Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  collapse section
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གསོ་སྦྱོང་གི་ཕྱག་ལེན་ཉུང་ངུ་རྣམ་གསལ།
   
   
   
  collapse section
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   


 
previousགསོ་སྦྱོང་གི་ཕྱག་ལེན་ཉུང་ངུ་རྣམ་གསལ།next

གསོ་སྦྱོང་གི་ཕྱག་ལེན་ཉུང་ངུ་རྣམ་གསལ།


SPN003_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

སྭ་སྟི། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །སྡོམ་པ་གསོ་ཞིང་ཉེས་ལྟུང་སྦྱོང་བའི་ཕྱིར། །ཆོས་སྒོར་ཞུགས་རྣམས་ཚུལ་འདིར་འབད་པར་སྤྲོ། །དེ་ལ་འདིར་ཉ་སྟོང་སོགས་གསོ་སྦྱོང་གི་ཉིན་སྟེགས་ཀྱི་ཁར་སྟོན་པ་མཆོག་གི་སྐུ་བརྙན། གཡས་གཡོན་


SPN003_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསུང་རབ་དང་། མཆོད་རྟེན་བཤམས་པའི་མདུན་མཆོད་པ་སྣ་ལྔ་གཙོས་ཇི་ལྟར་འབྱོར་པའི་མཆོད་པ་དང་། རྐང་གསུམ་ལ་གཞི་བདག་གི་དཀར་གཏོར་བཤམས། དེ་ནས་མཆོད་དཔོན་གྱིས་ཆོས་གོས་གྱོན། ཐོག་མར་གཎྜི་ལ་ཕྱག་གསུམ་ཐང་ཤད་མེད་འབུལ། གཟན་ཕབ་གཎྜིའི་ཡུ་བ་ཕྲག་པར་བཀལ་ནས། བརྡུང་ལུགས་ཤད་ཚ་ལན་གསུམ་དལ་བུས་བཤད་ནས། གཅིག་ནས་བཅོ་བརྒྱད་བར་ཇེ་ཆེར་བརྡུང་བ་དང་། བཅུ་དགུ་ནས་སོ་དྲུག་བར་ཇེ་ཆུང་ཐོག་ཏུ་རྒྱུད་གཅིག་དང་། རོབ་གསུམ་ཞེས་ཆེ་བརྡེག་བསྟུད་མ་གསུམ་གྱིས་འཇོག །སྒྲ་དང་བསྟུན་དགེ་སློང་རྣམས་གདིང་བ་ཆོས་གོས་ཕྲག་ཏུ་འཕེན། སྣམ་སྦྱར་བསྣམས་ཏེ་གཙུག་ལག་ཁང་དུ་འདུས་ནས། བསླབ་པ་རྒན་པ་རྣམས་གཡས་གྲལ་དང་། གཞོན་པ་རྣམས་གཡོན་གྲལ་གྱི་གདིང་བ་ཆེ་བའི་ཚད་ཅན་རྣམས་ཁུག་པ་རང་གི་གཡས་དང་རྒྱབ་ཏུ་སྟོན། མདུན་དང་གཡོན་ཕྱོགས་སུ་བཅད་ཁ་ཡོད་པ། ལེའུ་ཁ་གཡས་སུ་གྱུ་བ་བྱེད་ནས་བཏིང་། རྒྱུན་གདིང་ཆུང་ཚད་ཅན་རྣམས་ཁུག་པ་དང་ལེའུ་གཡས་སུ་སྟོན་ནས་བཏིང། ཆོས་གོས་གསོལ། སྣམ་སྦྱར་མདུན་དུ་བཞག །པུས་མོ་སར་བཙུགས། གཟན་ཕབ། ཐལ་མོ་བསྣོལ་ནས་གུས་འདུད་ཀྱིས་བཞུགས། གསོ་སྦྱོང་འདི་ལ་བཞུགས་ཚུལ་གྱི་ཀུན་སྤྱོད་མཐུན་པ་ཙམ་དུ་མ་ཟད། ཐམས་ཅད་ནས་བསམ་པ་རྣམ་པར་དག་པ་མཐུན་དགོས། དེ་ལས་ལྡོག་


