Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  expand section
  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
   
ཟབ་མོ་བདུད་ཀྱི་གཅོད་ཡུལ་ཚོགས་ལས་ཡོན་ཏན་ཀུན་འབྱུང་གི་འདོན་འགྲིགས་རབ་གསལ་མཐོང་བ་མྱུར་རྟོགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
   
   
   
   
  expand section
   


 
previousཟབ་མོ་བདུད་ཀྱི་གཅོད་ཡུལ་ཚོགས་ལས་ཡོན་ཏན་ཀུན་འབྱུང་གི་འདོན་འགྲིགས་རབ་གསལ་མཐོང་བ་མྱུར་རྟོགས།next

ཟབ་མོ་བདུད་ཀྱི་གཅོད་ཡུལ་ཚོགས་ལས་ཡོན་ཏན་ཀུན་འབྱུང་གི་འདོན་འགྲིགས་རབ་གསལ་མཐོང་བ་མྱུར་རྟོགས།


SPN003_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མོ་བདུད་ཀྱི་གཅོད་ཡུལ་ཚོགས་ལས་ཡོན་ཏན་ཀུན་འབྱུང་གི་འདོན་འགྲིགས་རབ་གསལ་མཐོང་བ་མྱུར་རྟོགས་བཞུགས་སོ། །བསམ་འདས་བརྗོད་བྲལ་ཕ་རོལ་ཕྱིན། །མཁའ་འདྲའི་རང་གཟུགས་རྣམ་རོལ་མ། །བདེ་ཆེན་གར་མཁན་རྒྱལ་བའི་ཡུམ། །ལབ་ཀྱི་སྒྲོན་མས་ཀུན་ཏུ་སྐྱོངས། །དེ་ལྟར་མཆོད་པར་བརྗོད་པ་སྔོན་དུ་སོང་ནས། དེ་ཡང་ཟབ་མོ་བདུད་ཀྱི་གཅོད་ཡུལ་འདི་ཉན་ཐོས་རང་རྒྱལ་སོགས་ཐེག་པ་འོག་མ་རྣམས་ཀྱིས་གང་ཟག་བདག་མེད་ཀྱི་དོན་ཕྱོགས་མཚོན་ཙམ་རྟོགས་ཤིང་། བར་པ་མཚན་ཉིད་མེད་པའི་འཁོར་ལོ་ཤེར་ཕྱིན་གྱི་


SPN003_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་རྣམས་ནས་ཆོས་དང་གང་ཟག་གཉིས་ཀའི་བདག་འཛིན་བཟློག་ནས་ཟབ་མོ་སྟོང་ཉིད་ནམ་མཁའ་ལྟ་བུའི་དོན་སྟོན་ཅིང་བྱང་སེམས་འཕགས་པ་རྣམས་ཀྱི་ཐུགས་ལ་འཁྲུངས་ཤིང་། ཐ་མ་ངེས་དོན་གཏན་ལ་འབེབས་པའི་མདོ་སྡེ་རྣམས་ལས་བདེར་གཤེགས་སྙིང་པོ་གཞོམ་གཞིག་བྲི་གང་དང་བྲལ་བའི་ཡེ་ཤེས་སྙིང་པོ་མངོན་སུམ་དུ་བསྟན་པའི་འཕགས་བཞི་སྐྱེད་བྱེད་ཡུམ་ཆེན་མོའི་དགོངས་དོན། དེ་བཞིན་གསར་རྙིང་རྒྱུད་སྡེ་རྣམས་ནས་ཀྱང་གདོད་མའི་ཟུང་འཇུག་བདེ་བ་ཆེན་པོ་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་མངོན་དུ་བྱེད་པའི་དོན་དང་། དེའི་ཐབས་གསང་སྤྱོད་རིག་སྤྱོད་སོགས་ཐབས་ཤེས་ལམ་གྱི་ཆ་ཐམས་ཅད་ཀྱང་རྫོགས་པར་བསྟན་པའི་ཟབ་མོའི་དོན་འདི་ཉིད་ཉམས་སུ་བསྟར་བའི་རྣལ་འབྱོར་བདག་གིས་གང་ལ་རྟེན་འཆའ་བའི་གནས་རབ་དུར་ཁྲོད། འབྲིང་བས་མཐའ། ཐ་མ་དགོན་གནས་སོ། །མི་བྱའི་གནས་ཀྱང་དགེ་འདུན་གྱི་ཀུན་དགའ་ར་བ་དང་གྲོང་ཁྱེར་གྱི་དབུས་སུ་གསུངས་ཀྱང་། མདོར་ན་བདག་ཏུ་འོས་པ་དང་། གཉན་སར་འོས་པ་དེ་ཡིན་ནོ། །དུས་ནི་ཡར་ངོ་དང་མར་ངོའི་དུས་བཟང་དང་། ཉིན་མོ་རིང་དུས་ཉིན། མཚན་མོ་རིང་དུས་མཚན་མོ། ཉ་དང་ཉི་ཟླའི་ལྟོ་བ་མ་གཏོགས་ལྔ་བདུན་དགུ་གསུམ་


