Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  collapse section
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡེ་ཤེས་ཀྱི་མགོན་པོ་རྡོ་རྗེ་བེར་ནག་ཅན་གྱི་དྲག་མདོས་དགྲ་ཆོས་སུ་གྲགས་པའི་མདོས་དཀྲིས་ཀྱི་ཟིན་བྲིས།
   
   
   
   
  collapse section
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   


 
previousཡེ་ཤེས་ཀྱི་མགོན་པོ་རྡོ་རྗེ་བེར་ནག་ཅན་གྱི་དྲག་མདོས་དགྲ་ཆོས་སུ་གྲགས་པའི་མདོས་དཀྲིས་ཀྱི་ཟིན་བྲིས།next

ཡེ་ཤེས་ཀྱི་མགོན་པོ་རྡོ་རྗེ་བེར་ནག་ཅན་གྱི་དྲག་མདོས་དགྲ་ཆོས་སུ་གྲགས་པའི་མདོས་དཀྲིས་ཀྱི་ཟིན་བྲིས།


SPN003_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་མགོན་པོ་རྡོ་རྗེ་བེར་ནག་ཅན་གྱི་དྲག་མདོས་དགྲ་ཆོས་སུ་གྲགས་པའི་མདོས་དཀྲིས་ཀྱི་ཟིན་བྲིས་བཞུགས། །ན་མོཿ ཤྲཱི་མ་ཧཱ་ཀཱ་ལཱ་ཡ། སྲིད་པའི་དྲྭ་བ་ཡེ་ཤེས་འཁོར་ལོས་གཅོད། །སྡང་བའི་ཟུག་རྔུ་བྱམས་པའི་སྨན་གྱིས་བཅོས། །བདག་ཅག་རྣམས་ལ་ངུར་སྨྲིག་གར་རོལ་བ། །དཔལ་ལྡན་བླ་མ་མ་ཧཱ་ཀཱ་ལས་སྐྱོངས། །དེ་ལ་འདིར་དཔལ་ཡེ་ཤེས་ཀྱི་མགོན་པོ་རྡོ་རྗེ་བེར་ནག་པོ་ཅན་གྱི་དྲག་མདོས་དགྲ་ཆོས་སུ་གྲགས་པ་དགེ་འདུན་ཟུར་རིའི་ལུགས་གྱི་ཕྱག་སྲོལ་ལས་བྱུང་བ་མཐོང་བརྒྱུད་བར་མ་ཆད་པར་ཀུན་མཁྱེན་བསྟན་པའི་ཉིན་བྱེད་ཡབ་སྲས་ནས་བརྒྱུད་པ་རྣམས་རང་བློས་ཇི་ལྟར་དཔོག་པ་རེག་ཟིག་ཏུ་དགོད་པ་ལ་གསུམ་སྟེ། དང་པོ་ནི་སྟེགས་བུ་གྲུ་བཞི་པ་བང་རིམ་བཞིའི་སྟེང་དུ། གཏོར་ཞལ་གྱི་སྲོག་ཤིང་། འོག་ཏུ་གཏོར་སྟེགས་ལ་འཛུགས་རྒྱུ་ཕུར་བུ་མཐོ་ཕྱེད་དོ་སོགས་ཇི་ལྟར་འཚམས་ཡས་དང་། སྟེང་དུ་འཁོར་ཤིང་ཆ་ཕྲན་གཉིས་ཙམ་འཁོར་ལོའི་སྲབ་མཐུག་དང་བསྟུན་ནས།