SPN003_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ན་ལས་མི་ཆགས་པས་སླ་ཆོས་མི་མཛད་པ་གལ་ཆེ། ཚུལ་ཕྱག་དང་འདུད་ཕྱག་གི་ཁྱད་པར་ཡང་། མདོ་རྩ་བར་སོ་སོར་ཐར་པའི་སྡོམ་པས་མཆོག་ལ་རབ་ཏུ་བྱུང་བས་ཕྱག་བྱའོ། །མཉམ་ན་རྒན་པ་ལའོ། །ཞེས་དང་། ཁྱིམ་པས་རབ་ཏུ་བྱུང་བ་ལའོ། །ཐམས་ཅད་ཀྱིས་སངས་རྒྱས་ལའོ། །ཞེས་སོགས་རྒྱས་པར་གསུངས་པ་ལྟར། ཐམས་ཅད་ཀྱིས་དཀོན་མཆོག་ལ་དམིགས་ཚེ་ཕྱག་ལས་ཐང་ཤད་གཏན་ནས་མི་འོས་ཤིང་། བསླབ་པ་རྒན་པས་གཞོན་པ་ལ་ཐང་ཤད་དམ་ཚུལ་ཕྱག་ལས་འདུད་ཕྱག་མི་ཐོབ། གཞོན་པས་རྒན་པ་ལ་འདུད་ཕྱག་ལས་ཚུལ་ཕྱག་མི་འོས་པས་དེ་ལྟར་སོ་སོར་མ་འདྲེས་པ་ལས། ཕྱག་དང་ཐང་ཤད་ཆབས་ཅིག་མཛད་པ་འདི་གཞུང་དང་འགལ་ཚུལ་གོ་དགོས། དེ་ནས་ཐོག་མར་བྱང་འདྲེན་པས་བསྐུལ་ཏེ་སོ་ཐར་སྡོམ་རྒྱུན། ཟླ་བྲལ་ཐུབ་དབང་སོགས། ཉེ་བར་འཁོར་ལྟར་བག་ཡོད་ཤོག །ཅེས་ཆོས་ཁྲིམས་པས་སྣམ་སྦྱར་གསོལ་ནས་ཕྱག་གསུམ་བཙལ། ཐང་ཤད་མེད་མཆན། གཟན་ཕྲག་ཁྱེར། འགྲེང་འདུད་ཐལ་སྦྱར་བཅས། བསྟན་པ་རིན་པོ་ཆེན་པོའི་སོགས། མཁན་པོ་བཞུགས་ཚེ། མཁན་པོ་ཞེས་བརྗོད། གཞན་བསླབ་པ་བགྲེས་པ་ཡིན་ན། གནས་


SPN003_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་འདུལ་བ་འཛིན་པས་གཙོ་མཛད། ཅེས་སོ་སོར་སྐབས་ཕྱེད་པས་མདོ་བསྐུལ་འཕྲལ། འདུས་པ་ཐམས་ཅད་བཞེངས། སྣམ་སྦྱར་གསོལ། གཟན་ཟླུམ་ཁྱེར་བཅས་ཐལ་སྦྱར་གྱི་ཞལ་སྐུ་གཟུགས་ལ་ཕྱོགས་པར། བཅོམ་ལྡན་འདས་དེ་བཞིན་སོགས་དལ་བུས་བསྡེབས་འདོན་དུ་གསུངས། ཤླཽ་ཀ་རེར་གཟན་སྣེ་འབབས་པའི་གནས་པ་ལྔ་ས་ལ་གཏུགས་པའི་ཕྱག་རེ་རེ་འཚལ། ཡན་ལག་བདུན་པའང་ལྷུག་འདོན་དལ་བུས་ཕྱག་འོས་འཚམས་སུ་ཕུལ། ཕྱིར་བསྔོའོ། །ཞེས་སྔར་བཞིན་མར་བཞུགས་ནས། དཀོན་མཆོག་རྗེས་དྲན་སོགས་ནས། བདེ་བ་ཐོབ་པར་ཤོག་བར། དེ་ནས་ཐམས་ཅད་ཀྱིས་ཕྱག་གཡས་པུས་མོའི་སྟེང་དུ་མཆོག་སྦྱིན་དང་། གཡོན་སྙིང་གར་མཐེབ་མཛུབ་སྤྲད་པའི་སྐྱབས་སྦྱིན་མཛད་དེ། རང་རང་གི་སོགས་སེ་གོལ་ལག་གཡས་པ་ཁོ་ནས་ཁ་ཕྱིར་བསྒྱུར་དུ་བརྡེག །གཉུག་མར་སོགས། ཁཱ་ཧི་ནས་སྔར་ལྟར་ཐལ་མོ་བསྣོལ། དལ་བུས་འཇིག་རྟེན་བདེ་ཞིང་སོགས་ཀྱི་རྗེས། ཆོས་ཁྲིམས་པས་གང་ཞིག་མདོ་བསྐུལ་ནས་རང་གྲལ་དུ་འཁོད། མཁན་པོའམ། གནས་བརྟན་པ་ཁྲི་ཐོག་ཏུ་གདིང་བ་བཏིང་ནས་པུས་མོ་སར་ཕབ། ཞལ་