SPN003_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་འདྲེའི་ལས་དུས་རྣམས་ལའོ། །ཞེས་གསུངས་པ་ལྟར་ངེས་པར་བྱས་ནས། སྐབས་སུ་བབས་པ་འདོན་སྒྲིག་བཤམས་བཀོད་ཀྱི་རིམ་པ་ནི། སྟེགས་ཀྱི་ཁར་ཞིང་ངམ་སྟག་ལྤགས་ཀྱི་སྟེང་། གོང་གཏོར་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་གཏོར་མ་ལྔ་ཚོམ་མམ། ཕྲེང་ཚར་གང་རུང་བཀོད་པའི་མདུན་དུ། མཆོད་པའི་མཎྜལ་ཚོམ་བུ་བདུན་མ་ཞིག་ཀྱང་བཤམས། ནང་མཆོད་ཀྱི་ཀ་པཱ་ལ་དང་། ཉེར་སྤྱོད་མཆོད་པ་གཡོན་ནས་འགོ་བརྩམ་ཕྲེང་ཚར་དང་གཞན་ཡང་ཚོགས་ཀྱི་ཡོ་བྱད་གང་འབྱོར། སྐོང་གཏོར་རྒྱས་བསྡུས་གང་རུང་སྐབས་བསྟུན། མཁའ་འགྲོ་གཏོར་འབུལ་ལྔ་ཚོམ་ཅན་སོགས་མཁོ་བའི་ཡོ་བྱད་འདུ་བྱས་ལ། ནང་མཆོད་བྱིན་བརླབ། ༀ་ཨཱཿབིགྷཱན་གྱིས་བསངས་ལ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡྃ་ལས་རླུང་གི་དཀྱིལ་འཁོར་སོགས་ནས། ༀ་ཨཱཿཧཱུྃ། ལན་གསུམ་བར་དང་། མཆོད་རྫས་ཐམས་ཅད་ལ་བདུད་རྩི་བྲན་ཅིང་། ༀ་ཀརྨ་ཌཱ་ཀི་སོགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་སོགས་ཀྱིས་མཆོད་པ་བྱིན་བརླབ། ཤབྡའི་བར་དང་། ཌཱ་དྲིལ་བྱ། བདག་ཅག་རྣམས་ལ་


