Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  collapse section
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
ཟབ་ཆོས་རྡོ་རྗེ་གྲོ་ལོད་ཀྱི་བསྙེན་སྒྲུབ་ལས་གསུམ་གྱི་ཚུལ་དམིགས་རིམ་གསུང་རྒྱུན་བསྒྲིགས་ཆགས་ནོར་བུ་འོད་ལྡན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   


 
previousཟབ་ཆོས་རྡོ་རྗེ་གྲོ་ལོད་ཀྱི་བསྙེན་སྒྲུབ་ལས་གསུམ་གྱི་ཚུལ་དམིགས་རིམ་གསུང་རྒྱུན་བསྒྲིགས་ཆགས་ནོར་བུ་འོད་ལྡན།next

ཟབ་ཆོས་རྡོ་རྗེ་གྲོ་ལོད་ཀྱི་བསྙེན་སྒྲུབ་ལས་གསུམ་གྱི་ཚུལ་དམིགས་རིམ་གསུང་རྒྱུན་བསྒྲིགས་ཆགས་ནོར་བུ་འོད་ལྡན།


SPN003_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ཆོས་རྡོ་རྗེ་གྲོ་ལོད་ཀྱི་བསྙེན་སྒྲུབ་ལས་གསུམ་གྱི་ཚུལ་དམིགས་རིམ་གསུང་རྒྱུན་བསྒྲིགས་ཆགས་ནོར་བུ་འོད་ལྡན་ཞེས་བྱ་བ་བཞུགས་སོ། །ན་མོ་པདྨ་ཀ་ར་ཡེ། ཆོས་དབྱིངས་འགྱུར་མེད་བདེ་བ་ཆེན་པོའི་ཀློང་། །རྩལ་སྣང་མ་འགགས་ཆ་ལས་ཧེ་རུ་ཀ །འབར་བའི་ཁྲོ་རྒྱལ་རྡོ་རྗེ་གྲོ་བོ་ལོད། །རང་རིག་དབྱེར་མེད་ངོ་བོ་ཕྱག་འཚལ་འདུད། །ཅེས་ཆེད་དུ་བརྗོད་པ་སྔོན་དུ་བཏང་ནས། འདིར་ཨོ་རྒྱན་རྡོ་རྗེའི་བཀའ་ལས་བྱུང་བའི་ཟབ་ཆོས་བླ་མ་དྲག་པོའི་སྐོར་གྱི་དམིགས་རིམ་གསུང་རྒྱུན་བསྒྲིགས་ཆགས་གོ་བདེ་ཟིན་ཐོར་བཀོད་པ་ལ་རྩ་གསུམ་ལྷ་ཡིས་བཀས་གནང་བ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ་། དེ་ལ་དང་པོ་བཅའ་བཤམས་འདོན་སྒྲིག་གི་རིམ་པ་ཟིན་བྲིས་ཟུར་གསལ་ལྟར་ལ། བསྙེན་སྒྲུབ། ཟློག་པ། མདོས་ཆེན་རྣམས་ཀྱི་བཅའ་འདོན་དང་། དམིགས་པའི་འཕྲུལ་བཅས་སོ་སོའི་དབྱེ་བ་ངེས་པར་བྱས་ལ། དེ་ཡང་བདག་མདུན་ཐམས་ཅད་ལས་བྱང་དང་མཐུན་པའི་ལྷའི་དཀྱིལ་འཁོར་གསལ་བ་དང་། བླ་མ་སྤྱི་བོར་བསྒོམ་ཞིང་དམ་ཚིག་ལ་གནས་པ། རང་ལུས་ཡི་དམ་དུ་གསལ་བས་སྣང་སྲིད་ཐམས་ཅད་ལྷར་ཤེས་པ་དང་། ཆོས་སྐྱོང་གྲོགས་སུ་བརྟེན་ཅིང་བཀའ་བརྒྱུད་ཀྱི་བསྟན་པ་སྤེལ་


SPN003_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། སེམས་ཅན་ལ་དམིགས་པའི་བྱང་ཆུབ་ཀྱི་སེམས་དང་། བསྐྱེད་རྫོགས་ཟབ་མོའི་སྒྲུབ་པ་བརྩོན་འགྲུས་ཐང་ལྷོད་མེད་པར། ལྟ་སྒོམ་སྤྱོད་པ་ལ་གནས་ན་མཆོག་ཐུན་དངོས་གྲུབ་ཐོབ་པར་ངེས་སོ། །དེའང་འདོན་པ་དལ་བྲེལ་རན་པ། གདངས་དབྱངས་གསུང་རྒྱུན་དང་ལྡན་པ། རོལ་ཆ་སོགས་ཀྱང་སྐད་ཐོན་པ་ཁུངས་དང་འབྲེལ་བར། དལ་བྲེལ་རན་པ་བྱིན་ཆགས་པར་བྱས་ལ། ཐོག་མར་རང་ཉིད་པདྨ་བཛྲར་གསལ་བས། སྔོན་གཏོར་བྱིན་རླབས། གནས་བདག་ལ་གཏོར་མ། གསེར་སྐྱེམས་དང་། བགེགས་ལ་གླུད་གཏོར་བསྔོ། ཧཱུྃ། བཀའ་བརྒྱུད་བླ་མའི་སོགས་རྩ་གསུམ་བདེན་པའི་བྱིན་རླབས་མཐུ་སྟོབས་ཀྱིས་གཉིས་འཛིན་འཁྲུལ་པའི་ཆ་ལས་བྱུང་བའི་གནོད་བྱེད་གདོན་བགེགས་རྣམས་བསྐྲད། སྟོང་ཉིད་ལྟ་བའི་གདེང་དང་ལྡན་པའི་ངང་ནས་མཚམས་བཅད་པ་དང་། རང་ཉིད་ལྷ་ཡི་སྐུ་གསུམ་ལས་ཁྲོ་བོ་དང་ཁྲོ་མོ། ཐིག་ལེ་ཐིག་ཕྲན། རྡོ་རྗེ་མེ་རིའི་གུར་ཁང་དང་བཅས་སྣང་སྲིད་ལྷར་གསལ་གྱི་སྲུང་འཁོར་བསྒོམ། དེ་ནས་མདུན་གྱི་ནམ་མཁར་བླ་མ་སྐུ་གསུམ་ལྷ་ཚོགས་གསལ་བའི་དྲུང་དུ་སྐྱབས་སུ་འགྲོ་ཞིང་། སེམས་བསྐྱེད་ཡན་ལག་བདུན་འབུལ་མཐར། སྐྱབས་ཡུལ་


