Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  collapse section
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡན་ལག་བརྒྱད་པའི་གསོ་སྦྱོང་སྨྱུང་གནས་སྒྲུབ་ཐབས་དང་འབྲེལ་བའི་ཕན་ཡོན་མདོར་བསྡུས་སྐལ་ལྡན་ངལ་གསོ།
   
   
  collapse section
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   


 
previousཡན་ལག་བརྒྱད་པའི་གསོ་སྦྱོང་སྨྱུང་གནས་སྒྲུབ་ཐབས་དང་འབྲེལ་བའི་ཕན་ཡོན་མདོར་བསྡུས་སྐལ་ལྡན་ངལ་གསོ།next

ཡན་ལག་བརྒྱད་པའི་གསོ་སྦྱོང་སྨྱུང་གནས་སྒྲུབ་ཐབས་དང་འབྲེལ་བའི་ཕན་ཡོན་མདོར་བསྡུས་སྐལ་ལྡན་ངལ་གསོ།


SPN003_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་བརྒྱད་པའི་གསོ་སྦྱོང་སྨྱུང་གནས་སྒྲུབ་ཐབས་དང་འབྲེལ་བའི་ཕན་ཡོན་མདོར་བསྡུས་སྐལ་ལྡན་ངལ་གསོ་ཞེས་བྱ་བ་བཞུགས་སོ།།


SPN003_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ལོ་ཀེ་ཤྭ་རཱ་ཡ། །རབ་འབྱམས་རྒྱལ་བ་སྲས་བཅས་སྐུ་དང་ཞིང་། །གཅིག་བསྡུས་ཐུགས་རྗེའི་ཡེ་ཤེས་ཚད་མེད་པས། །ནམ་མཁའ་ཇི་སྲིད་འཁོར་བ་དོང་ནས་སྤྲུག །ཕྱག་ན་པདྨས་བྱང་ཆུབ་བར་དུ་སྐྱོངས། །འཇིག་རྟེན་མགོན་པོ་སྙིགས་དུས་གདུལ་བྱའི་ངོར། །གང་འདུལ་སྐུར་བསྟན་དགེ་སློང་དཔལ་མོའི་ཞབས། །སྲོང་བཙན་ཀརྨ་ཀ་སོགས་རྩ་བ་དང་། །བརྒྱུད་པའི་བླ་མ་སྙིང་གི་ཟེའུ་འབྲུར་བཞུགས། །སྲིད་མཚོའི་སྡུག་བསྔལ་སྒྲོལ་བྱེད་ཆོས་ཀྱི་གྲུ། །བརྒྱ་ལམ་རྙེད་དཀའ་མདོ་སྔགས་ཟབ་མོའི་བཅུད། །འབྲེལ་ཐོབ་ཙམ་གྱིས་ངན་འགྲོའི་སྒོ་བཅད་པ། །སྨྱུང་བར་གནས་པའི་ཕན་ཡོན་མདོ་ཙམ་བཤད། །དེ་ལ་འདིར་ཐེག་ཆེན་གསོ་སྦྱོང་དང་


SPN003_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་པའི་སྨྱུང་གནས་ཀྱི་ཆོ་གས་འཕགས་པ་སྒྲུབ་པའི་ཐབས་ཀྱི་ཕན་ཡོན་མདོར་བསྡུས་བརྗོད་པ་ལ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པ། འཕྲོས་དོན་ཅུང་ཟད་བརྗོད་པའོ། །དང་པོ་ལའང་གཞི་བསྙེན་གནས་ཡན་ལག་བརྒྱད་པ། དེ་ཉིད་ཐེག་ཆེན་གསོ་སྦྱོང་དང་འབྲེལ་པ། སྨྱུང་གནས་དངོས། ཞར་བྱུང་གདན་གཅིག་འཆད་པ་སྟེ་བཞི་ལས། དང་པོ་ལ་ཇི་ལྟར་བ སྲུང་བའི་ཚུལ། མ་བསྲུང་པའི་ཉེས་དམིགས། བསྲུང་པའི་ཕན་ཡོན་ནོ། །དེའི་དང་པོ་ལའང་གང་གིས་སྲུང་ན། རབ་ཏུ་མ་བྱུང་བའི་ཁྱིམ་པ་ཕོ་མོ་ཐམས་ཅད་ཀྱིས་སོ། །ཚུལ་ཇི་ལྟར་སྲུང་ན། དགེ་བསྙེན་དགེ་ཚུལ་དགེ་སློང་གང་རུང་སྟེ་སྡོམ་ལྡན་ཞིག་གི་མདུན་ནས་སྐྱབས་གསུམ་


SPN003_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་སྔོན་ཏུ་འགྲོ་བའི་སྡོམ་པའི་ཚིག་རྣམས་རྗེས་ཟློས་ལན་གསུམ་བྱས་པའི་བརྗོད་པ་ཐ་མར་སྡོམ་པ་ཐོབ་པས་དེ་ནས་བརྩམས་སྡོམ་པ་མ་བཏང་བར། གནས་སྐབས་ནད་གདོན་རྒྱལ་པོའི་ཆད་པ་སོགས་ཀྱི་འཇིགས་སྐྱོབ་དང་། ལྷ་མའི་བདེ་འབྲས་ལ་སྨོན་པ་ཙམ་གྱི་ལེགས་སྨོན་གཉིས་སུ་མ་སོང་བར་ཁམས་གསུམ་ལས་ངེས་པར་འབྱུང་ནས་མྱང་འདས་ལ་དམིགས་པའི་བསམ་པས་ཟིན་ཏེ་དྲན་པ་དང་ཤེས་བཞིན་གྱི་སྒོ་ནས་བསྲུང་བ་ནི་ཕྱི་མ་རྣམས་ལའང་ཤེས་པར་བྱའོ། །དུས་གང་གི་ཚེ་སྲུང་ན། ཟླ་བའི་དུས་ཆེན་བཞི་དང་། ཞག་གི་དུས་ཆེན་ཉ་སྟོང་བརྒྱད་གསུམ་སོགས་འོག་ཏུ་འབྱུང་བའི་དུས་འགྱུར་ཁྱད་ཅན་རྣམས་ལ་བབ་པའམ། ཆོས་སེམས་སྐྱེ་ཞིང་མཐུན་རྐྱེན་འཛོམས་ན་དེ་ཉིད་དུའང་རུང་སྟེ། མིའི་ཚེ་ལ་ངེས་པ་མེད་ཅིང་ཕྱི་བཤོལ་ཁོ་ན་ཆོས་ཀྱི་བར་ཆད་དུ་ཆེ་བས་སོ། །དེ་ཡང་ནངས་པར་ཟས་མ་ཟོས་པའི་གོང་སྐྱ་རེངས་ཤར་བ་ནས་སྡོམ་པ་བླངས་ཏེ་སང་སྐྱ་རེངས་ཤར་བའི་ཚེ་བསྙེན་གནས་ག ཏོང་བའི་དུས་མཚམས་ཡིན་པས་དེ་བར་ཉིན་ཞག་ཕྲུགས་གཅིག་བསྲུང་། ཆོ་འཕྲུལ་ཟླ་བ་སོགས་ཀྱི་ཚེ་ལན་གྲངས་སྦྲེལ་བ་ནའང་དེ་ལྟར་ལ་ལེན་ཚུལ་གཞན་ནས་གསལ་ལོ། །གང་བསྲུང་བར་བྱ་བ་ནི། ཡན་ལག་


SPN003_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ལ་བསྙེན་པར་གནས་པ་སྟེ། དེ་ཡང་བསམ་བཞིན་ཏུ་སྲོག་གཅོད་པ། དངོས་པོ་གང་རུང་མ་བྱིན་པ་ལེན་པ། བུད་མེད་སོགས་ལ་མི་ཚངས་པར་སྤྱོད་པ། མིའི་ཆོས་བླ་མ་གཙོ་བོར་གྱུར་པའི་རྫུན་སྨྲ་བ་བཅས་རྩ་བ་བཞི་སྤོང་བ་ཚུལ་ཁྲིམས་ཀྱི་ཡན་ལག་བཞི། །མྱོས་འགྱུར་ཀྱི་ཆང་སྤོང་བ་བག་ཡོད་ཀྱི་ཡན་ལག་གཅིག །ཉིན་གུང་ཡོལ་ནས་ཇ་སོགས་བཏུང་བ་ལ་རུང་ཆུས་ཤིན་ཏུ་སླ་བར་བྱས་པ་མ་གཏོགས་དུས་མ་ཡིན་པའི་ཁ་ཟས་བཟའ་བཅའི་རིགས་གྱུར་ཐམས་ཅད་དང་། ཆོ་ག་དང་མ་འབྲེལ་བར་རྩེད་མོའི་ཕྱིར་དུ་གར་རྩེ ༡ གླུ་ལེན་༢ རོལ་མོ་འཁྲོལ་བ་༣ གར་སོགས་གསུམ། འཕྱོར་སྒེག་གིས་རྒྱན་ཕྲེང་འདོགས་པ་ ༡ སྨུག་རྩི་སོགས་ཁ་དོག་འཆང་བ་ ༢ ལུས་གོས་དྲི་ཞིམ་པའི་ཕྱིར་སྤོས་བྱུག་པ་༣ ཕྲེང་སོགས་གསུམ། ཆོས་འཆད་པ་པོ་མ་གཏོགས་པར་རིན་པོ་ཆེ་དངོས་ཀྱིས་སམ། གསེར་ཤོག་སོགས་ཀྱི་རྒྱན་སྤྲས་པའི་ཁྲི་དང་། དར་ཟབ་ཐེར་ཕྲུག་གཅན་ལྤགས་རིགས་རིན་ཐང་ཆེ་ཞིང་ཁ་དོག་འཚེར་བའི་སྟན་ཏེ་ཁྲི་སྟན་ཆེན་པོ། ཁྲུ་གང་ལས་ལྷག་པའི་མཐོན་པོ་བརྟེན་པ་བཅས། དེ་ལྟར་དུས་མིན་གྱི་ཟས། གར་སོགས་ཕྲེང་སོགས། ཁྲི་སྟན་ཆེ་མཐོ་གསུམ་པོ་སྤོང་བ་བརྟུལ་ཞུགས་ཀྱི་ཡན་ལག་སྟེ་བསྡོམས་པས་


SPN003_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་དང་། ཇོ་བོ་རྗེས་དེ་སྟེང་གུང་ཚིགས་དཀར་གསུམ་ཁོ་ནར་སྤྱོད་པ་དང་། བག་ཡོད་ཀྱི་སླད་དུ་ཆབ་ལེན་པ་གཉིས་བསྣན་པར་མཛད་དོ། །གཉིས་པ་ནི། སྲོག་གཅོད་པས་ངན་སོང་གསུམ་དང་ཁྱད་པར་དམྱལ་བ་ཡང་སོས་སུ་སྐྱེ། གལ་ཏེ་མིར་སྐྱེས་ཀྱང་ཚེ་ཐུང་། གཟུགས་ངན། ཤེས་རབ་འཆལ། རྟག་ཏུ་སྐྲག་ཅིང་ཁྲོ། ནད་མང་། མྱ་ངན་ཆེ། དགའ་བ་ཐམས་ཅད་དང་འབྲལ། སྲོག་རེ་རེ་བཅད་པ་ལ་སྲོག་ལེན་དགུ་བརྒྱ་གོ་དགུ་ནས་སུམ་བརྒྱའི་བར་མཆོག་དམན་ལ་ལྟོས་པ་འཇལ་དགོས་པར་གསུངས། མ་བྱིན་པ་བླངས་པས་དམྱལ་བ་ངུ་འབོད་དུ་སྐྱེ། མིར་སྐྱེས་ཀྱང་ལོངས་སྤྱོད་ཅུང་ཟད་ཀྱང་མི་ཆགས། གསར་དུ་མི་རྙེད། ཡོད་པ་དང་བྲལ་ནས་དབུལ། གཞན་གྱིས་སྡང་ཞིང་འཚེ། མི་ཚངས་པར་སྤྱོད་པས་ངུ་འབོད་ཆེན་པོར་སྐྱེ། མིར་སྐྱེས་ཀྱང་སྐྱེ་བ་ལྔ་བརྒྱར་མཛེ་མོ་དང་དབང་པོ་མ་ཚང་ཞིང་མི་སྡུག་པའི་བུད་མེད་དང་མ་ནིང་ཁོ་ནར་སྐྱེ། ཉེར་འཚེ་དང་དགྲ་བོ་མང་། རྫུན་སྨྲས་པས་ཐིག་ནག་ཏུ་སྐྱེ། མིར་སྐྱེས་ཀྱང་ངག་ལྐུག །སྙིང་རྗེ་མི་སྐྱེ། ཕྲག་དོག་ཆེ། དྲི་མི་ཞིམ། སྐྱེ་བ་ཀུན་ཏུ་ཆོས་ཀྱི་དོན་མི་གོ། ཆང་འཐུང་བས། ལྕགས་ཞུན་ཁོལ་མ་འཐུང་བའི་ཚ་དམྱལ་དུ་སྐྱེ།


SPN003_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

མིར་སྐྱེས་ཀྱང་གཉིད་དང་གཏི་མུག་བརྗེད་ངས་ཆེ། བློ་གྲོས་དམན། འཇིགས་སྐྲག་དོགས་པ་ལྡན། ཕྲ་མ་མང་། ཁྲེལ་དང་ངོ་ཚ་མེད། ཕྲག་དོག་དང་སེར་སྣ་ཆེ། དགེ་བའི་ཆོས་རྣམས་ཉམས། གནོད་སྦྱིན་དང་ཁྱི་དང་སྨྱོན་པ་རྣམས་ཀྱི་སྐྱེ་བ་ལྔ་བརྒྱ་རེ་ལེན་པ་དང་། ལྔ་ཀའི་ཐུན་མོང་དུ་ངན་སོང་གསུམ་གྱི་སྡུག་བསྔལ་ལན་གྲངས་མང་དུ་མྱོང་བ་སོགས་རང་བཞིན་གྱི་ཁ་ན་མ་ཐོ་བ་ཞེས་སྡོམ་པ་ཞུས་མ་ཞུས་གང་གིས་སྤྱོད་ཀྱང་ཉེས་པ་དེ་དག་མྱོང་བ་སྟེ། སྡོམ་པ་ཞུས་ནས་མི་དགེ་བ་དེ་དག་སྤྱོད་ན་ཉེས་པ་འབུམ་འགྱུར་གྱིས་ཆེ་ཞིང་། བཀའ་འདས་ཀྱི་ལྟུང་བ་ཕོག །ཕྱི་དྲོའི་ཁ་ཟས་སོགས་ལའང་ཉེས་པ་ཆེས་ཆེ་བ་མང་ཡང་སྨོས་ཀྱིས་མ་ལང་ང་ོ། །གསུམ་པ་ནི། སྤྱིར་རྩ་བཞི་ཆང་ལྔ་སོགས་མི་དགེ་བ་སྤངས་པས་ལྷ་མི་ཁྱད་པར་ཅན་དུ་སྐྱེ་བ་དང་། སྲོག་གཅོད་སྤངས་པས་ཚེ་རིང་ཞིང་ནད་མེད་པ་སོགས་གོང་གི་ཉེས་པ་དེ་རྣམས་ལས་ལྡོག་པའི་ཕན་ཡོན་དུ་མ་ཐོབ་ཚུལ་རྒྱས་པ་བསླབ་པ་ལྔའི་ཕན་ཡོན་གྱི་མདོར་གསལ་ལ། བྱེ་བྲག་ཏུ་བསྙེན་གནས་ཀྱི་སྡོམ་པ་དང་འབྲེལ་བའི་ཕན་ཡོན་ནི། གནས་འཇོག་གི་མདོ་ལས། གསོལ་བ། བཅོམ་ལྡན་འདས། འདི་ན་གང་སྐྱེས་བུ་གཉིས་ཤིག་གནས་


SPN003_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

མལ་གཅིག་ནི་ཇི་སྲིད་འཚོའི་བར་དུ་སྦྱིན་པ་བཏང། གཅིག་ནི་ཡན་ལག་བརྒྱད་པའི་བསྙེན་གནས་ལ་གནས་ན་དེ་གཉིས་བསོད་ནམས་གང་ཆེ་བར་འགྱུར་ཞེས་ཞུས་པས། བཀའ་སྩལ་པ། གནས་འཇོག་འདི་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྲུང་བ་དང་། སྦྱིན་པ་གཏོང་བ་གཉིས་མཉམ་པ་མ་ཡིན་ནོ། །འདི་ལྟ་སྟེ་དཔེར་ན་འཛམ་བུའི་གླིང་ན་དགྲ་བཅོམ་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བར་གྱུར་པས་གང་བ་དེ་དག་ལ། གང་ལ་ལ་ཞིག་གིས་ཇི་སྲིད་འཚོའི་བར་དུ། ཨངྒ་དང་། ཀཱ་ཤི་ལ་སོགས་པའི་ཡུལ་ཆེན་པོ་དྲུག་ཅུ་པོ་རྣམས། རྡོ་རྗེ་དང་། ནོར་བུ་བཻ་ཌཱུཪྻ་སོགས་རིན་པོ་ཆེའི་རིགས་རྣམ་པ་ཐམས་ཅད་ཀྱིས་བཀང་ནས་བརྩོན་འགྲུས་ཀྱི་སྟོབས་བསྐྱེད་ཅིང་འབུལ་བ་དང་། གཞན་ཡང་ཆོས་གོས་དང་། ན་བའི་གསོས་སྨན་སོགས་ཡོ་བྱད་རྣམ་པ་སྣ་ཚོགས་ཀྱིས་བསྙེན་བཀུར་བྱས་པ་བས། གང་བསྙེན་གནས་ལ་ལན་གཅིག་གནས་ན། སྔ་མ་དེས་ནི་བསྙེན་གནས་ལས་བྱུང་བའི་བསོད་ནམས་ཀྱི་བརྒྱ་ཡི་ཆ་དང་། སྟོང་གི་ཆ་དང་། དཔེ་དང་རྒྱུར་ཡང་མི་བཟོད་དེ་དེ་ལྟར་འབྲས་བུ་དང་། མཐུ་དང་། རྒྱ་ཆེ་བ་ཡིན་ནོ། །གནས་འཇོག་ཁྱོད་འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་


SPN003_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པར་གྱིས་ཤིག །ཆོ་འཕྲུལ་གྱི་ཟླ་བའི་དཀར་ཕྱོགས་ལ་ནན་ཏན་དུ་གྱིས་ཤིག །ལྷ་དང་མིའི་སྤྱད་པ་ལ་ལོངས་སྤྱོད་པར་གྱིས་ཤིག །ཅེས་གསུངས་པ་དེ་ལ་དགོངས་ནས་དབྱིག་གཉེན་གྱིས། གང་ཞིག་དད་པའི་སེམས་ཀྱིས་ལོ་བརྒྱར་སྦྱིན་པ་བྱིན་པ་བས། གང་ཞིག་ཉིན་གཅིག་ཚུལ་ཁྲིམས་སྲུང་བའི་བསོད་ནམས་ཁྱད་པར་འཕགས། ཞེས་གསུངས་ཤིང་། རྒྱ་མཚོ་ཆེན་པོ་དང་། གངྒཱ་ལ་སོགས་ཆུ་ཀླུང་ཆེན་པོ་ལྔ་ཡི་གྲངས་བུམ་པས་བཟུང་བར་ནུས་ཀྱི་བསྙེན་གནས་ཀྱི་ཕན་ཡོན་ནི་ཚད་གཟུང་མི་ནུས་པ་དང་། བསྙེན་གནས་གཙང་མ་ལན་གཅིག་གིས་རྒྱལ་ཆེན་རིགས་བཞིའི་ལྷ། ལན་གཉིས་ཀྱིས་སུམ་ཅུ་རྩ་གསུམ། གསུམ་པས་འཐབ་བྲལ། ལན་བཞིས་དགའ་ལྡན། ལན་ལྔས་འཕྲུལ་དགའ། ལན་དྲུག་གིས་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་སུ་སྐྱེ་བར་མདོ་དེ་ལས་གསུངས། གདམས་པའི་མདོར་བསྙེན་གནས་ལན་གཅིག་གིས་བརྒྱ་བྱིན་ཏུ་སྐྱེ་བ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་སོགས་མདོ་སྡེ་མང་པོར་སྐྱེ་བ་ཀུན་ཏུ་ངན་འགྲོ་ལོག་པར་མི་ལྟུང་། སངས་རྒྱས་འབྱུང་བ་དང་འཕྲད། ཚུལ་ཁྲིམས་རྣམ་པར་དག །དེའི་ཕྱིར་སྨོན་ལམ་གང་བཏབ་འགྲུབ་པ་སོགས་དང་།


SPN003_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ད་ལྟ་སྐྱབས་འགྲོ་མཆོད་འབུལ་བསླབ་གཞི་བླང་བ་སོགས་དཀོན་མཆོག་ལ་འབྲེལ་བ་བཞག་པས་མ་འོངས་རྒྱལ་བ་བྱམས་པའི་འདུས་པ་དང་པོར་སྐྱེ་བའང་བྱམས་པ་ལུང་བསྟན་གྱི་མདོ་ལས། གདུགས་དང་རྒྱལ་མཚན་བ་དན་དང་། །དྲི་དང་ཕྲེང་བ་བྱུག་པ་ཡིས། །ཤཱཀྱ་ཐུབ་པ་མཆོད་བྱས་པས། །ང་ཡི་བསྟན་ལ་ལྷགས་པ་ཡིན། །གུར་གུམ་ཆུ་ཡིས་གཏོར་བ་དང་། །ཙན་དན་གྱི་ནི་བྱུག་པ་ཡིས། །ཤཱཀྱ་ཐུབ་ལ་མཆོད་པ་ནི། །ཕུལ་བས་ང་ཡི་བསྟན་ལ་ལྷགས། །རྟག་ཏུ་སངས་རྒྱས་ཆོས་དང་ནི། །དགེ་འདུན་ལ་ཡང་སྐྱབས་སོང་ཞིང་། །དགེ་བའི་ལས་ཀྱང་བྱས་པ་ནི། །ང་ཡི་བསྟན་ལ་ལྷགས་པ་ཡིན། །ཤཱཀྱ་སེང་གེའི་བསྟན་པ་ལ། །བསླབ་གཞི་ཡང་དག་བླངས་ནས་སུ། །ཇི་ལྟར་གསུངས་བཞིན་བསྒྲུབས་པ་ནི། །ང་ཡི་བསྟན་ལ་ལྷགས་པ་ཡིན། །དགེ་འདུན་ལ་ཡང་ཆོས་གོས་དང་། །ཞལ་ཟས་དང་ནི་བཏུང་བ་དང་། །སྙུན་གསོས་སྣ་ཚོགས་སྦྱིན་པ་རྣམས། །ཕུལ་བས་ང་ཡི་བསྟན་ལ་ལྷགས། །ཟླ་ཕྱེད་ཀྱི་ནི་བཅུ་བཞི་དང་། །བཅོ་ལྔ་དེ་བཞིན་ཚེས་བརྒྱད་དང་། །ཆོ་འཕྲུལ་གྱི་ནི་ཟླ་ཕྱེད་ལ། །ཡན་ལག་བརྒྱད་ལ་ལེགས་གནས་པའི། །བསྙེན་གནས་གསོ་སྦྱོང་བྱས་པས་ནི། །ང་ཡི་བསྟན་ལ་ལྷགས་སོ་གསུངས། །


SPN003_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པས་དེའི་ཤུགས་ཀྱིས་བདེ་བ་ཅན་སོགས་རང་གང་འདོད་ཀྱི་སངས་རྒྱས་ཞིང་དུ་སྐྱེ་བའང་བསྙེན་གནས་བསྲུང་པས་འགྲུབ་པ་གཞུང་གསལ་དང་། ལྷས་ཞུས་པའི་མདོ་དང་རྟོགས་བརྗོད་གཉིས་ཀར། བཅུ་བཞི་དང་ནི་བཅོ་ལྔ་དང། །ཚེས་བརྒྱད་དང་ནི་གནམ་སྟོང་ལ། །བསྙེན་གནས་ཡན་ལག་བརྒྱད་པ་སྲུང་། །ང་ཉིད་ཅི་འདྲ་དེ་འདྲར་འགྱུར། །ཞེས་དབང་པོ་བརྒྱ་བྱིན། ཤཱ་རིའི་བུ། བཅོམ་ལྡན་འདས་ཀྱིས་རེ་རེ་བཞིན་དུ་གསུངས་པས་ལྷ་དབང་། དགྲ་བཅོམ། སངས་རྒྱས་ཀྱི་གོ་འཕང་ཡང་ཐོབ་པར་བསྟན་པ་དང་། ཀུན་ཏུ་རྒྱུ་སེན་རིང་གིས་ཞུས་པ་ལས། སྲོག་གཅོད་སྤངས་པས་རྡོ་རྗེའི་སྐུ་ཐོབ། ༡ དེ་བཞིན་དུ་མ་བྱིན་ལེན་སྤངས་སོགས་བདུན་པོས་རིམ་བཞིན་ཕྱག་ཞབས་དྲ་བས་འབྲེལ་ཞིང་གསེར་འཁོར་རྩིབས་སྟོང་དང་ལྡན། ༢ དབང་པོ་ཚང ཞིང་ལུས་ཡོངས་སུ་རྒྱས། ༣ ལྗགས་ཀྱིས་ཞལ་ཁེབས་ཤིང་གསུང་ཚངས་དབྱངས་དང་ལྡན། ༤ ཚེམས་དཀར་མཉམ་བཞི་བཅུ་ཚང་ཞིང་ཟས་རོ་བྲོ་བའི་མཆོག་ཏུ་འགྱུར། ༥ ཚུལ་ཁྲིམས་ཀྱི་དྲི་ཞིམ་པོ་ལྡང་། ༦ མཚན་བཟང་ཐམས་ཅད་ཚང་། ༧ ཆོས་བསྟན་པ་སུམ་ཅུ་ལ་ལོངས་སྤྱོད་པ་བཅས་དང་། ༨ མཆོད་འོས་ལ་ཕྱག་བྱས་པས་གཙུག་ཏོར་


SPN003_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་མི་མངོན་པ་ཐོབ་པ་བཅས་གསུངས་ལ། གནས་སྐབས་ཀྱི་འབྲས་བུའང་ཁང་བུ་བརྩེགས་པའི་མདོར། ཡན་ལག་བརྒྱད་པའི་ཚུལ་ཁྲིམས་ཉིན་ཞག་གཅིག་སྲུང་ན་མཚོན་གྱི་བསྐལ་པ་ལས་ཐར། གང་གིས་དགེ་སློང་ལ་ཨ་རུ་ར་རྡོག་པོ་གཅིག་ཙམ་ཕུལ་ན་ནད་ཀྱི་བསྐལ་པ་ལས་ཐར། གང་གིས་ཟས་ནལ་བྲེ་གང་ཙམ་དགེ་འདུན་ལ་ཕུལ་ན་མུ་གེའི་བསྐལ་པ་ལས་ཐར་བར་འགྱུར་བར་གསུངས། གཞན་ཡང་ཕྱི་དྲོའི་ཟས་སྤངས་པས་ཚེ་རབས་གར་སྐྱེས་སུ་ལོ་ལེགས། བཟའ་བཏུང་དང་འདོད་དགུ་འབད་མེད་དུ་འབྱུང་། གར་ཕྲེང་སྤངས་པས་གཟུགས་མཛེས། དྲི་ཞིམ་དབང་པོ་ཚང བའི་ལུས་མཆོག་ཐོབ། ཁྲི་སྟན་ཆེ་མཐོ་སྤངས་པས་གཞན་གྱིས་བསྟོད་བཀུར་ཆེ། མལ་ཆ་དང་བཞོན་པ་མང་བ་སོགས་ཕན་ཡོན་རྣམ་གྲངས་དུ་མ་འབྱུང་བ་དེ་རྣམས་ནི་འདིར་བསྟན་སོ་ཐར་ལུགས་ཀྱི་བསྙེན་གནས་གཙང་མ་སྲུང་བ་ཙམ་ཁོ་ནའི་ཕན་ཡོན་དུ་ཤེས་པར་བྱའོ། །གཉིས་པ་བསྙེན་གནས་དེ་རྒྱུད་སྡེ་འོག་མ་རྣམས་ནས་གསོ་སྦྱོང་གི་བརྡར་བཞག་པའི་ཐེག་ཆེན་སྡོམ་པ་དང་འབྲེལ་པ་འཆད་པ་ལའང་། སྲུང་ཚུལ་ཉེས་དམིགས་ཕན་ཡོན་ནོ། །དང་པོ་ལའང་། སྲུང་བ་པོ་ནི། ཁྱིམ་པ་དང་རབ་བྱུང་གཉིས་ཀས་སོ། །


SPN003_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་ཚུལ་ནི། སོ་ཐར་སྡོམ་ལྡན་གྱི་དགེ་སློང་ཙམ་གྱིས་མི་ཆོག་པར་འདི་ཉིད་ཀྱི་སྡོམ་རྒྱུན་བར་མ་ཆད་པ་ཞིག་ལས་ཐོག་མར་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་དང་ཞེས་སོགས་གཞུང་ཚིག་དུམ་བུ་བདུན་གྱིས་བསྟན་པའི་བྱང་ཆུབ་སེམས་ཀྱིས་ཟིན་ངེས་པར་བྱས་ནས་རྗེས་ཟློས་ལན་གསུམ་གྱིས་སྡོམ་པ་བླངས་ནས། སླར་ནམ་འདོད་དུས་རྟེན་དྲུང་ནས་རང་གིས་ལེན་པ་སོགས་གཞུང་གསལ་ལྟར་ལ། སྡོམ་པ་དེ་སོ་ཐར་བཅས་རྐྱང་མིན་པར་ཐེག་ཆེན་སོ་ཐར་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཡིན་པས། ཡན་ལག་བརྒྱད་ནི་ཉིན་ཞག་སོགས་ཁས་བླངས་རྫོགས་ནས་བཏང་ཡང་སེམས་བསྐྱེད་ས་བོན་ནི་བྱང་ཆུབ་མ་ཐོབ་བར་མི་བཏང་བས་དེ་ནས་བརྩམས་རྣམ་པ་ཀུན་ཏུ་གཞན་ཕན་གྱི་སེམས་འབའ་ཞིག་དང་མི་འབྲལ་བར་བྱའོ། །སྡོམ་པ་འདི་རྒྱལ་བུ་སྙིང་རྗེ་ཆེར་སེམས་ཀྱིས་ཇི་སྲིད་འཚོའི་བར་དུ་བླངས་པ་དཀོན་བརྩེགས་ལས་གསུངས་པས་དེ་ཙམ་མམ་ལོ་ཟླ་ཅི་རིགས་པར་བླངས་ཀྱང་ཆོག་པའང་དེའི་ཤུགས་བསྟན་ཏུ་སྣང་ངོ་། །དུས་སྔར་དང་འདྲ། བསྲུང་བྱ་རྣམ་གྲངས་གོང་ལྟར་ལ་འདིར་ནི་ཐེག་ཆེན་གྱི་སྡོམ་པའི་ཁྱད་ཀྱིས་ཡིད་ཀྱི་མི་དགེ་བ་གསུམ་གཙོ་བོ་སྤོང་ལ། ལུས་ངག་གི་སྤང་བདུན་ཞར་བྱུང་སྤོང་བའི་ཕྱིར།