SPN003_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་བརྙན་གྱི་སྲོག་ཤིང་དངོས་ལ་ཆ་ཆེན་བཅུ་གཅིག་པ། དེ་རྣམས་ཀྱི་སྦུ་གུ་ནི་སོ་སོའི་རྩིབས་དྲུག་ཏུ་འགྲོ་བ་ལས་ཟུར་དུ་སྦུ་གུ་ལ་ཆ་ཆེན་གཉིས་བཞག་དགོས་པ་མིན། མཆན། སྟེང་དུ་སྦུ་གུ་ཆ་ཆེན་གཉིས་དང་ལྡན་པ། དེའི་སྟེང་དུ་གདུགས་ཆེ་བའི་རྩིབས་ལ་འཕྲེད་རྒྱ་ཆ་ཆེན་བརྒྱད་དང་ལྡན་པ་ལ་རྩིབས་རྣམས་ཀྱི་སྣེར་གདུགས་ཤམ་ཆ་ཆེན་ལྔ་དང་ཆ་ཆུང་གསུམ་ཡོད་པ་ཕྱིར་གྱེད་ཀྱི་རྣམ་པ་བརྒྱད་འཛུགས། གདུགས་ཤམ་དེ་རྣམས་ཀྱི་འཕྲེད་རྒྱ་ཡང་ཆ་ཆེན་བཅུ་གཉིས་དང་ཆ་ཕྲན་གསུམ་ཙམ་འབྱུང་། ཐོད་གདན་ཆ་ཆེན་གཉིས་རེ་ཡོད་པ་བརྒྱད་ཅུང་ཟད་ཕྱིར་གྱེད་ཀྱི་རྣམ་པས་འཛུགས། །དེའི་སྟེང་དུ་ཙིཏྟ་ལ་མས་སྣེ་ཕུད་བུ་ཆ་ཆེན་གཉིས། སྣལ་འདུས་ཆ་ཆུང་གཉིས་ལྷག་ཙམ་དང་། ཡས་སྣེ་ཡང་སྣལ་འདུས་ཆ་ཆུང་གཉིས་ཙམ་ཡོད་པ། འཁོར་ཤིང་ཆ་ཕྲན་ཕྱེད་གཉིས་ཙམ་སྟེང་གི་གདུགས་འཁོར་གྱི་ལྟེ་བའི་སྲབ་མཐུག་དང་བསྟུན་དགོས། འདི་ལའང་སྦུ་གུ་ཆ་ཆེན་གཅིག་དང་ཆ་ཕྲན་གསུམ་འོང་དགོས། དེའི་བར་དུ་ཙིཏྟ་དངོས་ལ་ཆ་ཆེན་བརྒྱད་ཡོད་པ་ལ། འོག་ནས་ཆ་ཆེན་གཉིས་དང་ཆ་ཕྲན་གཅིག་གཞལ་མཚམས་ཐུར་མ་ཆ་ཆེན་བཞི་དང་ཆ་ཕྲན་གཅིག གདུགས་གཉིས་ཀའི་རྩིབས་ཀྱི་འཕྲེད་རྒྱ་ནི་ཕྱི་མཐར་ནས་ཕྱི་མཐར་གཞལ་བ་ཡིན། མཆན། ཡོད་པ་བརྒྱད་འཛུག་པ། དེའི་


SPN003_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་གདུགས་ཆུང་ལ་རྩིབས་ཀྱི་འཕྲེད་རྒྱ་ཆ་ཆེན་དྲུག་དང་ཆ་ཆུང་ཕྱེད་གཉིས་ཅུང་མེད་ཙམ། གདུགས་ཤམ་ཆ་ཆེན་གསུམ་དང་ཆ་ཕྲན་ཕྱེད་ཙམ་ཡོད་པ་བརྒྱད། འདིའི་གདུགས་ཤམ་དང་ཙིཏྟ་གདུགས་འོག་མའི་ཐོད་གདན་རྣམས་ཀྱི་སྣེ་མོ་བཅས་འཕྲེད་རྒྱ་མཉམ་པ་ཞིག་དགོས། དེའི་སྟེང་དུ་ཁྱུང་ཚང་ལ་མས་སྣེར་ཕུད་བུ་ཆ་ཆེན་གཅིག་དང་ཆ་ཕྲན་གསུམ། སྣལ་འདུས་ཆ་ཆུང་གཉིས་ལྷག་ཙམ། ཡས་སྣེར་སྣལ་འདུས་ཆ་ཆུང་གཉིས་ལྷག་ཙམ་དང་། དེའི་བར་དུ་ཁྱུང་ཚང་དངོས་ལ་ཆ་ཆེན་བདུན་ཡོད་པ་ལ། ཆ་ཕྲན་བདུན་རེའི་མཚམས་ན་ཐུར་མ་བཞི་རེ་འཛུག་པས་སྟེང་འོག་རིམ་གསུམ་ལ་ཁྱོན་ཐུར་མ་བཅུ་གཉིས་འབྱུང་། ཐུར་མ་དེ་རྣམས་ཀྱི་སྣེ་མོའང་སྟེང་འོག་གཉིས་པོ་མཚམས་དང་དབུས་མ་ཕྱོགས་སུ་བསྟན་དགོས། རིང་ཐུང་ནི་དབུས་མའི་ཐུར་མ་བཞི་ལ་ཆ་ཆེན་གསུམ་ཆ་ཕྲན་གསུམ་ཙམ་དགོས། སྟེང་འོག་གི་ཐུར་མ་བརྒྱད་པོ་ལ་དེ་ལས་ཆ་ཕྲན་ལྷག་ཙམ་ཐུང་ན་ལེགས། འདི་ལ་སྦུ་གུ་ཆ་ཆེན་གཉིས་ངེས་པར་དགོས། དེའི་སྟེང་དུ་དཔལ་བེའུ་ལ་ཆ་ཆེན་དྲུག་དང་ཆ་ཕྲན་རེ་ཡོད་པའི་ཐུར་མ་དྲུག་རེ་ཕན་ཚུན་བསྣོལ་བ་ལ་ཁྱོན་ཐུར་མ་བཅུ་གཉིས་དགོས། དེའི་སྟེང་དུ་ཟླ་བ་ལ་ལེབ་ཆགས་ཟླ་བ་གམ་པ་ལྟ་བུ་ཞིག་