SPN003_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་རང་ལ་བསྟིམ་ཞིང་། སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་ནས། རང་རིག་གསལ་སྟོང་འཛིན་མེད་ཀྱི་ངོ་བོར་བསྐྱང་བར་བྱའོ། །དེ་ནས་བྱིན་འབེབས་པའི་སྐབས་སུ་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་རྣམས་མདུན་གྱི་ནམ་མཁར་སྤྲིན་གཏིབས་པ་ལྟར་བྱོན་ནས་སྣོད་བཅུད་ཐམས་ཅད་ཡེ་ཤེས་ལྷ་ཡི་དཀྱིལ་འཁོར་དུ་བསྒྱུར་ནས་གསང་གསུམ་རྡོ་རྗེའི་བྱིན་རླབས་དངོས་གྲུབ་རྣམས་རང་ལ་ཐིམ་ནས་དབྱེར་མེད་དུ་གྱུར་པ་དང་། སྨན་རཀ་གཏོར་གསུམ་གྱིས་མཚོན་པའི་མཆོད་རྫས་རྣམས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་བྱིན་གྱིས་བརླབ། དེ་ནས་ཕྱི་སྒྲུབ་ཀུན་བཟང་གི་ལས་བྱང་བཏོན་ལ། སྣང་སྲིད་ཐམས་ཅད་ལྷའི་རོལ་པར་གསལ་བའི་ངང་ནས། བདག་བསྐྱེད་སྟོང་ར་ཀུན་བཟང་ཡབ་ཡུམ་ཀྱི་རྩ་འཁོར་གནས་ལྷ་རྣམས་གསལ་བཏབ། ཡེ་ཤེས་སྤྱན་དྲངས་དམ་ཡེ་དབྱེར་མེད་ལ་མཆོད་བསྟོད་བྱ། བསྙེན་དམིགས་ནི། དབུ་མའི་ནང་སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་མི་བསྐྱོད་པའི་ཐུགས་ཀར་པད་ཟླའི་སྟེང་དུ་ཧཱུྃ་བོ་དྷི་ཙིཏྟའི་སྔགས་ཕྲེང་མཐིང་ཀ་གཡས་བསྐོར་གྱིས་འོད་ཟེར་སྤྲོ་བསྡུས་རྒྱལ་བའི་བྱིན་རླབས་དངོས་གྲུབ་ཐོབ་པར་མོས་ལ་ཁྱེར་སོག་སུམ་ལྡན་གྱི་ངང་ནས་དང་པོ་སྤྱན་འདྲེན་


SPN003_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་དང་། དེ་ནས་རྒྱུན་བསྙེན་བཅས་བཟླའོ། །དེ་ནས་རིགས་ལྔ་སོ་སོར་གནས་འགྱུར་གྱི་བསྒོམ་པའི་ས་བོན་སྔགས་འཁོར་བསྐྱེད་བཟླས་རྣམས་བྱའོ། །དེ་ནས་ནང་སྒྲུབ་བླ་མའི་ལས་བྱང་གཞི་རྫོགས་རིམ་བསྒོམ་པ། ཡང་དག་དོན་སོགས་ཏིང་འཛིན་རྣམ་པ་གསུམ་དང་། ལམ་བསྐྱེད་རིམ་ལ། མཁའ་དབྱིངས་ཡེ་ཤེས་ཀློང་ཡངས་སོགས་བདག་མདུན་གྱི་དཀྱིལ་འཁོར་གསལ་བ་ལ། གནས་གསུམ་འབྲུ་གསུམ་ཐུགས་ཀར་ས་བོན་སྔགས་འཁོར་དང་བཅས། སྐུ་གསུམ་བླ་མ་མཐོ་བརྩེགས་དང་། འཁོར་དུ་མཁའ་འགྲོ་སྡེ་ལྔ་བསྐྱེ ད་པའི་བདག་མདུན་ཐུགས་ཀའི་ཧཱུྃ་ལས་ཛཿཡིག་ལྕགས་ཀྱུ་ལྟ་བུའི་འོད་ཟེར་འཕྲོས། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་དང་། ཁྱད་པར་དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ནས་སྐུ་གསུམ་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་བཀྲ་གསལ་ལམ་མེ་བྱོན་པར་དམིགས་ལ། སྤྱན་འདྲེན་སྔོན་བསྐལ་མ་ལན་གསུམ་དང་། གདན་འབུལ། ཕྱག་འཚལ། ཕྱི་ནང་གསང་མཆོད། སྐོང་བཤགས། བསྟོད་པ་བཅས་དེ་ནས་ལྷ་ཚོགས་རྣམས་ཀྱི་སྐུ་ལས་འབྲུ་གསུམ་འཕྲོས།


SPN003_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མདུན་དམ་ཚིག་པར་ཐིམ་པས་དབང་བཞི་ཐོབ། སྐུ་བཞི་མངོན་དུ་གྱུར་ནས་ལྷ་ཚོགས་རྣམས་ཀྱང་དབྱེར་མེད་ཆུ་ལ་ཆུ་བཞག་པ་ལྟར་མོས་ལ། བདག་མདུན་ཐུགས་ཀར་པདྨ་ཉི་ཟླའི་སྟེང་དུ་ཡེ་ཤེས་སེམས་དཔའི་ངོ་བོ་གསེར་གྱི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཏིང་འཛིན་སེམས་དཔའ་ཧཱུྃ་གི་མཐར་སྔགས་ཕྲེང་མཐིང་ཀ་གཡས་སུ་འཁོར་བའི་རང་སྒྲའི་འོད་ཟེར་གྱིས་སངས་རྒྱས་བྱང་སེམས་བླ་མ་ཡི་དམ། དཔའ་པོ། མཁའ་འགྲོ། ཆོས་སྐྱོང་རྣམས་མཆོད་ཅིང་དགྱེས། ཐུགས་དམ་གྱི་རྒྱུད་བསྐུལ་བར་དམིགས་ནས། དང་པོ་སྤྱན་འདྲེན་གྱི་སྔགས་བཟླས་ལ། སྐུ་གསུང་ཐུགས་ཀྱི་ངོ་བོ་སྐུ་དང་། ཡིག་འབྲུ། ཕྱག་མཚན་རྣམས་ཆར་བབས་པ་བཞིན་རང་ལ་ཐིམ་པས་གསང་གསུམ་གྱི་བྱིན་རླབས་ཐོབ་པར་བསྒོམ། དེ་ནས་རྒྱུན་བསྙེན་བཟླས་ལ། ཡང་འོད་ཟེར་འཕྲོས། ཕྱི་སྣོད་ལྷའི་གཞལ་ཡས། ནང་བཅུད་འགྲོ་བ་རིགས་དྲུག། གཟུགས་ཅན་གཟུགས་མེད་དྲེགས་པ་ལྷ་སྲིན་རྣམས་ཀྱང་ལྷ་ཡི་རོལ་པར་བསྒྱུར་ནས་སྔགས་ཀྱི་སྒྲ་གདངས་ཀྱིས་འཇིག་རྟེན་ཐམས་ཅད་ཤིག་ཤིག་ཡོམ་ཡོམ་གཡོ་ཞིང་། དེ་རྣམས་ཀྱི་སྡིག་སྒྲིབ་སྦྱངས། གདུག་སེམས་ཞི། མཐུ་སྟོབས་གཟི་བརྗིད། ཚེ་བསོད།