SPN003_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་གཅོད་ལྟ་བུ་ལ་མཚོན་ན་མིའམ་མིར་ཆགས་པ་ནས་ཐ་ན་གྲོག་སྦུར་ཡན་ཆད་དངོས་སུ་བསད་པ་ལྟ་ཅི་སྨོས། མ་མཐོང་བར་རྡོག་པས་བརྫིས་པའང་གཏི་མུག་དབང་ལས་བྱུང་ཕྱིར་བཤགས་པ་མ་ཐེང་ན་སེམས་ཅན་བློས་སྤོང་གི་ལྟུང་བ་འབྱུང་བ་སོགས་ཡན་ལག་བརྒྱད་ཀར་དངོས་དང་ཕྱོགས་གཏོགས་ཕྲ་ཞིང་ཕྲ་བ་ནས་བསྲུང་དགོས་ལ། ཁ་ཟས་ཀ་ར་བུ་རམ་སྦྲང་རྩི་ཞུན་མར་དང་འོ་ཞོ་ཆུར་ཁུ་ཇ་རྣམས་རུང་ཆུས་བསླད་པ་དེ་ནམ་ལངས་ནས་མུན་རུབ་ཀྱི་བར་བསྟེན་ཏུ་རུང་ཞིང་། དེ་འཕྲོས་གྲོ་ནས་འབྲས་སོགས་དུས་མ་ཡིན་པའི་ཟས་སུ་གསུངས་པ་དེ་རིགས་ནམ་ལངས་ནས་ཉིན་ཕྱེད་ཀྱི་བར་བསྟེན། དེ་ཕན་ཆད་ཅུང་ཟད་ཀྱང་བཟར་མི་རུང་བ་དང་ཁྱད་པར་ཐེག་ཆེན་གསོ་སྦྱོང་ལ་ནི། ཤ་ཁྲག་གི་དྲི་ཙམ་ཡང་འདྲེས་མི་རུང་སྟེ། གླང་པོའི་རྩལ་དང་སྤྲིན་ཆེན་དང་། །མྱ་ངན་འདས་དང་སོར་ཕྲེང་དང་། །ལང་ཀར་གཤེགས་པའི་མདོ་ལས་ཀྱང་། །ངས་ནི་ཤ་ཡང་རྣམ་པར་སྨད། །ཅེས་གསུངས་པ་ལྟར་མདོ་སྡེ་དེ་རྣམས་སུ་ཤ་ཟོས་པའི་ཉེས་པ་དཔག་མེད་གསུངས་ཤིང་། འཇམ་དཔལ་གྱི་ལྟ་འདོད་མདོར་བསྟན་ལས་ཀྱང་། རྫས་ཐོབ་དོན་དུ་སྲོག་གཅོད་དང་། །བཟའ་བའི་དོན་དུ་རིན་འཇལ་བ། །གཉིས་པོ་དག་ཀྱང་གསོད་པ་སྟེ། །ངུ་འབོད་


SPN003_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་རྣམས་སུ་འཚེད། །གང་ཚེ་རྫས་ཀྱིས་ཤ་ཉོས་པ། །ཁྱིམ་གནས་རྣམས་ལ་སྡིག་མེད་ན། །དེ་བཞིན་སྐུ་གཟུགས་ལ་སོགས་པ། །བྱས་ནའང་ཇི་ལྟར་བསོད་ནམས་འགྱུར། །གསོད་པོ་ནོར་ལ་སྲེད་པ་དག། བསྐལ་པ་འབུམ་དུ་འཚེད་པའོ། །ཟ་པོ་ཤ་ལ་སྲེད་པ་དག །བསྐལ་པ་བྱེ་བར་འཚེད་པའོ། །ཤ་ཟ་བ་ཡི་མི་གང་ཞིག །དང་པོ་ཡི་དྭགས་འགྲོ་བ་སྟེ། །ཕྱི་མ་ངུ་འབོད་འགྲོ་བའོ། །ཞེས་དོན་བསྡུས་སུ་བསྟན་ཅིང་། ཤ་ཟའི་དྲི་ཚོར་བས་གནམ་ས་བར་གྱི་མི་སྣང་བའི་འགྲོ་བ་ཕྲ་མོ་རྣམས་ཤི་ལ་ཐུག་པར་བརྒྱལ་ཞིང་འབྱུང་པོ་རྣམས་ཀྱང་དངངས་པ་དང་། སྐྱེ་བ་དུ་མར་མར་མ་གྱུར་པའི་སེམས་ཅན་ནི་མི་སྲིད་པས་མའི་ཤ་ཟ་བ་ཁྲེལ་ཆེ་བ་དང་། བསྟན་པ་ལ་མི་དད་ཅིང་སྐུར་བ་འདེབས་པའི་རྒྱུར་འགྲོ་བ་དང་། ཕྲ་མེན་ལྕེ་སྤྱང་སོགས་སྐྱེ་གནས་ངན་པ་དུ་མའི་མཐར་ངན་སོང་དུ་ལྷུང་སྟེ། མདོར་ན་ཤ་ཟ་བ་ནི་རྒྱལ་བའི་རྗེས་སློབ་མིན་ལ། རྒྱལ་བ་ཉིད་དེའི་སྟོན་པ་མིན་པར་གསུངས་ཤིང་། ཙོང་སྒོག་སོགས་ལའང་ཉེས་པ་དེ་དང་ཆ་འདྲར་སྣང་བས་བག་ཡོད་གལ་གནད་ཀྱང་ཞར་བྱུང་དུ་འཕྲོས་པའོ། །གཉིས་པ་མ་བསྲུངས་པའི་ཉེས་དམིགས་གོང་དུ་བསྟན་པ་དེས་ཤེས་ལ། ཁྱད་པར་བྱང་ཆུབ་ཏུ་སེམས་


SPN003_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

མ་བསྐྱེད་ན་སངས་རྒྱས་ཐོབ་པའི་ཐབས་ནི་འགའ་ཡང་མེད་པ་གསུང་རབ་ཀུན་ནས་འབྱུང་བའི་དོན་བསྡུས་མཉམ་མེད་དྭགས་པོས། གང་ལ་བྱང་ཆུབ་མཆོག་གི་སེམས་ཞིག་མ་སྐྱེས་ན། དེ་ལྟར་སྤྱོད་པ་ཕུན་སུམ་ཚོགས་པ་དང་ལྡན་ཡང་ཐེག་པ་ཆེན་པོའི་ཁོངས་སུ་མི་ཚུད་ལ། ཐེག་པ་ཆེན་པོར་མ་ཚུད་ན་རྫོགས་པའི་སངས་རྒྱས་མི་ཐོབ་བོ། །ཞེས་གསུངས། གསུམ་པ་ཕན་ཡོན་ཀྱང་གོང་གསལ་ཐུན་མོང་བ་དེ་སྟེང་། བྱང་ཆུབ་ཀྱི་སེམས་སྐྱེས་པས་སྡིག་པ་མྱུར་དུ་དག །ཚོགས་ཡོངས་སུ་རྫོགས། རང་གཞན་དོན་གཉིས་འགྲུབ་ནས་རིང་པོར་མི་ཐོགས་པར་འཚང་རྒྱ་བ་སོགས་དཔག་ཏུ་མེད་དེ། དཔའ་སྦྱིན་གྱིས་ཞུས་བའི་མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་དང་སྤྱོད་འཇུག་ལས། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་། །འབྲས་བུ་འབྱིན་པས་མི་ཟད་འཕེལ་བར་འགྱུར། །དེས་ནི་དུས་མཐའི་མེ་བཞིན་སྡིག་ཆེན་རྣམས། །སྐད་ཅིག་གཅིག་གིས་ངེས་པར་སྲེག་པར་བྱེད། །ཅེས་སོགས་རྒྱ་


SPN003_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་འབྱུང་ངོ་། །གསུམ་པ་སྨྱུང་གནས་དངོས་ལའང་བསྲུང་ཚུལ་ཉེས་དམིགས་ཕན་ཡོན་གསུམ་གྱིས་འཆད་པའི་དང་པོ་སྲུང་བ་པོ་ནི། སྤྱིར་བཏང་བྱ་སྤྱོད་ཉམས་སུ་ལེན་པ་ཁོ་ནས་སྤྱད་བྱར་ཡིན་རུང་། བྱེ་བྲག་རིགས་ཀྱི་ལྷའི་སྒྲུབ་ཐབས་དང་འབྲེལ་བའི་དབང་དུ་ནི་སུས་ཀྱང་རུང་བ་དང་། ཁྱད་པར་གངས་ཅན་འགྲོ་བ་མཐའ་དག་མགོན་པོ་སྤྱན་རས་གཟིགས་ཀྱི་གདུལ་བྱ་ཐུན་མིན་ཉིད་ཕྱིར། ལྷ་དེའི་སྒྲུབ་ཐབས་དང་འབྲེལ་བར་མ་ཎི་འདོན་ཤེས་ཡན་ནས་བླ་མེད་ཀྱི་རྣལ་འབྱོར་པ་མན་ཆད་བྱེ་བྲག་མེད་པར་འཇུག་པ་གོང་མ་རྣམས་ཀྱི་ཕྱག་བཞེས་ཏེ་གདུལ་བྱ་འདུལ་ཐབས་ཁྱད་པར་འཕགས་པའོ། །སྲུང་ཚུལ་ནི། ལྷ་སྔགས་གང་ཡིན་དེའི་རྗེས་གནང་རིགས་གཏད་བཀླག་ལུང་ཚང་མ་ཐོབ་ན་རབ། ཐ་ནའང་དེ་བཞིན་གཤེགས་རིགས་ལ་མི་འཁྲུགས་པ་དང་། པདྨའི་རིགས་ལ་དོན་ཞགས་ལྟ་བུ་རིགས་ཀྱི་གཙོ་བོ་ཞིག་གི་དཀྱིལ་འཁོར་དུ་ཞུགས་པ་ཞིག་ནི་ངེས་པར་དགོས་ལ། དེང་སང་ཕལ་པ་རྣམས་སྨྱུང་གནས་སྡོད་པའི་ཚེ་ནའང་བསླབ་སྡོམ་སྦྱིན་པ་གཞིར་བཞག་ནས་སྐབས་དེར་རུང་བའི་ཕྱིར་མདོ་གཟུངས་ཀྱི་བཀླག་ལུང་། གཟུངས་སྔགས་རིང་ཐུང་གི་རྗེས་ཟློས་ལན་གསུམ་རེ་ཐོག་མར་བགྱིད་བཅུག་དགོས།


SPN003_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་ཆད་འཇུག་རུང་བའི་སླད་དུ་སྨྱུང་གནས་གྲོལ་བའི་ཉིན་ལྷ་དེའི་རྗེས་གནང་ཞིག་མཛད་པའང་ཕྱག་ལེན་ནོ། །དུས་ནི་གོང་སྨོས་ལྷ་སྔགས་ཉམས་སུ་ལེན་པའི་ཚེ་ནའོ། །བསྲུང་བྱ་ནི། སྨྱུང་གནས་དངོས་གཞིའི་ནང་མོ་ནམ་ལངས་ནས་བཟུང་། ཕྱིར་ནང་དེ་ཚོད་ཀྱི་བར་ནས་འབྲུ་ཆུ་ཐིགས་ཙམ་ཡང་བཟའ་བཏུང་མི་རུང་། གཉིད་དང་གླལ་བ་སྦྲིད་པ་འོག་རླུང་སོགས་ཤིན་ཏུ་བསྡམ་ཞིང་། གལ་ཏེ་ཤོར་ན་འཕྲལ་དེར་གཟུངས་ཆུས་ཉེ་རེག་བྱ། བསྐྱེད་རྫོགས་ལ་བློ་མི་ངེས་པ་རྣམས་ཀྱིས་རྟོག་པ་འོག་འགྱུའང་ཤོར་མི་རུང་བས་དད་འདུན་སྙིང་རྗེ་སོགས་དགེ་བསམ་ལ་བསྒྲིལ། ངག་གི་གཏམ་གླེང་སོགས་ཅིའང་མི་རུང་བ་མ་ཟད་བསྐྱེད་རྫོགས་ཤེས་པ་རྣམས་ཀྱིས་ངག་སྨྱུང་བར་གནས་པ་ཞེས་འདོན་པའང་སྒྲ་བཅས་མིན་པའི་ཡིད་འདོན་བྱ་ཞིང་ཕྱག་བསྐོར་སོགས་ལུས་ཀྱི་ངལ་དུབ་ཀྱང་སྤང་སྟེ་ལྷ་སྔགས་ལ་རྩེ་གཅིག་ཏུ་གཞོལ། བསྐྱེད་རྫོགས་མི་ཤེས་པའམ་མི་བརྟན་ན་དེ་ལྟར་བྱས་ཀྱང་ཐ་མལ་དུ་བསྡད་པར་འགྱུར་བས་འདོན་བརྗོད་སྔགས་བཟླས་ཕྱག་བསྐོར་སོགས་ཅི་ནུས་སུ་འབད། རབ་བྱུང་རྣམས་ཆོས་གོས་རྣམ་གསུམ་བགོ། གཞན་དག་ཀྱང་ལྤགས་རིགས་མིན་པའི་གོས་གསར་པ་གྱོན། ནང་སྔ་ཡན་ལག་ལྔ་ཁྲུས་གཙོས་ཉི་མ་དེར་ཁྲུས་


SPN003_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ་བྱ། ཕྲེང་ཐག་ཀྱང་ཀོ་ཐིག་མིན་པའི་རས་སྐུད་སོགས་ལ་བརྒྱུས། མདོར་ན་ལུས་དཀའ་ཐུབ། ངག་སྨྲ་བཅད། ཡིད་རྣམ་རྟོག་གིས་མ་བསླད་ཅིང་སྤྱོད་ལམ་གཙང་སྦྲ་ཕུལ་དུ་བྱུང་བར་བྱའོ། །གཉིས་པ་ནི། བྱ་སྤྱོད་ཉམས་སུ་ལེན་པ་ཙམ་གྱིས་སྨྱུང་བར་མ་གནས་ན་མི་རུང་སྟེ་ལྟ་སྒོམ་གྱི་གྲོགས་སུ་སྤྱོད་པ་གཞུང་མཐུན་ཏུ་སྤྱོད་པ་ཉིད་དེའི་དམ་ཚིག་ཏུ་གསུངས་ཤིང་། དམ་ཚིག་མེད་ན་ཆོས་ཀྱི་རྩ་བ་རུལ་བས་གསང་སྔགས་ཉམས་སུ་ལེན་པ་སྐད་བྱས་ཀྱང་དོན་འབྲས་མི་འབྱུང་ཞིང་ལོག་པའི་རྒྱུར་འགྲོ་བ་དང་། ཁྱད་པར་བཟའ་བཏུང་དང་སྨྲ་བ་མང་པོས་རྣམ་རྟོག་རགས་པ་སྤེལ། དེས་ཉོན་མོངས་པ་བསྐྱེད། དེས་ཏིང་ངེ་འཛིན་ལས་སུ་མི་རུང་ལ། ལུས་ངག་ཡིད་གསུམ་སྨྱུང་བར་གནས་པས་སྒོ་གསུམ་གྱི་ཉེས་ལྟུང་ཕལ་ཆེར་རང་འགག་ཏུ་འགྲོ་བར་ཤེས་པར་བྱའོ། །གསུམ་པ་ནི། སྤྱིར་བཤད་མ་ཐག་པའི་ཉེས་པ་དེ་ལྡོག་ཕན་ཡོན་རྣམས་ཐོབ་ཅིང་། ཁྱད་པར་རྒྱུད་སྡེའི་དགོངས་པ་བསྡུས་པའི་སྨྱུང་གནས་ཕན་ཡོན་ཆེན་མོ་ལས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་སྨྱུང་བར་གནས་པ་ཚར་གཅིག་བྱས་ན་བསྐལ་པ་བཞི་ཁྲིའི་སྡིག་པ་དག་ཅིང་ལྷ་མིའི་མཆོག་དམ་པ་


SPN003_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པར་འགྱུར་རོ། །སྨྱུང་བར་གནས་པ་ལན་བརྒྱད་བྱས་ན་རྒྱུན་ཏུ་ཞུགས་པ་དང་ཆ་མཐུན་ཞིང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །ཉེར་ལྔ་བྱས་ན་ལན་གཅིག་ཕྱིར་འོང་བ་དང་ཆ་མཐུན་ཞིང་བསྐལ་པ་བརྒྱད་ཁྲིའི་སྡིག་པ་དག་པར་འགྱུར་རོ། །ལན་ལྔ་བཅུ་བྱས་ན་ཕྱིར་མི་འོང་བ་དང་ཆ་མཐུན་ཞིང་བསྐལ་པ་ཁྲི་ཕྲག་བརྒྱད་ཀྱི་སྡིག་པ་དག་པར་འགྱུར་རོ། །སྨྱུང་གནས་ཚར་བརྒྱ་རྩ་བརྒྱད་བྱས་ན་དགྲ་བཅོམ་པ་དང་མཚུངས་ཤིང་བསྐལ་པ་བྱེ་བ་ཕྲག་བརྒྱའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག་པར་འགྱུར་རོ། །ངེས་པར་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སངས་རྒྱས་ཚེ་དཔག་མེད་ཀྱི་ཞབས་དྲུང་དུ་སྐྱེ་བར་འགྱུར་རོ། །ཞེས་དང་། གཞན་ཡང་ལུས་སྨྱུང་བར་གནས་པས་སྲོག་བཅད། མ་བྱིན་ལེན། མི་ཚངས་སྤྱོད་ལ་སོགས་པ་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་པ་དག །ཡི་དྭགས་སུ་མི་སྐྱེ། ནད་གདོན་ཞི། གནས་སྐབས་སུ་གཟུགས་བཟང་གཟི་བརྗིད་ཆེ། མཐར་ཐུག་མཚན་དཔེས་བརྒྱན་པའི་སྐུ་ཐོབ། ངག་སྨྲ་བ་བཅད་པས་རྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ་སོགས་ངག་གི་སྒྲིབ་པ་དག །བྱོལ་སོང་དུ་མི་སྐྱེ། ནུས་པ་ཆེ། གནས་སྐབས་སུ་ཁ་ན་མ་ཐོ་བ་དང་ངག་འཁྱལ་མི་འབྱུང་ཞིང་ངག་


SPN003_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་དབྱངས་དང་ལྡན། མཐར་ཐུག་གསུང་དབྱངས་ཡན་ལག་དྲུག་ཅུ་ཐོབ། ཡིད་ཏིང་ངེ་འཛིན་ལས་མ་ཡེངས་པས་བརྣབ་སེམས། གནོད་སེམས། ལོག་ལྟ་སོགས་ཡིད་ཀྱི་སྡིག་སྒྲིབ་དག །དམྱལ་བར་མི་སྐྱེ། ཉམས་རྟོགས་འཆར། གནས་སྐབས་སུ་བློ་རྣོ་ཡིད་གཞུངས་ཆོས་ཀྱི་དོན་གོ། མཐར་ཐུག་ཡེ་ཤེས་ལྔ་ཐོབ། སྨྱུང་བར་གནས་པའི་ཚེ་རང་ལུས་ཚ་གྲང་ནད་ཀྱིས་ཉེན་ན་དམྱལ་བར་སྐྱེ་བའི་ལས་བྱང་། བཀྲེས་སྐོམ་ངལ་དུབ་ཀྱིས་ཐང་ཆད་ན་ཡི་དྭགས་ཀྱི་སྐྱེ་སྒོ་ཆོད། གཉིད་རྨུགས་བྱིངས་འཐིབས་དྲན་པ་མི་གསལ་བའི་ཚེ་བློ་གཟེངས་བསྟོད་པས་བྱོལ་སོང་དུ་མི་སྐྱེ་བ་སོགས་རྒྱ་ཆེར་གསུངས་སོ། །བཞི་པ་ཕན་ཡོན་ཆེ་ཞིང་མཆོག་དམན་སུས་ཀྱང་ཉམས་ལེན་བདེ་བའི་གདན་གཅིག་གམ་མེ་གཅིག་ཆུ་གཅིག་ཏུ་གྲགས་པ་ནི། སྲུང་བ་པོ་སུས་ཀྱང་རུང་ལ། སྲུང་ཚུལ་རྒྱུན་ལྡན་ཞིག་ལས་སྡོམ་ལུང་ནོད་དེ། ཉིན་གུང་དུ་གོང་སྨོས་རུང་བའི་བཟའ་བཏུང་རྣམས་ཕུད་མཆོད་ཆངས་བུ་སོགས་གུང་ཚིགས་ཀྱི་བྱ་བ་དང་འབྲེལ་བས་ངོམས་པར་ལོངས་སྤྱོད། དེ་མ་གཏོགས་པའི་དུས་སྔ་ཕྱི་ནམ་དུ་ཡང་བཟའ་བཏུང་ཅི་ཡང་མི་བྱེད་པར་དགེ་སྦྱོར་ལ་འབད་པའོ། །དུས་ནི། སྤྱིར་ཟླ་བ་དང་པོའི་ཚེས་གཅིག་ནས་བཅོ་


SPN003_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའི་བར་ཆོ་འཕྲུལ་ཆེན་པོ་བསྟན་པའི་དུས། ཟླ་བ་བཞི་པའི་ཚེས་བརྒྱད་ལ་སྐུ་བལྟམས། བཅོ་ལྔར་མངོན་པར་བྱང་ཆུབ་པའི་དུས། འགའ་ཞིག་གིས་བརྒྱད་ལ་མྱང་འདས་ཀྱི་དུས་སུའང་ངོས་འཛིན་ནས་དུས་ཆེན་སུམ་འཛོམས་ཟེར། དྲུག་པའི་ཚེས་བཞིར་ཆོས་འཁོར་བསྐོར་བའི་དུས། དགུ་པའི་བཅོ་ལྔར་ལྷ་བབ་ཞལ་བཞེས་དང་ཉེར་གཉིས་དངོས་ཏེ་ཆོ་འཕྲུལ་ཆུང་ངུའི་དུས་སུ་གྲགས་པ་བཅས་དུས་ཆེན་བཞི་དང་། ཡང་བརྒྱད་དུ་བཞེད་པ་ལྟར་ན་ཧོར་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ནས་བཅོ་ལྔའི་བར་བྱང་ཆུབ་ཤིང་དྲུང་དུ་བཞུགས། གཉིས་པའི་ཚེས་གཅིག་ནས་བརྒྱད་ཀྱི་བར་ལྷུམས་སུ་ཞུགས། གསུམ་པའི་བཅོ་ལྔར་འབྲས་སྤུངས་སུ་དུས་འཁོར་གསུངས། བཅུ་པའི་ཚེས་བརྒྱད་ཐོ་རངས་མྱང་འདས་ཀྱི་དུས་ཏེ། དེ་རྣམས་སུ་དགེ་སྡིག་གང་བྱས་འབུམ་དུ་འགྱུར་བ་ཡོངས་གྲགས་དང་། ཕལ་ཆེར་ས་ཡ་ཕྲག་བརྒྱར་འགྱུར་བའང་གསུངས། ཟླ་བ་བྱུང་ངོ་ཅོག་གི་ཚེས་གཅིག་ལ་ལྷའི་བུ་གཞོན་ནུ་སེམས་ཅན་རྣམས་དགེ་སྡིག་ཅི་བྱེད་ཉུལ་དུ་མཆི་སྟེ། དེའི་ཉིན་སངས་རྒྱས་ཏིང་འཛིན་རྒྱལ་པོའི་མཚན་ནས་བརྗོད་ཅིང་སྐྱབས་སུ་འགྲོ་བ་དང་སྔགས་བཟླ་ཞིང་ཟས་གཅིག་པ་སྲུང་ན་བསྐལ་པ་བཞི་བཅུའི་སྡིག་པ་བྱང་། རལ་གྲི་


SPN003_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

མདུང་ཐུང་གི་དམྱལ་བ་ལས་ཐར། ཚེས་བརྒྱད་ལ་རྒྱལ་བུ་བེ་ཅོན་སེམས་ཅན་རྣམས་ཚེ་རིང་ཐུང་ཉུལ་དུ་མཆི་སྟེ། དེའི་ཉིན་སངས་རྒྱས་སྨན་གྱི་བླའི་མཚན་བརྗོད་སྔགས་བཟླས་སོགས་ཀྱིས་བསྐལ་པ་སུམ་ཅུའི་སྡིག་པ་བྱང་། གཅད་གཏུབས་དམྱལ་བ་ལས་ཐར། ཚེས་བཅུ་བཞིར་གཤིན་རྗེའི་འཁོར་དབང་པོ་འཆར་བྱེད་དགེ་སྡིག་གང་བྱེད་ཡི་གེར་བྲི་བར་ཉུལ་དུ་མཆི་སྟེ། དེའི་ཉིན་བསྐལ་བཟང་སངས་རྒྱས་སྟོང་གི་མཚན་ནས་བརྗོད་དེ་ཕྱག་འཚལ་བས་བསྐལ་པ་སྟོང་གི་སྡིག་བྱང་། ཆུ་ཚན་ཁོལ་མའི་དམྱལ་བ་ལས་ཐར། བཅོ་ལྔར་ལམ་རྒྱུད་ལྔའི་དེད་དཔོན་ཚངས་པ་ཀུན་རིག་སྔར་བཞིན་ཉུལ་ཏེ། དེའི་ཉིན་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་མཚན་སྔགས་བརྗོད་པས་བསྐལ་པ་ཉིས་བརྒྱའི་སྡིག་བྱང་། གྲང་དམྱལ་དུ་མི་སྐྱེ། བཅོ་བརྒྱད་ལ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་དགེ་སྡིག་ཅི་བྱེད་ཉུལ་བའི་དུས་ཏེ། དེའི་ཉིན་འཕགས་པ་སྤྱན་རས་གཟིགས་ཀྱི་མཚན་དང་སྔགས་བཟླས་པས་བསྐལ་པ་དགུ་བཅུའི་སྡིག་པ་བྱང་། རལ་གྲི་གདོང་གཡང་གི་དམྱལ་བ་ལས་ཐར། ཉེར་གསུམ་ལ་ལྷ་དབང་ཕྱུག་ཆེན་པོ་ཉུལ་ཏེ། དེའི་ཉིན་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་མཚན་བཟུང་བས་བསྐལ་པ་སྟོང་


SPN003_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྡིག་བྱང་། ཡི་དྭགས་སུ་མི་སྐྱེ། ཉེར་བཞིར་གཤིན་རྗེའི་འཁོར་དབང་པོ་ཐེའུ་ཤན་ཉུལ་ཏེ། དེའི་ཉིན་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་མཚན་དང་སྔགས་བཟླས་པས་བསྐལ་པ་སྟོང་གི་སྡིག་བྱང་། གཅོད་ཅིང་གཏུབས་པའི་དམྱལ་བ་ལས་ཐར། ཉེར་བརྒྱད་ལྷའི་དབང་པོ་བརྒྱ་བྱིན་ཉུལ་བའི་སྐབས་ཏེ། དེའི་ཉིན་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་མཚན་བརྗོད་པས་བསྐལ་པ་དགུ་བཅུའི་སྡིག་བྱང་། དམྱལ་བ་ཐིག་ནག་ལས་ཐར། ཉེར་དགུར་ཕྱོགས་སྐྱོང་བཅུ་ཉུལ་ཏེ། དེའི་ཉིན་སངས་རྒྱས་སྨན་བླའི་མཚན་བཟུང་བས་བསྐལ་པ་སྟོང་གི་སྡིག་བྱང་། ཐལ་ཚན་མེ་མུར་གྱི་དམྱལ་བ་ལས་ཐར། གནམ་སྟོང་ལ་ལྷ་ཆེན་ཚངས་པ་ཉུལ་དུ་མཆི་སྟེ། དེའི་ཉིན་རྒྱལ་བ་ཤཱཀྱ་ཐུབ་པའི་མཚན་བཟུང་སྔགས་བཟླས་སོགས་ཀྱིས་བསྐལ་པ་སྟོང་གི་སྡིག་པ་བྱང་། ཞིབ་མོར་འཇོམས་པའི་དམྱལ་བ་ལས་ཐར་རོ། །དེ་རྣམས་ནི་དམིགས་བསལ་གྱི་ཕན་ཡོན་མདོར་བསྡུས་ཏེ། སྤྱིར་སངས་རྒྱས་བྱང་སེམས་རེ་རེའི་མཚན་ཐོས་པ་དང་། ཡེ་གེ་དྲུག་པ་ལན་གཅིག་བཟླས་པའི་ཕན་ཡོན་ཀྱང་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་དང་རྒྱལ་སྲས་རྣམས་ཀྱིས་བརྗོད་པར་མི་ནུས་པར་གསུངས། ཟས་གཅིག་པ་ལན་གཅིག་