SPN003_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྣེ་མོ་གཉིས་དང་ཕྱི་ནས་རིམ་བཞིན་རྩིབས་ཇི་ལྟར་འཚམས་པ་ཚུགས། དེའི་སྟེང་དུ་ཉི་མ་དང་ནོར་བུ་མིག་གསུམ་བཅས་པ་ལྟེ་བ་ཟླུམ་པོ་ལེབ་ཆགས་ལ་ཕྱི་ནས་ཐུར་མ་བརྒྱད་རེ་འཛུགས་དགོས་དཔལ་བེའུ། ཁྱུང་ཚང་། གདུགས་ཆུང་བའི་ཐོད་ར་བཅས་འཕྲེད་རྒྱ་མཉམ་པ་ཞིག་འོང་། གཉིས་པ་ནི། སྣལ་མ་ཇི་ལྟར་དཀྲི་པའི་ཚུལ་བཤད་པར་བྱའོ། །དེ་ལ་གདུགས་གཉིས་ཀྱི་ལྟེ་བ་ནི་རྩིབས་རྣམས་ཆ་གསུམ་རེར་བགོས་པའི་ལྟེ་བའི་ཕྱིར་ནས་ཆ་གཉིས་རེའི་མཚམས་བར་རྩིབས་རྣམས་རེ་རེ་བཞིན་སྣལ་མས་དཀྱུད་རྒྱབ་ནས་སྒོར་མོར་བསྐོར་ནས་འགྲོ་དགོས་པས་དེ་ཤེས་སླ། དེ་ནས་གདུགས་འོག་མའི་ཕྱིའི་ཆ་གཅིག་ལུས་པ་པདྨ་འདབ་བརྒྱད་འོང་དགོས་པས། དེ་ནི་རྩིབས་གང་ཡང་རུང་བ་ཞིག་ལ་རྩིབས་དང་པོ་ཞེས་ངོས་འཛིན། དེ་ནས་གཉིས་ནས་བརྒྱད་པའི་བར་མ་ནོར་བར་བྱས། རྩིབས་དང་པོ་ལ་སྣལ་མ་འདོགས་ནས། རྩིབས་གཉིས་པའི་སྟེང་ནས་སོང་། གསུམ་པ་ལ་དཀྱུད་གཅིག་རྒྱབ། བཞི་པའི་སྟེང་ནས་སོང་། ལྔ་པ་ལ་དཀྱུད་གཅིག་རྒྱབ། དྲུག་པའི་སྟེང་ནས་སོང་། བདུན་པ་ལ་དཀྱུད་གཅིག་རྒྱབ། བརྒྱད་པའི་སྟེང་ནས་སོང་། སླར་ཡང་དང་པོ་ལ་དཀྱུད་གཅིག་རྒྱབ། གཉིས་པ་ལའང་