SPN003_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འབྱོར་སྙན་གྲགས་དབང་ཐང་རྣམས་མཚོ་ལ་ཆར་བབས་པ་ལྟར་རང་ལ་ཐིམ་པར་མོས་ལ་སྔགས་བཟླའོ། །དེ་ནས་ཤོག་ཕྲན་ཚེ་སྒྲུབ་རང་ཉིད་པད་འབྱུང་ཡུམ་ཅན་གསལ་བའི་དྲན་རྫོགས་ཀྱི་འོད་ཟེར་སྤྲོ་བསྡུ་དང་བསྙེན་དམིགས་རྣམས་གཞུང་གསལ་ལྟར་སྔགས་བཟླ། མཐར་དམིགས་གཏད་མཚན་བྲལ་བློ་འདས་རྫོགས་པ་ཆེན་པོའི་ངང་དུ་བཞག་ནས་ལ་བཟླའོ། །གསང་སྒྲུབ་ནི། རང་ཉིད་བླ་མ་དྲག་པོར་བསྐྱེད་པ་དང་། མདུན་བསྐྱེད་ཞི་བའི་གཡས་སུ་གུ་རུ་དྲག་པོ་བདག་མདུན་མཉམ་རྫོགས་སུ་གསལ་གདབ་པའི་འཁོར་དུ་སྡེ་བརྒྱད་ཀྱིས་བསྐོར་བ་བསྐྱེད་ལ་གཙོ་བོའི་གནས་གསུམ་འབྲུ་གསུམ་དང་། ཁྱད་པར་ཐུགས་ཀའི་ཧཱུྃ་འོད་ཀྱིས་བསྐུལ་བའི་ཟངས་མདོག་དཔལ་གྱི་རི་བོ་ནས་ཡེ་ཤེས་སེམས་དཔའི་ཚོགས་སྤྱན་དྲངས། དམ་ཡེ་དབྱེར་མེད་དུ་གྱུར་པའི་ངང་ནས་མཆོད་བསྟོད་སོགས་བྱ། བདག་མདུན་ཐུགས་ཀར་པད་ཉིའི་སྟེང་དུ་རྡོ་རྗེ་དམར་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་གི་མཐར་ཨརྩིག་མཐིང་ཀ་གཡས་སུ་འཁོར་བའི་འོད་ཟེར་གྱིས་རྩ་གསུམ་ལྷ་ཚོགས་ཡེ་ཤེས་ཀྱི་ཁྲོ་རྒྱལ་རྣམས་མཆོད་ཅིང་དགྱེས་པ་བསྐྱེད། འགྲོ་བའི་སྒྲིབ་པ་སྦྱོང་བར་མོས་ལ། དང་པོ་སྤྱན་འདྲེན་སྔགས་ཤྲཱིཿ


SPN003_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ཧེ་རུ་སོགས་བཟླ་བཞིན། དྲག་པོའི་སྐུ་གསུང་ཐུགས་ཀྱི་རྣམ་པ་སྐུ་དང་། ཡིག་འབྲུ། ཕྱག་མཚན་རྣམས་རང་ལ་ཐིམ་པས་སྟོབས་བཅུའི་ནུས་རྩལ་ཐོབ་པར་དམིགས། ཡང་སྔགས་ཕྲེང་གི་རང་སྒྲ་དང་འོད་ཟེར་ལས་བསྐལ་པའི་མེ་ཡི་ཚ་ཚ་འཕྲོས། སྣང་སྲིད་ཐམས་ཅད་དྲག་པོའི་སྐུར་བསྒྱུར་ནས། གཟུགས་ཅན་གཟུགས་མེད་ཀྱི་དགྲ་བགེགས་ཐམས་ཅད་མེ་ཡིས་བསྲེག་ཅིང་ལ་ལ་བརྒྱལ། ལ་ལའི་སྙིང་བཏོན་པ་སོགས་ཉམ་ཐག་པའི་ངང་ནས་དབང་མེད་དུ་བཀའ་དང་དམ་ལ་གནས་པར་མོས་ལ་རྒྱུན་བསྙེན་ཨ་རྩིག་བཟླ། དེ་ནས་ཕྲིན་ལས་བཞི་སྒྲུབ་དམིགས་པ་སྔ་དྲོར་ལྷ་དང་སྔགས་ཕྲེང་དཀར་པོའི་འོད་ཀྱི་འཕྲོ་འདུས་རང་དང་དམིགས་བྱའི་ནད་གདོན་བར་ཆད་ཐམས་ཅད་ཞི་ནས་འཆི་མེད་རིག་འཛིན་ཐོབ་པར་བསྒོམ་པ་དང་། ཉིན་གུང་ལྷ་སྔགས་སེར་པོའི་སྤྲོ་བསྡུས་ཚེ་བསོད་དཔལ་འབྱོར་རྒྱས་པར་དམིགས། དགོང་ཀར་ལྷ་སྔགས་དམར་པོའི་འཕྲོ་འདུས་སྣང་སྲིད་དབང་དུ་སྡུད་པར་མོས། སྲོད་ལ་ལྷ་སྔགས་མཐིང་ནག་གི་ཚ་ཟེར་གྱིས་གནོད་བྱེད་བྱད་ཕུར་ཐམས་ཅད་བསྲེག་ཅིང་ཐལ་བར་བརླག་པར་བསམ་ལ་སྔགས་བཟླའོ། །དེ་ནས་སྔགས་ཤམ་འདོགས་སྐབས། དྲག་སྔགས་སྒྲ་འོད་རྔམ་ཟེར་གྱི་སྤྲོ་བསྡུས་སྡེ་བརྒྱད་