SPN003_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པས་ཀྱང་ཚེ་རབས་ཐམས་ཅད་དུ་མུ་གེའི་བསྐལ་པ་ལས་ཐར། བསྐལ་པ་ཁྲིའི་བར་དུ་བཟའ་བཏུང་ལོངས་སྤྱོད་ཕུན་སུམ་ཚོགས། ལྷ་དང་མི་མ་ཡིན་གྱིས་སྐྱོབ་ཅིང་བྱ་བ་སྒྲུབ། སྐྱོན་ཐམས་ཅད་དང་བྲལ། ཚེ་དཔལ་བསོད་ནམས་སྙན་གྲགས་འཕེལ། མཐར་ཐུག་མི་གནས་པའི་མྱང་འདས་ལ་རེག་པ་སོགས་ཆོས་བཞིན་སྤྱོད་ན་དོན་ཆེན་འགྲུབ་པ་ཆོས་ཀྱི་བབས་སུ་སྣང་བས་ལོ་རྒྱུས་རྙིང་པ་རྣམས་སུའང་། ཤན་པ་ཞིག་གི་གདན་གཅིག་ལྔ་བཅུ་བྱས་པས་མི་དཔོན་ཆོས་ལྡན་ཏུ་སྐྱེས་པ་དང་། མི་དྲུག་གཡོ་སྒྱུས་བསད་པའི་བུད་མེད་ཞིག་གིས་གདན་གཅིག་སོ་དགུ་བྱས་པས་ཆོས་ལྡན་གྱི་མི་ལུས་ཐོབ་པ་དང་། ཡང་བུད་མེད་ཞིག་གི་གདན་གཅིག་ཉེར་ལྔ་བསྲུངས་པས་དགེ་བཤེས་ཚད་ལྡན་ཞིག་ཏུ་སྐྱེས་པ་སོགས་གཏམ་རྒྱུད་སྤྲོ་བསྐྱེད་མང་དུ་སྣང་ཡང་ཆོས་ལ་ཡིད་ཆེས་ཞིག་ཐོབ་ཕྱིན་ཆད་དེ་ཁོ་ནས་དོན་ཚང་བས་མང་དུ་སྨོས་མི་དགོས་སོ། །དེ་རྣམས་ཉམས་སུ་ལེན་ཚུལ་སོ་སོའི་སྙིང་པོ་སོགས་རྒྱས་པར་གཞན་དུ་གསལ་བ་ལྟར་ལ། མདོར་བསྡུས་ནང་སྔ་བར་ཁྲུས་དང་གཙང་སྦྲ་བྱས་ཏེ་སྡོམ་པ་བླང་། བཤེས་སྤྲིང་ལས། རྒྱལ་བས་སངས་རྒྱས་ཆོས་དང་དགེ་འདུན་


SPN003_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །གཏོང་དང་ཚུལ་ཁྲིམས་ལྷ་རྗེས་དྲན་པ་དྲུག །རབ་ཏུ་བཀའ་སྩལ་དེ་དག་སོ་སོ་ཡི། །ཡོན་ཏན་ཚོགས་ཀྱི་རྗེས་སུ་དྲན་པར་བགྱིད། །ཅེས་གསུངས་པ་ལྟར་སྐྱབས་སེམས་ཡན་ལག་བདུན་པ་སྔོན་ཏུ་འགྲོ་བའི། མདུན་གྱི་ནམ་མཁར་ཚེས་སོ་སོའི་ལྷ་དང་། བོད་སྤྱིའི་ལྷ་སྐལ་ཐུགས་རྗེ་ཆེན་པོའང་ཆབས་ཅིག་བསྒོམ་གལ་རྒྱལ་པོ་བཀའ་ཆེམས་ལས་གསུངས་པས་ཚེས་ལྷ་ཐམས་ཅད་ཀྱི་གཡོན་ཏུ་འགྲོ་འདུལ་ཕྱག་བཞི་པར་བསྒོམ་ནས་དེ་དག་གི་མཚན་ནས་བརྗོད་དེ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ་ཞེས་ལན་བརྒྱ་སྟོང་གང་འགྲུབ་དང་། སོ་སོའི་གཟུངས་སྔགས་དང་ཡིག་དྲུག་ཅི་འགྲུབ་བཟླ། སྐུ་གསུང་ཐུགས་ལས་འོད་ཟེར་འཕྲོས། བདག་དང་སེམས་ཅན་ཐམས་ཅད་ལ་ཕོག་པས་སྒོ་གསུམ་གྱི་སྡིག་སྒྲིབ་དག་པར་བསམ། མཐར་སྣོད་བཅུད་འོད་དུ་ཞུ་ལྷར་ཐིམ། དེ་ཡང་དམིགས་མེད་དུ་བཞག་ནས་དགེ་བ་བསྔོ། དེ་ལྟར་ཐུན་བཞིའམ་དྲུག་གང་འགྲུབ་འབད། ཉིན་གུང་གདན་གཅིག་ཚུལ་བཞིན་བྱ། སྔོན་འགྲོ་དང་རྗེས་བཅས་ཉིན་ཕྱེད་གཉིས་པོའང་སྨྱུང་གནས་ལྟར་ཐོན་ན་ལེགས། མ་འགྲུབ་ཀྱང་ཉིན་གཅིག་པོ་དེས་འཐུས་ལ། དེ་ལྟར་ཚེས་གཉན་སོ་སོའི་ངེས་པ་


SPN003_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་མདོ་སྡེ་ལས་འབྱུང་། གདན་གཅིག་དང་ཡན་ལག་བརྒྱད་པོ་ཐེག་པ་ཆེ་ཆུང་གི་བསླབ་བྱ་ཐུན་མོང་བ་སྟེ། ཉམས་སུ་ལེན་ཚུལ་གྱི་གོ་རིམ་དེ་རྣམས་སྤྲུལ་པའི་རྒྱལ་པོའི་ཞལ་གདམས་ལས་འབྱུང་ངོ་། །དེང་སང་བསྟན་པའི་གཟུགས་བརྙན་ལ་སྤྱོད་པའི་དུས་མདོ་སྔགས་ཟབ་ཆོས་ཀྱི་ངེས་གསང་བླ་ན་མེད་པ་རྣམས་ནི་མོས་པ་ལམ་བྱེད་ཙམ་ལས་ཉམས་སུ་མི་ལོན། མཐུན་རྐྱེན་ཚང་ཞིང་རང་དབང་ཡོད་པའི་དུས་འདིར་ལམ་སྣ་ཟིན་ཙམ་ཞིག་མ་བྱུང་ན་ནི་རང་གིས་རང་བསླུས་པར་གདའ་བས་ཚེགས་ཆུང་ལ་དོན་ཆེ་ཞིང་ཁེ་ཆེ་ལ་ཉེན་ཆུང་བའི་ཆོས་སྤྱོད་འདི་འདྲར་ཐ་ན་འབྲེལ་འཇོག་རེ་ཙམ་བྱུང་ན་སྙམ་པས་ཞར་འཕྲོས་སུ་སྨོས་པའོ། །རྩ་བའི་ས་བཅད་གཉིས་པ་ལའང འཕགས་པའི་ཡོན་ཏན་སྤྱིར་བསྟན། དེའི་སྒྲུབ་ཐབས་དཔལ་མོ་ལུགས་དང་འབྲེལ་བའི་དོན་ཁྱད་པར་དུ་བཤད་པའོ། །དང་པོ་ནི། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཅེས་པ་ཉིད་དོན་ལ་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་གཞི་སྟེ་ཆོས་སྐུའི་ངོ་བོ་གཟི་བརྗིད་འོད་དཔག་མེད། ལོངས་སྐུ་ནམ་མཁའ་རྒྱལ་པོ་གངས་ཆེན་མཚོ། །སྤྲུལ་སྐུ་རྒྱུད་པདྨ་དྲྭ་བ་ལས་གསུངས་པའི་སེང་གེ་སྒྲ་སོགས་རིགས་བཅུའི་གཙོས་བྱེ་བ་གྲངས་


SPN003_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

སྙེད། ཡང་སྤྲུལ་བསྐལ་བཟང་གི་སངས་རྒྱས་སྟོང་རྩ་གཉིས་ལ་སོགས་པ་ནམ་མཁའ་དང་སེམས་ཅན་གྱི་ཁམས་ཇི་སྲིད་པ་དེ་སྲིད་དུ་ཐུགས་རྗེའི་འཇུག་པ་བསམ་གྱིས་མི་ཁྱབ་པ་ལས་སྐུའི་ངོ་བོ་ཞལ་བཅུ་གཅིག་པ། གསུང་སྤྲུལ་ཡི་གེ་དྲུག་པ། ཐུགས་སྤྲུལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། ཡོན་ཏན་སྤྲུལ་པ་རྟ་མགྲིན། ཕྲིན་ལས་སྤྲུལ་པ་འཇིགས་པ་བརྒྱད་སྐྱོབས་དང་སྒྲོལ་མ་དཀར་སྔོན་རྣམས་སྙིགས་དུས་ཀྱི་གདུལ་བྱ་སྤྱི་དང་། བོད་ཁ་བ་ཅན་འདུལ་བའི་ལྷ་མཆོག་གཙོ་བོར་གྱུར་པ་ཡིན་ལ་དེ་དག་གི་ཁུངས་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་ཏུ་གྲགས་པ་རྣམས་ལས་མཚན་ཐོས་པ་ཙམ་གྱིས་ཕན་ཡོན་དཔག་ཏུ་མེད་པ་གསུངས་པ་སོགས་སྨོས་ཀྱིས་མི་ལང་ལ། མདོར་བསྡུས་ཟ་མ་ཏོག་བཀོད་པ་ལས། རིགས་ཀྱི་བུ་གང་ང་འདྲ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སུ་གྱུར་ལ། དེ་དག་ཀྱང་གནས་གཅིག་ཏུ་བཞག་ཅིང་ན་བཟའ་དང་། བཤོས་དང་། མལ་སྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་བསྐལ་པར་མཆོད་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་


SPN003_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་གསོད་ནམས་ཀྱི་ཕུང་པོ་བགྲང་མི་ནུས་ན། རིགས་ཀྱི་བུ་གང་ང་གཅིག་པུ་འཇིག་རྟེན་གྱི་ཁམས་འདི་ན་གནས་པས་ལྟ་ཅི་སྨོས། གང་འཇིག་རྟེན་ན་སྤྱན་རས་གཟིགས་ཀྱི་དབང་པོའི་མིང་དྲན་པ་དེ་དག་ནི་བདེ་བ་དང་ལྡན་པ་ཡིན་ནོ། །དེ་དག་ནི་རྒ་བ་དང་། ན་བ་དང་། འཆི་བ་དང་། སྡུག་བསྔལ་བ་ལས་ཡོངས་སུ་ཐར་པ་ཡིན་ནོ། །དེ་དག་འཁོར་བའི་ཐ་མ་གཞན་མེད་པའི་སྡུག་བསྔལ་ལས་ཐར་བར་འགྱུར་རོ། །དེ་དག་ནི་གོས་དཀར་པོ་དང་སྐྱ་བོ་བགོས་བཞིན་དུ་བྱ་ངང་བའི་རྒྱལ་པོ་མགྱོགས་པ་དང་རླུང་གི་ཤུགས་འོང་བ་བཞིན་དུ་བདེ་བ་ཅན་གྱི་ཁམས་སུ་དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་ལས་ཆོས་མངོན་དུ་ཉན་པའི་ཕྱིར་འགྲོའོ། །ཐོས་ནས་ཀྱང་དེ་དག་གི་ལུས་ལ་འཁོར་བའི་སྡུག་བསྔལ་མི་འབྱུང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་མི་འབྱུང་། རྒ་བ་དང་། ཤི་བར་མི་འགྱུར། དེ་དག་གི་ལུས་ལ་བགྲེས་པར་མི་འགྱུར། མངལ་ན་གནས་པའི་སྡུག་བསྔལ་བ་ཤེས་པར་མི་འགྱུར་ཏེ། ཆོས་ཀྱི་རོས་བསྐྱོད་ནས་དེ་ཉིད་དུ་པདྨའི་ནང་དུ་སྐྱེ་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་


SPN003_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོའི་ཡི་དམ་བརྟན་པོ་ཡོངས་སུ་རྫོགས་པ་དང་། སེམས་ཅན་ཐམས་ཅད་ཐར་པ་ལ་བཞག་གི་བར་དུ་འཇིག་རྟེན་གྱི་ཁམས་དེ་ན་རྟག་ཏུ་འཛིན་ཅིང་གནས་སོ། །ཞེས་གསུངས། གཞན་ཡང་འཕགས་པའི་མཚན་འཛིན་པས་གནས་སྐབས་སུ་ཡང་ནད་གདོན་མེ་ཆུ་དགྲ་རྐུན་དུག་མཚོན་གཅན་གཟན་སོགས་འཇིགས་པ་བརྒྱད་དང་བཅུ་དྲུག་ལས་སྐྱོབ་ཅིང་ཕན་ཡོན་འགའ་ཞིག་འོག་ཏུ་འབྱུང་ལ། མདོར་ན་གོང་སྨོས་རྒྱལ་བ་ཀུན་གྱི་སྤྲུལ་གཞི། ད་ལྟའང་འགྲོ་དྲུག་གི་གནས་རྣམས་སུ་ཐ་ན་གྲུ་ཟམ། ཟས་སྨན། སྲིན་བུའི་གཟུགས་སོགས་གང་ལ་གང་འདུལ་དུ་སྤྲུལ་ནས་འགྲོ་དོན་རྒྱུན་ཆད་མེད་པར་མཛད་བཞིན་པ་སྟེ། མདོ་རྒྱུད་ཀྱི་ཕན་ཡོན་ཇི་སྙེད་པ་རྣམས་འཕགས་པའི་ཡོན་ཏན་ཁོ་ན་བརྗོད་པ་དང་འདྲ་བར་ཤེས་པར་བྱའོ། །གཉིས་པ་འདིར་བསྟན་དངོས་གཞི་འཆད་པ་ལ། ཕྱོགས་གང་དུ་གཏོགས་ཀྱི་ཁུངས་བསྟན། བརྒྱུད་པའི་རྣམ་ཐར་མདོར་བསྡུ། སྒྲུབ་དུས་བསྙེན་ཚད་སྤྱིར་བསྟན། ཕན་ཡོན་རྒྱས་པར་བཤད། རྗེས་དམ་ཚིག་བསྲུང་ཚུལ་ཏེ་ས་བཅད་ལྔ་ཡོད་པའི་དང་པོ་ནི། སྤྱིར་སྤྱན་རས་གཟིགས་ཀྱི་མདོ་གཟུངས་དང་། བཀའ་གཏེར་གྱི་རྒྱུད་དུ་མ་ཡོད་ཅིང་རྒྱུད་སྡེ་བཞི་ཀ་དང་


SPN003_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་བ་ལས། འདིར་བྱ་རྒྱུད་ལ་འཇིག་རྟེན་ལས་འདས་པའི་རིགས་གསུམ། འཇིག་རྟེན་པའི་རིགས་གསུམ་སྟེ་དྲུག་ཡོད་པའི་སྔ་མ་པདྨའི་རིགས་སུ་གཏོགས་པ་ཞལ་བཅུ་གཅིག་པའི་གཟུངས་ལ་བརྟེན་པའོ། །གཉིས་པ་ནི། དེ་ཡང་འཕགས་པ་བཅུ་གཅིག་ཞལ་དངོས་ཀྱིས་རྗེས་སུ་བཟུང་བ་ནི་དགེ་སློང་མ་དཔལ་མོ་སྟེ། དེ་ནི་ཨོ་རྒྱན་རྒྱལ་པོའི་སྲས་མོ་ཞིག་ཁྱིམ་ཀྱི་ཉེས་དམིགས་མཐོང་ནས་རབ་ཏུ་བྱུང་། རིག་པའི་གནས་ལྔ་ལ་མཁས། ཁྲིམས་ཤིན་ཏུ་བཙུན་པར་བཞུགས་ཀྱང་སྔོན་གྱི་ལས་ངན་སྨིན་ནས་མཛེ་བྱུང་སྟེ་ལུས་ལ་ན་ཚ་དང་སེམས་ལ་སྡུག་བསྔལ་དྲག་པོ་མྱོང་། ཕྱག་གཉིས་མཁྲིག་མ་ནས་ཆད་དེ་ཁ་ཟས་ཀྱང་བསྙབས་མི་ཤེས་པར་དུད་འགྲོ་ལྟར་གསོལ་དགོས་པས། འཁོར་རྣམས་ཀྱིས་བས་མཐའི་རྩྭའི་སྤྱིལ་པོ་ཞིག་ཏུ་བསྐྱབ་ནས་བཤུམ་ཞིང་བཞུགས་པའི་ནུབ་གཅིག་རྣལ་ལམ་དུ། རྒྱལ་པོ་ཨིནྡྲ་བྷུ་ཏིས་བྱིན་གྱིས་བརླབས་ཤིང་འཕགས་པ་སྒྲུབ་ན་མྱུར་དུ་མཆོག་འགྲུབ་པར་ལུང་བསྟན་པའི་ཕྱིར་ནང་ནས་ཟུག་རྔུ་ཅུང་ཟད་ཞི་སྟེ། ཉིན་མོ་ཡི་གེ་དྲུག་པ་དང་། མཚན་མོ་གཟུངས་རིང་ཐུང་བཟླས། ལོ་རྒྱུས་ཁ་ཅིག་ཏུ་ཁ་སཪྤ་ཎའི་ནགས་སུ་དཔལ་གྱི་སེང་གེ་


SPN003_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་ཐུགས་རྗེ་ཆེན་པོའི་གྲུབ་ཐོབ་ལས་འདིའི་གདམས་ངག་ཞུས་ནས་དེ་ཉིད་དུ་བསྒོམས་པའང་བཤད། གང་ལྟར་སྐབས་ཤིག་ཏུ་སྒྲུབ་པས་སུན་ནས་ཐུགས་སྐྱོ་བ་ན་མནལ་ལམ་དུ་འཇམ་དཔལ་གྱིས་ཞལ་བསྟན་ཏོ། །ལི་ཁར་ཤིང་འཕེལ་དུ་སོང་ལ་འཕགས་པ་སྒྲུབས་ཤིག །ལོ་ལྔ་ནས་རྗེ་བཙུན་སྒྲོལ་མ་དང་རྟོགས་པ་མཉམ་པར་འགྱུར་རོ། །ཞེས་ལུང་བསྟན་པ་ལྟར། གནས་དེར་ཕེབས་པའི་ལམ་དུ་པདྨ་མཁའ་འགྲོ་བདུན་གྱིས་ཕྲིན་ལས་ཞུས་ཏེ། ཤིང་འཕེལ་རང་བྱོན་འཕགས་པའི་དྲུང་དུ་མཆོག་མ་ཐོབ་པར་གདན་མི་སྤོ་བར་དམ་བཅས་ནས་གདན་གཅིག་དང་བསྙུང་གནས་སྤེལ་ཏེ་འཇིག་རྟེན་མགོན་པོའི་བསྐྱེད་རྫོགས་དང་གཟུངས་རིང་ཐུང་བཟླས་པས་ལོ་གཅིག་ནས་སྙུན་ལས་གྲོལ། ཏིང་ངེ་འཛིན་གྱི་སྒོ་དུ་མ་འཁྲུངས། སྐུ་ལུས་སོར་ཆུད། བདུད་དང་ཕྱོགས་སྐྱོང་བཅུ་སོགས་གླགས་ལྟ་བ་ཀུན་རྗེ་བཙུན་གྱི་བསྐྱེད་རིམ་དང་བྱམས་སྙིང་རྗེའི་དམ་འོག་ཏུ་ཆུད། ཀླུ་ཆེན་བརྒྱད་ཀྱིས་ཆོས་འདིའི་སྲུང་མར་ཁས་བླངས། དེ་ནས་དུས་ལན་གཅིག་དགེ་སློང་མས་དགུང་ལོ་ཉེར་བདུན་བཞེས་པའི་ས་ག་ཟླ་བའི་ཚེས་གཅིག་ལ་རྗེ་བཙུན་སྒྲོལ་མས་ཞལ་བསྟན། ས་དང་པོ་ཐོབ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་


SPN003_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་ཁྱོད་ཀྱིས་བྱེད་པར་འགྱུར་རོ་ཞེས་གསུངས། ཚེས་བརྒྱད་ལ་དོན་ཞགས་སོགས་ཀྲི་ཡའི་ལྷ་ཕལ་ཆེར་ཞལ་གཟིགས། ས་བརྒྱད་པ་ཐོབ། ཁྱོད་ཀྱིས་སྤྱན་རས་གཟིགས་ཀྱི་སྒོ་ནས་འགྲོ་བ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་འགོད་པར་འགྱུར་རོ། །ཞེས་གསུངས། བཅོ་ལྔའི་ཉིན་ཕྱག་སྟོང་སྤྱན་སྟོང་གི་སྐུའི་ནང་རྒྱུད་སྡེ་བཞིའི་དཀྱིལ་འཁོར་དང་། བ་སྤུའི་བུ་ག་རེ་རེ་ལ་སངས་རྒྱས་ཀྱི་ཞིང་ཁམས་དཔག་ཏུ་མེད་པ་བཀོད་པ་གཟིགས་པས་ལོ་བཅུ་གཉིས་ལ་དཀའ་བ་སྤྱད་པས་དེ་ཙ་ན་མི་མཇལ་བའི་ཡུས་གསོལ་བ་ན། ཁྱོད་ཀྱི་ས་དང་པོ་སྒྲུབ་པའི་འགོ་བརྩམས་ནས་འབྲལ་མེད་དུ་གནས་ཀྱང་ད་བར་ལས་སྒྲིབ་མ་ཟད་པས་མ་མཐོང་བ་ཡིན་ནོ་ཞེས་གསུངས་ཏེ་ཆོས་བསྟན་ཅིང་བྱིན་གྱིས་བརླབས་པས་ས་བཅུའི་ཡོན་ཏན་མ་ལུས་པ་རྫོགས། འཕགས་པ་དང་གཉིས་སུ་མེད་པའི་གོ་འཕང་བརྙེས་ཤིང་སྐུ་ལུས་ཀྱང་གསེར་གྱི་ཁ་དོག་ལྟ་བུར་གྱུར་ཏོ། །དེ་ནས་སྔགས་སྤྱོད་ལ་ཞུགས་པས་མི་ཀུན་གྱིས་སྐུར་པ་བཏབ། དེར་མ་དད་པ་བཟློག་པའི་ཆེད་དུ། ཁ་སཪྤ་ཎའི་དུས་སྟོན་གྱི་ཁྲོམ་གསེབ་ཏུ་རང་གི་དབུ་གྲི་གུག་གིས་བཅད་དེ་འཁར་གསིལ་གྱི་རྩེར་བསྐྱོན་ནས་ནམ་མཁར་སྤྲིན་གསེབ་ཏུ་གར་


SPN003_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། སླར་ས་ལ་བབས་ཤིང་སྔ་མ་ལྟར་སོར་ཆུད་པ་མཛད་པས་དེར་འདུས་ཐམས་ཅད་དད་པ་ལ་བཀོད། དེར་སྤྱན་རས་གཟིགས་ཀྱི་རྟོགས་པ་གསུངས་པ་ཙམ་གྱིས་དེ་རྣམས་དང་། ཡུལ་གྲུ་དེའི་ཕོ་མོ་ཐམས་ཅད་ཀྱིས་མཆོག་གི་དངོས་གྲུབ་ཐོབ་ནས་མཁའ་སྤྱོད་དུ་གཤེགས་པར་གྲགས་སོ། །དེ་ཡང་ཕྱི་ལྟར་དགེ་སློང་མ་དཔལ་མོ། ནང་ལྟར་རྗེ་བཙུན་སྒྲོལ་མ། གསང་བ་རྡོ་རྗེ་ཕག་མོ་དབུ་བཅད་མ་དངོས་ཡིན་ལ། ཨིནྡྲ་བྷུ་ཏིའི་ལྕམ་ལཀྵྨཱི་ཀ་ར་དང་གཅིག་པར་ཡང་བཤད་དོ། ༈ །དེ་ཡིས་རྗེས་སུ་བཟུང་བ་པཎྜི་ཏ་ཟླ་བ་གཞོན་ནུ་ནི། རྒྱ་གར་ནུབ་ཕྱོགས་བྲམ་ཟེ་ཞིག་ཏུ་འཁྲུངས། སྒྲ་ཚད་སོགས་ལ་མཁས་པའི་གྲགས་པས་ཁྱབ་ཅིང་རབ་ཏུ་བྱུང་ནས་ཐོས་པ་མང་པོའི་དོན་ཉམས་སུ་ལེན་པ་ན། ཐུགས་རླུང་གི་གེགས་ཤིག་བྱུང་སྟེ་ཅི་བྱས་ཀྱང་མ་ཕན་ནས་དགེ་སློང་མ་དཔལ་མོ་མཇལ་བར་ཕྱིན་པས་བྱིན་རླབས་མཛད་པ་ཙམ་གྱིས་སོས། ཁྱོད་ཀྱིས་སྔོན་བླ་མ་ཞིག་གི་ཐུགས་དཀྲུག་ཀྱང་དེའི་བཤགས་པ་བྱས་པས་ད་རེས་ནད་འདི་བྱུང་ཞིང་ང་དང་མཇལ་བ་ཡིན་གསུངས། ཞལ་བཅུ་གཅིག་པའི་གདམས་པ་གནང་བས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་དེ་ཉིད་དུ་ཐོབ་བོ། །


SPN003_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

པཎྜི་ཏ་ཡེ་ཤེས་བཟང་པོ་ནི་རྒྱལ་རིགས་རབ་ཏུ་བྱུང་སྟེ་རིག་པའི་གནས་ལྔ་ལ་མཁས་པ་ཞིག་སྔོན་ལས་ཀྱིས་སྐུ་སྟོད་དུ་རྨ་སྲོལ་ཆེན་པོ་བྱུང་བར་སྨན་བཅོས་དུ་མ་བྱས་ཀྱང་མ་ཕན། ལྷ་འདྲེའི་གནོད་པར་དོགས་ཏེ་གྲུབ་ཐོབ་ཞིག་ལས་གཤིན་རྗེའི་གཤེད་ཀྱི་གདམས་པ་ཞུས་ནས་བསྒོམས་པས་སུམ་ལོགས་ཀྱིས་ཐུར་སོང་། སྐུ་ལུས་ཆུ་བུར་གྱིས་ཁྱབ། ཚ་རེག་ཟུག་རྔུ་མ་བཟོད་པར་རྫིང་བུར་ཞུགས་ཀྱང་དྲོད་ཀྱིས་མཚོ་ཁོལ་ནས་ཆུ་བརྗེ་དགོས་པ་བྱུང་། གཉན་མེ་དབལ་ནག་པོ་ཞེས་པ་སྟེ། ནུས་པ་ཅན་ཐམས་ཅད་ལ་གཏུགས་ཀྱང་མ་ཕན་པར་ཟླ་བ་གཞོན་ནུ་ལ་ཞུས་པས་དེར་འབྱོན་པར་རྩོམ་པ་ན། རྗེ་བཙུན་སྒྲོལ་མས། འདི་ནི་བླ་མ་ཞིག་ལ་དམ་ཉམས་བྱས་པའི་རྣམ་སྨིན་ཡིན་ཏེ་ཁྱོད་ཀྱིས་ཀྱང་གསོ་མི་ནུས་པས་དཔལ་མོ་ལ་གསོལ་བ་ཐོབ་ཅིག་པའི་ལུང་བསྟན་བྱུང་བ་ལྟར། དགེ་སློང་མ་སྤྱན་འདྲེན་གྱི་གྲོགས་མཛད་དེ་དཔོན་སློབ་གཉིས་མཚོ་ཁར་ཕེབས་པ་ལ་གསོལ་བ་བཏབ་པས་བྱིན་རླབས་མཛད་པ་ཙམ་གྱིས་སྙུན་གཞི་མེད་དུ་དྭངས། དགེ་སློང་མ་བཅུ་གཅིག་ཞལ་དངོས་སུ་མཐོང་། དེར་སྤྱན་རས་གཟིགས་ཀྱི་གདམས་པ་ཉུང་ངུ་ཞིག་གནང་། རྒྱུད་སྒྲུབ་ཐབས་རྒྱས་པ་ཟླ་བ་


SPN003_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་ནུ་ལ་ཞུས་ཏེ་ཟླ་བ་གསུམ་དུ་སྨྱུང་གནས་མཛད་ཅིང་བསྒོམས་པས་འཕགས་པའི་སྐུར་དངོས་སུ་གྱུར་ཏེ་མཆོག་ཐོབ་བོ། །བལ་པོ་པཎྜི་ཏ་པེ་ཉ་བ་ནི་རྒྱལ་རིགས་མཁས་པའི་ཕུལ་དུ་ཕྱིན་པ་ཞིག་འཇམ་དཔལ་གྱིས་ལུང་བསྟན་ནས་རྒྱ་གར་དུ་བྱོན། ཡེ་ཤེས་བཟང་པོ་ལ་བཅུ་གཅིག་ཞལ་གྱི་གདམས་ངག་ཞུས་ནས་ལོ་ལྔར་འཚོ་བ་བསོད་སྙོམས་ལ་བསྟེན། སྒྲུབ་པ་མཛད་པས་ཞལ་མཐོང་། མཆོག་གི་དངོས་གྲུབ་ཐོབ་སྟེ་འཇའ་ལུས་སུ་གཤེགས་སོ། ༈ །དེའི་སློབ་མ་བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་ནི་འཕགས་པ་སྤྱན་རས་གཟིགས་དངོས་ཡིན་པར་ཡོངས་སུ་གྲགས་ཏེ་མཁས་པ་དང་གྲུབ་པ་བརྙེས་པ་མང་པོ་ལ་སྤྱན་རས་གཟིགས་ཀྱི་ལུང་བསྟན་བྱུང་བས་ཞབས་ལ་བཏུད་པའི་ལོ་རྒྱུས་དུ་མ་སྣང་། ཉིད་ཀྱིས་སྐྱིད་གྲོང་ལོ་ཀེ་ཤྭ་རའི་དྲུང་དུ་ཞག་བདུན་གསོལ་བ་བཏབ་པས། ལོང་བ་བརྒྱ་ལ་མིག་བྱིན། གཙུག་ལག་ཁང་བརྒྱ་བརྩིགས། ལམ་འཕྲང་བརྒྱ་སོལ། དགེ་སློང་བརྒྱའི་འཚོ་བ་དྲོངས་ཕྱག་སྟོང་སྤྱན་སྟོང་ལ་གསོལ་བ་བཏབ་པས་དེ་རྣམས་འགྲུབ་སྟེ་མྱུར་དུ་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་བསྟན་ཐོབ། དེར་དགེ་སློང་བཞི་སྡེ་རེ་ཁྲིད་ནས་བསོད་སྙོམས་མཛད་པས་སྐུ་བསོད་