SPN003_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱུད་གཅིག་རྒྱབ། གསུམ་པའི་སྟེང་ནས་སོང་། བཞི་པ་ལ་དཀྱུད་རྒྱབ་པ་རིགས་འགྲེས་ནས། བརྒྱད་པ་ལ་དཀྱུད་གཅིག་རྒྱབ། དང་པོའི་སྟེང་ནས་སོང་། གཉིས་པ་ལ་དཀྱུད་གཅིག་རྒྱབ། གསུམ་པ་ལ་དཀྱུད་གཅིག་རྒྱབ། བཞི་པའི་སྟེང་ནས་སོང་། ལྔ་པ་ལ་དཀྱུད་རྒྱབ་པ་རིགས་འགྲེས་པས་པད་འདབ་ཇི་ལྟ་བ་ཞིག་འོང་། གདུགས་སྟེང་མའི་རྩིབས་རྣམས་ནི། འཁོར་ལོ་རྩིབས་བརྒྱད་ཡོང་དགོས། དེ་ཡང་སྔ་མ་ལྟར་རྩིབས་གང་ཡང་རུང་བ། དང་པོར་བྱས་པའི་རྩིབས་དང་པོ་ལ་སྣལ་མ་འདོགས། གཉིས་པ་དང་། གསུམ་པའི་སྟེང་ནས་སོང་། བཞི་པ་ལ་དཀྱུད། ལྔ་པ་དང་དྲུག་པའི་སྟེང་ནས་སོང་། བདུན་པ་ལ་དཀྱུད། བརྒྱད་པ་དང་དང་པོའི་སྟེང་ནས་སོང་། གཉིས་པ་ལ་དཀྱུད་རྒྱབ་པ་སོང་། མདོར་ན་པད་འདབ་ནི་སྔ་མ་དང་སྟེང་མའི་སྣེ་འཕྲད་མཚམས་མ་གཏོགས་རྩིབས་རེ་རེ་བོར་བའི་སར་དཀྱུད་དགོས། འཕྲད་མཚམས་རྣམས་བོར་རྒྱུ་མེད། འཁོར་ལོ་ནི་རྩིབས་གཉིས་རེ་བོར་ནས་དཀྱུད་པ་མཐར་ཆགས་སུ་འགྲོ་ཆོག །གདུགས་ཤམ་ནི་ཆེ་ཆུང་གཉིས་ཀ་འདྲ་བར། རྩིབས་གང་ཡང་རུང་བ་དང་པོར་བྱས་པའི། བརྒྱད་པའི་བར་ངོས་ཟིན་པར་བྱ། དེ་ཡང་


SPN003_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ཐུར་མ་རྣམས་རིང་ཐུང་སྙོམས་པར་ཆ་ལྔ་རེ་བགོས་པའི་བར་རྣམས་སུ་མཚན་མ་བྱས་པས་རྟགས་བཞི་འབྱུང། དེ་ནས་ཐུར་མ་དང་པོ་རྟགས་དང་པོ་ལ་སྣལ་མ་འདོགས། ཐུར་མ་གཉིས་པའི་རྟགས་གཉིས་པར་དཀྱུད། གསུམ་པའི་གསུམ་པར་དཀྱུད། བཞི་པའི་རྟགས་བཞི་པར་དཀྱུད་པའི་བར་གྱེན་དུ་ཡར་འགྲོ། ལྔ་པའི་རྟགས་བཞི་པའི་སྟེང་ནས་སོང་། དྲུག་པའི་རྟགས་བཞི་པར་དཀྱུད། བདུན་པའི་རྟགས་གསུམ་པར་དཀྱུད། བརྒྱད་པའི་རྟགས་གཉིས་པར་དཀྱུད། དང་པོའི་རྟགས་དང་པོར་དཀྱུད་བར་ཐུར་དུ་མར་སོང་། དེ་ནས་གཉིས་པའི་རྟགས་དང་པོར་དཀྱུད། གསུམ་པའི་གཉིས་པ་ནས། ལྔ་བའི་བཞི་པ་བར་གྱེན་དུ་ཡར་དཀྱུད། དྲུག་པའི་སྟེང་ནས། བདུན་པའི་བཞི་པ་ནས་མར་གཉིས་པའི་དང་པོ་བར་ཐུར་དུ་དཀྱུད། གསུམ་པའི་དང་པོའི་སྟེང་ནས་ཡར་དྲུག་པའི་བཞི་པ་བར་གྱེན་དུ་དཀྱུད། བདུན་པའི་བཞི་སྟེང་ནས་སོང་། བརྒྱད་པའི་བཞི་པ་ནས་མར། གསུམ་པའི་དང་པོ་བར་ཐུར་དུ་དཀྱུད། བཞི་པའི་དང་པོ་ནས་ཡར། བདུན་པའི་བཞི་པ་བར་གྱེན་དུ་དཀྱུད། བརྒྱད་པའི་བཞི་སྟེང་ནས། དང་པོའི་བཞི་པ་ནས་མར་གསུམ་པའི་དང་པོ་བར་ཐུར་དུ་དཀྱུད། བཞི་པའི་དང་པོ་ནས་