SPN003_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་ཕོག་པས་དམ་ཚིག་རྗེས་སུ་དྲན་པས་སྲོག་གི་སྙིང་པོ་ཕུལ། བཀའ་ཉན་བྲན་དུ་འཁོལ་ནས་ཕྲིན་ལས་ཆེད་དུ་བསྒྲུབ་པར་དམིགས་ལ་སྔགས་ཤམ་བཟླའོ། །དེ་ནས་དགོངས་གསོལ་དང་བཅས་དྲག་པོའི་ལྷ་ཚོགས་ཐུགས་དམ་གནད་བསྐུལ་གྱིས་ཕྲིན་བཅོལ་ཆེད་དུ་གཏོར་མ་འབུལ། ཡང་འཁོར་རྣམས་བསྐུལ་ལ་གཏོར་མ་གསེར་སྐྱེམས་དགྲ་ཕྱོགས་སུ་འབུལ། ཕྱི་ནང་གསང་གསུམ་བཟློག་པའི་མཐར་ཡང་དམར་གཏོར་འབུལ་ལ། དར་ནག་ལན་དགུར་བརྡེག །འབྱུང་ལྔ་སྟེང་འོག་བསྒྱུར་བས་དགྲ་བོ་ཐལ་བར་བརླག་པར་དམིགས་ལ་སྟོང་ཉིད་ཀྱི་ངང་དུ་བཞག །དེ་ནས་མཁའ་འགྲོའི་བསྐྱེད་རིམ་སྟོང་པའི་རང་མདངས་ཀྱི་རྩལ་དེ་ཉིད་ལས་ཡེ་ཤེས་ལྔའི་འོད་ཟེར་གུར་ཁྱིམ་དབུས་སུ། བདག་བསྐྱེད་གནས་འགྱུར་གྱི་མཚོ་རྒྱལ་མ་དང་། མདུན་བསྐྱེད་བླ་མའི་གཡོན་དུ་མཁའ་འགྲོ་བསྐྱེད་པའི་གནས་ལྷ་རྣམས་དང་བཅས་གསལ་བཏབ་པའི་གནས་གསུམ་འབྲུ་གསུམ་ཐུགས་ཀའི་ས་བོན་འོད་ཀྱིས་བསྐུལ་བའི་རང་འདྲ་ཡེ་ཤེས་པ་རྣམས་ཨོ་རྒྱན་མཁའ་སྤྱོད་གནས་ནས་སྤྱན་དྲངས་བདག་མདུན་ལ་ཐིམ་པར་དམིགས་ལ། དེ་ནས་ཕྱི་རིམ་འཁོར་ཚོགས་རྣམས་ཀྱང་བསྐྱེད་ལ་ཐུགས་


SPN003_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་གི་འོད་ཟེར་འཕྲོ་འདུས་དཔའ་བོ་མཁའ་འགྲོ་མ་རྣམས་སྤྱན་འདྲེན་བསྐྱེད་རིམ་དང་། གདན་འབུལ། མཆོད་བསྐང་། བཤགས་པ། བསྟོད་པ་བཅས། བསྙེན་དམིགས་གཞུང་ལྟར་གནས་ལྷ་སྔགས་ལྷ་ལྔའི་བྱིན་རླབས་ཐུགས་རྒྱུད་རིམ་བཞིན་བསྐུལ་ནས། སྙིང་ཁའི་གུ་རུའི་ཐུགས་ཀར་ཧཱུྃ་མཐར་མཁའ་འགྲོའི་བསྙེན་སྔགས་གཡོན་བསྐོར་དུ་དམིགས་ལ། འཕགས་མཆོད་འགྲོ་བའི་སྒྲིབ་སྦྱངས་སྣོད་བཅུད་དག་པ་གསུམ་ལྡན་ངང་ནས་སྔགས་བཟླའོ། །མཐར་སྔགས་ཕྲེང་རང་སྒྲ་དང་བཅས་གནས་ལྷ་རྣམས་བསྡུ་རིམ་གཞུང་ལྟར་མཐར་མི་རྟོག་པའི་ངང་དུ་བཞག་ལ། ཟུང་འཇུག་གི་ལྷ་སྐུར་ལྡང་ནས་ཚོགས་ལས་བམ་བསྒྲལ་གྱི་ཐ་ཚིག་བརྗོད་ཅིང་། སྲུང་མ་རྣམས་ལ་བཀའ་བསྒོ། དགུག་གཞུག་ལན་གསུམ། རང་ལྷའི་ང་རྒྱལ་ལྡན་བཞིན་བམ་བསྒྲལ་ནས། སྐྱེ་མེད་ཀྱི་ངང་དུ་བསྟིམ་པ་སོགས་བྱ། ཞལ་བསྟབ་ཆ་ལྔ་དང་། གཙང་ལྷག་བཅས་དྲུག་བཤམས་ལ་རིམ་པར་བསྟབས། རྣལ་འབྱོར་པ་རྣམས་གསལ་བ་གསུམ་ལྡན་གྱིས་ཚོགས་ལ་རོལ། སྤྱང་ཞོན་མར་ལྷག་གཏོར་བཏང་ལ་གཙང་གནས་སུ་བསྐྱལ། ཕྲིན་བཅོལ་དྲག་ཏུ་བྱའོ། །དེ་ནས་ཡང་གསང་ལས་མགོན་བསྒྲུབ་པ་ལ་རང་ཉིད་


SPN003_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བདག་གསལ་བའི་སྤྱི་བོར་པད་འབྱུང་བསྐྱེད་ལ། རང་གི་ཐུགས་ཀར་སྔགས་ཕྲེང་དམིགས་པ་གཞུང་ལྟར་བཟླས་པ་དང་། བསྡུ་རིམ་ཟུང་འཇུག་སྐུར་ལྡང་བའི། མདུན་བསྐྱེད་བླ་མའི་དྲུང་དུ་ལས་གཞུང་ལྟར་བདུད་མགོན་ཏྲཀྴད་ལ་ཡུམ་བཞི། བདུད་པོ་བརྒྱད། རུ་འདྲེན་བདུན་སོགས་འཁོར་དང་ཡང་འཁོར་མང་པོས་བསྐོར་བ་བསྐྱེད་ལ། རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་དབྱིབས་དང་། མདུན་བསྐྱེད་ཀྱི་གནས་གསུམ་འབྲུ་གསུམ་དང་། ཁྱད་པར་ཐུགས་ཀའི་ཧཱུྃ་ཧ་ཁོག་ནང་དུ་དུཿཡིག །དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་དང་། རང་རང་གི་གནས་ཡུལ་རྣམས་ནས་མགོན་པོ་འཁོར་བཅས་སྤྱན་དྲངས་ཏེ་དམ་ཡེ་གཉིས་མེད་གྱུར་པ་ལ་ཕྱག་འཚལ། གདན་འབུལ་དང་། དམ་བཞག་སྐབས་དམིགས་པ་གཞུང་ལྟར་གྱིས་ཁྱབ་ཅིང་མཆོད་བསྟོད་དང་བཅས། མགོན་པོའི་ཐུགས་ཀར་པད་ཉིའི་གདན་ལ་ཧཱུྃ་ཧ་ཁོག་ནང་དུཿཡིག །དེའི་མཐར་རྩ་སྔགས་དང་སྤྱི་དྲིལ་སྔགས་བཅས་དེ་རྣམས་མཐིང་ནག་འོད་ཀྱི་གཟི་མདངས་ལྡན་པ་གཡས་སུ་འཁོར་ཞིང་། ཡུམ་བཞིའི་ཐུགས་ཀར་མཿ འཁོར་རྣམས་ལ་དུཿཡིག་རེ་བཅས་ཐམས་ཅད་ཁ་དོག་ནག་པོ་འོད་དང་ལྡན་པ་དེ་རྣམས་ལས་འོད་ཟེར་འཕྲོས། རང་འདྲའི་གཙོ་