SPN003_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ནས་ཉམས་སུ་བླང་བར་བགྱིའོ། །བར། བྱང་ཆུབ་སེམས་ཀྱི་ཀུན་སློང་བྱ་བ་སྔོན་གྱི་ཕྱག་བཞེས་ལྟར་དང་། དེ་ནས་མགྲོན་བསྡུའི་དམིགས་པ་བཅས། བདག་ཅག་རྣམས་སོགས་ནས། དོན་དུ་འདུས་ཤིང་བརྗོད་ལ་རྐང་གླིང་ཁ་བརྡབ་ལན་གསུམ། དེ་ནས་ལན་གསུམ་འབུད་པའི་ཐོག་མར་རིང་བ། བར་བ་དེ་ལས་ཐུང་ཙམ་སྐད་འགྱུར་གཅིག་དང་ལྡན་པ། ཐ་མ་དེ་ལས་ཡང་ཐུང་བ་སྐད་འགྱུར་གསུམ་དང་ལྡན་པར་བྱ། དེ་ནས་ཕཊ་རིང་གསུམ་བརྗོད། སྐྱབས་ཡུལ་དམིགས་པ་བཅས་སྐྱབས་འགྲོ་བདུན་ནམ་ཉེར་གཅིག་སྐབས་དང་བསྟུན། ཡན་ལག་བདུན་པ་དང་། སེམས་བསྐྱེད་བཅས་བཏོན། སྐྱབས་ཡུལ་མི་དམིགས་པའམ་རང་ལ་བསྟིམ། སླར་ཚོགས་ཞིང་མདུན་གྱི་ནམ་མཁར་སོགས་ནས། ས་མ་ཛཿའི་མཐར་ཌཱ་དྲིལ་ཁྲོབ་བཀྲོལ། རྡོར་དྲིལ་ཐོགས་ལ། མ་ལུས་སེམས་ཅན་ནས། ཕྱག་འཚལ་བསྟོད་བར་དང་། ཕྱག་འཚལ་བ་དང་། མཆོད་སོགས་དང་། ག་ཏེའི་སྔགས་ཅི་ནུས་བཟླས་ལ། བྱིན་རླབས་བསྡུ་དམིགས་མཐར། ཕཊ་བརྗོད་བཞིན་པས་བདུད་རྩི་ཆུ་རྒྱུན་དམིགས་པའི་མཐར། མཆོད་ལྷ་སྤྲོས་ནས། སྟོང་གསུམ་རབ་འབྱམས་


SPN003_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་དང་གཏོང་ལེན་དམིགས་པ་སྦྱར། རིམ་སྐྱེས་འཕོ་བ་བྱས་ལ། མཎྜལ། ལྤགས་པ་གསེར་གྱི་ས་གཞི་མཐར། ཕཊ། རྗོད་བཞིན་དཀར་ཚོགས་ལམ་ཁྱེར་སྐོར་གསུམ་ཞེས་ཐོད་སྒྱེད་མའི་དམིགས་པ་བྱ། འཕེན་ལེན་དམར་འགྱེད་སྐོར་གསུམ། རྐང་གླིང་། གནས་གཉན་ས་སོགས་དང་། དེ་ནས། གནས་ཆོས་དབྱིངས་སོགས་གསོལ་འདེབས་རྣམས་རྒྱས་བསྡུས་སྐབས་དང་བསྟུན། བདུད་རྩི་བུམ་འགྱེད་མའི་དམིགས་པ་བྱ། རྗེ་བླ་མ་རྣམས་ལ་ཕྱག་འཚལ་སོགས་ནས་ཕ་བརྒྱུད་བསྟོད་པའི་མཐར་ཐོད་ཞལ་མའི་དམིགས་པ་བྱ། མ་ཡུམ་ཆེན་ཐུགས་ལས་སྤྲུལ་སོགས། ཐུགས་རྗེས་བཟུང་དུ་གསོལ། མཐར་འདོད་ཡོན་ལྔ་མཆོད་དམིགས་པ་བྱ། ཀྱེ་མ་མི་མིན་ཡེ་ཤེས་སོགས་ནས། མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །མཐར་བསྟབ་པ་གཡང་གཞི་མ་བྱ། ཀྱེ་མ་མི་མིན་ཡེ་ཤེས་སོགས་ནས། ཕྱག་འཚལ་བསྟོད་མཐར་བསྟབ་པ་མཆོག་ཕུར་མ་བྱ། དེ་རྣམས་ཀྱིས་མ་རྒྱུད་གསོལ་འདེབས་རྫོགས། མ་ནམ་མཁའ་ལྟ་བུའི་ཡུམ་ཆེན་སོགས་སྲས་བསྟོད་མཐར། ཕཊ་ཁ་ཤས་བརྗོད། མ་ཡུམ་ཆེན་ཐུགས་ལས་སྤྲུལ་སོགས། སྐལ་ལྡན་རྣམས་ལ་