SPN003_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་ཏེ་ཟང་ཟིང་འདུས། ལྷ་ཁང་བརྒྱ་ལྷག་བཞེངས། སྲོག་བསླུ་དང་མིག་བསླུ་སུམ་བརྒྱ་ལྷག་མཛད། ལམ་འཕྲང་དུ་མ་གསོས། དགེ་སློང་སྟོང་ཉིས་བརྒྱ་ཙམ་དེའི་འཚོ་བ་སྦྱོར་བ་སོགས་དགེ་བ་རླབས་ཆེན་དཔག་མེད་འགྲུབ། དེའི་ཚེ་ལྷོ་རྒྱུད་ཀྱི་གྲོང་ཞིག་ཏུ་ཕེབས་པ་ན། བུད་མེད་ནད་མ་ཞིག་གིས་བྱིན་རླབས་ཞུས་པར་གཏོར་མ་དང་བསྔོ་བ་ཡང་མཛད་ནས། ན་ཚ་སྔོན་གྱི་མི་དགེ་བ་ལས་བྱུང་བ་ཡིན་པས་བཟོད་པ་དང་བྱང་ཆུབ་ཀྱི་སེམས་སྒོམས་ཤིག་གསུངས་པས་མོ་དད་པ་སྐྱེས་ཏེ་མཆི་མ་བླགས་བཞིན་ཏུ། ཚེ་སྔོན་མ་ལྟ་ཞོག །ཚེ་འདིར་ཡང་སྡིག་པ་མང་དུ་བྱས་ཡོད་ན་ཟེར་བས། འོ་ན་སྡིག་པ་དྲན་ཚད་མཐོལ་བཤགས་གྱིས་དང་དག་པ་ཡིན་ནོ་གསུངས། དེར་མོ་ན་རེ། བདག་སྐྱིད་གྲོང་དུ་ཚོང་དཔོན་ཕྱུག་པོ་ཞིག་གི་ཆུང་མ་ལ་ཕྱིན། བུ་ཞིག་ཡོད་པས་ལོ་བདུན་ལོན་པའི་ཚེ། ཚོང་དཔོན་བལ་ཡུལ་དུ་ཚོང་ལ་ཕྱིན་ནས་ལོ་གསུམ་དུ་མ་འཁོར། ཤུལ་དུ་སྐྱེ་མཆེད་ལེགས་པ་དང་། ཉོན་མོངས་དྲག་པོའི་དབང་གིས་སྐྱེས་པ་གཞན་དང་འགྲོགས་པའི་བུ་ཞིག་སྐྱེས་པ་དེ་བསད། ལོངས་སྤྱོད་རྣམས་ཀྱང་ཕྱེད་མེད་དུ་སོང་བས། བུ་སྔ་མས། ངའི་ཕ་དེ་བྱུང་


SPN003_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཁྱོད་ལ་ཅི་འདྲ་ཞིག་འོང་ངམ་ཟེར་བར། ངས་ཅི་བྱས་སྨྲས་ཏེ་རྡོག་ཐོ་ཞིག་བརྒྱབ་པས་མཆིན་ཁར་ཕོག །ཁ་ནས་ཁྲག་སྐྱུག་སྟེ་ཤི། དེར་ངའི་བུ་གཟའ་གདོང་ཐུག་གིས་གུམ་བྱས་ནས་གཡོ་ཁྲམ་མང་པོ་ལབ། བླ་མཆོད་ཞིག་ལ་དེའི་རྒྱུས་ཡོད་པས་དེའང་དུག་བླུད་ནས་བཀྲོངས། དེ་ནས་ཚོང་དཔོན་ནོར་དཔག་མེད་བཅས་སླེབ་པ་ན། གཡོག་མོ་ཞིག་གིས་ལོ་རྒྱུས་རྣམས་ལྐོག་ཏུ་བཤད་པས། ཁོ་ན་རེ། དོ་ནུབ་མི་ཤེས་པ་ལྟར་གྱིས། ནང་པར་མིག་འདོན་ནོ་ཟེར་བ་མོས་ཕག་ཉན་བྱས་པས་ཚོར་ཏེ་འཇིགས་དྲག་ནས་དུག་མང་པོ་ཆང་ལ་སྦྱར་ནས་ཚོང་དཔོན་དཔོན་གཡོག་བརྒྱད། ཁྱིམ་མཚེས་སྐྱེས་པ་གཉིས། ཁོལ་མོ་གཉིས་བཅས་ལ་བླུད་པས་དེའི་ཐོ་རངས་ནས་སྨྲ་མི་ནུས་པར་གྱུར་ཏེ་ཞག་གཉིས་ཀྱི་ཁོངས་སུ་ཤི། བདག་ལྷོ་བལ་དུ་བྲོས། དེའི་ལེ་ལེན་བདས་པས་ཕ་མིང་རྣམས་ཀྱང་ཕུང་དུ་བཅུག གཞན་ཡང་གཡོ་ཟོལ་གྱི་སྡིག་ཅིའང་བགྱིས་ན་ཐུགས་རྗེས་བཟུང་འཚལ་ཟེར། དེར་བྱང་ཆུབ་སེམས་དཔས་བུད་མེད་ཅིག་ལ་འདི་འདྲའི་སྡིག་ཆེ་བ་དགོངས་ཏེ་སྤྱན་ཆབ་མང་པོ་ཤོར། སྨྱུང་གནས་ཚར་གཅིག་བྱས་ཀྱང་ངན་སོང་དུ་མི་འགྲོ་བ་འཕགས་པ་ལ་དབུ་སྨྱུང་བཞེས་པ་ཡིན་པས་འདི་ལ་དེ་ལས་དྲག་པའི་རེ་ས་


SPN003_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་མེད་དགོངས་ཏེ་ལུང་ཕོག །སྨྱུང་གནས་ཚར་བརྒྱད་བགྱིད་པར་བགོས། མོའི་ན་བའང་བླ་མའི་ཐུགས་རྗེས་ཅུང་བདེ་བ་དང་། ས་ག་ཟླ་བ་ལ་སྨྱུང་གནས་བྱས་པའི་ལན་གཅིག་གི་དགོང་མོར་ཁ་སྐོམ་ནས་ཆང་འཐུང་། ཡང་ལན་གཅིག་ལ་ལྟོག་དྲག་པས་ཞལ་ཟས་བཞི་ཕུལ་ཡོད་པའི་གཉིས་ཟོས། དེ་ལྟར་སྨྱུང་གནས་ཧྲུལ་པོ་ལན་གཉིས་དང་། གདན་གཅིག་ལ་བརྟེན་པའི་བསྙེན་གནས་དྲུག་སྟེ། བརྒྱད་ཚར་ནས་རིང་པོ་མ་ཐོགས་པར་ཤིའོ། །ལན་གཅིག་བྱང་ཆུབ་སེམས་དཔས་གཙང་སྟོད་དུ་སེམས་བསྐྱེད་ཞིག་གསུངས་པའི་ཚེ་མི་ཐམས་ཅད་ཀྱིས་མཐོང་བར་ཙི་མར་དངོས་སུ་བྱུང་ནས་གྲུབ་རྟགས་ཞིག་སྟོན་པར་ཞུས་པས་ཕྱག་མཐིལ་དུ་སྤྱན་ཁྲ་ཧྲིག་ཧྲིག་པ་ཀུན་གྱིས་མཐོང་། ཁ་ཅིག་གིས་བཅུ་གཅིག་ཞལ། འགྲོ་འདུལ་ཕྱག་བཞི་པ། ཁ་སཪྤ་ཎི་ལ་སོགས་དངོས་སུ་མཐོང་། ཁོ་ཡང་དད་དེ་ཆོས་འདིའི་སྲུང་མར་ཁས་བླངས་སོ། །དེའི་ཚེ་མི་རྣམས་ཤིན་ཏུ་དད་ནས་སྡིག་བཤགས་ཕུལ་པ་མང་པོ་བྱུང་བ་ན་དགེ་སློང་ཞིག་གིས། ན་ནིང་རྒན་མོ་མི་བཅོ་ལྔ་བསད་པ་དེ་ཤི་བར་ཐོས་པས་གར་སྐྱེ་ཞུས་པར། ཞལ་འཛུམ་མཛད་དེ་ཞལ་བཅུ་གཅིག་པའི་སྨྱུང་གནས་


SPN003_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཕན་ཡོན་ཚད་མེད་ཀྱང་ནུས་པ་ཤིན་ཏུ་ཉུང་བ་འདུག །བུད་མེད་དེ་རྒྱ་གར་ཤར་ཕྱོགས་ན་བྲམ་ཟེ་འབྱོར་ལྡན་ཞིག་གི་བུར་སྐྱེས་ནས་རིན་པོ་ཆེའི་རྒྱན་མང་པོ་ཅན་དུ་གདའ། སྔོན་སྨྱུང་གནས་བྱེད་པོ་དེས་མི་ལུས་ཐོབ་ཀྱང་། ཁ་སྐོམ་ནས་ཆང་འཐུང་བས་ཤེས་པ་མཐོ་དམན་ཅན། ཞལ་ཟས་ཟོས་པས་གཟུགས་ངན་པ་ཞིག་ཏུ་སྣང་། སྐྱེ་བ་དེར་སྤྱན་རས་གཟིགས་ལ་ཡི་དམ་བྱེད་ཅིང་ཚེ་འཕོས་མ་ཐག་ཏུ་བདེ་བ་ཅན་དུ་སྐྱེ་བར་འདུག །སྨྱུང་གནས་རྣམ་དག་ཚར་བརྒྱད་བྱས་ཤིང་། འཕགས་པའི་མཚན་བརྒྱ་རྩ་རེ་བརྗོད་དེ་ཕྱག་འཚལ་ན་ངེས་པར་བདེ་བ་ཅན་གྱི་འཇིག་རྟེན་དུ་ཕྱིར་མི་ལྡོག་པའི་ས་ཐོབ་ཅིང་། མཐར་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་ལ། ལན་གཅིག་གིས་ཀྱང་ངེས་པར་ངན་འགྲོའི་སྒོ་བཅད་པར་འགྱུར། ཆོས་འདི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྒྲུབ་ཐབས་ཡིན་པས་ཀུན་གྱིས་འདི་ལ་བསླབ་པར་བྱའོ། །ཞེས་ཀྱང་གདམས་པར་མཛད་དོ། །གྲུབ་ཐོབ་ཉི་ཕུག་པ་ནི། མངའ་རིར་འཁྲུངས་པའི་མཚན་ཡིད་འཕྲོགས། རབ་ཏུ་བྱུང་ནས་དགུང་ལོ་ཉེར་དྲུག་ཚུན་ལ་མཁས་བཙུན་བཟང་གསུམ་གྱི་གྲགས་པ་ཐོན། དེར་མནལ་ལམ་དུ་སྒྲོལ་མས། རིགས་ཀྱི་བུ།


SPN003_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

མར་ཡུལ་དུ་སྤྱན་རས་གཟིགས་བྱོན་ཡོད་པས་དེར་སོང་དང་དོན་གཉིས་འགྲུབ་པར་འགྱུར་རོ་ཞེས་པའི་ལུང་བསྟན་ལྟར་བྱོན་པས་བྱང་སེམས་ཟླ་རྒྱས་དང་མཇལ། ཕྱག་རྟེན་བཏང་ནས་སྒྲུབ་སླ་ལ་དོན་ཆེ་བ། ངན་སོང་དང་གཏན་གྱེས་བྱེད་པའི་ཆོས་ཤིག་ཞུ་བྱས་པས་ཞལ་བཅུ་གཅིག་པའི་གདམས་ངག་གནང་། བླ་མའི་བཀའ་ལྟར་བྱང་ཕྱོགས་དྷཱ་ཀིའི་གངས་སུ་རྩམ་པ་བྲེ་ལྔ་ལ་རླུང་ནོན་མཛད། སྨྱུང་གནས་དང་བཅུད་ལེན་ཁོ་ནས་མི་སུས་ཀྱང་མ་ཚོར་བར་ལོ་བདུན་བཞུགས་པས་ཕྱག་མཐིལ་ལ་ཉི་ཟེར་ཐོལ་བྱུང་དུ་འཆར་བ་སོགས་འབྱུང་བཞི་དེངས་པའི་མཚན་མ་བརྙེས། རྟ་སྒོའི་ལྷ་བཙན་འབུམ་རྗེས་ཆོས་སྐྱོང་དུ་ཁས་བླངས། ནམ་མཁའ་ལ་འཕུར་ཏེ་ཉི་ཕུག་ཏུ་ཕེབས་ནས་སྤྲུལ་པའི་བཟོ་པོ་དུ་མས་གཙུག་ལག་ཁང་དང་ཇོ་བོའི་སྐུ་བཞེངས་ནས་གདན་ས་བཏབ་པས་མཚན་ཡང་ཉི་ཕུག་པར་གྲགས། རེ་ཞིག་སྨྱུང་གནས་མཛད་པའི་ནམ་ཕྱེད་སྤྱན་བུད་འགྲོ་བ་ལྟ་བུའི་སྙུང་ཟུག་བྱུང་བར། མི་དཀར་པོ་ཞིག་གིས། ཁྱོད་ཀྱི་སྐྱེ་བ་ལྔ་བརྒྱའི་གོང་དུ་རྒྱ་གར་ལྷོ་ཕྱོགས་སུ་མཉན་པར་སྐྱེས་ཏེ་གྲུ་སྐྱ-་ལ་ཉ་པོ་ཆེའི་མིག་བཅར་བའི་རྣམ་སྨིན་གྱི་ཐ་མ་ཡིན་ཟེར། ཡང་ལན་གཅིག་ཞལ་འགྲམ་


SPN003_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་སྐྲངས་ནས་ཟུག་རྔུའི་མི་བཟོད་པ་ལའང་སྔ་མ་ལྟར། སྐྱེ་བ་དགུ་བརྒྱའི་གོང་དུ་མ་ཧེའི་འགྲམ་པ་རྡོས་བཅག་པའི་རྣམ་སྨིན་ཐ་མ་ཡིན་ཟེར། དེར་འགྲོ་དོན་དཔག་མེད་མཛད། དུས་རྒྱུན་དུ་སྨྱུང་གནས་ཁོ་ན་དང་། སྐུ་ཁམས་ངན་དུས་ཀྱང་དུས་བཟང་གསུམ་ལ་མ་ཆགས་པར་གནང་། སྐྱེ་བ་དེ་འཕོས་མ་ཐག་ཏུ་ནུབ་ཕྱོགས་བདེ་ལྡན་གྱི་ཞིང་དུ་བྱང་ཆུབ་བརྙེས་པར་ལུང་བསྟན་ཐོབ། དགུང་ལོ་དོན་བདུན་བཞེས་པའི་ཚེས་བརྒྱད་གཅིག་ལ་སྨྱུང་གནས་ངག་བཅད་གནང་བཞིན་ཉི་མ་ཕྱེད་ཡོལ་དུ་གཤེགས་པའི་ཚུལ་བསྟན་ཅིང་ངོ་མཚར་བའི་ལྟས་མཐའ་ཡས་སོ། ༈ །སྲུ་པ་རྡོ་རྗེ་རྒྱལ་པོ་ནི། སྲུ་ཡུལ་སྒང་དུ་འཁྲུངས། མཚན་ཚུལ་ཁྲིམས་དཀོན་མཆོག་ཏུ་བཏགས། ལས་སད་དེ་དགུང་ལོ་བདུན་པ་ནས་གྲུབ་ཐོབ་པ་དང་མཇལ། རིམ་པར་རབ་ཏུ་བྱུང་། ཐེག་པ་རིམ་པ་གསུམ་ལ་མཁས་ཤིང་བཙུན་པའི་མཆོག་ཏུ་བཞུགས། ཁྱོད་མི་གཅིག་ལ་ཆོས་གཅིག་གིས་ཆོག་པ་སྟེར་གསུངས་ནས་སྤྱན་རས་གཟིགས་ཀྱི་དབང་གདམས་ངག་གནང་། མ་ཤིའི་བར་དུ་སྨྱུང་གནས་བགྱིད་པའི་དམ་བཅའ་ཕུལ་ཏེ་ལོ་ཧྲིལ་པོ་ལྔར་བཅག་མལ་གཅིག་ཏུ་སྨྱུང་གནས་མཛད་པས་ལོ་སོ་དྲུག་ཏུ་


SPN003_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བའི་ཟླ་བ་གསུམ་པའི་ཚེས་བརྒྱད་ལ་འཕགས་པ་ཞལ་གཟིགས་ཏེ་ཉིད་ཀྱི་སྐུ་གསུང་ཐུགས་དང་དབྱེ་བ་མེད་པར་བྱིན་གྱིས་བརླབས། མངོན་ཤེས་རྫུ་འཕྲུལ་འགྲོ་དོན་བསམ་གྱིས་མི་ཁྱབ། འཚོ་བ་བསོད་སྙོམས་ཁོ་ན་མཛད། ཤ་ཆང་ལྗགས་ཐོག་ཏུ་བཞེས་མ་མྱོང་། སྨྱུང་གནས་ཆགས་མེད་དུ་གནང་ཞིང་མཐར་སྐུ་གཤེགས་པའི་གདུང་རྣམས་རིང་བསྲེལ་དུ་གྱུར་པ་མཆོད་རྟེན་དུ་བཞུགས་པས་ད་ལྟའང་གསོལ་བ་བཏབ་ན་འཕེལ་གདུང་འབྱོན་པར་གྲགས་སོ། །ཞང་སྟོན་དགྲ་འཇིགས་ནི། ཁྲོ་ཕུར་འཁྲུངས་པའི་ཚེ་ས་གཡོ་བ་དང་འབྲུག་སྒྲོག་པ་སོགས་ཀྱིས་ཡབ་མེས་ཀྱི་དགྲ་ཞིག་ཡོད་པ་འཇིགས་པས་མཚན་དེ་སྐད་གྲགས། རབ་ཏུ་བྱུང་ནས་ས་སྐྱ་སོགས་སུ་ལུང་རིགས་ཀྱི་གྲྭ་བསྐོར་མཛད་པས་མཁས་པའི་སྙན་པས་ཁྱབ། བཀའ་གདམས་ཀྱི་རྣམ་ཐར་ཤིན་ཏུ་གཙང་ཞིང་གྲྭ་བ་ལྔ་བརྒྱ་ཙམ་འདུས་པའི་ཆོས་སྡེ་སྐྱོང་བ་ལ་སྒྲོལ་མས་ལུང་བསྟན་ཏེ། བྱང་སེམས་གྲུ་བའི་དྲུང་ནས་ཞལ་བཅུ་གཅིག་པའི་གདམས་སྐོར་ཞུས། སྨྱུང་གནས་མཛད་ནས་ལོ་གསུམ་དང་ཟླ་བ་བཞི་སོང་བའི་ཚེས་བཅོ་ལྔའི་ནུབ་ཀྱི་ཆ་དང་པོར་སྒྲོལ་མ་ཕྱག་འཚལ་ཉེར་གཅིག །གཉིས་


SPN003_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྨན་བླ་མཆེད་བརྒྱད། གསུམ་པར་འཕགས་པ་ལ་བྱ་སྤྱོད་ཀྱི་ལྷ་མང་པོས་བསྐོར་བ་ཞལ་གཟིགས། དབང་བསྐུར་བྱིན་གྱིས་བརླབས། བུ་ཁྱོད་ཁ་ཟས་དང་གཤིན་ཟས་མ་ཟ་བར་རི་ཁྲོད་དབེན་པ་བསྟེན་ལ་ནུས་ན་བཅུད་ལེན་གྱིས། མི་ནུས་ན་བསོད་སྙོམས་གྱིས་ལ་སེམས་ཅན་གྱི་དོན་མཛོད་ཅེས་ལུང་བསྟན། དེས་བླ་མའི་བཀའ་ལྟར་གད ན་ས་ལོ་གསུམ་མཛད་གྲུབ་འཕྲལ་ན་བཟའ་དང་བཞུགས་གདན་ཡོད་པ་སྤངས་དག་མཛད། ལུང་པའི་ཕུ་རྫ་གསེབ་ཞིག་ཏུ་སུས་ཀྱང་མ་མཐོང་བར་སྨྱུང་གནས་ཟླ་བ་གསུམ་མཛད་པས་ཚད་ནད་དྲག་པོ་ཞག་བདུན་ཏུ་བྱུང་སྟེ། ད་རང་ཤིའམ་སྙམ་པ་ན་ཐོ་རངས་མནལ་ཟ་ཟི་ཞིག་ལ་སྤྱན་རས་གཟིགས་ཀྱིས། ཁྱོད་ཀྱི་སྐྱེ་བ་མང་པོའི་གོང་རྒྱ་གར་དུ་གང་ཞིག་ལ་སྐྱེས་ཏེ་ཉ་རྣམས་གསོན་པོར་ཆུ་ཚན་ཏུ་བཙོས་ནས་ཟོས་པས་ཆུ་ཚན་ཁོལ་མའི་དམྱལ་བར་ལོ་གྲངས་དུང་ཕྱུར་སྡུག་བསྔལ་མྱོང་བའི་ཚེ་བདག་གི་འོད་ཀྱིས་རེག་པས་མིར་སྐྱེས་ནས་སྐྱེ་བ་བཅུ་དྲུག་བརྒྱུད་པའི་ཚེ་ང་ལ་འབྲེལ་བ་བཞག་པས་ད་རེས་རྗེས་སུ་བཟུང་ཞིང་ནད་འདིས་སྒྲིབ་པའི་ལྷག་མ་དག་པ་ཡིན་གསུངས་ཏེ་ཕྱག་གིས་བྱབ་པས་སྙུན་ལས་གྲོལ། དེ་ནས་ཀྱང་དཀའ་བ་


SPN003_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱད་དྲག་པས་རླུང་ལངས་ཏེ་ཞག་བདུན་ཏུ་ཐུགས་དྲན་མ་བྱུང་བ་ལ་སྤེན་མའི་ཐལ་བ་ཆུར་བསྐོལ་བ་དང་། རེས་ཟ་ཚོད། རེས་ལུག་རྫིའི་སྣབ་ལུད་སྐམ་པོས་ཀྱང་རླུང་ནོན་མཛད། ཆུ་ཐིགས་གཅིག་ཀྱང་མ་གསོལ་བར་ཟླ་བ་བདུན་བཞུགས་པ་སོགས་ལོ་གསུམ་ལ་དཀའ་བ་སྤྱད་ནས་འཕགས་པའི་བསྐྱེད་རྫོགས་བསྒོམས་པས་གྲུབ་པ་བརྙེས་ཏེ་མཁའ་ལ་འཕུར་བ་དང་། ཆུ་བོ་གྱེན་དུ་ཟློག་པ་སོགས་རྫུ་འཕྲུལ་ཡ་མ་ཟུང་དུ་མ་བསྟན། གཤེགས་པའི་ཚེ་རིང་བསྲེལ་བྲེ་དོ་དང་ཐུགས་ལྗགས་བྱོན་པ་གདུང་རྟེན་གཉིས་སུ་བཞུགས་སོ། ༈ །བྱང་པ་མཁན་ཆེན་རྩི་འདུལ་བ་ནི། གཞོན་ནུ་ནས་རབ་ཏུ་བྱུང་ཞིང་བྱམས་ཆོས་གཙོ་བོར་གྱུར་པའི་ཆོས་ལ་སྦྱངས་པ་ཤིན་ཏུ་ཆེ་བས་མཁས་ཤིང་བཙུན་པའི་མཐར་ཐུག །མཚན་ཐུགས་རྗེ་བྱང་ཆུབ་ཏུ་གྲགས། ཚུལ་ཁྲིམས་ཀྱི་དྲི་དྲོ་ལམ་རེར་ཁྱབ། སྐུ་བསོད་ཆེ་བས་གྲྭ་བ་སྟོང་ཕྲག་རེ་འདུས་པའི་དགེ་འདུན་གྱི་སྡེ་འཛུགས་པ་སོགས་དགེ་བ་རླབས་ཆེན་དུ་མ་མཛད། སྒྲོལ་མས་ལུང་བསྟན་པ་ལྟར་མདོག་སློད་དུ་ཞང་སྟོན་རིན་པོ་ཆེ་ལས་བཅུ་གཅིག་ཞལ་གྱི་སྒྲུབ་ཐབས་ཞུས་ཏེ་སྨྱུང་གནས་སྟོང་ཕྲག་གཅིག་དམ་བཅའ་མཛད་ནས་


SPN003_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་བརྒྱ་སོང་བའི་ས་ག་ཟླ་བའི་བཅོ་ལྔའི་ཉིན་ཕྱག་སྟོང་སྤྱན་སྟོང་ཞལ་གཟིགས་ཤིང་བྱིན་གྱིས་བརླབས་ནས་གྲུབ་པ་བརྙེས། སེམས་ཅན་དུ་མ་སྨིན་གྲོལ་ལ་བཀོད། གཤེགས་མ་ཐག་ཏུ་བྱམས་པའི་དྲུང་ནས་བདེ་བ་ཅན་དུ་ཕེབས་པར་གྲགས་པ་སོགས་ངོ་མཚར་བའི་རྣམ་ཐར་བརྗོད་ལས་འདས་སོ། ༈ །ཆོས་རྒྱལ་བདེ་བ་ཅན་པ་ནི། འཁྲུངས་ཡུལ་མདོག་སློད། མཚན་ཤཱཀྱ་བྱང་ཆུབ། རབ་ཏུ་བྱུང་ནས་ཐོས་བསམ་བརྩོན་ཞིང་ཁྱད་པར་འདུལ་བ་ལ་མཁས། སྨན་བླ་དང་སྒྲོལ་མ་ལ་ཐུགས་དམ་མཛད་པས་འཕགས་མས་ལུང་བསྟན་ཏེ་རྩི་འདུལ་དྲུང་དུ་བྱོན་ནས་སྤྱན་རས་གཟིགས་ཀྱི་དབང་ཁྲིད་སྒྲུབ་ཐབས་ཞུས། གྲངས་བསྙེན་ཉེར་གཅིག་དེར་མཛད་ནས་སླར་ཕེབས་ཏེ་མདོག་སློད་ཀྱི་གདན་ས་བཏབ་པས་སྐུ་བསོད་སྐྱེས་ཏེ་ལོ་རེ་ལ་ཕར་འདུལ་གྱི་བཤད་གྲྭ་ཚར་ཉི་ཤུ་ཙམ་རེ་བྱུང་། སྨྱུང་གནས་སྟོང་ཕྲག་གཅིག་གི་དམ་བཅའ་མཛད་ནས་སུམ་བརྒྱ་སོང་བའི་ཚེས་བརྒྱད་ཀྱི་དངོས་གཞིའི་ནུབ་མོ་དག་སྣང་དུ་པོ་ཏ་ལར་ཕེབས། བཀོད་པའི་ཁྱད་པར་མདོ་ལས་གསུངས་བ་ལྟར་གཟིགས། འཕགས་པས་ལུང་བསྟན་བྱིན་གྱིས་བརླབས། ཏིང་ངེ་འཛིན་གྱི་སྒོ་


SPN003_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མ་འཁྲུངས། དེ་ཕྱིན་ཆད་ནས་གྲུབ་རྟགས་མངོན་ཤེས་ལ་ཐོགས་པ་མེད་ཅིང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་དེ་ངོ་མཚར་བའི་ལྟས་དང་བཅས་རི་བོ་ཏ་ལར་གཤེགས་སོ། །མཁན་ཆེན་ཆུ་བཟང་པ་ནི། མུས་ལྡང་དཀར་དུ་འཁྲུངས། རབ་ཏུ་བྱུང་བའི་མཚན་བྱང་ཆུབ་འབར་ཏེ་མཁས་པའི་སྒོ་ནས་བསྟན་པའི་བྱ་བ་མཐར་ཕྱིན། འཕགས་པས་ལུང་བསྟན་པ་ལྟར་མདོག་སློད་པའི་དྲུང་དུ་སྒྲུབ་ཐབས་ཞུས། བླ་མའི་བཀའ་བཞིན་དེ་ཉིད་དུ་སྨྱུང་གནས་མཛད་པས་སུམ་བརྒྱ་སོང་བའི་ཚེས་བཅོ་ལྔའི་དངོས་གཞིའི་ནུབ་མོ་ཕྱག་སྟོང་སྤྱན་སྟོང་ལ་བཀའ་གདམས་བརྒྱུད་པས་བསྐོར་བ་ཞལ་གཟིགས། སྒྲུབ་ཡུན་རིང་ཡང་ད་བར་མ་མཇལ་བའི་ཡུས་གསོལ་བས། ཁྱོད་དང་སྐད་ཅིག་ཀྱང་མ་བྲལ་བར་ཡོད་དེ་དང་པོ་ལུང་བསྟན་པའི་དུས་སུ་འདི་བདུད་ཀྱི་སྤྲུལ་པ་ཡིན་ནམ་སྙམ་དུ་དོགས་པ་ཟོས་པ་དེས་བསྒྲིབས་པ་ཡིན་གསུངས་ནས་བྱིན་གྱིས་བརླབས། སེམས་ཅན་དོན་དཔག་མེད་གྱིས་ཤིག་པའི་ལུང་བརྙེས་ཏེ། དེ་ནས་བཟུང་འཕགས་པ་དང་མི་འབྲལ་བར་བཞུགས་ཤིང་བསོད་སྙོམས་ལ་བརྟེན་པའི་དགེ་འདུན་སུམ་བརྒྱ་རེའི་འཚོ་བ་སྦྱར་བ་སོགས་བསྟན་འགྲོའི་