SPN003_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དཔག་ཏུ་མེད་པ་སྤྱན་དྲངས། མདུན་བསྐྱེད་ལ་ཐིམ་པར་དམིགས་ལ་སྤྱན་འདྲེན་གྱི་སྔགས་བཟླ། དེ་ནས་རང་ཡི་དམ་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་སྔོན་པོ་སྤོས་རེང་གི་དུད་པ་ལྟར་ཞལ་ནས་ཐོན། མདུན་བསྐྱེད་གཙོ་འཁོར་གྱི་ཞལ་དུ་ཞུགས། སྔགས་འཁོར་ལ་ཕོག །མཆོད་པས་མཉེས། སླར་ཡང་སྔགས་ཕྲེང་འཕྲོས། ཞལ་ནས་ཐོན། རང་གི་ཞལ་དུ་ཞུགས། ཐུགས་ཀར་ཐིམ་པས་དཔལ་མགོན་དང་དབྱེར་མེད་པའི་མཐུ་སྟོབས་དང་ལྡན་པར་མོས་པ་དང་། ཡང་བདག་མདུན་བར་སྔགས་ཕྲེང་དེ་ཉིད་མགལ་མེ་ལྟར་འཁོར་བཞིན་པའི་འོད་ཀྱིས་མདུན་བསྐྱེད་གཙོ་འཁོར་གྱི་ཐུགས་རྒྱུད་བསྐུལ་བས་སྤྲུལ་པ་ཡང་སྤྲུལ་གྲངས་མེད་འཕྲོས་ནས་དགྲ་བགེགས་བྱད་མ་ཐམས་ཅད་ཚར་བཅད་པའི་ཕྲིན་ལས་ཐོགས་མེད་བསྒྲུབ་པར་དམིགས་ལ་རྩ་སྔགས་དང་སྤྱི་དྲིལ་བཟླའོ། །རྩུབ་ཉམས་བྱུང་ན་མཐར་དམ་བཞག་གི་སྔགས་དམིགས་གཞུང་ལྟར་བཅས་ལ། གཏོར་འབུལ་དང་ཕྲིན་བཅོལ་རྩ་གསུམ་ལྷ་ཚོགས་ལ་སྐོང་རྫས་དངོས་འབྱོར་ཡིད་ཀྱི་ལོངས་སྤྱོད། ཡིད་སྤྲུལ་མཆོད་སྤྲིན་རབ་འབྱམས་རྒྱ་མཚོ་བློ་ཡིས་བླངས་ཏེ་ཚིག་དོན་ལྟར་དམིགས་ནས་འབུལ། དེ་ནས་ནོར་སྒྲུབ་ལ། རང་ཉིད་པད་འབྱུང་གསལ་


SPN003_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

བའི། མདུན་བསྐྱེད་བླ་མའི་དྲུང་དུ་ཛམ་ལྷ་ཡབ་ཡུམ་རིགས་བདག་དང་བཅས་གསལ་གདབ་ལ་ཐུགས་ཀར་རིན་པོ་ཆེའི་ལྟེ་བར་བྷྲཱུྃ་ཡིག་མཐར་སྔགས་ཕྲེང་གསེར་མདོག་གཡས་སུ་འཁོར་བའི་འོད་ཀྱིས་བསྐུལ་བའི་ལྕང་ལོ་ཅན་ནས་ཛམ་ལྷ་འཁོར་བཅས་སྤྱན་དྲངས་ནས་མདུན་བསྐྱེད་ལ་བསྟིམས་ཤིང་། ཐུགས་ཀའི་སྔགས་ཕྲེང་འཁོར་བའི་འོད་ཟེར་འཕྲོ་འདུས་ལྷ་མི་ཀླུ་ཡི་ལོངས་སྤྱོད་ཐམས་ཅད་ཆར་བཞིན་བབས་ནས་བདག་མདུན་ལ་ཐིམ་པར་དམིགས་ནས་སྔགས་བཟླའོ། །མཐར་མཆོད་བསྟོད་བྱ། དེ་ནས་ཟབ་གནད་ཡང་གསང་སྙན་བརྒྱུད་ཟངས་སྦུབ་མའི་བསྐྱེད་རྫོགས་ཀྱི་རིམ་པ། ལྷ་བསྐྱེད། སྔགས་བཟླས། རྫོགས་ཆེན་ལ་ཕབ་པ་སྟེ། དང་པོ་ཐ་མལ་གྱི་ཞེན་འཛིན་རྣམས་སྟོང་ཉིད་ཀྱི་ངང་དུ་སྦྱངས་ནས། རང་མདངས་མ་འགགས་རིག་བའི་རང་རྩལ་ལས་སྣང་སྟོང་སྒྱུ་མ་ལྟ་བུའི་ངང་ནས། ཕྱི་སྟོང་རང་ཉིད་རྡོ་རྗེ་གྲོ་ལོད་དང་། མཁའ་འགྲོ་སེང་གདོང་འཁྲིལ་སྦྱོར་ཅན་དུ་བསྒོམ་པའི། རིགས་བདག་ཕྱག་མཚན་གྱི་གནས་ལྷ་རྣམས་གསལ་


SPN003_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

གདབ། རྩ་གསུམ་འཁོར་ལོ་ལྔའི་གནས་ལྷ་རྣམས་ཀྱང་བསྐྱེད་ལ། དང་པོ་ཐུགས་ཀའི་གུ་རུ་ཡབ་ཡུམ་ཀྱི་ས་བོན་ཧཱུྃ་མཐར་སྔགས་ཕྲེང་གཡས་སུ་འཁོར་བར་དམིགས་ལ། དེ་ལས་འོད་འཕྲོས། རྒྱལ་བ་མཆོད། འགྲོ་བའི་སྒྲིབ་པ་སྦྱངས། ཚུར་འདུས་རང་ལ་ཐིམ་པས་མཆོག་ཐུན་དངོས་གྲུབ་ཐོབ་པར་མོས་ལ་སྔགས་བཟླ། དེ་ནས་དུང་ཁང་གི་སྣང་མཐའ་ཡབ་ཡུམ་གྱི་ས་བོན་ཧྲཱིཿདང་སྔགས་འཁོར་ལས་འོད་ཟེར་སྤྲོ་བསྡུ་སོགས་ཀྱང་གོང་བཞིན་བྱས་ལ་བཟླའོ། །མགྲིན་འཁོར་འཇིག་རྟེན་དབང་ཕྱུག་སོགས་གཞན་རྣམས་ལའང་། དེའི་རིགས་འགྲེས་དམིགས་པས་ཁྱབ། དེ་ནས་རིམ་པས་ཕྱི་སྣོད་དང་། ནང་བཅུད། འཁོར་འདས་སྣང་སྲིད། འགྲོ་བ་རིགས་དྲུག་རྣམས་ཡེ་ཤེས་ལྷའི་རོལ་པར་བསྒྱུར་ནས་སྔགས་བཟླའོ། །དེ་ནས་ཚིག་དོན་ལྟར། གང་ཤར་ཐམས་ཅད་བློ་འདས་བརྗོད་མེད་ལྷན་སྐྱེས་ཀུན་ཏུ་བཟང་པོའི་ཀློང་དུ་ཤར་གྲོལ་དུས་མཉམ་གྱི་ཉམས་ལེན་བསྐྱང་ལ། དྲག་དམིགས་ཀྱི་སྐབས་ལྷ་ཚོགས་རྣམས་ལྷག་པར་ཁྲོས་རྔམ་ཟིལ་དང་ལྡན་པ་བསྐྱེད་ལ། སྔར་ལྟར་ཐུགས་ཀའི་གུ་རུའི་ས་བོན་མཐར་དྲག་སྔགས་གཉིས་ཀྱིས་བསྐོར་བ་དེའི་རང་སྒྲ་དང་འོད་ཟེར་གྱིས་གཟུགས་