SPN003_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་ལ་ཕྱོགས་ནས་གཟན་ཕབ་ཅིང་། ཐལ་མོ་བསྣོལ་ནས་གསུང་མགྱོགས་དལ་འཚམས་ཞིང་གསལ་དག་ཐོན་པས། གང་ཞིག་སོགས། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཞེས་པའི་སྐབས་མཁན་པོ་སོགས་ཐམས་ཅད་ཀྱིས་ཕྱག་ཐལ་མོ་སྙིང་གར་སྦྱར་ཙམ་མཛད། སླར་ཐལ་མོ་བསྣོལ། འདི་སྐད་སོགས་མངོན་པར་བསྟོད་དོ། །མཁན་པོས་བསྐུལ་ཏེ། ཆོས་བཤད་པ་སོགས་དལ་བུས་བསྡེབས་འདོན། ཤོག་ཅེས་འདོན་པར་འཇོག །དེ་ནས་དགེ་ཚུལ་གྱི་ཡོངས་འབུལ་ནི། ཕྱོགས་འདིར་དགེ་སློང་ལས། དགེ་ཚུལ་དམིགས་བསལ་མེད་པས་ཆོ་གའང་མི་དགོས་ལ། དགེ་སློང་གི་ཕྱིར་བཅོས་དང་། བྱིན་རླབས་ལ། དང་པོ་བསླབ་པ་གཞོན་པས་གཡོན་གྲལ་པ་རྣམས་བཞེངས་ནས། གཡས་གྲལ་བགྲེས་པ་རྣམས་ལ་གཟན་ཕབ་བཅས་ཕྱག་གསུམ་ཕུལ། ཐང་ཤད་མེད་མཆན། གཟན་ཕྲག་ཁྱེར་འགྲེང་འདུད་བཅས་བསྡེབ་ཞུས་ཀྱིས་དགེ༵་གསོ༵ལ་བརྗོད། དེ་ནས་པུས་མོ་གཡས་པའི་ལྷ་ང་སར་ཕབས། རྐང་གཡོན་བབ་གཞོལ་གྱིས་བཙུགས་པའི་པུས་སྟེང་དུ་ཐལ་མོ་སྦྱར་བ་བསྣོལ་ཏེ་སར་བཞུགས། ཕྱིར་བཅོས་ལན་གསུམ་བསྡེབས་ཏེ་གསུངས།


SPN003_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་པོའམ། གནས་བརྟན་པ་གཅིག་པུས་མཐོ༵ང་སྡོ༵མ་ལན་གསུམ་དང་ཐ༵བས་ལེ༵གས་བྱ། ཡང་ཕྱག་གསུམ་འགྲེང་འདུད་ཐང་ཤད་མེད་མཆན་སོགས་གོང་ལྟར་བཞེངས་བཞིན། བཀའ་དྲིན་ཆེ་ཞུ་བ་དང། ལྟུང་བ་བྱིན་རླབས་ཀྱི་དགེ༵་གསོ༵ལ་ཞུ། དེ་འཕྲལ་གོང་བཞིན་སར་བཞུགས་ནས། བྱིན་རླབས་ལན་གསུམ་བསྡེབ་ཞུས། མཁན་པོས་ཐ༵བས་ལེ༵གས་བྱ། དེ་ནས་གཞོན་པ་རྣམས་རང་གྲལ་དུ་འཁོད་པར། མཁན་པོ་བཅས་གཡས་གྲལ་དགེ་སློང་རྒན་པ་ཚོས་ཚུལ་ཕྱག་གསུམ་རེ་འདུད་ཕྱག་མེད་མཆན་བཅས་ཀྱི་དགེ༵་གསོ༵ལ་སོགས་སྔ་མ་ལྟར་ལ། གཞོན་པ་རྣམས་ཀྱི་གྲལ་འགོའི་བསླབ་པ་བགྲེས་ཤོས་དེས། མཐོ༵ང་སྡོ༵མ་དང་ཐ༵བས་ལེ༵གས་བྱ། དེ་ནས་མཁན་པོ་རང་གྲལ་དུ་བཞུགས་བཞིན་དགེ་གསོལ་སྔོན་དུ་འགྲོ་བའི། ལྟུང་བ་ཐུན་མོང་པ་བྱིན་རླབས་དང་། གསོལ་བ་དང་གཉིས་ཀྱི་ལས་གྱིས་གནས་ལ་བློ་མཐུན་སོགས། དེ་དེ་བཞིན་ཏུ་འཛིན་ཏོ། །ཞེས་དང་། སོ་སོ་ཐར་པའི་མདོ་ལ། སོགས་ནས་གནས་པ་བདེ། ཚེ་དང་ལྡན་པ་དག་དབྱར་སོགས་ཟླ་བ་བརྗོད་ལུགས་གཞུང་གསལ་ལྟར་བསྒྱུར་ཤེས་པར་བྱེད། ཚེ་དང་ལྡན་པ་དག་དགའ་བ་སོགས་བརྗོད་པར་བྱའོ་བར། སྐབས་འདིར་འདུན་པ་འབུལ་དགོས་ཡོད་ཚེ། གསོ་སྦྱོང་གི་གོང་དུ་དགེ་སློང་འདུན་པ་ལེན་པ་པོས། ཆོས་གོས་གདིང་བ་བཅས། མཆིལ་ལྷམ་ཕུད་ནས་བླངས་