SPN003_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མཐའ་ཡས་མཛད། སྨན་བླའི་ཆོ་གའི་ཚེ་སྨན་བླ་མཆེད་བརྒྱད་ཞལ་གཟིགས། གནོད་སྦྱིན་སྡེ་དཔོན་རྣམས་ཀྱིས་ལྷའི་བདུད་རྩི་དྲངས། གནས་ཆོག་མཛད་པ་ན་གནས་བརྟན་རྣམས་དངོས་སུ་བྱོན་པ་སོགས་ངོ་མཚར་མཐའ་ཡས། ལན་གཅིག་ཆོས་གསུངས་པའི་ཚེ། ད་སྟེ་ལོ་སུམ་བརྒྱ་ཙམ་ན་གནས་འདིར་དུས་རྟགས་གསུམ་འོང་། དེའི་ཚེ་ངའི་ཆོས་འདི་སྒྲུབ་སླ་བ་ཡིན་པས་ནན་ཏན་གྱིས་ཤིག། ལས་ངན་སྡིག་པའི་ཕྱག་ཤིང་ཡིན་ནོ་གསུངས། རེ་ཞིག་ན། ད་ང་འགྲོ་བས་ངའི་རྒྱག་ལྷག་མ་གང་ཡོད་ཀྱིས་དགེ་བ་གཞན་བྱ་མི་དགོས། སྨྱུང་གནས་ཚོགས་པའི་མི་རྣམས་ལ་འབྱོར་ན་གདན་གཅིག །མ་འབྱོར་ན་ཐོར་ཐུག་རེ་དྲངས། དེའང་མ་འབྱོར་ན་མེ་ཤིང་དུམ་པ་རེའི་གཞི་གྱིས་དང་འདི་ཁོ་ན་བསོད་ནམས་ཆེ་བ་དེ་ལ་འཕགས་པས་དངོས་སུ་གསུངས་པ་ཡིན། མིའི་ཟེར་ལོ་ཙམ་མ་ཡིན། ཁོང་གིས་རྫུན་མི་གསུངས་ཞེས་སོགས་གདམས་པར་མཛད་ནས་སྐུ་གཤེགས་ཏེ་པུར་ཞག་བདུན་ན་འཇའ་ལུས་སུ་ཡལ་རྒྱུ་ལ། ཞག་གསུམ་ན་བྱིས་པ་ལོ་བདུན་པའི་ཚོད་ཙམ་གྱུར་པ་བུ་ཆེན་ཞིག་གིས་མཐོང་སྟེ་རྟེན་སྐལ་མ་ཐོབ་དོགས་


SPN003_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྐུ་གདུང་བཞུས་པ་རིང་བསྲེལ་གྱི་ཕུང་པོར་གྱུར་ཏོ། །ཆོས་རྗེ་ཤེས་རབ་འབུམ་ནི། གཙང་དུ་ཡ་མཚན་པའི་ལྟས་བཅས་སྐུ་འཁྲུངས། རབ་ཏུ་བྱུང་ནས་སློབ་གཉེར་སྦྱངས་པས་དཀའ་བཞི་མཁྱེན་ནས་གྲྭ་སྐོར་མཛད། སྔགས་རྒྱུད་དུ་མ་མཁྱེན་ཅིང་སྦྱོར་དྲུག་བསྒོམས་པས་རྟགས་བཅུ་རྫོགས། མངོན་ཤེས་ལྔ་ཐོབ་པར་གྲགས། འཇམ་དཔལ་དམར་པོ་ཞལ་གཟིགས། རྗེ་བཙུན་མས་ལུང་བསྟན་པ་ལྟར། ཆུ་བཟང་པ་ལས་འཕགས་པའི་སྒྲུབ་ཐབས་ཞུས་ནས་ཟླ་བ་གསུམ་སྨྱུང་གནས་མཛད་པས་བཅུ་གཅིག་ཞལ་ལ་འཇིགས་པ་བརྒྱད་སྐྱོབ་ཀྱིས་བསྐོར་བ་གཟིགས་ཏེ། དེ་ནས་བཟུང་འཕགས་པ་དང་འབྲལ་མེད་དུ་གྱུར། ཤེས་རབ་ཀྱི་རྩལ་ཤིན་ཏུ་ཆེ་ཞིང་བཤད་སྒྲུབ་ཀྱི་སྒོ་ནས་བསྟན་འགྲོའི་དོན་དཔག་མེད་མཛད་དེ་གཤེགས་པའི་ཚེ་ན་ཡང་ངོ་མཚར་བའི་ལྟས་དུ་མ་བྱུང་ངོ་། །རྒྱལ་སྲས་རིན་པོ་ཆེ་ཐོགས་མེད་ཞབས་ནི། གཙང་བྲག་སྐྱར་ས་གཡོ་ཞིང་མེ་ཏོག་གི་ཆར་བབ་པ་སོགས་ངོ་མཚར་དང་བཅས་ཏེ་སྐུ་བལྟམས། བརྡ་འཕྲོད་ཙམ་ཉིད་ནས་བདག་ལས་གཞན་གཅེས་ཀྱི་ཐུགས་བཅོས་མིན་དུ་འཁྲུངས། སྐབས་ཤིག་ཕྱུགས་


SPN003_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ལུག་སྐྱོང་བཞིན་པར་སྔོན་གྱི་ལས་འཕྲོ་སད་དེ་ཆོས་བྲོས་ལ་བྱོན། བསླབ་སྦྱང་ཆེར་མཛད། རབ་ཏུ་བྱུང་བའི་ཚེ་ནའང་མེ་ཏོག་གི་ཆར་སོགས་ལྟས་ཡ་མཚན་དུ་མ་བྱུང་། མཚན་བཟང་པོ་དཔལ་དུ་གསོལ། དབུ་ཕར་འདུལ་མཛོད་ཀྱི་གཞུང་མཐའ་དག་ཐུགས་སུ་ཆུད་ཅིང་རིག་པའི་གྲགས་པས་ཁྱབ་སྟེ་བོ་དོང་ཨེའི་གདན་ས་མཛད། ས་སྐྱ་དཔལ་ལྡན་བླ་མ། བུ་ཨོལ་གཉིས། སངས་རྒྱས་དབོན། རིན་ཆེན་གླིང་པ། དཔང་ལོ་ཆེན་པོ་སོགས་བླ་མ་བཞི་བཅུ་ཙམ་བསྟེན་ནས་རྒྱ་ཆོས་བོད་དུ་འགྱུར་པ་གངས་ཅན་དུ་ཡོད་དོ་ཅོག་གསན་པ་མཐར་ཕྱིན། འགྲན་ཟླ་བྲལ་བའི་ཡོངས་འཛིན་གཉིས་ལས་མཁན་ཆེན་བསོད་ནམས་གྲགས་ལ་ཐེག་ཆེན་བློ་སྦྱོང་ཞུས་ཏེ་བསྒོམས་པས་བྱང་ཆུབ་ཀྱི་སེམས་རྣམ་གཉིས་གཞུང་ལས་ཇི་སྐད་བཤད་པ་དེ་ཐུགས་སུ་འཁྲུངས་ནས། མཛེ་སྐྲང་བྱུང་ཚད་ཀྱི་ཤིག་ནད། ནད་གདོན་ཟུག་གཟེར་ལ་སོགས་སྙིང་རྗེ་བའི་སེམས་ཅན་གཟིགས་སོ་ཅོག་གི་སྡུག་བསྔལ་དེ་ཉིད་དུ་དངོས་སུ་བཞེས་ཤིང་སེམས་ཅན་དེ་དག་འདི་ཕྱི་གཉིས་ཀའི་སྡུག་བསྔལ་ལས་གྲོལ་བར་མཛད། ཐུགས་བསྐྱེད་ཆེན་མོ་གསན་པའི་ཚེ་ས་གཡོས་འཇའ་འོད་སོགས་ཡ་མཚན་དཔག་མེད་བྱུང་། ཆོས་


SPN003_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཤེས་རབ་འབུམ་པ་ལས་སྦྱོར་དྲུག་གསན་པས་རྟགས་བཅུ་ཡོན་ཏན་བརྒྱད་རྫོགས་ཏེ་གྲུབ་རྟགས་ཐོན་ཀྱང་། བླ་མས་འཕགས་པ་བཅུ་གཅིག་ཞལ་ཉིད་སྐྱེ་བ་དུ་མའི་ལྷ་སྐལ་དུ་དགོངས་ནས་ཀླུ་སྒྲུབ། ཙནྡྲ་གོ་མཱི། དཔལ་མོ་སོགས་ལུགས་སྲོལ་དུ་མའི་དབང་ཁྲིད་སྒྲུབ་ཐབས་གནང་། གདན་སའི་ཆོས་དཔོན་ཀྱང་དཔང་ལོ་ཆེན་པོར་ཞུས་ནས་དགུང་ལོ་ཞེ་གསུམ་པ་ལ་དངུལ་ཆུ་ཆོས་རྫོང་གི་དབེན་པར་གཤེགས་ཏེ་ཉེ་གནས་མ་གཏོགས་སུ་ཡང་མི་མཇལ་བའི་སྐུ་མཚམས་ལོ་ཉི་ཤུ་ལ་སྨྱུང་གནས་དང་བློ་སྦྱོང་གཙོ་བོར་གྱུར་པའི་ཉམས་བཞེས་དང་། ཉིན་རེ་ཕྱག་བསྐོར་བརྒྱ་རྩ་རེ་སོགས་མདོ་སྔགས་ཆོས་སྤྱོད་བཅད་ཁྲིམས་ཀྱང་ཕལ་པའི་བློས་མི་འཁྱུད་པ་མཛད་པས་ཟླ་བ་དྲུག་ནས་ཞལ་བཅུ་གཅིག་པ་ལ། དོན་ཞགས་ལྷ་ལྔ་སོགས་སྤྱན་རས་གཟིགས་ཀྱི་ལྷ་ཚོགས་དཔག་ཏུ་མེད་པས་བསྐོར་བ་ཞལ་གཟིགས་ཤིང་བྱིན་གྱིས་བརླབས་པས་འཕགས་པ་དང་དབྱེར་མི་ཕྱེད་པའི་སྟོང་ཉིད་སྙིང་རྗེ་ཁྱད་པར་ཅན་འཁྲུངས་ཏེ། རྗེ་རང་བྱུང་བའི་བུ་ཏྲེའོ་རྟོགས་ལྡན་གྱིས། ཐུགས་རྗེ་ཆེན་པོ་བྱས་ཀྱང་གྱང་ལ་བྲིས་པའི་དཀར་པོ་དེ་ལ་ཟེར་བ་མིན། སེམས་ཅན་ཐམས་ཅད་ལ་བུ་གཅིག་


SPN003_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟ་བུའི་འདུ་ཤེས་མངའ་ཞིང་སྟོང་ཉིད་སྙིང་རྗེ་ཀློང་དུ་གྱུར་པ་རྒྱལ་སྲས་ཐོགས་མེད་འདྲ་བ་ལ་ཟེར་བ་ཡིན་ཞེས་གསུངས་པས་མཚོན་ནོ། །རྟག་ཏུ་རང་སྐྱོན་ཁོ་ནར་རྟོག་ཅིང་གཞན་སྐྱོན་མི་རྟོག་པས་མཆོག་དམན་ཀུན་གྱི་ཡོན་ཏན་གླེང་བ་འབའ་ཞིག་ལྷུར་མཛད། ཆོས་བརྒྱད་གཏན་ནས་མི་མངའ། བྱམས་པའི་མཐུ་ཡིས་དྲུང་དང་ཉེ་བའི་མི་ཕྱུགས་ཐམས་ཅད་རང་བཞིན་གྱི་དུལ་ཏེ། རི་དྭགས་དང་གཅན་གཟན། བྱིའུ་དང་བྱི་ལ། ཁྱི་དང་སྤྲང་པོ་སོགས་ཀྱང་ཕན་ཚུན་གཅིག་གིས་གཅིག་ལ་སྡང་བའི་སེམས་བརྗེད་པ་ལྟར་འབོལ་ཤིག་གི་འགྲོ། བཞུགས་གདན་ན་བཟའ་ཚུན་ཆད་ཀྱང་གཞན་ལ་སྟེར་བ་སོགས་ཕར་ཕྱིན་དྲུག་ལ་ཆད་མེད་དུ་སྤྱོད་དེ། མདོར་ན། བརྩེ་དང་སྙན་པར་སྨྲ་བ་དང་། །བརྟན་པ་ཉིད་དང་ལག་བརྐྱང་དང་། །དགོངས་པ་ཟབ་མོ་རེས་འགྲེལ་བ། །འདི་དག་བློ་ལྡན་རྣམས་ཀྱི་རྟགས། །ཞེས་པ་མངོན་དུ་གྱུར། སེམས་བསྐྱེད་སོགས་ཆོས་གར་གསུང་དུ་མེ་ཏོག་གི་ཆར་ཆེན་པོ་རྟག་ཏུ་བབ། ཞལ་ནས། ཇོ་བོ་ཡབ་སྲས་ཀྱི་དུས་སུ་སེམས་བསྐྱེད་ཀྱི་ཆོས་འདི་བཀའ་དོག་པས་དུས་ཕྱིས་ཀྱང་འདི་འབོག་པ་ཉུང་བས་བྱང་ཆུབ་སེམས་རྒྱུད་ལ་སྐྱེས་པ་མང་པོ་མ་


SPN003_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་། ད་ནས་བཀའ་ཡང་དུ་བཏང་བ་ཡིན་པས་ཉིད་ཅག་འབོག་ནུས་པ་ཀུན་གྱིས་ཕོག་ཅིག་ཅེས་གསུངས། ན་བཟའ་དང་གཟིམ་ཁང་དུ་ཚུལ་ཁྲིམས་ཀྱི་དྲིས་ཁྱབ། བཤེས་གཉེན་དང་བུ་སློབ་དུ་མས་ཐུགས་རྗེ་ཆེན་པོའི་སྐུར་ཡང་ཡང་མཇལ། རྨི་ལམ་སྒྱུ་ལུས་མངོན་ཤེས་རྣམས་ལ་དབང་ཐོབ། སོ་ཐར་དང་བྱང་སེམས་ཀྱི་སྡོམ་པ་ཕོག་ལ། འཆད་རྩོམ་མཛད་པ། དབེན་པ་བསྟེན་པ། གྲུབ་ཐོབ་ཀྱི་སློབ་མ་ཐོན་པ་སོགས་རེ་རེ་ལ་བལྟས་ཀྱང་སྐུ་ཚེ་རིལ་པོར་དེ་ཁོ་ན་མཛད་པ་འདྲ་བར་ཡོད། སྐབས་དེའི་བོད་ཀྱི་ཆེ་དགུ་དང་། སྐད་རིགས་མི་གཅིག་པའི་སྐྱེ་བོ་གྲངས་ལས་འདས་པ་མཐོང་ཐོས་དྲན་རེག་ཐམས་ཅད་བྱང་ཆུབ་ཀྱི་སར་སྨིན་པ་དང་གྲོལ་བར་མཛད་ནས་བྱ་ལོ་ཟླ་བ་དགུ་པའི་ཚེས་ཉི་ཤུའི་དགོང་མོར་ཆོ་འཕྲུལ་མཐའ་ཡས་པ་བསྟན་ཏེ་འཕགས་པའི་ཐུགས་ཀར་ཐིམ་མོ། །རྗེ་དེ་ལ་མཁས་གྲུབ་ཀྱི་སློབ་མ་བསམ་གྱིས་མི་ཁྱབ་པ་བྱོན་པའི་ནང་ནས་ཇོ་གདན་དཀོན་མཆོག་བཟང་པོ་ནས་སྙག་ལུ་མཁན་ཆེན་སོགས་བརྒྱུད་དེ། གར་དབང་ལྔ་པའི་ཡིག་ཆ་ལ་ཆགས་མེད་ཞབས་ཀྱིས་གསལ་ཀ་མཛད་པ་ཀཾ་ཚང་ལུགས་སྲོལ་ད་ལྟའང་རྒྱུན་བཞུགས་ལ་སོགས་བོད་གངས་ཅན་


SPN003_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གྲུབ་མཐའ་ཀུན་ལ་རྒྱལ་སྲས་ཞབས་ཀྱི་སློབ་ཚོགས་ལས་གྱེས་པའི་རྒྱུན་ཁོ་ན་དར་ཆེ་ཞིང་། རྗེ་རིག་པ་འཛིན་པའི་ཡིག་ཆ་ནི་ཇོ་ནང་གི་སྲོལ་ཀ་དང་འབྲེལ་བ་སྟེ། དེ་ནི་བྲག་དཀར་སེམས་དཔའ་ཆེན་པོ་བསོད་ནམས་རིན་ཆེན་ཡབ་སྲས་ནས་འཇམ་མགོན་གྲོལ་མཆོག་དང་། ཀུན་སྙིང་སོགས་མཁས་གྲུབ་ཀྱི་སྐྱེས་བུ་ཆེས་ཆེ་བ་དག་ལས་བརྒྱུད་པ་སྟེ། རྣམ་ཐར་ནི་སྨོས་ཀྱིས་མ་ལང་ལ། ད་ལྟའི་བར་དུ་བྱིན་རླབས་ཀྱི་ཚན་ཁ་མ་ཉམས་པ་ཤེས་པར་བྱའོ། །གསུམ་པ་ལས་སྒྲུབ་པའི་དུས་ནི། སྤྱིར་གོང་གསལ་གྱི་ཟླ་ཞག་འགྱུར་ཁྱད་ཅན་རྣམས་སྐབས་སུ་གང་བབས་ཀྱང་རུང་ལ། ཁྱད་པར་ས་ག་ཟླ་བར་དཔལ་མོ་ཉིད་དང་། བརྒྱུད་པའི་བླ་མ་ཕལ་ཆེར་ཀྱང་གྲུབ་པ་བརྙེས་ནས་བྱིན་གྱིས་བརླབས་པའི་དུས་ཁྱད་པར་ཅན་ཡིན་པས་དེར་སྨྱུང་གནས་བྱས་ན་བར་ཆད་མི་འབྱུང་ཞིང་དངོས་གྲུབ་མྱུར་བར་གསུངས། བསྙེན་པའི་ཚད་ལ་དུས་བསྙེན་ནི། སྨྱུང་གནས་ལན་བརྒྱད་ལ་སྔོན་དངོས་རྗེས་དང་འབྲེལ་བའི་ཉིན་ཞག་ཕྱེད་དང་བཅུ་བདུན་ཏེ་དེང་སང་དཀར་པོ་ཆ་བརྒྱད་དུ་གྲགས་པ་འདིའོ། །གྲངས་བསྙེན་ནི་གཟུངས་རིང་ཁྲི་ཕྲག་བཞི། གཟུངས་ཐུང་འབུམ་ཕྲག་གཅིག །སྙིང་པོ་


SPN003_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་ཕྲག་དྲུག །ཡིད་བཞིན་འཁོར་ལོའི་གཟུངས་སྟོང་ཕྲག་གཅིག །ས་བཅུ་པ་དང་སྒོ་མཐའ་ཡས་པའི་གཟུངས་ཅི་རིགས་བཟླ་བར་གསུངས་སོ། །རྟགས་ཀྱི་བསྙེན་པ་ནི་བརྒྱུད་པའི་རྣམ་ཐར་དུ་གསལ་བ་ལྟར་མཚན་མ་མ་བརྙེས་བར་དུ་སྟེ་གྲངས་ངེས་མེད་དོ། །བཞི་པ་དེ་ལྟར་བསྒྲུབས་པའི་ཕན་ཡོན་ལའང་། དང་པོ་འཕགས་པས་དམ་བཅས་པའི་གནད་ཀྱིས་འབྲེལ་པ་བཞག་ན་མི་བསླུ་བའི་ཚུལ་ནི་ཕྱག་སྟོང་སྤྱན་སྟོང་ཐུགས་རྗེ་ཐོགས་པ་མི་མངའ་བའི་གཟུངས་ལས། བཅོམ་ལྡན་འདས་སེམས་ཅན་གང་ལ་ལ་ཞིག་ཐུགས་རྗེ་ཆེན་པོའི་རིགས་སྔགས་འདི་འདོན་ཅིང་ཡོངས་སུ་འཛིན་པ་དང་། གལ་ཏེ་ངན་འགྲོ་གསུམ་པོ་དག་ཏུ་ལྟུང་བར་གྱུར་ན། བདག་ནམ་ཡང་མངོན་པར་རྫོགས་པར་འཚང་རྒྱ་བར་མི་བགྱིའོ། །དེ་བཞིན་དུ། གལ་ཏེ་སངས་རྒྱས་ཀྱི་ཞིང་ཁམས་རྣམས་སུ་སྐྱེ་བར་མ་གྱུར་ན་བདག་ནམ་ཡང་མངོན་པར་རྫོགས་པར་འཚང་རྒྱ་བར་མི་བགྱིའོ། །གལ་ཏེ་ཏིང་འཛིན་དང་སྤོབས་པ་ཚད་མ་མཆིས་པ་སྙེད་ཐོབ་པར་མ་གྱུར་ན་བདག་ནམ་ཡང་མངོན་པར་རྫོགས་པར་འཚང་རྒྱ་བར་མི་བགྱིའོ། །གལ་ཏེ་ཚེ་འདི་ཉིད་ལ་སྨོན་པ་ཐམས་ཅད་ཇི་ལྟར་སྨོན་པ་བཞིན་དུ་གྲུབ་པར་མ་


SPN003_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ན་སྙིང་རྗེ་ཆེན་པོའི་སེམས་ཀྱི་གཟུངས་ཞེས་མི་བགྱི་ལགས་ཏེ། མི་དགེ་བ་རྣམས་དང་། སེམས་རྩེ་གཅིག་ཏུ་མ་བགྱིས་པ་ནི་མ་གཏོགས་ལགས་སོ། །བུད་མེད་གང་ལ་ལ་ཞིག་བུད་མེད་ཀྱི་ལུས་ཀྱིས་ཡོངས་སུ་སྐྱོ་ནས་སྐྱེས་པའི་ལུས་ཐོབ་པར་འཚལ་བ་གང་ལགས་པ་དེས་ཐུགས་རྗེ་ཆེན་པོའི་སེམས་ཀྱི་གཟུངས་ཀྱི་ཚིག་འདི་འདོན་ཅིང་ཡོངས་སུ་བཟུང་བས་གལ་ཏེ་བུད་མེད་ཀྱི་དངོས་པོ་ལས་ཡོངས་སུ་གྱུར་ཏེ། སྐྱེས་པའི་ལུས་ཐོབ་པར་མ་གྱུར་ན་བདག་ནམ་ཡང་མངོན་པར་རྫོགས་པར་འཚང་རྒྱ་བར་མི་བགྱིའོ། །ཐེ་ཚོམ་གྱི་བསམ་པ་ཅུང་ཟད་ཅིག་བསྐྱེད་པར་གྱུར་ན་གདོན་མི་འཚལ་བར་གང་སྨོན་པའི་འབྲས་བུ་དེ་མངོན་པར་འགྲུབ་པར་མི་འགྱུར་ལགས་སོ། །སེམས་ཅན་གང་ལ་ལ་ཞིག་དགེ་འདུན་གྱི་ཞལ་ཟས་དང་དཀོར་འཕྲོག་ཅིང་ཆུད་གསོན་པ་གང་ལགས་པ་དེ་དག་ནི་སངས་རྒྱས་སྟོང་འཇིག་རྟེན་དུ་བྱུང་བ་དག་ལ་འགྱོད་པས་མཐོལ་ཞིང་བཤགས་ནའང་འབྱང་ཞིང་ཚངས་པར་མི་འགྱུར་མོད་ཀྱི། འོན་ཀྱང་ཐུགས་རྗེ་ཆེན་པོའི་རིགས་སྔགས་འདི་བཏོན་པ་ཙམ་གྱིས་དེ་དག་ཡོངས་སུ་འབྱང་བར་འགྱུར་བ་ལགས་ཏེ། དཀོན་མཆོག་གསུམ་གྱི་ཞལ་ཟས་དང་། དཀོན་


SPN003_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གསུམ་གྱི་དཀོར་ནོར་འཕྲོག་ཅིང་ཆུད་གསོན་པ་དེ་དག་ནི་ཕྱོགས་བཅུའི་སྟོན་པ་རྣམས་མངོན་སུམ་དུ་གྱུར་པའི་སྤྱན་སྔར་བཤགས་ན་གདོད་ཡོངས་སུ་འབྱང་བར་འགྱུར་ལགས་ལ། ཐུགས་རྗེ་ཆེན་པོའི་གཟུངས་འདི་འདོན་པའི་ཚེ་ཕྱོགས་བཅུའི་སྟོན་པ་རྣམས་དེར་གཤེགས་ནས་དབང་མཛད་པར་འགྱུར་བས་ཁ་ན་མ་ཐོ་བའི་སྒྲིབ་པ་དེ་དག་ཐམས་ཅད་ཀྱང་ཡོངས་སུ་འབྱང་བར་འགྱུར། མི་དགེ་བ་བཅུ་དང་། མཚམས་མ་མཆིས་པ་ལྔ་དང་། གང་ཟག་ལ་སྐུར་བ་བཏབ་པ་དང་། གསོ་སྦྱོང་བཤིགས་པ་དང་། ཚུལ་ཁྲིམས་བཤིགས་པ་དང་། མཆོད་རྟེན་བཤིགས་པ་དང་། གཙུག་ལག་ཁང་བཤིགས་པ་ཐམས་ཅད་དང་། དགེ་འདུན་གྱི་དཀོར་བརྐུས་པ་དང་། ཡོངས་སུ་དག་པའི་ཚངས་པར་སྤྱོད་པ་སུན་པར་བགྱིས་པ་འདི་ལྟ་བུ་ལ་སོགས་པ་སྡིག་པའི་ལས་ལྕི་བ་ཐམས་ཅད་ཡོངས་སུ་འབྱང་བར་འགྱུར་ལགས་སོ། །རིགས་སྔགས་འདི་ལ་ཐེ་ཚོམ་འཚལ་བའི་དངོས་པོ་གཅིག་ནི་མ་གཏོགས་ཏེ། ཐེ་ཚོམ་འཚལ་བར་གྱུར་ནས། ཁ་ན་མ་ཐོ་བ་ཆུང་ངུའི་ལས་ཡང་བ་ཙམ་ཡང་ཡོངས་སུ་འབྱང་བར་མི་འགྱུར་ན་ཁ་ན་མ་ཐོ་བ་ལྕི་བ་ལྟ་སྨོས་ཀྱང་


SPN003_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་འཚལ་ལགས། ཁ་ན་མ་ཐོ་བ་ལྕི་བ་དག་ཡོངས་སུ་འབྱང་བར་མི་འགྱུར་མོད་ཀྱི། འོན་ཀྱང་བྱང་ཆུབ་ཀྱི་རིང་བའི་རྒྱུ་ནི་བགྱིད་པར་འགྱུར་ལགས་སོ། །ཞེས་དང་། གཞན་ལས་ཀྱང་འདི་སྐད་དུ། འཁོར་བའི་བཙོན་དོང་ཉམ་ང་བར་གནས་པའི་སེམས་ཅན་འདི་རྣམས་བདག་གིས་དྲངས་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་བཀོད་པར་བགྱིའོ། །འཁོར་བ་དོང་སྤྲུག་གི་ཕྲིན་ལས་བསྒྲུབ་པར་བགྱིའོ། །བདག་གི་གདོང་བཅུ་གཅིག་གིས་རྟག་ཏུ་ལྟ་ཞིང་ལག་པ་སྟོང་གིས་བྱབས་པར་བགྱིའོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་ཚེས་བརྒྱད་དམ་བཅོ་ལྔའི་དུས་བབ་པའི་ཚེ། སྨྱུང་བར་གནས་པའམ། བསྙེན་གནས་ལ་གནས་པ་དག་གིས་ཀྱང་རུང་སྟེ། བདག་གི་མིང་ནས་བརྒྱ་རྩ་བརྒྱད་ཀྱི་བར་དུ་བརྗོད་ཅིང་ཕྱག་འཚལ་བར་བྱེད། ཡིད་ལ་སེམས་པར་བྱེད་ན། སེམས་ཅན་དེས་མཚམས་མེད་པ་ལྔའི་ལས་བྱས་ཀྱང་། དེ་ངེས་པར་དྲངས་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་བགྱིའོ། །ཡིད་ལ་སེམས་པར་བྱེད་ན། སེམས་ཅན་དེས་མཚམས་མེད་པ་ལྔའི་ལས་བྱས་ཀྱང་ངེས་པར་དྲངས་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་བགྱི་སྟེ།


SPN003_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ངན་སོང་དང་ངན་འགྲོར་འགྲོ་བའི་གནས་མ་མཆིས་གོ་སྐབས་མ་མཆིས་སོ། །གལ་ཏེ་སེམས་ཅན་དེ་ངན་འགྲོར་སོང་ན། བདག་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་མི་འགྱུར་རོ། །ཞེས་དམ་བཅས་ཏེ། འཕགས་པ་རྣམས་ནི་བདེན་ཚིག་གྲུབ་པས་ནམ་མཁའ་གཞན་དུ་གྱུར་ཀྱང་དམ་བཅས་པ་མི་བསླུ་བ་དང་། ངེས་པར་སྨོན་ལམ་འགྲུབ་པ་དབང་བཅུ་བརྙེས་པའི་ཡོན་ཏན་ནོ། །གཉིས་པ་སངས་རྒྱས་གཞན་ལས་ཀྱང་སྤྱན་རས་གཟིགས་ཐུགས་རྗེ་ཆེ་སྟེ། ཞལ་བཅུ་གཅིག་པའི་གཟུངས་ལས། གང་ལ་ལ་ཞིག་གིས་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་མཚན་ནས་བརྗོད་ཅིང་ཡིད་ལ་བསམ་པ་དང་། གཞན་ཡང་འགའ་ཞིག་གིས་སྐད་ཅིག་གཅིག་ཙམ་དུ་བསམ་པ་ཐག་པ་ནས། བདག་གི་མིང་ནས་བརྗོད་ཅིང་རྗེས་སུ་དྲན་པར་གྱུར་ན་དེ་གཉིས་ཀྱི་ཡོན་ཏན་མཉམ་ཞིང་མཚུངས་ལགས་སོ། །བདག་གི་མིང་ནས་བརྗོད་ལ་དེ་དག་ཐམས་ཅད་ཀྱང་ཕྱིར་མི་ལྡོག་པའི་ས་འཐོབ་པར་འགྱུར། བྲོ་ནད་ཐམས་ཅད་དང་བྲལ་བར་འགྱུར། སྒྲིབ་པ་ཐམས་ཅད་དང་འཇིགས་པ་ཐམས་ཅད་ལས་ཐར་བར་འགྱུར། ལུས་དང་ངག་ཡིད་ཀྱི་ནོངས་པ་ཞུ། བྱང་བར་འགྱུར་