SPN003_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གཟུགས་མེད་ཐམས་ཅན་རང་ལ་བསྟིམ། དྲག་པོ་ཆེན་པོའི་མཐུ་རྩལ་ནུས་སྟོབས་ཐམས་ཅད་རྫོགས་པར་མོས་ལ་སྔགས་བཟླ། གནས་ལྷ་རྣམས་ཀྱང་ཁྲོ་བོར་གནས་འགྱུར་གྱི་སོ་སོར་སྔགས་འཁོར་སྤྲོ་བསྡུ་སོགས་གོང་ལྟར་བྱས་ལ་སྔགས་བཟླའོ། །མཐར་ཕྱག་མཚན་རྣམས་སྤྲོ་བསྡུས་གནོད་བྱེད་ཐམས་ཅད་ཚར་བཅད་རྗེས་འཛིན་གྱི་ཕྲིན་ལས་ཐོགས་པ་མེད་པ་འགྲུབ་པར་བསམ། དེ་ནས་ཟབ་ཆོས་རྣམས་ཀྱི་རྣོ་མཚོན་ཡས་ཟོར་ཆེན་མོ་སྲིད་གསུམ་བརླག་བྱེད་ཀྱི་དམིགས་པའི་བསྒྱུར་ཁ་རྣམས་ནི་གཞུང་ཉིད་དུ་གསལ་བ་དེ་ཡིས་ཁྱབ་པར་གདའ། འདིའི་སྐབས་ཞི་དྲག་གི་ལས་བྱང་བསྙེན་སྔགས་རྣམས་ཀྱི་མཐར་སྔགས་ཤམ་འདོགས་སྐབས། ལག་གཡས་ཟླ་བ་གཡོན་ཉི་མའི་མཐིལ་དུ་གནོད་བྱེད་ཐམས་ཅད་ཐལ་མོ་བརྡབ་པས་རྗེས་མེད་སོང་བར་མོས། མཐར་མི་དམིགས་པའི་ངང་དུ་བཞག་པ་སོགས་རིགས་འགྲེའོ། །དེ་ནས་སྲིད་གསུམ་གཏིང་ཟློག་སྐབས། མདུན་བསྐྱེད་འབྱུང་བ་རིམ་བརྩེགས་སྟེང་དུ་དྲག་པོ་ལ་ལྷ་ཚོགས་རྣམས་ཚིག་དོན་ཇི་ལྟར་བསྐྱེད་ལ། སྦས་གསང་གི་ཁྲོ་ཚོགས་རྣམས་བཞེངས་བསྐུལ་དང་། མངའ་གསོལ་སྨན་རཀ་གཏོར་མཆོད་སྦྲེང་བ་དང་། བསྒྲལ་ལས་སྐབས།


SPN003_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མདུན་གྱི་བར་ལྕགས་ཁང་ནང་དགྲ་བགེགས་འགུགས་གཞུག་དྲག་ཏུ་བྱ་ཞིང་། ཕུར་བསྐྱེད་གནས་ལྷ་དང་བཅས་དམིགས་ནས། ལྷ་དབྱེ་ཞིང་། ཕུར་པས་བསྒྲལ་ལ། དུག་ལྔ་ཡེ་ཤེས་ཀྱི་ངོ་བོར་བསྒྱུར་ནས་ཞལ་བསྟབ་དྲག་པོའི་ལས་བསྐུལ་བཏོན། བཟློག་པའི་ཕྲིན་བཅོལ་སྐབས་གཏོར་འབུལ་རྣམས་དང་། ཏྲཀྴད་དགྲ་ཆོས་གཏོར་ཟད་ཀྱི་དྲག་བསྐུལ་བཅས་བྱ། རིགས་ལྔའི་ཟློག་པ་ནི། དེ་ཁོ་ན་ཉིད་ཀྱི་ཟློག་པ་ཟབ་མོ་སྟེ་སྟོང་ཉིད་ལྟ་བའི་གདེང་དང་ལྡན་པའི་ངང་ནས་བྱའོ། །དེ་ནས་ཚེ་སྒྲུབ་འཆི་མེད་བཙན་རྫོང་སྐབས། རང་ལྷར་གསལ་བའི་རིགས་བདག་དང་། གནས་ལྷ་ཚེ་དཔག་རིགས་ལྔ་ཡབ་ཡུམ་བཅས་བསྐྱེད་བསྟིམ་གཞུང་ལྟར་དང་། བསྙེན་པའི་སྐབས་ཐུགས་སྲོག་འོད་ཟེར་སྤྲོ་བསྡུས་རང་གི་བླ་ཚེ་ཡར་བ། འཐོར་བ་སོགས་དང་། འབྱུང་བ་ལྔའི་དྭངས་བཅུད། སྐྱེ་འགྲོའི་ཚེ་བསོད། རྒྱལ་བའི་བྱིན་རླབས་རྣམས་བསྡུས་ནས་རང་ལ་ཐིམ་པར་བསྒོམ་ཞིང་སྔགས་བཟླའོ། །མཐར་དབྱངས་གསལ་རྟེན་འབྲེལ་སྙིང་པོ། ཡིག་བརྒྱས་ལྷག་ཆད་ཁ་བསྐང་། ཡེ་ཤེས་ལྷ་ཚོགས་སོགས་བཏོན། འདིར་མཆོད་བསྟོད་བཤགས་པ་སོགས་དོན་ཚང་བ་ཉིད་དོ། །དེ་ནས་ལུས་སྣང་ལྷ་སྐུ་


