྲུབ་ཆེན་གེགས་སེལ་གཞན་དང་ཁོག་མཚུངས་དགོས་བཞིན། འདིར་ནི་འདི་ཉིད་ཀྱི་ཆ་ལག་ལྔ་པོ་ཡང་འདོན་དགོས་ཤིང་། རང་དང་གཞན་གྱི་དོན་དུ་ཡང་འདོན་པར་སྤྲོ་ན་ཟིན་བྲིས་རྒྱས་པའི་ནང་གསལ་པདྨ་བཛྲ་དཀྱིལ་འཁོར་འབྲིང་པོའི་འདོན་ལུགས་བདག་མདུན་གཉིས་ཀྱི་གཞུང་བསྲང་བསྙེན་པ་ཚར་ནས། གུར་དྲག །སེང་གདོང་མ། རྟ་མགྲིན། ཛཾ་ནག །མ་ནིང་བཅས་ཀྱི་ལས་བྱང་རྣམས་བསྙེན་པའི་བར་དུ་འདོན། དེ་ནས། ཧཱུྃ་ཧྲཱིཿ ཡེ་ནས་རྣམ་དག་སོགས་ནས་ལྷག་མ་བཀྲ་ཤིས་བར་བརྗོད། སོ་སོའི་སྒྲུབ་གཏོར་ནི་ལས་བྱང་ལ་གསལ་བ་དེ་ལྟར་དང་། འབུལ་གཏོར་རྣམས་དམར་གཏོར་བཞི་རེ་དང་། གསེར་སྐྱེམས། ཛཾ་ནག་ལ་དཀར་གཏོར་བཅས་དེ་རྣམས་བསྟོད་པའི་མཐར་ཕུལ། ཛཾ་ནག་འབུལ་གཏོར་གཞི་མདུན་ཕུལ་དགོས། གྲོལ་ཉིན་གུར་དྲག་དང་མ་ནིང་གཉིས་ཀྱི་མཐའི་བསྐུལ། ཧཱུྃ་ཧྲཱིཿ དུས་གསུམ་སངས་རྒྱས་


SPN003_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་དང་། ཧཱུྃ། མ་ཧཱ་ཀ་ལ་སོགས་འདོན་ནས་རྟེན་གཏོར་ཕུལ། གཞན་རྣམས་ཀྱི་སྒྲུབ་གཏོར་རྣམས་ཕུལ་སྲོལ་མེད། ཅེས་པའང་། སི་ཏུ་པདྨ་ཉིན་བྱེད་དབང་པོས། འཇང་དྲུང་བ་སྤྲུལ་སྐུ་ཀརྨ་བསྟན་འཛིན་ཆོས་རྒྱལ་གྱི་བཞེད་ངོར་ཆེད་དུ་སྤེལ་བ་དགེའོ། །དེ་ལྟར་སངས་རྒྱས་གཉིས་པ་པད་འབྱུང་གི། །བཀའ་གསང་དྲི་མེད་ཡང་སྙིང་འདུས་པའི་བཅུད། །གང་དེའི་སྒོ་ནས་འགྲོ་རྣམས་བྱང་ཆུབ་ལམ། །བཀོད་ཕྱིར་བུམ་པའི་སྒྲུབ་ཆེན་མྱོང་གྲོལ་གྱི། །མཐོང་ཐོས་དྲན་རེག་སྨིན་ཅིང་གྲོལ་བྱེད་འདི། །གཞན་ཕན་འབྲེལ་ཚད་དོན་ལྡན་སར་བཀོད་པ། །འདི་ཀ་གཞུང་དང་མཐུན་པར་བསྡེབས་པ་ལས། །རྒྱལ་བཀའ་བསླད་པའི་གཟུ་ལུམ་རས་ཆོད་ཀྱིས། །ནམ་ཡང་མ་གོས་དགེ་འདིས་འགྲོ་བའི་དོན། །རླབས་ཆེན་ཕྲིན་ལས་རྒྱས་པའི་དཔྱིད་འགྱུར་ཞིང་། །ངེས་དོན་བསྟན་པ་མཐའ་རྒྱས་ཡུན་ཏུ་གནས། །རྣམ་ཀུན་དགེ་ལེགས་སྣང་བས་ཁྱབ་གྱུར་ཅིག །ཅེས་དཔལ་སྤུངས་ཆོས་འཁོར་གྱི་སྒྲུབ་གྲྭའི་ཡང་དབེན་ནས་སྤེལ་བ་ཡི་གེ་པ་ནི་ཕུན་ཚོགས་སྤྲུལ་སྐུའོ། །དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །སརྦ་མདྒ་ལམ། །


previousཔདྨ་བཛྲ་གྱི་སྒོ་ནས་སྐྱེ་བདུན་རིལ་བུ་བསྒྲུབ་པའི་ཟིན་བྲིས།next