SPN003_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཡར། བརྒྱད་པའི་བཞི་པ་བར་གྱེན་དུ་དཀྱུད། དང་པོའི་བཞི་པའི་སྟེང་ནས་སོང་། གཉིས་པའི་བཞི་པ་ནས་མར། ལྔ་པའི་དང་པོ་བར་ཐུར་དུ་དཀྱུད། དྲུག་པའི་དང་པོ་ནས་ཡར། དང་པོའི་དང་པོ་བར་གྱེན་དུ་དཀྱུད། གཉིས་པའི་བཞི་སྟེང་ནས་སོང་། གསུམ་པའི་བཞི་པ་ནས་མར། དྲུག་པའི་དང་པོ་བར་ཐུར་དུ་དཀྱུད། བདུན་པའི་དང་པོ་ནས་ཡར། གཉིས་པའི་བཞི་པ་བར་གྱེན་དུ་དཀྱུད། གསུམ་པའི་བཞི་སྟེང་ནས་སོང་། བཞི་པའི་བཞི་པ་ནས་མར། བདུན་པའི་དང་པོ་བར་ཐུར་དུ་དཀྱུད། བརྒྱད་པའི་དང་པོ་ནས་ཡར། གསུམ་པའི་བཞི་པ་བར་གྱེན་དུ་དཀྱུད། བཞི་པའི་བཞི་སྟེང་ནས་སོང་། ལྔ་པའི་བཞི་པ་ནས་མར། བརྒྱད་པའི་དང་པོ་བར་ཐུར་དུ་དཀྱུད། དང་པོའི་དང་པོ་དཀྱུད་པས་སྣལ་མ་རྐྱང་འདེད་ཀྱི་བསྐོར་བ་གཅིག་འཁོར་བས། སྔ་མ་ལྟར་དང་པོའི་དང་པོ་ནས་གྱེན་དུ་འགྲོ་བ་སོགས་འགྲོ་ལུགས་གཅིག་པོ་དེས་འཐུས། ཐོད་གདན་ནི། རྩིབས་དང་པོ་ལ་སྣལ་མ་འདོགས། ཕྱི་ནས་དཀྲིས་སྐོར་གཅིག་བྱས། གཉིས་པ་ལ་དཀྱུད། ཡང་དཀྲིས་སྐོར་གཅིག་བྱས། གསུམ་པར་དཀྱུད། ཡང་དཀྲིས་སྐོར་ནས་བཞི་པས་ལྔ་བར་དཀྱུད་པར་སོགས་རིམ་གྱིས་


SPN003_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས་བརྒྱད་པར་དཀྱུད་པའི་སར་སོང་ནས་དཀྲིས་བསྐོར་གྱིས་དང་པོར་དཀྱུད་པ་སོགས་སྔ་མ་ལྟར་བྱས་པས་ཤེས་སླ། ཙིཏྟ་ནི་འོག་གི་སྣལ་འདུས་ཀྱི་ཐེམ་ལ་སྣལ་མ་འདོགས་ནས། རྩིབས་གང་རུང་ཞིག་དང་པོར་བྱས་པའི་རྩིབས་དང་པོ་ལ་དཀྱུད་གཅིག་རྒྱབ། སྟེང་ནས་ལེན། རྩིབས་གཉིས་པར་དཀྱུད། འོག་ནས་ལེན། ཡང་དང་པོར་དཀྱུད་ནས་སྟེང་གི་སྲོག་ཤིང་གི་སྣལ་འདུས་སར་དཀྱུད། སླར་ཡང་རྩིབས་དང་པོ་ལ་དཀྱུད་ནས་འོག་གི་སྣལ་འདུས་སར་དཀྱུད། རྩིབས་གཉིས་པར་དཀྱུད། སྟེང་ནས་ལེན། གསུམ་པར་དཀྱུད། འོག་ནས་ལེན། ཡང་གཉིས་པར་དཀྱུད་ནས་སྟེང་གི་སྣལ་འདུས་མཚམས་སུ་དཀྱུད། སླར་ཡང་གཉིས་པར་དཀྱུད། འོག་གི་སྣལ་འདུས་མཚམས་སུ་དཀྱུད་ནས། རྩིབས་གསུམ་པར་དཀྱུད་ནས་སྟེང་དུ་ལེན་སོགས་སྔར་གྱི་འགྲོས་དེ་མ་ནོར་བར་རིམ་གྱིས་འདེད་པས་འཐུས། ཁྱུང་ཚང་ནི་དབུས་མའི་རྩིབས་གང་རེད་ཅིག་ཤར་ཕྱོགས་ཀྱི་རྩིབས་སུ་ངོས་འཛིན་པ་དེས་ལྷོ་ནུབ་བྱང་བཅས་ཤེས། དེས་སྟེང་འོག །རྩིབས་རྣམས་ཤར་ལྷོ་ཕྱོགས་མཚམས་སུ་བསྟན་པ་ཡང་མ་ནོར་བར་བརྟགས། དེ་ནས་འོག་གི་སྲོག་ཤིང་སྣལ་འདུས་སུ་སྣལ་མ་འདོགས་ནས་ཡར། འོག་གི་ཤར་ལྷོ་