SPN003_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ན་བདག་གིས་བསྟན་པའི་རིགས་སྔགས་འདི། ལེན་པ་དང་། འཛིན་པ་དང་། ཀློག་པ་དང་། འདོན་པ་དང་། ཅི་སྐད་བསྟན་པ་བཞིན་དུ་སྒྲུབ་པ་ལྟ་སྨོས་ཀྱང་ཅི་འཚལ་ལགས་ཏེ། གང་ཟག་དེ་དག་ནི་བླ་ན་མ་མཆིས་པའི་བྱང་ཆུབ་ལག་འཐིལ་དུ་མཆིས་པ་བཞིན་དུ་ཁོང་དུ་ཆུད་ཅིང་ལེགས་པར་འགྱུར་བར་རིག་པར་བགྱི་ལགས་སོ། །ཞེས་གསུངས་ཤིང་ཁྱད་པར་སྙིགས་མའི་འགྲོ་བ་སྤྱི་དང་གངས་ཅན་གྱི་གདུལ་བྱ་ལ་བྱིན་རླབས་ལྷག་པར་མྱུར་བ་ཡོངས་སུ་གྲགས་པ་ལྟར། སྔོན་ཐུགས་བསྐྱེད་པའི་ཚེ་ནའང་། ཁྱད་པར་དུ་སྙིགས་མའི་དུས་ལྔ་བརྒྱ་ཐ་མ་པའི་སེམས་ཅན་ཉོན་མོངས་པ་རགས་ཤིང་མི་དགེ་བ་བཅུ་ལ་སྤྱོད་པ་དང་། མཚམས་མེད་པ་ལྔ་དང་། འཕགས་པ་ལ་སྐུར་པ་འདེབས་པ་དང་། ཆོས་ལ་སྐུར་བ་འདེབས་པ་དང་། མཆོད་རྟེན་དང་གཙུག་ལག་ཁང་བཤིགས་པ་དང་། ཚུལ་ཁྲིམས་འཆལ་ཞིང་ཉམས་པ་དང་། དཀོན་མཆོག་གསུམ་གྱི་ནོར་བརྐུས་པ་དང་། ཚངས་པར་སྤྱོད་པའི་དགེ་འདུན་ལ་གནོད་པ་བྱེད་པ་དང་། ཉ་པ་དང་། ཕག་པ་དང་། ཤན་པ་ལ་སོགས་པའི་སྡིག་པ་ཆེན་པོ་ལ་སྤྱོད་པ་དེ་དག་བདག་གི་མིང་བརྗོད་པ་དང་གཟུངས་སྔགས་འདྲེན་པ་དེ་དག་གི་


SPN003_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་པ་མཆོག་ཏུ་གྱུར་ཅིག །སྐྱབས་དང་སྐྱོབ་པ་དམ་པར་གྱུར་ཅིག །གླིང་དང་དཔུང་གཉེན་དམ་པར་གྱུར་ཅིག །ཅེས་སོགས་དམ་བཅས་ཤིང་། སྤྱན་རས་གཟིགས་ཀྱི་རིགས་ལས་ཀྱང་བཅུ་གཅིག་ཞལ་ཉིད་རྩ་བའི་ལྷ་ཡིན་པ་དང་། མ་འོངས་སྙིགས་དུས་ཀྱི་གདུལ་བྱ་འདུལ་བར་དམ་བཅས་པས་བྱིན་རླབས་ཆེ་བ་བྱང་སེམས་པས་གསུངས་ཏེ། དེའང་ཆོ་ག་ཞིབ་མོ་ལས། འདི་ལྟར་བདག་མ་འོངས་པའི་དུས་ན། སེམས་ཅན་ལ་ཕན་པ་དང་། བདེ་བ་དང་། ཞི་བར་བགྱིད་ནུས་པར་འགྱུར་ཞེ་ན། ད་ངེས་པར་བདག་གི་ལུས་ལ་ལག་པ་སྟོང་དང་། མིག་སྟོང་ཡོངས་སུ་རྫོགས་པར་གྱུར་ཅིག །ཅེས་སྨོན་ལམ་བཏབ་པའི་མོད་ལ་ཕྱག་སྟོང་སྤྱན་སྟོང་དུ་གྱུར་ཏེ། སངས་རྒྱས་རྣམས་ཀྱིས་དབང་བསྐུར་ཞིང་ལྟས་ཆེན་པོ་བཅོ་བརྒྱད་བྱུང་བར་གསུངས་ལ། རྒྱུད་པད་དྲྭར། ཕྱིས་ནི་འདྲེན་པ་ཤཱཀྱ་ཞེས། །མི་མཇེད་འཇིག་རྟེན་ཁམས་འཁྲུངས་ཚེ། །མི་ཡུལ་ལས་ཀྱང་ཁྱད་པར་དུ། །ཡི་ཟེ་ཏ་སྟེ་བོར། མཆན།


SPN003_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

དྭགས་གླིང་དུ་སྐྱེས་པ་འགའ། །བསྟན་ལ་འདུད་འཕེལ་བྱ་བའི་ཕྱིར། །མཚན་མོ་མུན་ནག་སྤྲིན་རུམ་དུ། །སྐད་ཅིག་གློག་འགྱུ་ཅི་ལྟ་བར། །རིག་སྔགས་འཆང་བ་གདོང་བཅུ་གཅིག །ཡན་ལག་སྟོང་དང་ལྡན་པ་ལ། །སྤྱན་ནི་ཆིག་སྟོང་སུམ་ཅུ་པའི། །མཚན་དང་ལྡན་པའི་སྐུ་འབྱུང་འགྱུར། །དེ་ཚེ་སྐལ་ལྡན་ལ་ལ་ཞིག །མཚན་ནས་བརྗོད་ཅིང་སྐུ་ལ་མོས། །རིག་སྔགས་ཟློས་པ་པོ་གང་ཞིག །འཇིག་རྟེན་འདོད་པ་ཀུན་འགྲུབ་ཅིང་། །ཕྱི་ནས་ཡེ་ཤེས་ཉིས་འགྱུར་རོ། །ཞེས་འདས་པའི་བསྐལ་པར་སངས་རྒྱས་ཚེ་དཔག་མེད་ཅེས་པས་མགོན་པོ་ཉིད་ལ་ལུང་བསྟན་པར་གསུངས་པའི་དགོངས་པར་སྣང་ངོ་། །གཞན་ཡང་དེ་ཉིད་ལས། གངྒཱའི་ཀླུང་བརྒྱའི་སངས་རྒྱས་ཀྱི། །མཚན་ནས་བརྗོད་ཅིང་བསྟོད་པ་བས། །རིགས་ཀྱི་བུའམ་བུ་མོ་གང་། །བདག་གི་མིང་བརྗོད་དྲན་བྱེད་ཅིང་། །རིག་སྔགས་རྒྱུན་ཏུ་བརྗོད་ན་དེ། །མྱུར་དུ་མཆོག་དགའི་ས་ཐོབ་ཅིང་། །ལག་པའི་མཐིལ་ནས་མཐོང་བ་ལྟར། །བླ་མེད་བྱང་ཆུབ་མྱུར་དུ་འབྱུང་། །ཞེས་དང་། དམ་ཆོས་པད་དཀར་དུ། གང་ཞིག་སངས་རྒྱས་གངྒཱའི་ཀླུང་དྲུག་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་འཚོ་ཞིང་གཞེས་པ་ལ་ཡོ་བྱད་རྣམ་པ་སྣ་ཚོགས་ཀྱིས་བསྙེན་བཀུར་བྱེད་ཅིང་མཚན་ནས་བརྗོད་དེ་ཕྱག་འཚལ་བ་དང་། གང་ཞིག་སྤྱན་རས་གཟིགས་ཀྱི་མཚན་ལན་གཅིག་བརྗོད་དེ་ཕྱག་ལན་གཅིག་བྱས་པའི་བསོད་ནམས་དག་མཉམ་


SPN003_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསུངས་ཤིང་། ཟ་མ་ཏོག་བཀོད་པར། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་ཕྲག་བཅུ་གཉིས་དང་མཉམ་པ་ལ། ན་བཟའ་དང་། བཤོས་དང་། མལ་སྟན་དང་། ན་བའི་རྐྱེན་གྱི་སྨན་གྱི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པའི་བསོད་ནམས་ཀྱི་ཕུང་པོ་ནི། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོའི་སྐྲའི་ཉག་མ་གཅིག་ལ་གནས་པའི་བསོད་ནམས་དང་མཉམ་མོ། །ཞེས་གསུངས་པས་མཆོད་བསྟོད་བསྙེན་སྒྲུབ་བགྱིས་པའི་ཕན་ཡོན་ཀྱང་གཞན་ལས་ཆེས་ཆེ་བར་གྲུབ་བོ། །གསུམ་པ་མདོ་སྔགས་གཉིས་ལས་ཀྱང་སྔགས་ཀྱི་དཀྱིལ་འཁོར་འདི་ལྟ་བུར་ཞུགས་ནས་སྒྲུབ་པ་ཉིད་དངོས་གྲུབ་ཆེས་མྱུར་བས་ཁྱད་པར་འཕགས་ཚུལ་ལུང་དུ་མ་དང། རྒྱུད་པདྨ་དྲྭ་བ་ལས་ཀྱང་། སྔགས་དང་རྫས་དང་ཕྱག་རྒྱའི་རིམ། །སྣ་ཚོགས་ཀྱིས་ནི་དོན་མཛད་ཕྱིར། །ཐེག་པ་ཀུན་ལས་ཁྱད་པར་དུ། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ནན་ཏན་སྒྲུབ་པ་སྨོས་ཅི་དགོས། །སྔགས་དང་ཕྱག་རྒྱ་འཆང་བས་ཀྱང་། །ནད་དང་གདོན་སེལ་བསྐལ་པ་ཡི། །སྒྲིབ་རྣམས་འབྱང་བས་


SPN003_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་འཕགས། །དབུལ་པོ་རིགས་དང་དམན་པ་ཡང་། །ཞུགས་མ་ཐག་ནས་བདེ་ལྡན་ཞིང་། །ཅུང་ཟད་གྲུབ་ནས་ནུས་མཐུ་ནི། །དཔག་མེད་འབྱུང་བས་ཁྱད་པར་འཕགས། །ཞེས་གསུངས་སོ། །བཞི་པ་གཟུངས་རིང་ཐུང་བཟླས་པའི་ཕན་ཡོན་ནི། རྒྱུད་པདྨ་དྲྭ་བ་ལས། རིག་སྔགས་སྙིང་པོ་གདོང་བཅུ་གཅིག །མཐུ་ཆེན་ཐོགས་པ་མེད་པ་སྟེ། །འགྲོ་ལ་སྨན་ཅིང་བདེ་བ་དང་། །ནད་ཀུན་སེལ་བྱེད་སྡིག་ཀུན་སྦྱོང་། །རྨི་ལམ་མཚན་མ་ངན་ཀུན་སེལ། །དུས་མིན་འཆི་དང་ངན་སེམས་ཟློག །རྩོད་འཁྲུགས་བདུད་དང་གདོན་བགེགས་ཞི། །འཇིག་རྟེན་སྨོན་པ་ཀུན་འགྲུབ་ཅིང་། །བདུད་དང་བར་ཆད་མཚོན་ཆའི་ནད། །བཙོན་རར་བཅུག་དང་མཚོན་ཆས་བསྩལ། །ཆུ་དང་མེ་དང་རླུང་ས་གཡོ། །དུག་དང་བྱད་སྟེམས་རོ་ལངས་དང་། །ཆོམ་རྐུན་མི་མ་ཡིན་རྣམས་གནོན། །རིག་སྔགས་འདི་ཡིས་བསྲུང་བ་དང་། །ལེན་འདྲི་ཁ་ཏོན་བཤད་སོགས་རྣམས། །བརྩོན་ལ་ལྷར་བཅས་གནོད་པ་མེད། །སྔོན་གྱི་ལས་དྲག་ཡོད་པ་ཡང་། །བྱང་ཞིང་བསྲབས་ཏེ་མེད་པར་འགྱུར། །ཞེས་སོགས་དང་། གང་གིས་སངས་རྒྱས་ཕྱག་འཚལ་མཆོད། །སྐྱབས་སུ་འགྲོ་ཞིང་སྡིག་པ་བཤགས། །མངོན་


SPN003_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

པར་དགའ་ཞིང་གསང་སྔགས་འདི། །ཉི་ཤུ་རྩ་གཅིག་བརྗོད་པ་ལ། །ཕྱོགས་བཅུའི་སངས་རྒྱས་མ་ལུས་པ། །མཚུངས་པར་ཡི་རངས་ལེགས་སོ་སྦྱིན། །རྩ་བ་བཞི་དང་མཚམས་མེད་ལྔ། །མ་ལུས་སྡིག་ཀུན་བྱང་བར་འགྱུར། །ཞེས་དང་། ཡང་། རྟག་ཏུ་ནང་པར་སྔར་ལངས་ནས། །ཆོས་བཞིན་དུ་ནི་དགེ་བགྱིས་ཏེ། །བརྒྱ་རྩ་བརྒྱད་དུ་གང་བརྗོད་པ། །ཚེ་འདིར་ཕན་ཡོན་བཅུ་ཐོབ་འགྱུར། །རྟག་པར་ལུས་ལ་ནད་མེད་དང་། །ལྷ་དང་སངས་རྒྱས་ཀུན་གྱིས་སྲུང་། །ནོར་འབྲུ་རིན་ཆེན་གོས་རྙེད་དང་། །དགྲ་སྡང་དུལ་ཞིང་འཇིགས་མེད་དང་། །བཟའ་རྣམས་བཀུར་ཞིང་རིགས་བཙུན་ཐོབ། །དུག་དང་འདྲེ་གཤིན་གདོན་བྲལ་དང་། །ལུས་ལ་དྲི་ཞིམ་ཀུན་དགའ་དང་། །བསམ་ངན་མི་སྙན་རྗོད་བྱེད་དང་། །རིམས་ནད་བྲལ་ཞིག་དགང་སླ་དང་། །དུས་མིན་འཆི་བ་སངས་པར་འགྱུར། །གཞན་ཡང་ཡོན་ཏན་བཞི་ཐོབ་སྟེ། །འཆི་ཁར་སངས་རྒྱས་ཞལ་མཐོང་དང་། །མཁའ་ལ་འོད་འབྱུང་ལྷས་མཆོད་དང་། །ནམ་ཡང་ངན་འགྲོར་མི་འགྲོ་ཞིང་། །བདེ་བ་ཅན་ནམ་བདེ་འགྲོར་སྐྱེ། །འདི་འཛིན་སངས་རྒྱས་བྱང་སེམས་ཀྱི། །རྣམ་པར་ཐར་པའི་ཆོས་སྒོ་འཐོབ། །ཅེས་སོགས་གསུངས་ལ། ཞལ་བཅུ་གཅིག་པའི་


SPN003_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་ལས། བཅོམ་ལྡན་འདས་སྙིང་པོ་གདོང་བཅུ་གཅིག་པ་ཞེས་བྱ་བ་འདི་ནི། སངས་རྒྱས་བྱེ་བ་ཕྲག་བཅུ་གཅིག་གིས་གསུངས་པ་ལགས་ཏེ། དེ་སེམས་ཅན་ཐམས་ཅད་ལ་སྨན་པ་དང་། ནད་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པ་དང་། སྡིག་པ་དང་བཀྲ་མི་ཤིས་པ་དང་རྨི་ལམ་ངན་པ་ཐམས་ཅད་ཟློག་པར་བགྱིད་པ་དང་། དུས་མ་ཡིན་པར་འཆི་བ་ཐམས་ཅད་ཟློག་པར་བགྱིད་པ་དང་། མ་ཞུགས་པ་རྣམས་དད་པ་དང་། བགེགས་དང་ལོག་འདྲེན་ཐམས་ཅད་ཞི་བར་བགྱི་བའི་སླད་དུ་བཤད་པར་བགྱིའོ། །བཅོམ་ལྡན་འདས་སྙིང་པོ་འདིས་བསྲུང་ཞིང་ཞི་བར་བགྱིས་པ་ལ་འགལ་བར་བགྱིད་པ་དེ་ནི་ལྷ་དང་བཅས་པའི་འཇིག་རྟེན་ན་གནས་མ་མཆིས་ཏེ། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ནི་མ་གཏོགས་སོ། །ཞེས་དང་། ནངས་པར་ལངས་ནས་བརྒྱ་རྩ་བརྒྱད་བཏོན་ན་ཚེ་འདི་ལ་ཡོན་ཏན་བཅུ་ཡོངས་སུ་འཛིན་པར་འགྱུར་ཏེ། བཅུ་གང་ཞེ་ན། བྲོ་ནད་མ་མཆིས་པར་འགྱུར་བ་དང་། སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བ་དང་། ནོར་དང་འབྲུ་རྣམས་འབད་མེད་དུ་རྙེད་པ་དང་། དགྲ་ཐམས་ཅད་ཐུལ་བ་དང་། རྒྱལ་པོ་རྣམས་བྱམས་པ་དང་། དུག་དང་། དབྱིག་དུག་དང་། རིམས་ཀྱིས་མི་


SPN003_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

ཚུགས་པ་དང་། མེ་དང་། ཆུ་དང་། དུས་མ་ཡིན་པར་འཆི་བས་དུས་བྱེད་པར་མི་འགྱུར་ལགས་སོ། །གཞན་ཡང་ཡོན་ཏན་བཞི་ཡོངས་སུ་འཛིན་པར་འགྱུར་ཏེ། འཆི་བའི་དུས་དེ་བཞིན་གཤེགས་པ་མཐོང་བར་འགྱུར་བ་དང་། ངན་སོང་རྣམས་སུ་མི་སྐྱེ་བ་དང་། ཡ་ང་བ་མ་སྤངས་པར་འཆི་བའི་དུས་མི་བྱེད་པ་དང་། འདི་ནས་ཤི་འཕོས་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ལགས་སོ། །ཞེས་སོགས་དང་། ལན་གཅིག་བརྗོད་པས་རྩ་བའི་ལྟུང་བ་བཞི་པོ་དག་ཀྱང་བྱང་བར་འགྱུར། མཚམས་མ་མཆིས་པ་ལྔ་པོ་དག་ཀྱང་མ་ལུས་པ་འབྱང་བར་འགྱུར་ན། ཇི་སྐད་དུ་བཤད་པ་བཞིན་ཏུ་ནན་ཏན་བགྱིད་པ་ལྟ་སྨོས་ཀྱང་ཅི་འཚལ། དེ་དག་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་བ་ལགས་ན། བཟླས་བརྗོད་བགྱིད་པ་དང་། སྒྲུབ་པ་ལྟ་སྨོས་ཀྱང་ཅི་འཚལ་ཏེ་བསམ་པ་ཐམས་ཅད་ཡིད་བཞིན་ཏུ་རྫོགས་པར་བགྱིའོ། །ཞེས་སོགས་གསུངས་ལ། རིག་སྔགས་སྙིང་པོ་ལས། གང་ལ་ལ་ཞིག་གིས་ཟླ་བ་ཕྱེད་ཀྱི་ཚེས་བཅུ་བཞིའམ་བཅོ་ལྔ་ལ་སྨྱུང་བ་བགྱིས་ཏེ། སྡོམ་པ་ཡང་དག་པར་བླངས་ནས་ཆོས་བཞིན་ཏུ་ཡོངས་སུ་


SPN003_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་བགྱིས་ཏེ། སེམས་རྩེ་གཅིག་ཏུ་བདག་རྗེས་སུ་དྲན་པར་བགྱིས་ནས་རིག་སྔགས་འདི་བཟླས་བརྗོད་བགྱིས་ན་བསྐལ་པ་བཞི་ཁྲིའི་འཁོར་བ་བསྙིལ་བར་འགྱུར་ལགས་སོ། །ཞེས་གསུངས་ཤིང་། ཡང་པད་དྲྭའི་རྒྱུད་ལས། རིག་སྔགས་འདི་གསུངས་པའི་རྗེས་སུ། །རྩ་བའི་སྙིང་པོ་སྟོང་བརྗོད་པས། །དངོས་གྲུབ་ཅི་དང་ཅི་འདོད་འགྲུབ། །ཅེས་དང་། རྩ་བའི་རིག་པ་དེའི་རྗེས་ཐོག་ཏུ་གསུངས་ནས་ཆོ་གའི་ཚུལ་ཡང་ཞིབ་པར་བསྟན་ཅིང་འདི་སྐད་དུ། །མགོན་པོ་སྤྱན་རས་གཟིགས་དབང་གི། །སྔགས་གང་བརྗོད་པ་ཙམ་ལ་ཡང་། །གཤིས་ངན་ཤི་བ་བཅོ་ལྔ་མེད། །སྐྱེ་བཟང་བཅོ་ལྔ་ཐོབ་པར་འགྱུར། །མུ་གེ་རྒྱལ་པོའི་ཆད་པ་དང་། །དུག་དང་མཚོན་དང་གཡུལ་འགྱེད་དང་། །སྟག་སོགས་སྦྲུལ་སོགས་གཅན་གཟན་གདུག །དུག་ཅན་ཟས་དང་མེ་ཆུས་འཆི། །སྲོག་ཆགས་མདུན་ཏུ་ཉལ་ཉེས་དང་། །གཡེང་བྱེད་དང་ནི་ལྷ་འདྲེས་གཙེས། །གསོར་མི་རུང་དང་བདག་ལྕེབ་རྣམས། །དེ་ལ་ནམ་ཡང་མི་འཇིགས་སོ། །རྒྱལ་པོ་ཆོས་ལྡན་ཡུལ་སྐྱེ་ཞིང་། །འཕགས་པ་བཞུགས་དང་དུས་བཟང་ཡུལ། །བཤེས་གཉེན་བཟང་དང་དབང་པོ་ཚང་། །དགེ་ལ་དགའ་ཞིང་ཚུལ་ཁྲིམས་ལྡན། །བྲན་ཁོལ་བཟང་


SPN003_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ནོར་མང་རྟག །གཞན་གྱིས་བཀུར་ཞིང་དགོས་འདོད་སྦྱོར། །སེམས་བདེར་འཇིག་རྟེན་སྐྱོང་བས་སྲུང་། །སངས་རྒྱས་ཞལ་མཐོང་དོན་ཟབ་བརྟགས། །གཞན་ཡང་དམན་ལ་བྱམས་སེམས་བསྐྱེད། །སྙིང་རྗེ་མཆི་མ་འཁྲུགས་པ་དང། །ཡོན་ཏན་དྲན་ནས་སྤྲོ་བ་དང་། །དཀོན་མཆོག་གསུམ་ལ་དད་པ་དང་། །ཕུལ་དུ་བྱུང་བའི་བློ་གྲོས་འཕེལ། །ཚུལ་བཞིན་མ་ཡིན་ཡིད་བྲལ་དང་། །བཀའ་ལུང་སྡེ་སྣོད་དད་པ་རྣམས། །ཡང་ནས་ཡང་དུ་སྐྱེ་བར་འགྱུར། །ཞེས་དང་། རྒྱུད་པདྨ་ཅོད་པན་ལས། སྔགས་འདི་འདོན་པ་བགྱིད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ལན་ཅིག་བརྗོད་དམ་དྲན་ཞིང་ཡིད་ལ་བྱས་སམ་ལུས་ལ་བཅངས་ན་མཚམས་མེད་པ་ལྔ་དང་། དེ་དང་ཉེ་བའི་སྡིག་པའི་ལས་བྱང་ཞིང་སེམས་ཅན་དམྱལ་བ་དང་ཡི་དྭགས་དང་དུད་འགྲོའི་སྐྱེ་གནས་སུ་མི་སྐྱེ་ཞིང་མི་ཁོམ་པ་བརྒྱད་དུ་སྡུག་བསྔལ་དང་བཅས་པར་མི་འགྱུར་རོ། །གཅན་གཟན་དང་། སྲིན་པོ་དང་། མི་མ་ཡིན་པ་དང་། ནད་དང་འཇིགས་པ་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །ཞེས་སོགས་རྒྱ་ཆེར་གསུངས་ལ། སྤྱིར་ཕྱག་སྟོང་སྤྱན་སྟོང་ངམ། ནམ་མཁའ་རྒྱལ་པོ་ལ་རྣམ་འགྱུར་དང་སྙིང་པོ་མི་འདྲ་བ་མང་


SPN003_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མཆིས་ཀྱང་། དཔལ་མོ་ལུགས་ཀྱི་བཟླ་བྱའི་གཙོ་བོ་གདོང་བཅུ་གཅིག་པའི་གཟུངས་རིང་ཐུང་ཡིན་ལ། གཞན་ཏུ་མགྲིན་སྔོན་ཅན་གྱི་གཟུངས་ཉིད་རྩ་བའི་རིག་སྔགས་ཆེན་མོར་གསུངས་བ་ལྟར་ཀླུ་སྒྲུབ་ཀྱི་སྒྲུབ་ཐབས་ཀྱང་དེ་ལ་བསྟེན་ཅིང་། དེའི་ཕན་ཡོན་མཐའ་ཡས་པ་ཞིག་ལས་འཕགས་ཞབས་ཀྱིས་བསྡུས་པ་ནི། གཟུངས་འདི་ལན་ཅིག་བརྗོད་པས་རྩ་བའི་ལྟུང་བ་བཞི་བྱུང་བ་ཡང་མ་ལུས་པར་འབྱང་བར་འགྱུར་རོ། །འདི་འཛིན་པ་དེ་ལ་འཕགས་པ་སྤྱན་རས་གཟིགས་ཀྱིས་རྒྱུན་མི་འཆད་པར་སྤྱན་སྟོང་གི་ཐུགས་རྗེས་གཟིགས་ཤིང་། ཕྱག་སྟོང་གིས་བསྐྱབ་པར་འགྱུར་རོ། །མཚམས་མེད་པ་ལྔ་དང་དེ་དང་ཉེ་བ་ལྔ་དང་དགེ་འདུན་གྱི་དཀོར་རྐུ་འཕྲོག་བྱས་པ་རྣམས་ཀྱང་ལན་གཅིག་བརྗོད་པས་མ་ལུས་པར་ཟད་པར་འགྱུར་རོ། །ཐེ་ཚོམ་ཟ་བ་ནི་མ་གཏོགས་སོ། །གཤིས་ངན་ཏུ་འཆི་བ་བཅོ་ལྔ་མི་འབྱུང་ཞིང་། སྐྱེ་བ་བཟང་པོ་བཅོ་ལྔ་འཛིན་པར་འགྱུར་རོ། །སུས་སྙིང་པོ་འདིའི་མིང་ཐོས་པ་དེ་ནི་བསྐལ་པ་དུ་མའི་སྐྱེ་འཆིའི་ལས་བསགས་པ་ལྕི་བ་རྣམས་ཀྱང་བྱང་བར་འགྱུར་ན་བརྗོད་ཅིང་འཛིན་པ་ལྟ་ཅི་སྨོས། རྒྱུན་མི་འཆད་པར་བཟུང་ན་ས་བཅུའི་འབྲས་བུ་ཐོབ་པ་ལ་དཀའ་བ་མེད་ན་འཇིག་རྟེན་པའི་བསོད་ནམས་ལྟ་ཅི་སྨོས། ཞེས་


SPN003_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་རྒྱ་ཆེར་གསུངས་པས་ཕན་ཡོན་བསྐྱེད་པའི་ཕྱིར་གཟུངས་འདིའང་ལན་གྲངས་ཁ་ཤས་བཟླ་ཞིང་། དེ་ཡང་། བདག་གི་སློབ་དཔོན་འོད་དཔག་མེད་རྟག་ཏུ་དྲན་པར་བགྱིའོ། །དེ་ནས་གསང་སྔགས་འདི་བརྗོད་པར་རིགས་སོ། །ཞེས་གསུངས་པ་ལྟར་བྱའོ། །ལྔ་པ་ཡིག་དྲུག་བཟླས་པའི་ཕན་ཡོན་ནི། །སྤྱིར་རྒྱུད་སྡེ་བཞི་ཀ་ནས་གསུངས་སོ་ཅོག་གི་ཐུགས་རྗེ་ཆེན་པོའི་རིགས་ཐམས་ཅད་ཀྱི་ཡང་སྙིང་ཡིག་དྲུག་ཉིད་ཡིན་པས་སོ་སོར་བཤད་པའི་ཕན་ཡོན་ཐམས་ཅད་ཀྱང་དེ་ཁོ་ན་ལ་ཚང་བར་འགྱུར་ཏེ། པདྨ་ཅོད་པན་ལས། དེ་རྣམས་ཀྱི་སྔགས་བསྡུས་པ་ནི། ༀ་མ་ཎི་པདྨེ་ཧཱུྃ་ཞེས་པའོ། །འདིས་ནི་རིགས་གསུམ་གྱི་བདག་པོར་འགྱུར་ཏེ་ཕན་ཡོན་ནི་དེའོ། །ཆོས་ཀྱི་སྐུ་དང་གཟུགས་ཀྱི་སྐུའི་ཐུགས་རྗེ་ཆེན་པོ་མཐོང་བར་འགྱུར་རོ། །ཞེས་དང་། །ཁྱད་པར་ཟ་མ་ཏོག་བཀོད་པར། འདི་ནི་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོའི་སྙིང་པོ་དམ་པའོ། །གང་ཡང་ཡི་གེ་དྲུག་པའི་རིག་སྔགས་འཛིན་ཅིང་ཟློས་པའི་སེམས་ཅན་དེ་དག་ནི་བསོད་ནམས་དང་ལྡན་པ་སྟེ། དེ་དག་ཟློས་པའི་ཚེ་སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་གི་བྱེ་མ་སྙེད་དགུ་བཅུ་རྩ་དགུ་འདུ་བར་འགྱུར་རོ། །