SPN003_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བསྡུ་རིམ་དང་དམིགས་མེད་གྱི་ངང་དུ་མཉམ་པར་བཞག་ལ། སླར་ཟུང་འཇུག་གི་སྐུར་ལྡང་ནས། ཀུན་བཟང་ནང་གི་བཀྲ་ཤིས་བརྗོད་ཅིང་རྒྱུན་སྤྱོད་བྱའོ། །དེ་ནས་གཏོར་རྒྱག་སྐབས་འདོན་ཆ་རྣམས་ཉིན་ལྟར་ལ་གཏིང་ཟློག་གི་ཕྲིན་བཅོལ་ཚར་འཕྲལ་རྩ་གསུམ་དང་། དཀར་ཕྱོགས་སྐྱོང་བ་རྣམས་ལ་ལམ་སེལ་གྱི་ཆེད་དུ་རིན་ཆེན་གསེར་སྐྱེམས་འབུལ་ནས་མདོས་དང་ཟོར་གྱི་ལམ་ཕྱེས་པར་བཅོལ་ཏེ། བསྐང་བའི་ཐ་ཚིག་བརྗོད་ལ་སྐོང་རྫས་གཏོར་མ་སྣང་སྲིད་ཀྱི་འདོད་ཡོན་ནམ་མཁའ་མཛོད་བཞིན་འབུལ་བས་གང་བཅོལ་ཕྲིན་ལས་མཛད་པ་དམ་བཅས་པར་མོས་ལ། ཟོར་སྐབས་མདོས་ཀྱི་སྒོ་དབྱེ་དང་། དེ་མིན་ཡི་དམ་ཆོས་སྐྱོང་བསྐུལ་གྱི་སྐབས་བཟློག་གཏོར་གཉིས་བསྐུལ་ཙམ་གྱིས་འཐུས་པས། འབོད་དོ་ཞེས་ཏྲཀྴད་ཞལ་ཆེམས་ལས་འགྱེད་དང་། བསྐུལ་ལོ་རྦད་དོ་ཞེས་ཡི་དམ་བསྐུལ་བཅས་བཏོན་མཐར། མདོས་ཟོར་རྣམས་རིམ་བཞིན་བཏེགས་ནས། རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་མདུན་གྱི་ནམ་མཁར་བཞུགས་པ་ལ་གཏོར་མ་དགྲ་བགེགས་ཀྱི་ཤ་ཁྲག་ཏུ་གྱུར་པ་དམིགས་ཏེ་ཕུལ་བས་དགྱེས་པར་རོལ་ཞིང་རྣལ་འབྱོར་པའི་མགོན་སྐྱབས་དཔུང་གཉེན་སྡོང་གྲོགས་ལྷག་པར་མཛད་བའི་


SPN003_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་རྩལ་ནུས་པ་ཐོགས་མེད་བསྟན་པའི་ཐུགས་དམ་གྱི་རྒྱུད་བསྐུལ། ལྷག་མ་ནད་མཚོན། དུག་རླངས། མེ་དཔུང་། དྲེགས་པ་སྡེ་བརྒྱད་དམག་ཚོགས། མི་བསྲུན་པའི་དམག་དཔུང་དུ་གྱུར་ཅིང་སྟེང་འོག་བར་གསུམ་སྤྲིན་ཆེན་རླུང་གིས་བསྐྱོད་པ་བཞིན་དུ་སྔོན་དུ་ལས་མགོན་འཁོར་བཅས་དང་། དེ་ནས་གུ་རུ་དྲག་པོ་ཁྲོ་ཆེན་རྡོ་རྗེ་གཏུམ་པོའི་ལྷ་ཚོགས་ཐམས་ཅད་མངོན་སྤྱོད་ཀྱི་ལས་ལ་མྱུར་མགྱོགས་བཟོད་དཀའི་གཟི་བྱིན་འབར་བ་དང་ལྡན་པས་ཁམས་གསུམ་གཡོ་བ་དང་བཅས་ཏེ་དགྲ་ཡུལ་དུ་ཆས་པར་དམིགས་ལ། རྣལ་འབྱོར་པ་རྣམས་ལྷའི་ང་རྒྱལ་ལ་གནས་བཞིན་དྲག་སྔགས་བཟླ་ཞིང་སེར་འཕྲེང་རྔམ་བརྗིད་དང་བཅས་ཕྱི་རོལ་གོམ་པའམ། ཡང་ན་འདོམ་ཉེར་ལྔའི་སར་དཔག་ནས་ཟོར་ཆས་རྣམས་བཀོད། རྩ་གསུམ་ལྷ་ཚོགས་ནམ་མཁར་བཞུགས་པ་རྣམས་ཀྱིས་གཟུང་པར་མཛད་ནས་ལེགས་ཉེས་ཀྱི་སྟངས་འཛིན། དམ་ཚིག་གི་རྗེས་གཅོད་པའི་ཕྱིར་ཁོང་ནས་ཡུས་པའི་གདུང་བ་དྲག་པོའི་ང་རོ་དང་བཅས་ཏེ་སློབ་དཔོན་གྱིས་བཞེས་མཛོད། དེ་ནས་དྲག་པོའི་ལྷ་ཚོགས་རྣམས་མངོན་སྤྱོད་ཀྱི་ལས་ལ་དགོངས་པའི་ཁྲོས་འཁྲུགས་རྔམ་པའི་སྐུར་བཞེངས་པ་དང་བཅས་ཕྲིན་ལས་མཛད་པར་མོས་ལ།


SPN003_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལྷའི་ང་རྒྱལ་བཅས། ཟློག་པ་རྐྱང་པའི་སྐབས་རང་བཟོ་མངོན་སྤྱོད་ཟོར་ལས་དགོས་ཤིང་། དེ་མིན་མདོས་ཆེན་དང་ཟློག་པ་འབྲེལ་སྐབས་ཡས་ཟོར་ནང་ལྟར་ཟོར་འཕེན་ནས། རྦད་སྔགས་འདོན་བཞིན་པར་རིམ་གྱིས་ལིདྒ་ལ་བརྡེག །དེ་ནས་ལས་མགོན་རྦད་བསྐུལ། མ་ཧཱ་ཀཱ་ལ་སོགས་ཀྱི་མཐར་མདོས་ཆེན་དང་། བཟློག་གཏོར་འཕང་། ཡི་དམ་དྲག་བསྐུལ། རྡོ་རྗེ་དྲེགས་འཇོམས་སོགས་དང་། ཁྲོ་རྒྱལ་འབར་བའི་བཟློག་མཐར་དྲག་པོའི་ཟློག་གཏོར་བརྡེག་ལ་བསྐལ་པའི་མེ་ལྟར་འབར་པའི་ཀློང་ནས་ནད་མཚོན་དུག་གི་སྤྲིན་ཕུང་གཏིབ་བཞིན་པའི་ངང་། འབྱུང་བཞིའི་དཀྱིལ་འཁོར་ཡང་སྟེང་འོག་བསྒྱུར་ཅིང་དྲེགས་བྱེད་ཀྱི་དམག་ཚོགས་རྣམས་ཀྱིས་གང་ལ་དམིགས་པའི་དགྲ་བོ་ས་གཞི་ཡུལ་མཁར་དང་བཅས་མིང་རུས་རྗེས་ཤུལ་ཙམ་ཡང་མེད་པར་ཐལ་བ་རྡུལ་ཕྲན་བཞིན་དུ་བརླག་པར་དམིགས། དེ་ནས་རིགས་ལྔའི་གཏོར་ཟློག་འདོན་ཞིང་། བསྒྲལ་བྱ་སྒྲོལ་བྱེད་ཐམས་ཅད་དམིགས་མེད་སྟོང་ཆེན་ཀུན་བཟང་ཀློང་དུ་ུམཉམ་པར་བཞག དེ་ནས་རང་ལྷར་གསལ་བའི་སྐུ་ལས་ཁྲོ་བོ་ཁྲོ་མོ་རྡོ་རྗེ་མཚོན་ཆ་མེ་རིའི་རྭ་གུར་གྱིས་སྲུང་འཁོར་བསྒོམ་ལ་ཕྱི་མིག་མི་ལྟ་བར་ཐོ་བཙུགས་