SPN003_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

རྩིབས་ལ་དཀྱུད་གཅིག །དེ་ནས་གྱེན་དུ་རིམ་བཞིན་དབུས་མའི་ཤར་གྱི་རྩིབས་ལས་དཀྱུད། སྟེང་མའི་བྱང་ཤར་གྱི་རྩིབས་ལ་དཀྱུད་གཅིག་བརྒྱབ་ནས་སྟེང་གི་སྲོག་ཤིང་གི་སྣལ་འདུས་མཚམས་དཀྱུད་གཅིག་ནས་ཕྱིར་འོང་། སྟེང་གི་བྱང་ཤར་གྱི་རྩིབས་ལ་དཀྱུད་གཅིག །དབུས་མའི་ཤར་རྩིབས་ལ་དཀྱུད་གཅིག །འོག་མའི་ཤར་ལྷོ་རྩིབས་ལ་དཀྱུད་ནས་འོག་གི་སྲོག་ཤིང་ལ་ཕྱི་དཀྱུད་བྱས་པ་སོགས་དོན་དུ་ནི་དང་པོ་འོག་ནས་གསེག་འགྲོས་ཀྱིས་གྱེན་དུ་སོང་། སླར་སྔོན་མའི་འགྲོས་ལྟར་ཐུར་དུ་གསེག་འགྲོས་ཀྱིས་ཕྱི་ནུད་བྱས་པ་ཡིན། དེ་བཞིན་དུ་བྱང་ཤར། འོག བྱང་། དབུས། ནུབ་བྱང་སྟེང་ནས་སྲོག་ཤིང་ལ་དཀྱུད་དེ་ཕྱིར་འགྲོས་ཀྱིས་ནུབ་བྱང་། བྱང་། བྱང་ཤར་ནས་སྲོག་ཤིང་ལ་ཕྱི་དཀྱུད་བྱས་པ་སོགས་རིམ་བཞིན་གོང་གིས་རིགས་འགྲེས་པས། མཐར་འོག་གི་ལྷོ་ནུབ་ཀྱི་རྩིབས་ནས་འོག་གི་སྲོག་ཤིང་ལ་ཕྱི་དཀྱུད་བྱས་པ་ཞིག་འོང་། ཡང་འོག་ནས་ཡར་ལྷོ་ནུབ་ཀྱི་རྩིབས་ལ་དཀྱུད་པས་བར་མའི་ནུབ་ཀྱི་རྩིབས་ལ་དཀྱུད། སྟེང་མའི་ནུབ་བྱང་གི་རྩིབས་ལ་དཀྱུད་ནས། སྲོག་ཤིང་ལ་དཀྱུད་དེ། སླར་ཡང་ཕྱི་འགྲོས་བྱས་པས། འོག་གི་ལྷོ་ནུབ་རྩིབས་ནས་མར་སྲོག་ཤིང་ལ་དཀྱུད་པ་ནས། ཡང་