SPN003_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་དུ་ཕོབ་བར། མཁའ་འགྲོ་འབུམ་བསྐུལ་འདི་མཐར་ཌཱ་དྲིལ་ཁྲོབ་བཀྲོལ་བཅས་ཕཊ་བརྗོད། དེ་ནས་ཚོགས་བདུད་རྩིས་བྲན་ལ། འབྲུ་གསུམ་དང་། ག་ཏེའི་སྔགས་བཅས་སོ་སོར་ལན་གསུམ་བཏོན་ནས་བྱིན་གྱིས་བརླབས་ལ། བཀའ་བརྒྱུད་ཚོགས་ལས། གནས་ཆོས་དབྱིངས་རྣམ་དག་གི་གཞལ་ཡས་སོགས་ནས། དབྱིངས་སུ་དྲོང་བར་དང་། མ་རྒྱུད་ཚོགས་ལས། མ་ཡུམ་ཆེན་ཐུགས་ལས་སྤྲུལ་སོགས་མཐར། ཕཊ་དང་། ཌཱ་དྲིལ་ཁྲོབ་བཀྲོལ་བྱའོ། །དེ་ནས་སྦྱིན་བདག་སོགས་ལུས་སྦྱིན་སོགས་དམིགས་བསལ་དགོས་པ་ཅན་ཡོད་ཚེ། རང་མདུན་གཞོགས་ཕབ་ཉལ་ཏེ་ཚོགས་རྫས་བཤམས་ལ་བདུད་རྩི་བྲན། བསྲེ་བ་གསུམ་སོགས་ལུས་ཚོགས་ཀྱི་དམིགས་པ་བྱས་ལ། ༀ་མ་ཅིག་མ་ལ་སོགས་དང་། དྲུག་པ་རྡོ་རྗེ་འཆང་ཆེན་བཏོན་ནས་བར་མཚམས་རྣམས་སུ་ཕཊ་བརྗོད། འདི་སྐབས་སྤྲོ་ན་གདོན་ཚོགས་དགུ་མའི་བསྟབ་པ་སྦྱར་ནས། སྟོང་གསུམ་གཞི་བདག་མན་ཆད་ནས། སོགས། ཕྱིན་བསྐྱུར་ལ། སླར་བསྲེ་འཕོའི་དམིགས་པ་བྱས་ནས། དབང་སྡུད་ནི། སྐད་ཅིག་གིས་བདག་ཉིད་དུར་ཁྲོད་ཀྱི་བདག་མོ་ཁྲོས་མ་སོགས་ནས་དམར་འགྱེད་དམིགས་པ་རྒྱས་པར་བྱས། གདོན་ཚོགས་དགུ་མའི་བསྟབ་པ་རྣམས་སོ་སོའི་