SPN003_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་རྡུལ་ཕྲ་རབ་དང་མཉམ་པ་འདུ་བར་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པ་དྲུག་སྒོ་ན་གནས་པར་འགྱུར་རོ། །གཞན་ཡང་ལྷའི་སྡེ་སུམ་ཅུ་རྩ་གཉིས་ཀྱི་ལྷའི་བུ་དག་འདུ། རྒྱལ་པོ་ཆེན་པོ་བཞིས་ནི་ཕྱོགས་བཞི་ནས་བསྲུང་། ཀླུའི་རྒྱལ་པོ་དང་ཀླུ་བྱེ་བ་སྟོང་ཕྲག་དུ་མས་ནི་ཡོངས་སུ་སྲུང་། ས་བླའི་གནོད་སྦྱིན་དག་ནི་བླ་གབ་མེད་པར་སྲུང་པར་བྱེད་དོ། །དེའི་བ་སྤུའི་ཁུང་བུ་རེ་རེ་ལ་ཡང་དེ་བཞིན་གཤེགས་པ་བྱེ་བ་བཞུགས་ཏེ། ཁྱོད་ཀྱིས་རིགས་རུས་བདུན་བརྒྱུད་ཚུན་ཆད་དུ་ཡིད་བཞིན་གྱི་ནོར་བུ་ཐོབ་པར་བྱས། ལུས་ཀྱི་སྲོག་ཆགས་ཐམས་ཅད་ཀྱང་ཕྱིར་མི་ལྡོག་པར་བཀོད་པར་བྱས་ཏེ་ལེགས་སོ་ལེགས་སོ་ཞེས་སྦྱིན་པར་མཛད་དོ། །ལ་ལ་ཞིག་གིས་ལུས་ལ་འཆང་ན་དེ་ནི་རྡོ་རྗེའི་ལུས། རིང་བསྲེལ་གྱི་མཆོད་རྟེན། རྒྱལ་བའི་ཡེ་ཤེས་སུ་རིག་པར་བྱའོ། །གང་ཞིག་འདི་ཟློས་པ་དེ་ནི་སྤོབས་པ་མི་ཟད་ཅིང་ཡེ་ཤེས་ཀྱི་ཕུང་པོ་རྣམ་པར་དག་ལ་སྙིང་རྗེ་ཆེན་པོ་དང་ལྡན་ཏེ་ཉི་མ་རེ་རེ་ཞིང་ཕར་ཕྱིན་དྲུག་ཡོངས་སུ་རྫོགས་ནས་རིག་འཛིན་གྱིས་འཁོར་ལོས་སྒྱུར་བ་དང་། བླ་ན་མེད་པའི་བྱང་ཆུབ་ཀྱང་མྱུར་དུ་ཐོབ་པར་འགྱུར་རོ། །དེའི་ལག་གིས་རེག་པ་ཐམས་ཅད་བྱང་ཆུབ་སེམས་དཔའ་སྲིད་


SPN003_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐ་མ་པར་འགྱུར་རོ། །སེམས་ཅན་གང་དག་ཐ་ན་དུད་འགྲོའི་སྐྱེ་གནས་སུ་གྱུར་པས་ཀྱང་མཐོང་ངམ། དེའི་ཡིད་ཀྱིས་སེམས་པར་བྱེད་ན་དེ་དག་སྐྱེ་རྒ་ན་འཆིའི་སྡུག་བསྔལ་འཛད་དེ་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔར་འགྱུར་རོ། །ཞེས་སོགས་དང་། ཡང་། རྡུལ་ཕྲ་རབ་ཀྱི་རྡུལ། རྒྱ་མཚོའི་མཆིང་གི་བྱེ་མ། གླིང་བཞི་པའི་ཆུའི་ཐིགས་པ་དང་འབྲུ་དང་སྤུའི་ཚོགས་དང་ཐང་ཤིང་གི་ལོ་མ་ཇི་སྙེད་ཡོད་པ། ལོ་བཅུ་གཉིས་སུ་ཉིན་མཚན་མེད་པར་ཆར་བབ་པའི་ཐིགས་པ་རེ་རེ་ནས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་བགྲང་ནུས་ལ། ཡི་གེ་དྲུག་པ་ལན་གཅིག་བཟླས་པའི་བསོད་ནམས་ནི་བགྲང་མི་ནུས་པ་དང་། གླིང་བཞི་པའི་སེམས་ཅན་ཐམས་ཅད་ས་བདུན་པ་ལ་གནས་པར་གྱུར་པ་དེའི་བསོད་ནམས་ལས་ཀྱང་ཡིག་དྲུག་ལན་གཅིག་བཟླས་པས་ཆེ་བ་སོགས་གསུངས་ལ། གཞན་ཡང་ཡི་གེ་དྲུག་པའི་རིག་སྔགས་འདྲིར་འཇུག་པ་དེས་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་འདྲིར་འཇུག་པར་འགྱུར་རོ། །སངས་རྒྱས་ཀྱི་སྐུ་རྡུལ་ཕྲ་རབ་དང་མཉམ་པ་ལྷའི་གསེར་རིན་པོ་ཆེ་ལས་ཉིན་རེ་བཞིན་དུ་བྱེད་ཅིང་རིང་བསྲེལ་འཇུག་པ་དེའི་རྣམ་པར་སྨིན་པ་ནི་ཡི་གེ་དྲུག་པའི་


SPN003_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་གཅིག་གི་རྣམ་པར་སྨིན་པ་སྟེ་ཡོན་ཏན་བསམ་གྱིས་མི་ཁྱབ་བོ། །འདི་ཟློས་པར་བྱེད་ན་ཏིང་ངེ་འཛིན་བརྒྱ་རྩ་བརྒྱད་ཐོབ་པར་འགྱུར་རོ། །རྣལ་འབྱོར་གཞན་རྣམས་ནི་ཕུབ་མ་དང་མཚུངས་ལ་འདི་ནི་འབྲས་ཀྱི་སྙིང་པོར་གྱུར་པའོ། །ཞེས་སོགས་མདོ་རྒྱུད་དུ་མ་ནས་རྒྱ་ཆེར་བསྔགས་པའི་དོན་བསྡུས་རྒྱལ་པོ་བཀའ་ཆེམས་སུའང་གསལ་ཞིང་། སྤྲུལ་པའི་རྒྱལ་པོའི་ཞལ་གདམས་ཀྱི་སྒྲུབ་སྐོར་རྣམས་སུའང་ཡིག་དྲུག་ཁོ་ན་གཙོ་བོར་མཛད་ལ། མདོར་ན་ངག་ཏུ་བཟླ་བྱའི་སྔགས་ཞིག་ལ་ཡིག་དྲུག་འདྲ་བའི་ཕན་ཡོན་ཆེ་བ་གཞན་ན་མེད་པས་འདི་ཁོ་ནར་རྟག་ཏུ་བརྩོན་པར་རིགས་སོ། །དྲུག་པ་བླ་མ་རྣམས་ཀྱིས་མན་ངག་གི་ཚུལ་དུ་ཁ་བསྐང་བའི་གཟུངས་ལས། ཡིད་བཞིན་འཁོར་ལོ་ལའང་ལྷ་སྔགས་ཀྱི་རྣམ་གྲངས་མི་འདྲ་བ་འབྱུང་ཡང་། ཕན་ཡོན་ཡིད་བཞིན་ནོར་བུ་འཁོར་ལོས་སྒྱུར་བའི་གཟུངས་སུ་ཐམས་ཅད་ཚང་བས། དེ་ནི་དེ་ཉིད་ལས། རིགས་ཀྱི་བུའམ་བུ་མོ། འཁོར་བཞི་པོ་གང་སུ་ཡང་རུང་བས་འབྲས་བུ་མོད་ལ་ཐོབ་པར་འཚལ་བས། ཡིད་བཞིན་ནོར་བུའི་ཕྱག་རྒྱ་ལ་མངོན་པར་བརྩོན་པར་བགྱིའོ། །ཚེས་གྲངས་རྒྱུ་སྐར་སྦྱར་མི་འཚལ། །སྨྱུང་བའི་ཆོ་ག་བགྱི་མི་འཚལ། །


SPN003_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲུས་དང་གོས་གསར་བགོ་མི་འཚལ། །དེ་བཞིན་སྒྲུབ་པའི་ཆོ་ག་མེད། །བཀླག་པ་ཉིད་ཀྱིས་འགྲུབ་འགྱུར་ཏེ། །བཟླས་བརྗོད་ཙམ་གྱིས་ཐེ་ཚོམ་མེད། །ལས་ནི་སྟོང་དང་བརྒྱ་ཡང་བགྱིད། །འདི་དང་མཚུངས་པའི་རིགས་སྔགས་མེད། །སྔོན་གྱི་སྡིག་སྒྲིབ་ཟད་འགྱུར་ཏེ། །བཏབ་པ་ཙམ་གྱིས་མནར་མེད་པར། །འཆི་བའི་སྡིག་པ་འཕྲལ་དུ་དག །ཅེས་དང་། མཚམས་མེད་པའི་སྡིག་པ་མ་ལུས་པ་ཟད་པར་འགྱུར། ནད་ཐམས་ཅད་དང་། རིམས་དང་། བྱད་སྟེམས་དང་། གནོད་སྦྱིན་དང་སྲིན་པོ་ལ་སོགས་པའི་གདོན་ཐམས་ཅད་ལས་ཐར་ཞིང་ཕྱིས་མི་ཚུགས་པར་འགྱུར། དུག་དང་། མཚོན་དང་། མེ་དང་། ཆུ་དང་། ལྕེ་འབབ་པས་མི་ཚུགས། ཆོམ་རྐུན་དང་། རྒྱལ་པོ་དང་། དགྲ་དང་། དུས་མ་ཡིན་པའི་འཆི་བ་ལ་སོགས་པའི་འཇིགས་པ་མི་འབྱུང་། རྨི་ལམ་ངན་པ་མི་རྨི། འཐབ་པ་དང་རྩོད་པ་ཐམས་ཅད་ལས་རྒྱལ་བར་འགྱུར། ལན་བརྒྱ་རྩ་བརྒྱད་བཟླས་པས་དེའི་ཉིན་མོར་འཕགས་པ་སྤྱན་རས་གཟིགས་མངོན་སུམ་དུ་སྟོན་ཏེ་དབུགས་འབྱིན་ཅིང་དངོས་གྲུབ་སྩོལ་བར་བགྱིད། འོད་དཔག་མེད་སོགས་དེ་བཞིན་གཤེགས་པ་རྣམས་དང་། འཇིག་རྟེན་གྱི་


SPN003_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་བདེ་བ་ཅན་དང་། རི་བོ་ཏ་ལའི་གཞལ་མེད་ཁང་རྣམས་ཀྱང་མཐོང་བར་འགྱུར་རོ། །འཆི་བའི་ཚེ་འཕགས་པ་མངོན་སུམ་དུ་མཐོང་ཞིང་སངས་རྒྱས་ཀྱི་ཞིང་དུ་པད་མ་ལས་བརྫུས་ཏེ་སྐྱེ་བར་འགྱུར། ཚེ་རབས་ཐམས་ཅད་དུ་སྐྱེ་བ་དྲན་པ་དང་། རྟག་ཏུ་ངན་སོང་དུ་མི་ལྟུང་བ་དང་། སངས་རྒྱས་ཀྱི་གོ་འཕང་ཡང་ཐོབ་པར་འགྱུར་རོ། །ཞེས་སོགས་གསུངས་སོ། །ས་བཅུ་པའི་གཟུངས་རིགས་བཅུ་པོ་འབུམ་ཕྲག་རེ་བཟླས་པས་ས་དང་པོ་ནས་བཅུ་པའི་བར་ཐོབ་པ་སོགས་ཕན་ཡོན་རྒྱ་ཆེན་སྨོས་ཀྱིས་མི་ལང་པས་དེའི་ཁུངས་དོན་ཞགས་ཀྱི་རྟོག་པ་ཆེན་མོར་གསལ་ཞིང་། པདྨོ་ཨུཥྞི་ཥའི་ཕན་ཡོན་མདོར་བསྡུས་ནི། གང་གིས་གསང་སྔགས་ཡི་གེ་བཅུ་པ་འབུམ་བཟླས་བརྗོད་བགྱིས་ན་ས་བཅུ་ལ་གནས་ཞིང་ཕྱིར་མི་ལྡོག་པར་དོན་ཡོད་པའི་པདྨ་གཙུག་ཏོར་གྱི་འཁོར་ལོར་བསྒྱུར་པར་འགྱུར་ཏེ་ཐེ་ཚོམ་མི་བྱའོ། །ཡིག་འབྲུ་རེ་རེ་ཙམ་བཟླས་པས་སངས་རྒྱས་ཀྱི་མཛད་པ་བྱེད་པར་འགྱུར་ན་ཆེས་ངལ་ཞིང་དུབ་པར་སྒྲུབ་ན་ལྟ་སྨོས་ཀྱང་ཅི་དགོས། ཉིན་ཞག་གཅིག་སྨྱུང་བར་གནས་པའམ། གང་ལ་ལ་སྐད་ཅིག་ཡུད་ཙམ་དུ་སྙིང་པོ་འདི་ལན་ཅིག་དྲན་ན། མཚམས་མེད་པ་ལྔ་བྱེད་པ། མནར་མེད་དུ་ཚེ་བསྐལ་པར་གཞོལ་པ་ཡང་རྣམ་པར་དག་ཅིང་།


SPN003_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པ་དང་སྒྲིབ་པ་ཐམས་ཅད་ཟད། ནམ་ཡང་ངན་འགྲོར་མི་འགྲོ་ཞིང་ཚེ་རབས་དྲན་པར་འགྱུར། བསྐལ་པ་འབུམ་ཕྲག་དུ་མ་རེ་རེ་བཞིན་དུ། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་དང་། མངོན་པར་དགའ་བ་དང་། བདེ་བ་ཅན་གྱི་འཇིག་རྟེན་ལ་སོགས་པར་སྐྱེས་ནས་བདེ་བ་མྱོང་བར་འགྱུར། ཉིན་རེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་དམིགས་ནས་ལན་བདུན་བདུན་བརྗོད་ན་དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར། ཚེ་བརྗེས་ནས་བདེ་བ་ཅན་ཏུ་སྐྱེ་ཞིང་ཏིང་ངེ་འཛིན་བརྒྱ་ཕྲག་དུ་མ་དག་ཀྱང་ཐོབ་པར་འགྱུར། བྱེ་མ་གཙང་མ་ལ་སྔགས་ནས་རོའམ་རུས་པའམ་དུར་ཁྲོད་དང་པུར་ཁང་སོགས་སུ་གཏོར་ན་བསླབ་སྡོམ་རལ་བ་ལ་སོགས་པས་ངན་སོང་དུ་སྐྱེས་པ་རྣམས་ཀྱང་དེ་མ་ཐག་ཏུ་ཚེ་བརྗེས་ནས་མཐོ་རིས་སུ་སྐྱེ་བར་འགྱུར། གྲོ་ག་ལ་བྲིས་ནས་མཆོད་རྟེན་གྱི་ནང་དུ་བཅུག་ན་དེའི་གྲིབ་མས་ཕོག་པའི་སྲོག་ཆགས་ཐམས་ཅད་མཐོ་རིས་སུ་སྐྱེ་བར་འགྱུར། དུང་ལ་སྔགས་ཏེ་རི་མཐོན་པོར་བུས་པའི་སྒྲ་སྡོམ་པ་ལ་ཞུགས་པས་ཐོས་ན་ཕྱིར་མི་ལྡོག་པར་བདེ་བ་ཅན་ཏུ་སྐྱེ་བར་འགྱུར། སེམས་ཅན་ཐ་མལ་པ་སུས་ཐོས་མཐོ་རིས་སུ་གཞོལ་བར་འགྱུར།


SPN003_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

ཙནྡན་ལ་སྔགས་ཏེ་དགེ་འདུན་གྱི་ཀུན་དགའ་ར་བ་སོགས་མང་པོ་འཚོགས་པའི་དབུས་སུ་བདུག་ན་དྲི་མནམས་པ་ཐམས་ཅད་སངས་རྒྱས་ཀྱི་སྐུ་ཡོངས་སུ་རྫོགས་ཤིང་། ཆོས་གོས་ལ་བདུག་ནས་གྱོན་ན་གང་ཟག་དེའི་སྡིག་པ་དང་སྒྲིབ་པ་ཟད། སྲང་ཁར་བདུག་ན་འཐབ་རྩོད་དང་ཡམས་ནད་ཆད། འབྲོག་ཏུ་བདུག་ན་དགྲ་རྐུན་གཅན་གཟན་བཅིངས། རིམས་ནད་སོགས་ལ་བདུག་ན་ནད་ཞི་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །སྒོ་མཐའ་ཡས་པའི་གཟུངས་ནི། དེ་ཉིད་ལས། སངས་རྒྱས་ཀུན་གྱིས་དེ་ནི་ཡིད་ལ་མཛད། །དེ་ལ་བདུད་ཀྱིས་གླགས་ནི་རྙེད་མི་འགྱུར། །དེ་ཡི་ལས་ཀྱི་སྒྲིབ་པ་མྱུར་དུ་འབྱང་། །སྤོབས་པ་མཐའ་ཡས་རྣམས་ཀྱང་ཐོབ་པར་འགྱུར། །ཞེས་སོགས་ཕན་ཡོན་དུ་མ་གསུངས་ལ། འདི་ནི་ཞལ་བལྟ་ཞིང་གསུང་ཐོས་པ་ལ་སྒྲིབ་པའི་ཚོགས་མྱུར་དུ་སྦྱོང་བའི་དགོས་པ་ཁྱད་པར་ཅན་དང་འབྲེལ་བ་ཞིག་གོ། །དེ་ལྟར་བསྙེན་པ་རྣམས་གྲངས་ཐེམ་ཞིང་སྤྱན་རས་གཟིགས་ཀྱི་རྣལ་འབྱོར་ལ་བརྩོན་པ་དེ་མཐོང་ཐོས་དྲན་རེག་འབྲེལ་ཚད་དོན་ལྡན་དུ་གསུངས་ཏེ། མདོ་བཏུས་ལས། གལ་ཏེ་ཐུགས་རྗེ་ཆེན་པོའི་གཟུངས་འདི་འདོན་ཅིང་ཡོངས་སུ་འཛིན་པ་དེ་དག་ཆུ་ཀླུང་ངམ་རྒྱ་


SPN003_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

མཚོར་ཞུགས་ཏེ་ཁྲུས་བྱས་པའི་ཆུས་ལུས་ལ་རེག་པའི་དེར་གནས་སེམས་ཅན་ཐམས་ཅད་སྡིག་པའི་ལས་དང་། ཁ་ན་མ་ཐོ་བ་ལྕི་བ་ཡོངས་སུ་བྱང་ནས་ཞིང་དག་པར་པདྨ་ལས་རྫུས་ཏེ་སྐྱེ་བར་འགྱུར་ན་ཁ་ཏོན་ཏུ་བྱེད་པ་དང་འཆང་བ་རྣམས་ལྟ་ཅི་སྨོས། ལམ་དུ་ཞུགས་ནས་འགྲོ་བའི་ཚེ་རླུང་ལངས་ཏེ་གང་ཟག་དེའི་ལུས་དང་གོས་ལ་རེག་པའི་རླུང་དེ་ཕྱོགས་གཞན་ཏུ་སོང་ནས་སེམས་ཅན་གང་གི་ལུས་ལ་རེག་ཀྱང་། དེ་དག་གི་སྡིག་སྒྲིབ་ལྕི་བ་མ་ལུས་པ་བྱང་ནས་ངན་སོང་གསུམ་གྱི་རྣམ་སྨིན་མི་མྱོང་ཞིང་རྟག་པར་སངས་རྒྱས་ཀྱི་སྤྱན་སྔར་སྐྱེ་བར་འགྱུར་ན་འདོན་པ་དང་། ཡོངས་སུ་འཛིན་པ་དེ་དག་གིས་ཐོས་པའི་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་པར་རིག་པར་བྱའོ། །ཞེས་དང་། བྱང་སེམས་པས། གཟུངས་སྔགས་འདི་རྣམས་དུད་འགྲོ་ཕོ་མོ་འཆི་བའི་རྣ་ལམ་དུ་བསྒྲག་ན་ལྷ་མིའི་ལུས་ཐོབ་ཅིང་བྱང་ཆུབ་སེམས་ཀྱི་ས་བོན་ཐེབས་ཏེ་བདེ་བ་ཅན་དུ་སྐྱེ་བར་གསུངས་སོ། །བདུན་པ་ཆོ་ག་བྱས་པའི་ཕན་ཡོན་ནི། རྒྱུད་པད་དྲྭར། བཅུ་བཞིའམ་ནི་བཅོ་ལྔ་དང་། །ཁྱད་པར་དུ་ནི་ཚེས་བརྒྱད་ལ། །གསོ་སྦྱོང་སྐུ་ཡི་མདུན་ཏུ་བླང་། །སྐྱོན་མེད་ཙནྡན་དཀར་སོགས་ཤིང་། །རིགས་བཟང་ལས་བྱས་སྐུ་


SPN003_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་སམ། །ཡང་ན་ས་རྡོ་རིན་ཆེན་སོགས། །བཟང་ལས་བདེ་བར་གཤེགས་གཟུགས་བྱ། །ཡང་ན་རིས་སུ་བྲིས་ཀྱང་རུང་། །སྐུ་གཅིག་པོའམ་ལྷ་ཚོགས་ཀྱི། །དཀྱིལ་འཁོར་རྒྱས་པར་བྱས་པ་ལ། །མངོན་སུམ་བཞིན་ཏུ་དམིགས་བྱས་ན། །མྱུར་དུ་མངོན་སུམ་མཐོང་བར་འགྱུར། །ཞེས་དང་། ཡོན་ཏན་ཀུན་གྱིས་བརྒྱན་པ་ཡི། །བུམ་པ་ཆུ་དང་བཅས་པ་ལ། །སྔགས་བརྗོད་པ་ནི་འདོད་དོན་ཀུན། །འགྲུབ་འགྱུར་ཐེ་ཚོམ་མི་བྱའོ། །ཞེས་བུམ་ཆོག་དང་ཞར་བྱུང་ཕན་ཡོན་བཅས་བསྟན་པ་དང་། ཆོ་ག་ཞིབ་མོ་ལས། སུ་ཞིག་གཟུངས་སྔགས་འདི་འཛིན་པ་དེས། ཚེས་བཅོ་ལྔའི་ཟླ་བ་ཉ་བ་ལ་བསླབ་པའི་གཞི་བརྒྱད་བཟུང་སྟེ། གོས་གཙང་མ་བགོས་ལ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་གྱི་མདུན་དུའམ། སངས་རྒྱས་ཀྱི་གཟུགས་ཀྱི་སྤྱན་སྔར་ཙན་དན་དཀར་པོའི་དཀྱིལ་འཁོར་བགྱིས་ལ། དེར་མེ་ཏོག་སྣ་ཚོགས་གཏོར་བར་བགྱི། བདུག་པས་ཀྱང་བདུག་པར་བགྱི། མར་མེ་ཡང་བུད་པར་བགྱིའོ། །སངས་རྒྱས་བཅོམ་ལྡན་འདས་ལ་གུས་པ་བསྐྱེད་པར་བགྱིའོ། །གཟུངས་སྔགས་འདིའང་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ན། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་


SPN003_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་དཀྱིལ་འཁོར་དེར་འདུག་སྟེ། མཚམས་མེད་པ་ལ་སོགས་པ་ལས་ཀྱི་སྒྲིབ་པ་ཇི་སྙེད་ཡོད་པ་ཐམས་ཅད་འབྱང་བར་འགྱུར་རོ། །ལུས་དང་ངག་དང་ཡིད་ཀྱི་ལས་རྣམས་ཀྱང་ཡོངས་སུ་དག་པར་འགྱུར་རོ། །སངས་རྒྱས་ཀྱི་ཏིང་ངེ་འཛིན་དང་འོད་ཟེར་གྱིས་དབང་བསྐུར་བའི་སྟོབས་ཀྱང་འཐོབ་བོ། །ས་དང་ཕ་རོལ་དུ་ཕྱིན་པ་ཡང་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་གསུངས་པའང་རྒྱུད་རིགས་མཐུན་པའི་དབང་གིས་ཆོ་ག་འདིའི་ཡང་ལུང་ཁུངས་སུ་འགྱུར་ལ། དེ་བཞིན་དུ། ཐོགས་པ་མི་མངའ་བའི་གཟུངས་ལས། གང་ལ་ལ་ཞིག་རྟག་པར་སྤོས་སམ་མེ་ཏོག་སྙིམ་པ་གང་ཙམ་སྐུ་གཟུགས་ཀྱི་མདུན་དུ་གཏོར་ནས་གཟུངས་འདོན་པར་བགྱིད་ན། སྟོང་ཆེན་པོའི་འཇིག་རྟེན་ཁམས་ཀྱི་ཡོན་ཏན་དང་སྙིང་རྗེ་ཆེན་པོའི་ཆོས་ཉིད་འཐོབ་པར་འགྱུར། མཐར་གྱིས་མཐུ་ཆེན་པོ་མངོན་པར་འགྲུབ་པར་འགྱུར་ལགས་སོ། །ཞེས་དང་། རྒྱུད་པད་དྲྭར། ནད་དང་འཕྲོད་པའི་སྨན་རྣམས་ལ། །སྔགས་བཟླས་བཟའ་འམ་བྱུགས་པའམ། །བདུག་པ་ཙམ་ཡང་གནོད་པ་སེལ། །སྲད་བུའམ་ནི་གོས་དག་དང་། །ཕྱག་རྒྱས་གདགས་ཀྱང་དེ་བཞིན་ནོ། །ཞེས་པའི་ལས་ཚོགས་དང་།


SPN003_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་བཅུ་གཅིག་པའི་གཟུངས་ལས། ཆབ་ལ་ལན་བརྒྱ་རྩ་བརྒྱད་སྔགས་ཏེ་ལུས་ལ་གཏོར་ན་སྒྲིབ་པ་དང་བགེགས་ཐམས་ཅད་ངང་གིས་བྱང་ནས་སྨོན་པ་ཐམས་ཅད་ཡིད་བཞིན་ཏུ་འགྲུབ་པར་འགྱུར་ལགས་སོ། །ཞེས་གཟུངས་ཁྲུས་ཀྱི་ཕན་ཡོན་དང་། བྱང་སེམས་ཟླ་རྒྱལ་གྱི་ཞལ་ནས་ཕན་ཡོན་མཐའ་ཡས་པ་ཞིག་གསུངས་པའི་གཤམ་དུ། སྐྱེས་པ་རྣམས་ཀྱིས་འདིའི་སྨྱུང་གནས་ལན་གཅིག་བྱས་པས་བདེ་བ་ཅན་དུ་སྐྱེ། བུད་མེད་རྣམས་ཀྱིས་སྨྱུང་གནས་ལན་གཅིག་བྱས་པས་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་ཏེ་དང་པོའི་ཡོན་ཏན་ཐོབ། སྨྱུང་གནས་སྔོན་འགྲོ་གདན་གཅིག་གི་ཉིན་མི་གཅིག་ལ་འཚོ་བ་དྲངས་ནས་བརྒྱད་པའི་བྱང་སེམས་ལ་འཚོ་བ་དྲངས་པ་དང་བསོད་ནམས་མཉམ་ཞིང་། སྨྱུང་གནས་ཚར་བའི་ཕྱིར་ནང་མི་གཅིག་ལ་འཚོ་བ་དྲངས་ཀྱང་རང་སངས་རྒྱས་ལྔ་བརྒྱ་ལ་དྲངས་པ་དང་འདྲ། གསོ་སྦྱོང་བླངས་པ་ཙམ་ལ་དྲངས་ན་དགྲ་བཅོམ་པ་ལ་དྲངས་པའི་ཕན་ཡོན་ཐོབ་པ་དང་། སྦྱིན་བདག་དེ་ངན་སོང་གསུམ་དང་། ནད་མཚོན་མུ་གེའི་བསྐལ་པར་ནམ་ཡང་མི་སྐྱེ་ཞིང་། ཚེ་རབས་ཐམས་ཅད་དུ་བདེ་སྐྱིད་ཕུན་སུམ་ཚོགས། བྱང་ཆུབ་ཀྱི་སེམས་རྒྱུད་ལ་འཁྲུངས་


SPN003_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

པ་སོགས་ཕན་ཡོན་མང་དུ་འབྱུང་བར་གསུངས་སོ། །དེ་དག་ལའང་ཐེ་ཚོམ་མེད་པ་ཁོ་ན་གལ་ཆེ་སྟེ། ཐེ་ཚོམ་ཅུང་ཟད་ཅིག་ཡོད་ན་འབྲས་བུ་ཅིའང་མི་འགྲུབ་པ་སྔགས་རྒྱུད་སྤྱི་དང་གོང་དུ་དྲངས་པའི་ལུང་ལས་གསལ་ལོ། །བརྒྱད་པ་བསྐྱེད་རྫོགས་བསྒོམ་པའི་ཕན་ཡོན་ནི། སྤྱིར་སྦྱིན་པ་ལས་ཚུལ་ཁྲིམས་སོགས་ཕར་ཕྱིན་དྲུག་ཕྱི་རིམ་བཞིན་ཏུ་ཕན་ཡོན་ཆེ་བས། ཤེས་རབ་སྟེ་སྟོང་པ་ཉིད་སྒོམ་པའི་ཕན་ཡོན་ནི། ཏིང་འཛིན་རྒྱལ་པོའི་མདོ་ལས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལམ་དུ་བཀོད་པ་བས། གང་གིས་ཆོས་བདག་མེད་པ་ལ་མོས་ཏེ་དབེན་པའི་ཕྱོགས་སུ་གོམ་པ་བདུན་བོར་བ་བསོད་ནམས་ཆེའོ། །ཞེས་དང་། དེ་ཁོ་ན་ཉིད་བསྟན་པའི་མདོ་ལས། ཤཱ་ཱརིའི་བུ། གང་གིས་བསྐལ་པ་གཅིག་གི་བར་དུ་ཉན་པ་བས། སེ་གོལ་གཏོགས་པའི་ཡུན་ཙམ་དེ་ཁོ་ན་ཉིད་ལ་མཉམ་པར་བཞག་ན་བསོད་ནམས་ཆེས་མང་དུ་འཕེལ་ལོ། །ཞེས་དང་། རྟོག་པ་ཆེན་པོ་ལས། ཐང་གཅིག་བསམ་གཏན་ཐུན་ཞུགས་ན། །ཁམས་གསུམ་གང་བའི་མི་རྣམས་ལ། །སྲོག་བྱིན་པས་ནི་དེ་དོན་ཆེ། །