SPN003_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཡར་ནུབ་བྱང་། བྱང་ཤར་ནས་སྟེང་གི་སྲོག་ཤིང་ལ་དཀྱུད་པ་སོགས་སྔ་མས་རིགས་འགྲེས་ཏེ། མཐར་འོག་གི་ཤར་ལྷོ་ནས་མར་སྲོག་ཤིང་ལ་ཕྱི་དཀྱུད་བྱས་པ་ཞིག་འོང་། ཡང་ཡར་འོག་གི་བྱང་ཤར་རྩིབས་ལ་དཀྱུད་བྱས་སྟེང་ནས་ཐད་དུ། ནུབ་བྱང་། ལྷོ་ནུབ། ཤར་ལྷོའི་རྩིབས་རྣམས་ལ་དཀྱུད་རེ་རེ་བྱས་པ། ཡང་བྱང་ཤར་གྱི་རྩིབས་ལ་དཀྱུད་བྱས། འོག་ནས་ཐད་དུ། ཤར་ལྷོ། ལྷོ་ནུབ། ནུབ་བྱང་། བྱང་ཤར་རྩིབས་རེ་རེ་བཞིན་དཀྱུད་ནས་སླར་གྱེན་དུ་སོང་། བར་མའི་ཤར་གྱི་རྩིབས་ལ་དཀྱུད། སྟེང་ནས་ཐད་དུ། བྱང་། ནུབ། ལྷོ། ཤར་བང་རིམ་བཞིན་སྔར་ལྟར། དཀྱུད་ནས། ཡང་འོག་ཏུ་ཐད་ནས། ལྷོ། ནུབ་བྱང་། ཤར་བར་རྩིབས་རེ་རེ་བཞིན་སྔར་བཞིན་དཀྱུད་ནས་གྱེན་དུ་སོང། སྟེང་མའི་ཤར་ལྷོ་རྩིབས་ལ་དཀྱུད། སྟེང་ནས། ཐད་དུ། བྱང་ཤར། ནུབ་བྱང་། ལྷོ་ནུབ། ཤར་ལྷོའི་བར་རྩིབས་རེ་རེ་བཞིན་སྔར་བཞིན་དཀྱུད། འོག་ནས་ཐད་དུ། བྱང་ཤར། ནུབ་བྱང་། ལྷོ་ནུབ། ཤར་ལྷོ་བར་རྩིབས་རེ་རེ་བཞིན་དཀྱུད་ནས་གྱེན་དུ་སོང་སྲོག་ཤིང་ལ་དཀྱུད་གཅིག་བྱས་པས་སྣལ་འགྲོས་གཅིག་རྫོགས་པ་ཡིན། ད་ནི་སྣལ་འགྲོས་སྔ་མ་རྣམས་ལྟར་མ་ནོར་བར་འདེད་ཤེས་པར་འཚལ། དཔལ་བེའུ་ནི་ཕྱག་ལེན་མཐོང་བརྒྱུད་བཞིན་ལས་རེ་


SPN003_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་འདིར་བཤད་པའི་སྤྲོས་པ་བསྐྱུངས། ཉི་ཟླ་ནོར་བུ་རྣམས་ནི། འཁོར་ལོ་ལྟེ་བའི་རྩིབས་རེ་རེ་བཞིན་ཕྱི་ནས་དཀྱུད་རྒྱབ་པས་ཕྱི་ནང་གཉིས་ཀ་ལ་འགྲོ་དགོས། ཟླ་བ་ནི་ཆ་གང་བའི་ཕྱོགས་མ་གཏོགས་ཟད་པའི་ཕྱོགས་སུ་དཀྲི་མི་དགོས། སྣལ་མ་དེ་དག་གི་ཁ་དོག་ཀྱང་། ལྟེ་བར་ཚོན་གྱིས་མདོངས་ནས། དམར། སྔོ། སྐྱ་བོར་བཤད་ཀྱང་ཅི་མཛེས་བྱས་པས་འཐུས། ཉི་མ་དམར་སེར། ཟླ་བ་དཀར་པོ། དཔལ་བེའུ་ནི། ནང་ནས་རིམ་བཞིན། ནག སྔོ། དམར། སེར། ལྗང་། ཁྱུང་ཚང་སྔོ། ནག དམར། སེར། ལྗང་། ཙིཏྟ་ནང་ནས་རིམ་བཞིན། དཀར་པོ། རྩ་། ནག ཁྲག དམར། ཤ སེར། ཚིལ། ལྗང་བཅས། གདུགས་ཤམ་གཉིས། ནག དམར། སེར། ལྗང་། གདུགས་ཆེ་བའི་གོང་རྩིབས། ལྗང་། ནག དམར། དཀར། སེར། གདུགས་ཆུང་བའི་གོང་རྩིབས། སེར། དཀར། དམར། ནག ལྗང་། གདུགས་འོག་མའི་པདྨ་རྩིབས། ལྗང་། དཀར། དམར། སེར། ལྗང་། གདུགས་སྟེང་མའི་འཁོར་ལོའི་རྩིབས་ཀྱང་དེ་བཞིན་བྱེད་སྲོལ་འདུག །ཞར་བྱུང་ནམ་ཆུང་ཉེར་དགུ་དགོས་པ། གྱེན་སྲིད་ཆ་ཆེན་བཞི་དང་ཆ་ཕྲན་གཉིས།