SPN003_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས། ཕཊ་བརྗོད། ཌཱ་དྲིལ་བཀྲོལ། མཆོག་གི་དངོས་གྲུབ་ཐོབ་པར་ཤོག །བར་དང་། མཐར། ཕཊ་བརྗོད། བསྡུ་ན། སྟོང་གསུམ་གཞི་བདག་སོགས་ནས། ལྷག་མ་མེད་པར་བཞེས་སུ་གསོལ། བར་དང་། དེ་ནས་ཚོགས་ཕུད་གཏོར་མ་ཕུལ་ལ། ཕྱི་སྣོད་འཇིག་རྟེན་གཏོར་གཞོང་སོགས། གཏོར་བསྔོ་བཏོན་མཐར། ཕཊ་བརྗོད། ཌཱ་དྲིལ་བྱ། ཚོགས་བརྒྱ་ལྟ་བུའི་གྲངས་གསོག་སྐབས། སྦྱིན་པ་རྒྱ་ཆེན་དང་། ཐམས་ཅད་ནམ་མཁའ༴ བདག་གིས་ལུས་མཆོད་སྦྱིན་སོགས་དང་། གཅོད་ཡུལ་ཉམས་སུ་ལེན་སོགས་དང་། ཁྱབ་པར་ཤོག་བར། ཕཊ་བརྗོད། སླར་ཡང་མཆོད་པ་རྣམས་ཁ་གསོ། བདུད་རྩི་བྲན། ཀརྨ་ཌཱ་ཀི་ནི་སོགས་དང་། མཆོད་པ་བྱིན་རླབས་དང་། མགྲོན་བསྡུ་བ་སོགས་སྔར་ལྟར་ལ། སྟོང་གསུམ་རབ་འབྱམས་མ་དང་། པགས་པ་གསེར་གྱི་ས་གཞི་གཉིས་འཁྲིགས་ཆགས་སུ་བཏང་། གསོལ་འདེབས། གནས་ཆོས་དབྱིངས་རྣམ་དག་དང་། སྤྱི་གཙུག་ཉི་ཟླའི་གདན་གཉིས་འདོན་རེས་བྱ། ཡུམ་ཆེན་ཤེར་ཕྱིན་དང་། མ་རྒྱུད་ཐབས་ཀྱི་བརྒྱུད་པ་གཉིས་འདོན་རེས་ཚོགས་ལས་སྐབས་འགྲེས་བསྐང་བསྡུ་བ་དང་། ཚར་རྗེས་མའི་སྐབས་སྤྲོ་ན་


SPN003_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་ཚོགས་དགུ་མའི་བསྟབ་པ་བྱ་བ་གོང་དུ་སྨོས་ལྟར་དང་། གཞན་རྣམས་དཀྱུས་བཞིན། བསྐང་བ་ལན་རྗེས་མ་བཏོན་ཅིང་། གཏོར་མ་བདུད་རྩིས་བྲན་ལ། འོག་མིན་ཆོས་དབྱིངས་སོགས་ཀྱི་སྐོང་བ་ཚང་མ་དང་། བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བར་བཏོན་མཐར། ཕཊ་དང་ཌཱ་དྲིལ་བྱ། དེ་ནས་རྣལ་འབྱོར་པ་རྣམས་ཚོགས་ལ་རོལ། ལྷག་མ་བསྡུ་ཞིང་། བདུད་རྩི་བྲན། དམིགས་པ་དང་བཅས་ཕྱོགས་བཞི་འཇིགས་རུང་། སོགས་ཀྱིས་ལྷག་མ་བསྔོས་མཐར། ཕཊ་དང་ཌཱ་དྲིལ། དེ་ནས་མཁའ་འགྲོ་གཏོར་འབུལ། འབྲུ་གསུམ་གྱིས་བྱིན་རླབས་དང་། ཀྱེ་མ་མི་མིན་ཡེ་ཤེས་མཁའ་འགྲོ་སོགས་མཐར། ཕཊ་དང་། ཌཱ་དྲིལ། དེ་ནས་མཆོད་པ་ཁ་གསོ། ༀ་གུ་རུ་དྷེ་ཝ་དྷཱ་ཀི་ནི་སོགས་ནས། ཨརྒྷཾ་ནས། ཤབྡ་བར་དང་། ནང་མཆོད་བདུད་རྩི་འབུལ་ཞིང་། བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་སོགས་དང་། སྨྲ་བསམ་བརྗོད་མེད་སོགས་ཀྱིས་བསྟོད། བཀའ་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་བསྟོད། །སོགས་འགྲེ། ཡི་དམ་ལྷ་ཚོགས༴ དཔའ་པོ་མཁའ་འགྲོ༴ ཆོས་སྐྱོང་སྲུང་མ༴ དེ་ནས། བདེ་བ་ལེགས་པ་ཇི་སྙེད་པ། །སོགས་ཀྱི་བཤགས་པའི་