SPN003_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་པ་ཡིན་བཞིན་དེ་ཉིད་ཀྱིས་རང་གྲལ་ནས་ཕྱག་གསུམ་འཚལ་ཐང་ཤད་མེད་ཏེ། གཟན་ཕྲག་ཁྱེར། འགྲེང་འདུད་བཅས་འདུན་པ་འབུལ་བའི་སྔགས་ཆོག་ལན་གཅིག་གིས་འཐུས། འདུན་པ་དགེ་སློང་གཉིས་གསུམ་བཞི་སོགས་འབུལ་མཁན་ཡོད་ཚེ། ལེན་པ་པོས་བསླབ་པ་རྒན་གཞོན་རིམ་བཞིན་སོ་སོར་བླངས། འབུལ་པ་པོས་ཀྱང་མཆིལ་ལྷམ་ཕུད། གདིང་བ་ཆོས་གོས་བཅས་སྔགས་ཆོག་དང་། ཕྱག་བཅས་དགོས་ཤིང་། ནད་པ་ཡིན་ཚེ་གདིང་ཆོས་སོགས་བསལ་བའི་བརྡ་ཙམ་གྱིས་ཆོག འདིར་འབུལ་དུས་གནས་འདིའི་ཉེ་འཁོར་ན་དགེ་སློང་སོགས་ནས། ཞེས་བགྱི་བ་ཡང་། བགྱི་བ་དག བགྱི་བ་རྣམས་སོགས། སྐབས་སུ་གང་བབ་པར་བསྒྱུར་ཤེས་དགོས། དེ་ནས་མཁན་པོས། ཤཱཀྱ་སེང་གེ་སོགས་ནས། འཛིན་ཏོ་དང་། ཐོས་བསྒྲགས་བཅས་མཐར། སོ་སོ་ཐར་པ་བཏོན་པ་སོགས། འདུས་པ་བཅས་བསྡེབས་ཏེ་གསུང་། ཇི་བཞིན་ནོ། །ཞེས་ཚོགས་གྲོལ་ཏེ། དེའང་གདེང་བ་བལྟེབས་ཏེ། གྲ་ཕྱིར་སློག ཕྲག་པ་གཡོན་དུ་བཀལ་བའི་ཁུག་པ་དཔུང་པར་སྟོན། བཅད་ཁ་


SPN003_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ལག་པར་བསྟན་ལེའུ་རྒྱབ་ཏུ་ཡོད་པའི་འགོ་མདུན་དུ་ཡོད་པ་དང་། དེ་སྟེང་ཆོས་གོས་བལྟེབས་ཏེ་གྲ་ཕྱིར་སློག་ཁུག་པ་དཔུང་པར་སྟོན། བཅད་ཁ་ལག་པར་ཕྱོགས་ཏེ། འགོ་མདུན་དུ་ཡོད་པ་བྱེད་ལ་བཞག་པའི་ཐོག་ཏུ་སྣམ་སྦྱར་སྒྲིལ་ཚལ་བཅས་འཇོག་ནས་ཀུན་སྤྱོད་དགེ་བའི་ངང་ནས་རང་གནས་སུ་བཞུད་དོ། །དེ་ལྟར་གསོ་སྦྱོང་གི་ཕྱག་ལེན་ཉུང་ངུ་རྣམ་གསལ་འདིའང་སྔོན་བྱོན་འདུལ་བ་འཛིན་པ་ཆེན་པོ་དག་གི་ལུགས་ལྟར་ལས་རང་བཟོའི་དྲི་མས་མ་གོས་པར། སི་ཏུ་པ་བསྟན་འཛིན་ཉིན་བྱེད་ཀྱིས་ཐ་སྐར་ཅན་གྱི་གྲལ་ཚེས་དགེ་བར་ཐུབ་བསྟན་ཆོས་འཁོར་གྱི་ཡང་དབེན་དུ་ཟིན་ཐོར་བཀོད་པ་རྒྱལ་བསྟན་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལམ། །།།


previousགསོ་སྦྱོང་གི་ཕྱག་ལེན་ཉུང་ངུ་རྣམ་གསལ།next