SPN003_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གང་བདེ། འཕྲེད་དུ་ཆ་ཆེན་གཉིས། ཁ་དོག །ཤར་ཞི་བའི་ཤེལ་མིག་དཀར་པོ་གསུམ། ལྷོ་རྒྱས་པའི་གསེར་མིག་སེར་པོ་གསུམ། ནུབ་དབང་གི་མཚལ་མིག་དམར་པོ་གསུམ། བྱང་དྲག་པོའི་ལྗང་མིག་ལྗང་གུ་གསུམ། དྲེགས་པ་རྐྱ་གསུམ། ཕྱོགས་བཅུ་མགོན་པོ་རྒྱལ་ཆེན་བཞི་སོགས་རང་མདོག །རྩང་ཕུར་ཆ་ཆེན་བཞི་ལྷག་ཡོད་པ། ཕོ་གཙང་ནག་པོ་བརྒྱ་བརྒྱད། མོ་གཙང་དམར་པོ་བརྒྱ་བརྒྱད། འབུལ་རྩང་ཆ་ཆེན་གསུམ་ཙམ་ཡོད་པ་སུམ་བརྒྱ་ལྷག །ཟློག་བྱང་ནང་ངོས་བྷྱོ་ཟློག །ཕྱི་ཁྲམ་རིས་ཅན་བརྒྱ་བརྒྱད། མདའ། འཕང་། རྒྱངས་བུ་བཅུ་གསུམ་རེ་དགོས། གསུམ་པ་ལ། གཙོ་བོ་གཏོར་ནག་ཟུར་གསུམ་པ་ཟུར་གཅིག་ལ་ཞལ་བརྙན་ཁྲོས་རྔམས་དང་ལྡན་པ། ལོགས་གསུམ་ལ་དྲེགས་པ་རྐྱ་གསུམ་གྱི་དམར་གཏོར་གསུམ། ཕྱི་ནས་རིམ་བཞིན་ནག་པོ་ཡབ་ཡུམ་བརྒྱད་ལ་དམར་གཏོར་བརྒྱད། བང་རིམ་གཉིས་པར་ཕྱོགས་བཅུ་མགོན་པོ་ལ་དམར་གཏོར་བཅུ། གསུམ་པར་དྲེགས་པ་དོན་གཉིས་ལ་དམར་གཏོར་ཆེ་བ་བརྒྱད་ལ། འཁོར་བརྒྱད་རེས་བསྐོར་བ། བཞི་པར་མ་བདུན་སྲིང་བཞི་སོགས་ལ་ཁྲག་ཀོང་དོན་གཉིས། རྩང་རའི་ནང་དུ་རྒྱལ་ཆེན་ལ་དཀར་གཏོར་བཞི། དམག་


SPN003_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བཞི་ལ་ཁྲག་ཀོང་བཞི་དང་། གཞན་ཡང་མདོས་རྫས་ཀྱི་གཏོར་སྤར་ཡོད་རིགས་དགྲ་ཆོས་གཞུང་གི་ཡིག་ཆུང་ནས་འབྱུང་བ་ལྟར་བཤམས་དགོས། དེ་ནས་ཕོ་རྩང་གཡས་བསྐོར་དང་། མོ་རྩང་གཡོན་བསྐོར་གྱིས་འཁོར་བར་བྱ། ཕྱི་ནས་མགོ་ཕྲེང་དང་། གཅན་གཟིག་གཡང་ཤུན་སོགས་ཕྱག་བཞེས་ལྟར་དགོད་ནས། སྣལ་མ་སྔོ་དམར་གྱིས་དཀྲིས་པ་བཅས་ཞིབ་ཆ་མཐོང་རྒྱུན་ལྟར་དང་། གདུགས་རྩིབས་ནས་དཔལ་བེའུ་ཕྱིན་གྱི་རྩིབས་རྣམས་བྱ་སྤུས་བརྒྱན་ཅིང་། གདུགས་ཤམ་གཉིས་ཀྱི་རྩིབས་ཀྱི་བར་བར་དུ་དར་སྣ་ལྔས་བརྒྱན་པ་སོགས་ཕྱག་སྲོལ་མཐོང་བརྒྱུད་བཞིན་དུ་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་རྗེས་འཇུག་རྣམས་ལ་ཉེ་བར་མཁོ་བ་མཐོང་ནས་ཟླ་༡༡ ཚེས་༢༨དགེ་བར་ཡང་དབེན་ནས་སི་ཏུ་མིང་གིས་ཟིན་ཐོར་བཏབ་པ་འགྲོ་ཀུན་བདུད་བཞིའི་གཡུལ་ལས་རྒྱལ་བའི་རྒྱུར་གྱུར་ཅིག །ཛ་ཡ་ཛ་ཡ་སུ་ཛ་ཡ། །


previousཡེ་ཤེས་ཀྱི་མགོན་པོ་རྡོ་རྗེ་བེར་ནག་ཅན་གྱི་དྲག་མདོས་དགྲ་ཆོས་སུ་གྲགས་པའི་མདོས་དཀྲིས་ཀྱི་ཟིན་བྲིས།next