SPN003_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཕྱི་ལམ་བཅད། གདོན་བགེགས་རྣམས་བསྐལ་པའི་བར་དུ་མི་ལྡང་བར་གཏོར་བྲོ་བརྡུང་ལ་མནན། སྣོད་ཁ་གྱེན་དུ་བསྟན་ལ་མེ་ཏོག་འཐོར། སྒྲུབ་ཁང་ནང་དུ་ཕྱིན་ལ་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་བསྟན་དགྲ་བསྒྲལ་ནས། བསྟན་པའི་རྒྱལ་མཚན་མི་ནུབ་སྲིད་རྩེར་བསྒྲེང་པའི་ཕྲིན་ལས་ཡིད་བཞིན་འགྲུབ་པའི་ཐུགས་དགྱེས་པའི་འཛུམ་ཞལ་གྱི་མདངས་བསྟན། གསུང་དགྱེས་པའི་གད་མོའི་དབྱངས་སྒྲོག །སྐུ་དགྱེས་པའི་གར་དགུའི་རོལ་སྟབས་དང་བཅས་སྔར་བཞིན་རྟེན་ལ་བཞུགས་པའི་དྲུང་དུ་རྒྱལ་དབྱངས་གྱེར་ཞིང་མེ་ཏོག་འཐོར་ལ། དགྲ་སོད་ཕྱེ་མར་ཕུལ་སྐབས་འདིར་སྤྲོ་ན་ལས་བཞིའི་མེ་ཏོག་བླུགས་པ་སོགས་སྐབས་དང་བསྟུན། ཚེ་འགུགས་དང་། དངོས་གྲུབ་རྫས་ལ་རོལ། ལྷག་ཆད་ཁ་བསྐང་། ཡེ་ཤེས་ལྷ་ཚོགས་སོགས་དང་། དངོས་གྲུབ་དབང་བླང་གི་དམིགས་པ་བླ་མ་ཞི་བ་ལྟར་འདོན་བསྒོམ་དང་། རྟེན་གཏོར་བྱིན་རླབས་ཞུ་ཞིང་། རྟེན་དང་གཏོར་མའི་ལྷ་ཚོགས་སོགས་མདུན་བསྐྱེད་དཀྱིལ་འཁོར་པ་རང་ལ་བསྟིམ། ལུས་སྣང་ལྷ་སྐུ་སོགས་རྫོགས་རིམ་ཀ་དག་སྤྲོས་བྲལ་གྱི་ངང་དུ་བཞག །སླར་ཡང་ཟུང་འཇུག་གི་སྐུར་ལྡང་


SPN003_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ནས། བཀྲ་ཤིས་བརྗོད་ཅིང་མེ་ཏོག་འཐོར་བ་སོགས་བསྔོ་བ་སྨོན་ལམ་སོགས་བྱ་ཞིང་རྒྱུན་སྤྱོད་ལ་འཇུག་ནས། གཏང་རག་ཏུ་ལྷ་བསང་བཏང་པ་སོགས་བྱའོ། །སྨྲས་པ། དེ་ལྟར་ཡང་གསང་ཐུགས་ཏིག་ཟབ་མོ་ཡི། །སྙིང་པོའི་ཡང་སྙིང་བླ་མེད་བསྐྱེད་རྫོགས་ལམ། །གསལ་བྱེད་གནད་ཀྱི་མན་ངག་བཀའ་རྒྱ་ཅན། །གཏེར་ཆེན་མཆོག་དང་ཆོས་བདག་བརྒྱུད་བཅས་ཀྱི། །ཞལ་གདམས་གསུང་རྒྱུན་ཀུན་གྱི་བཅུད་བསྡུས་པ། །འཁྲུལ་མེད་ཕྱོགས་གཅིག་བཀོད་པའི་དགེ་གང་དེས། །བསྟན་པ་མི་ནུབ་རྒྱལ་མཚན་བསྒྲེང་བ་དང་། །བསྟན་འཛིན་ཕྲིན་ལས་རྒྱས་པའི་དཔལ་ཐོབ་ཅིང་། །གསང་སྔགས་སྦས་འོས་གསལ་བྱས་ནོངས་པའི་ཚོགས། །དག་ཚངས་གསོལ་ཞིང་དུས་བབ་ཟབ་ཆོས་ཀྱིས། །འགྲོ་དོན་མཐར་ཕྱིན་མཁའ་ཁྱབ་ལུས་ཅན་རྣམས། །ཀུན་ཏུ་བཟང་པོའི་ས་ལ་རེག་གྱུར་ཅིག །ཅེས་པའང་གུ་རུ་པདྨའི་མཚན་གྱི་བྱིན་རླབས་ཆ་ཙམ་ཐོབ་པ་སི་ཏུ་པདྨ་ཉིན་བྱེད་དབང་པོས་བཀོད་པ་སྟེ། སྐལ་ལྡན་རྣམས་ལ་སྤེལ་ཞིང་། དམ་མེད་ལོག་ལྟ་ཅན་ལ་གསང་རྒྱ་དགོས་པ་སྟེ། སྲུང་མ་རྣམས་ཀྱིས་མེལ་ཚེ་མ་གཡེལ་ཅིག །ས་མ་ཡ་རཀྵ། །


previousཟབ་ཆོས་རྡོ་རྗེ་གྲོ་ལོད་ཀྱི་བསྙེན་སྒྲུབ་ལས་གསུམ་གྱི་ཚུལ་དམིགས་རིམ་གསུང་རྒྱུན་བསྒྲིགས་ཆགས་ནོར་བུ་འོད་ལྡན།next