SPN003_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

མཐར། ཌཱ་དྲིལ་དང་བཅས་ཡིག་བརྒྱ་ཚར་གསུམ། སྦྱིན་པ་རྒྱ་ཆེན་སོགས། ཐམས་ཅད་ནམ་མཁའ་མཛོད་སོགས། བདག་གིས་ལུས་མཆོད་སྦྱིན་སོགས་དང་། གཅོད་ཡུལ་ཉམས་སུ་ལེན་སོགས་ནས། ཁྱབ་པར་ཤོག་བར། ཕཊ། བརྗོད། རྗེས་ཀྱི་བྱ་བ། གྲོལ་ཉིན་ལྟ་བུར། བྱིན་འབེབས་དམིགས་པ་དང་བཅས། ཌཱ་དྲིལ་འཁྲོལ་ཞིང་། ཕཊ་བརྗོད་བཞིན། མ་ཡུམ་ཆེན་ཐུགས་ལས་སྤྲུལ་སོགས་མཐར་ཡང་། ཌཱ་དྲིལ་བཀྲོལ་ཞིང་། ཕཊ་བརྗོད་སྐྱབས་ཡུལ་བསྡུ་ཟིན་པ་དང་། ཞི་ཟླུམ་དམིགས་པ་བཅས་ཚེ་གཟུངས་བཟླ་ཞིང་། སྦྱིན་པའི་སྟོབས་ཀྱིས་སངས་རྒྱས་སོགས། ཤིས་པ་བརྗོད། དེ་ནས་རང་གཞན་ཐུགས་རྗེ་ཆེན་པོར་གསལ་བའི་ངང་ནས་མགྲོན་རྣམས་གཤེགས་གསོལ་དང་། དགེ་བ་འདི་ཡིས་སོགས། གཅོད་ཡུལ་ཕྱག་རྒྱ་ཆེན་པོ་འགྲུབ་གྱུར་ནས། སོགས་བརྗོད། ཆོས་དབྱིངས་ལྷུན་གྱིས་གྲུབ་པ་སོགས། བཀྲ་ཤིས་མེ་ཏོག་གིས་ཆར་བསྙིལ་བར་བྱའོ། །ཡང་དམིགས་བསལ་སྦྱིན་བདག་གལ་ཆེན་ལ་བྱིན་རླབས་དབང་བསྐུར་བྱེད་པར་སྤྲོ་ན། གྲོལ་ཉིན་ལྟ་བུར་སྟབས་བདེ་བས། གོང་གི་མཁའ་འགྲོ་བྱིན་འབེབས་ཀྱི་སྔོན་དེར།


SPN003_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མ་རྣམས་ལ་དང་པོ་ཆབ་བཏང་། མཎྜལ་འབུལ་ནས་གསོལ་འདེབས་རྒྱས་བསྡུས་གང་མོས་འདོན་ཤེས་ན་དཔོན་སློབ་མཉམ་དུ་གྱེར། དེ་ནས་མཁའ་འགྲོ་བྱིན་འབེབས་དམིགས་པ་དང་བཅས། མ་ཡུམ་ཆེན་ཐུགས་ལས་སོགས་ཏིང་ངེ་འཛིན་གྱིས་བྱིན་རླབས་འཕོ་དབང་གིས་སྨིན་པར་བྱས་ནས་གཞན་རྣམས་གཞུང་གོང་སྨོས་ལྟར་གྱི་བཀྲ་ཤིས་སོགས་མཐའ་རྒྱས་མཛད་པས་གྲུབ། གོང་མ་རྣམས་ཀྱི་གསུང་རྒྱུན་བཞིན། སི་ཏུ་པས་སྤེལ་བ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །སརྦ་མདྒ་ལྃ། །


previousཟབ་མོ་བདུད་ཀྱི་གཅོད་ཡུལ་ཚོགས་ལས་ཡོན་ཏན་ཀུན་འབྱུང་གི་འདོན་འགྲིགས་རབ་གསལ་མཐོང་བ་མྱུར་རྟོགས།next