SPN003_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོགས་བརྗོད་ལས་འདས་པར་གསུངས་ཤིང་། དེ་ཐམས་ཅད་ལས་ཀྱང་སྔགས་རྒྱུད་དང་འབྲེལ་པའི་དགེ་རྩ་ཅུང་ཟད་རེ་ཕན་ཡོན་ཆེ་སྟེ། དུས་འཁོར་རྩ་རྒྱུད་ལས། གདོལ་པ་སྨྱིག་མ་མཁན་སོགས་དང་། །མཚམས་མེད་ལྔ་ནི་བྱེད་པ་ཡང་། །སྔགས་ཀྱི་སྤྱོད་པ་རྗེས་སྤྱད་ན། །ཚེ་འདི་ཉིད་ལ་འཚང་རྒྱ་འགྱུར། །ཞེས་གསུངས་པ་ལྟར། འདུས་བྱས་ཀྱི་དགེ་རྩ་ཞིག་ཡིན་ཀྱང་ཆགས་བྲལ་གྱི་ལྷ་སྐུ་བརྒྱ་རྩ་ལས་སྔགས་སུ་གསུངས་པའི་ལྷ་སྐུ་གཅིག་བཞེངས་པ་བསོད་ནམས་ཆེ་བར་གསུངས་པ་དེས་འགྲེ་ཞིང་། ཞུ་བདེའི་ཁྱད་པར་ཅན་གྱི་བསྐྱེད་རྫོགས་སྒོམ་པའི་ཡོན་ཏན་ནི་མང་དུ་སྨོས་ཅི་འཚལ། ངེས་པར་ལས་དང ཉོན་མོངས་པའི་སྒྲིབ་པ་མྱུར་དུ་ཟད་ཅིང་། མཆོག་ཐུན་མོང་གཉིས་ཀ་ཚེ་འདིའམ་བར་དོ་ལས་མི་འགྱངས་པར་ཐོབ། གནས་སྐབས་སུའང་ལུས་ལ་བདེ་བ། ངག་ལ་ནུས་པ། སེམས་ལ་རྟོགས་པའི་ཡེ་ཤེས་འཆར། འཆི་བའི་ཚེ་འཇའ་འོད་རིང་བསྲེལ་ས་གཡོས་འབྱུང་། ཁྱད་པར་དུ་ཞལ་བཅུ་གཅིག་པ་ཉིད་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཡིན་ཕྱིར་དེ་བསྒོམ་པས་དཀྱིལ་འཁོར་འཁོར་ལོ་མ་ལུས་པ་བསྒོམ་པར་འགྱུར། ཞལ་གྱི་ཁ་དོག་བཞིས་འཕྲིན་


SPN003_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བཞི་འགྲུབ་པ་དང་། ཕྱག་རེ་རེ་ལ་དམིགས་པའི་ཕན་ཡོན་མི་འདྲ་བ་རེ་རེ་སོགས་མཐའ་ཡས་པ་གསུངས་སོ། །དེ་དག་ནི་རྒྱུད་གཟུངས་དག་གི་དཀྱུས་སུ་བསྟན་པའི་སྨྱུང་གནས་དང་གཟུངས་སྔགས་ཆོ་གའི་ཕན་ཡོན་མདོར་བསྡུས་ཏེ། བླ་མ་གོང་མའི་མན་ངག་གི་ཕྱག་བཞེས་སྒྲུབ་མཆོད་ལུགས་ལ་ནི། དེའི་སྟེང་དུ་ཕན་ཡོན་ལྷག་པོ་དུ་མ་འབྱུང་སྟེ། ཡན་ལག་བདུན་པོ་རེ་རེའི་ཕན་ཡོན་ཀྱང་བརྗོད་ཀྱིས་མི་ལང་པའི་ཕྱིར་རོ། །བཞི་པ་རྗེས་ནི། སྤྱིར་གསང་སྔགས་ཀྱི་སྲོག་དམ་ཚིག་ཡིན་པས་དེ་མ་བསྲུང་ན་སྔགས་ཀྱི་འབྲས་བུ་མི་འགྲུབ་ཀྱི་སྟེང་དུ་ཉེས་དགུ་སྣ་ཚོགས་འདི་ཕྱི་གཉིས་ཀར་འབྱུང་ལ། བསྲུང་ན་དེ་ལས་ལྡོག་པའི་དངོས་གྲུབ་མཆོག་ཐོབ་སྟེ། དེའང་། གསུམ་ལ་སྐྱབས་སུ་སོང་བ། བྱང་ཆུབ་ཏུ་སེམས་བསྐྱེད་པ། རང་རིགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ནོད་པ་གཞིར་བཞག་ནས། འདིར་བྱ་རྒྱུད་རང་ལུགས་ཀྱི་དམ་ཚིག་གསང་བ་སྤྱི་རྒྱུད་ཀྱི་རྩ་ལྟུང་བཅུ་བཞི། ལེགས་གྲུབ་ནས་གསུངས་པའི་རིགས་དང་འཇམ་དཔལ་རྩ་རྒྱུད་ཀྱི་ལྔ་པོ་སོགས་བསྲུང་དགོས་ཀྱང་བྲིར་མ་ལང་པས་གཞན་དུ་ཤེས་པར་བྱ་ཞིང་།


SPN003_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་སྤྱན་རས་གཟིགས་ཀྱི་དམ་ཚིག་ཏུ། བྱང་སེམས་རིན་པོ་ཆེའི་ཞལ་གདམས་ཀྱི་སྙིང་པོ་ནི། རང་ལ་ཉེས་པ་མེད་བཞིན་ཏུ་ཕ་རོལ་པོས་ཁྲོ་བ་དང་། གཤེ་བ་དང་། རྡེག་པ་དང་། མཚང་འབྲུ་བ་ལ་སླར་ལན་མི་ལྡོན་པའི་དགེ་སྦྱོང་གི་ཆོས་བཞི་དང་ལྡན་པས། ལུས་ཀྱིས་རྡེག་བཙོག་འཕྲོག་བཅོམ། ངག་གིས་ཚིག་རྩུབ་སྐུར་འདེབས། ཡིད་ཀྱིས་ཕྲག་དོག་གནོད་སེམས་གང་བྱུང་ཡང་འཕགས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་རང་གི་སྒྲིབ་སྦྱོང་དུ་ཤེས་པར་བྱ། མདོར་ན་སྐྱིད་སྡུག་ཅི་བྱུང་ཡང་འཕགས་པ་ཉིད་ལ་བློ་ལིངས་ཀྱིས་བསྐྱུར། རང་དང་སེམས་ཅན་ཀུན་གྱི་ལུས་ཐུགས་རྗེ་ཆེན་པོ། ངག་ཡི་གེ་དྲུག་མ། ཡིད་རྣམ་པར་མི་རྟོག་པའི་སྟོང་ཉིད་སྙིང་རྗེ་ཟུང་འཇུག་བསྒོམ་ལ། གནོད་ལན་ཕན་གདགས་གཞན་ཕན་འབའ་ཞིག་གི་བསམ་སྦྱོར་ལ་ནན་ཏན་མ་བྱས་ན་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་འགལ་ཞིང་འཕགས་པའི་ཐུགས་ཀྱིས་ཁྲེལ་ནས་བྱིན་རླབས་རྒྱང་རིང་དུ་འགྲོ་བས་དེ་རྣམས་དང་མ་འགལ་བ་དང་། གཞན་གྱི་སྡུག་བསྔལ་བདག་གིས་ལེན། བདག་གི་བདེ་དགེ་གཞན་ལ་སྦྱིན་པ་ལ་བསླབ། སེམས་ཅན་ཐམས་ཅད་བདག་ཁོ་ནས་སངས་


SPN003_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱིས་ས་ལ་འགོད་པའི་ཆེད་དུ་དགེ་བའི་ལས་བགྱིད་དོ་སྙམ་པའི་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བའི་ངང་། ཉིན་རེ་ལ་འཕགས་པའི་བསྐྱེད་རིམ་ཐུན་རེ། གཟུངས་སྔགས་རབ་བརྒྱ་རྩ། འབྲིང་ཉེར་གཅིག ཐ་མའང་བཅོ་ལྔ་རེ་མ་ཆག་པར་འདྲེན་ཞིང་། སྤྱོད་ལམ་རྣམ་བཞི་རང་ཉིད་གང་ལ་གོམས་པའི་རྣལ་འབྱོར་དང་བསྲེ་བས་དགེ་སྦྱོར་ཆུ་བོའི་རྒྱུན་ལྟ་བུས་ཚོགས་གཉིས་ཡར་ལྡན་ཏུ་སྤེལ་བར་བྱའོ། །རྩ་བའི་ས་བཅད་གསུམ་པ་གལ་ཆེའི་འཕྲོས་དོན་ནི། དེའང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་མ་བཟུང་བའི་བདག་ཅག་སྙིགས་མའི་འགྲོ་བ་མགོན་མེད་རྣམས་བསྐྱབ་པའི་སླད་དུ། སྟོན་པ་ཤཱཀྱའི་རྒྱལ་པོ་ཐུགས་རྗེ་ཅན་འདིས་བསྐལ་པ་བྱེ་བ་ཁྲག་ཁྲིག་དུ་མར་ཆོས་ཚིག་བཞི་པ་རེའི་དོན་དུ་ལུས་སྲོག་ལོངས་སྤྱོད་ལྟོས་མེད་དུ་དོར་བ་སོགས་དཀའ་བ་གྲངས་མེད་པ་སྤྱད་ནས་ཀྱང་བྱང་ཆུབ་བརྙེས་ཏེ་ལེགས་པར་གསུངས་པའི་དམ་ཆོས་རིན་པོ་ཆེ་འདི་སྙེད་ཅིག་ལས། ཐ་ན་ཚིག་བཞི་པ་གཅིག་གི་དོན་ཙམ་ལག་ལེན་ཏུ་མ་ཐེབས་ན་རང་ཅག་རྗེས་འཇུག་རྣམས་ཀྱིས། སྟོན་པ་བཀའ་དྲིན་ཅན་དེ་མི་མཉེས་པར་བྱས་པ་ཡིན་པས། དེས་ན་ཐོག་མར་ཆོས་འཆད་


SPN003_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་གལ་ཆེ་ལ་དེའི་ཕན་ཡོན་ཀྱང་། བྱམས་པ་སེང་གེའི་མདོ་ལས། གངྒཱའི་བྱེ་སྙེད་འཇིག་རྟེན་གསེར་དག་གིས། །བཀང་སྟེ་གང་ལ་སྦྱིན་པ་བྱིན་པ་བས། །དུས་ངན་ཚེ་ན་ཚིག་བཅད་གཅིག་འཆད་པ། །དེའི་ཕན་ཡོན་ཅི་འདྲ་སྔ་མར་མེད། །ཅེས་དང་། རྒྱན་སྟུག་ལས། འཇམ་དཔལ་ཕྱོགས་གང་ན་ཆོས་སྨྲ་བ་འདུག་གམ། དེ་མཐོང་ན་མཚམས་མེད་པ་ལྔ་བྱང་བར་འགྱུར་རོ། །དེ་ལ་མཆོད་པ་ཡང་བྱ་སྟེ། གལ་ཏེ་ཆོས་སྨྲ་བ་དེས་མཚམས་མེད་པ་ལྔ་སྤྱོད་ཀྱང་སེམས་འཁྲུགས་པར་མི་བྱའོ། །ཞེས་དང་། ཆོས་ཐོས་པས་ངན་འགྲོའི་སྒོ་བཅད་ཅིང་མྱང་འདས་ཀྱི་ས་བོན་བཞག་སྟེ། དེ་ཕྱིན་ཆད་ཆོས་རྟོགས་པའི་བློ་གྲོས་ཅན་ཁོ་ནར་སྐྱེ་བ་སོགས་མང་དུ་གསུངས། གཞན་ཡང་ཟུང་གི་མདོ་ལས། གང་དག་ང་ཡི་བསྟན་པ་ལ། །སྦྱིན་པ་སྐྲ་ཙམ་བྱིན་པ་ནི། བསྐལ་པ་སྟོང་ཕྲག་བརྒྱད་ཅུ་རུ། །ལོངས་སྤྱོད་ཆེ་ཞིང་ནོར་ཡང་མང་། །ཞེས་སོགས་སྦྱིན་པའི་ཕན་ཡོན་རྒྱ་ཆེ་ཞིང་དེ་ལས་ཀྱང་ཚུལ་ཁྲིམས་བསྲུང་བ་མཆོག་སྟེ། མཛངས་བླུན་ལས། གང་ཞིག་རབ་ཏུ་བྱུང་བ་དེའི་བསོད་ནམས་ནི་ཤིན་ཏུ་མང་སྟེ། བདག་གི་བུའམ་བུ་མོའམ་བྲན་ཁོལ་གང་ཡང་རུང་བ་རབ་ཏུ་བྱུང་བར་གནང་ངམ། བདག་


SPN003_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་རབ་ཏུ་བྱུང་ན་དེའི་བསོད་ནམས་དཔག་ཏུ་མེད་དོ། །སྦྱིན་པའི་བསོད་ནམས་ནི་ཟད་མཐའ་ཡོད་ཀྱི་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བའི་བསོད་ནམས་བསམ་གྱིས་མི་ཁྱབ་སྟེ། མྱ་ངན་ལས་འདས་པའི་བར་དུ་བསོད་ནམས་ཟད་མི་ཤེས་སོ། །ཞེས་གསུངས། རབ་ཏུ་བྱུང་ནས་ཚུལ་ཁྲིམས་སྲུང་བའི་ཕན་ཡོན་ནི་བརྗོད་ལས་འདས་ཤིང་། དེའང་སྔོན་བསྟན་པ་མ་ཉམས་པའི་སྐབས་བསླབ་གཞི་རྫོགས་པ་ལོ་དུ་མར་བསྲུངས་ཤིང་སེམས་རྣམ་པར་གྲོལ་བ་ལས་ཀྱང་། བསྟན་པ་ནུབ་པ་དེང་སང་ལྟ་བུར་བསླབ་པ་སྣེ་གཅིག་ཙམ་མམ། སེམས་ཀྱི་ཉོན་མོངས་ཅུང་ཟད་རེ་བཅོམ་ནུས་ན་ཕན་ཡོན་ཆེ་བར་གསུངས་ཏེ། ཏིང་རྒྱལ་ལས་ཀྱང་། བསྐལ་པ་བྱེ་བ་གངྒཱའི་བྱེ་སྙེད་དུ། །དང་བའི་སེམས་ཀྱིས་ཟས་དང་སྐོམ་རྣམས་དང་། །གདུགས་དང་བ་དན་མར་མེའི་ཕྲེང་བ་ཡིས། །སངས་རྒྱས་བྱེ་བ་ཁྲག་ཁྲིག་རིམ་གྲོ་བྱས། །གང་ཞིག་དམ་ཆོས་རབ་ཏུ་འཇིག་པ་དང་། །བདེ་གཤེགས་བསྟན་པ་འགག་པར་གྱུར་པའི་ཚེ། །ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱོད་པ། །དེ་ནི་དེ་ལས་བསོད་ནམས་ཁྱད་པར་འཕགས། །ཞེས་པ་ལྟར་ཕན་ཡོན་ཆེ་རུང་དེང་སང་གི་རབ་བྱུང་ཕལ་མོ་ཆེ་སྡོམ་པ་


SPN003_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནན་ཏན་མི་བྱེད་པས་ངན་འགྲོར་འགྲོ་ཞིང་། ཁྱིམ་པ་རྣམས་དད་པའི་སེམས་ཀྱིས་ལྷར་སྐྱེ་བ་སོགས་སྙིང་རྗེ་པད་དཀར་ལས་རྒྱས་པར་གསུངས་ཏེ། ཀུན་དགའ་བོ། དེ་ན་ཁྱིམ་པ་གང་དག་འཆི་བའི་དུས་བྱེད་པ་དེ་དག་འཆི་བའི་དུས་བྱས་མ་ཐག་ཏུ་ཕལ་ཆེར་དགའ་ལྡན་གྱི་ལྷའི་རིས་སུ་སྐྱེ་བར་འགྱུར་རོ། །རབ་ཏུ་བྱུང་བ་གང་དག་འཆི་བའི་དུས་བྱེད་པ་དེ་དག་ནི་ཕལ་ཆེར་ལོག་པར་ལྟུང་བར་འགྱུར་རོ། །དེའི་ཅིའི་ཕྱིར་ཞེ་ན། དེ་དག་ཡོ་བྱད་བསྙུངས་པ་ལ་མི་གནས་ཤིང་སྡོམ་པ་ལ་མི་གནས་པའི་ཕྱིར་རོ། །ཞེས་པའི་ལུང་དོན་འདི་ལ་སྐྱི་ཟ་བས་འདུན་པ་དང་། བརྩོན་འགྲུས་དང་། བག་ཡོད་པ་སྟེ་གནས་གསུམ་ལ་ཐ་ན་ཆུ་ཚོད་རེ་ཡང་སློབ་པ་ཅི་ནས་གལ་ཆེ་ཞིང་། ཡང་མདོ་དེ་ལས། ཕྱི་མའི་དུས་དམ་པའི་ཆོས་ཟད་པར་འགྱུར་བ་ན་གང་དག་ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་བུའི་ལག་ནས་བཟུང་སྟེ་ཆང་སྐྱོག་གང་གི་ཕྱིར་ཆང་མའི་ཁྱིམ་དུ་འཁྱམ་ལ། ངའི་ཆོས་ཀྱི་རྗེས་སུ་སློབ་པ་དེ་དག་ཐམས་ཅད་ཀྱང་བསྐལ་པ་བཟང་པོ་འདི་ལ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །ཞེས་རྒྱལ་བ་ཉིད་ཀྱི་སྨོན་ལམ་གྱི་མཐུ་བསམ་གྱིས་མི་ཁྱབ་པས་འབྲེལ་ཚད་དོན་ལྡན་གྱི་ཚུལ་དེ་ལྟ་ལགས་ན། བསྟན་པ་ལ་


SPN003_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་ནས་བསླབ་པ་ཉིན་གཅིག་ཙམ་བསྲུང་བའང་དོན་ཆེན་པོའོ། །དེ་བཞིན་ཏུ། ཡུལ་བསམ་གྱིས་མི་ཁྱབ་པ་ལ་ཅུང་ཟད་འབྲེལ་པའི་དགེ་རྩ་ཡང་བསམ་གྱིས་མི་ཁྱབ་སྟེ། སྐུ་གཟུགས་ལེའུར། མཚམས་མེད་པ་ལྔ་བྱས་སུ་ཟིན་ཀྱང་དེ་བཞིན་གཤེགས་པ་ལ་དད་པ་རྙེད་དེ་སྐུ་གཟུགས་བྱས་ན་ལས་དེས་སེམས་ཅན་དམྱལ་བ་མྱོང་བའང་ཆུང་ངུ་མྱོང་སྟེ་ཐེག་པ་གསུམ་གང་ཡང་རུང་བས་ངེས་པར་འབྱུང་བར་འགྱུར་རོ། །ཞེས་དང་། བསམ་པ་དག་ན་རྒྱུ་ཡང་རབ་རིན་པོ་ཆེ། ཐ་མ་འཇིམ་པའམ་རྩིག་ངོས་ལ་སེན་མོས་བྲིས་པ་ཚུན་ཁྱད་མེད་ཚུལ་མདོ་དེ་དང་། དམ་ཆོས་པད་དཀར་ལས་རྒྱས་པར་གསུངས་ཏེ། བྱིས་པ་རྩེད་མོར་དགའ་དང་དེ་དག་ཏུ། །གང་གིས་རྒྱལ་བ་དེ་ཕྱིར་མཆོད་རྟེན་དག །བྱེ་མ་ལས་ནི་ཕུང་པོ་བྱས་པ་ཡིས། །དེ་དག་གིས་ཀྱང་བྱང་ཆུབ་ཐོབ་པར་འགྱུར། །ཞེས་དང་། །རོ་ཉེ་དང་ནི་ལྕགས་སམ་ས་ལའང་རུང་། །བདེ་གཤེགས་རྣམས་ཀྱི་སྐུ་གཟུགས་བྱས་པ་དང་། །གང་དག་ལ་ལ་དེ་ན་སློབ་པའི་ཚེ། །རྩེད་མོའི་ཕྱིར་དང་གསང་བ་བྱེད་པ་ན། །རྩིག་ངོས་ཤིང་བུ་སེན་མོས་གཟུགས་བྲིས་པ། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་འགྱུར་ཏེ། །དེ་དག་ཐམས་ཅད་སྙིང་རྗེ་ཅན་ཏུ་འགྱུར། །


SPN003_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ཐམས་ཅད་སྲོག་ཆགས་བྱེ་བ་སྒྲོལ། །ཞེས་སོགས་དང་། རྨད་དུ་བྱུང་དང་ཁང་བརྩེགས་མདོ་གཉིས་ཀར། སྟོང་གསུམ་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཏུ་བྱས་ཏེ་ཕྱོགས་བཞིའི་ཉན་ཐོས་དང་རང་རྒྱལ་རྣམས་ལ་ཕུལ་བ་བས། སངས་རྒྱས་ཀྱི་མཆོད་རྟེན་ཐ་ན་འཇིམ་པ་ལ་སྐྱུ་རུ་ར་ཙམ་བྱེད་ཅིང་སྲོག་ཤིང་ཁབ་ཙམ་བཙུགས་པ་དང་། སྐུ་གཟུགས་ནས་འབྲུ་ཙམ་ལ་རིང་བསྲེལ་ཡུངས་འབྲུ་ཙམ་བཙུག་པས་བསོད་ནམས་ཆེ་བར་གསུངས་ཤིང་། རིང་བསྲེལ་ནི་གཟུངས་ཆེན་སྡེ་ལྔའི་ཤོག་དྲིལ་ལ་སོགས་པའང་ཡིན་ཞིང་། གསུང་རྟེན་གླེགས་བམ་བཞེངས་པའི་ཕན་ཡོན་ཀྱང་གསུང་རབ་སྤྱི་དང་ཤེར་ཕྱོགས་ལས་ཤིན་ཏུ་རྒྱས་པའི་དོན་བསྡུས། མདོ་སྡུད་པར། ལ་ལས་བདེ་གཤེགས་ཡོངས་སུ་མྱ་ངན་འདས་པ་ཡི། །མཆོད་རྟེན་རིན་ཆེན་བདུན་ལས་བྱས་ཤིང་མཆོད་བྱེད་ལ། །བདེ་བར་གཤེགས་པའི་མཆོད་རྟེན་དེ་དག་གངྒཱ་ཡི། །བྱེ་མ་སྙེད་ཀྱི་བྱེ་བ་ཕྲག་སྟོང་ཞིང་བཀང་སྟེ། །ཡོངས་སུ་བརྟག་བཟུང་ཞིང་རྣམས་བྱེ་བ་མཐའ་ཡས་ན། །སེམས་ཅན་ཇི་སྙེད་འཁོད་པ་དེ་དག་ཐམས་ཅད་ཀྱིས། །ལས་གཞན་མི་བྱེད་ལྷ་ཡི་མེ་ཏོག་སྤོས་


SPN003_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

རབ་དང་། །བྱུག་པས་དུས་གསུམ་བསྐལ་པའམ་དེ་བས་ལྷག་མཆོད་ལ། །གང་ཞིག་གང་ལས་རྣམ་འདྲེན་སྟོབས་བཅུ་འབྱུང་འགྱུར་བ། བདེ་བར་གཤེགས་ཀྱི་ཡུམ་འདི་གླེགས་བམ་ལ་བྲིས་ཏེ། །འཆང་ཞིང་མེ་ཏོག་བྱུག་པས་བསྟི་སྟང་བྱེད་གྱུར་ན། །མཆོད་རྟེན་བྱས་མཆོད་བསོད་ནམས་དེས་ནི་ཆར་མི་ཕོད། །ཅེས་དང་། ལ་ལས་གངྒཱའི་ཀླུང་གི་བྱེ་སྙེད་ཞིང་རྣམས་ན། །སེམས་ཅན་ཇི་སྙེད་འཁོད་ཀུན་དགྲ་བཅོམ་ཉིད་བཏུལ་བས། །གང་གིས་ཤེས་རབ་ཕ་རོལ་ཕྱིན་འདི་ཡིག་བྲིས་ཏེ། །སེམས་ཅན་མཆོག་ལ་གླེགས་བྱིན་བསོད་ནམས་ཁྱད་པར་འཕགས། །ཞེས་སོགས་འབྱུང་ཞིང་། དར་ཅོག །འཁོར་ལོ། རྡོ་འབུམ་སོགས་ཀྱང་འདིའི་ཁོང་དུ་བསྡུའོ། །དེ་དག་ལ་མཆོད་བསྟོད་བསྙེན་བཀུར་བགྱིས་པའི་ཕན་ཡོན་ཀྱང་ཤིན་ཏུ་རྒྱ་ཆེན་གསུངས་ལ། མདོར་བསྡུས་པད་དཀར་དུ། བདེ་གཤེགས་མཆོད་རྟེན་ལ་ནི་ཅུང་ཟད་ཅིག །མཆོད་ཕྱིར་སིལ་སྙན་བརྡུང་པའི་སྒྲ་ཕྱུང་ངམ། །མེ་ཏོག་གཅིག་ཙམ་གྱིས་ནི་མཆོད་པ་དང་། །བདེ་གཤེགས་སྐུ་ནི་རྩིག་ངོས་བྲིས་པ་ལ། །འཁྲུགས་བཞིན་པ་ཡིས་སེམས་ཀྱིས་བལྟས་ན་ཡང་། །དེ་དག་རིམ་གྱིས་སངས་རྒྱས་བྱེ་བ་


SPN003_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་། །མཆོད་རྟེན་དེ་ལ་གང་གིས་ཐལ་མོ་སྦྱར། །ཡང་ན་མགོ་བོ་སྐད་ཅིག་བཏུད་པ་དང་། །གཡེང་བའི་སེམས་ཀྱིས་སངས་རྒྱས་ཕྱག་འཚལ་ཞེས། །ཚིག་ནི་ལན་འགའ་བརྗོད་པར་བྱས་ན་ཡང་། །དེ་དག་ཀུན་གྱིས་བྱང་ཆུབ་མཆོག་འདི་ཐོབ། །ཅེས་དང་། སྙིང་རྗེ་པད་དཀར་ལས་ཀྱང་དེ་མཚུངས་མང་དུ་གསུངས་ཤིང་། འདི་ལྟར། ངའི་ཕྱིར་མཆོད་རྟེན་བྱས་པ་ལ་བསྟི་སྟང་བྱེད་པ་ལྟ་ཞོག །གང་དག་སངས་རྒྱས་ལ་དམིགས་ནས་ཐ་ན་མེ་ཏོག་གཅིག་ནམ་མཁའ་ལ་འཐོར་ན། དགེ་བ་དེ་ཡི་འབྲས་བུས་མྱ་ངན་ལས་འདས་པར་ང་སྨྲའོ། །ཞེས་དང་། སེམས་ཅན་མྱ་ངན་ལས་འདས་པའི་སྐལ་པ་མེད་པ་ཞིག་གིས་སངས་རྒྱས་ལ་དམིགས་ཏེ་མེ་ཏོག་གཅིག་ནམ་མཁའ་ལ་འདོར་བ་དང་། ཐ་ན་དུད་འགྲོ་ཞིག་གིས་ཀྱང་སངས་རྒྱས་ལ་དམིགས་པའི་དྲན་པ་སྐད་ཅིག་རྙེད་ན་དེའང་བྱང་ཆུབ་ཀྱི་རྒྱུར་འགྱུར་བ་དང་། ཡང་། གང་ལ་ལ་ང་རྗེས་སུ་དྲན་ནས་ཆོས་ཀྱི་ཤུགས་ཀྱིས་མཆི་མ་ཕྱུང་བའམ། སྤུ་ཟིང་ཞེས་བྱེད་པའམ། ཤུགས་རིང་འབྱིན་པ་དེ་དག་ནི་ནམ་ཡང་དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ལོག་པར་ལྟུང་བ་ཐམས་ཅད་དུ་མི་འགྲོའོ། །ཞེས་དང་། མཐའ་འཁོབ་དད་པ་མེད་པའི་མི་རྣམས་


SPN003_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་རྒྱལ་བའི་སྐུ་དང་མཆོད་རྟེན་མཐོང་ནས་སེམས་ཅུང་ཟད་དགའ་བའང་བྱང་ཆུབ་ཏུ་འགྲོ་བ་སོགས་ཚད་མེད་པར་གསུངས་ལ། ཁྱད་པར་ཕྱག་བྱས་པས་རང་ལུས་འོག་ཏུ་ཆུད་པའི་སའི་རྡུལ་གྱི་གྲངས་མཉམ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཐོབ་ནས་མཐར་མྱ་ངན་འདའ་བ་སོགས་དང་། བསྐོར་བ་ལའང་ཕན་ཡོན་དེ་བཞིན་ཏུ་གསུངས་ཏེ། སྤྱན་རས་གཟིགས་ཀྱི་མདོར། འཇིག་རྟེན་མགོན་གྱི་མཆོད་རྟེན་ལ། །མི་གང་བསྐོར་བ་བྱེད་པ་ཡི། །བསྔགས་པ་བསྐལ་པ་བྱེ་བར་ཡང་། །བརྗོད་པས་ཟད་པར་བྱ་མི་ནུས། །གང་ཞིག་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལ། །བསྐལ་པ་བྱེ་བར་བསམ་ཡས་བསྟི་སྟང་བྱས་པ་བས། །གང་ཞིག་ཕྱི་དུས་མི་ཟད་བསྐལ་པ་འདི་ལ་ནི། །མཆོད་རྟེན་ཕྱག་འཚལ་དེ་ཡི་བསོད་ནམས་ཆེས་མང་ངོ་། །ཞེས་སོགས་དང་། མར་མེའི་ཕན་ཡོན་ཀྱང་། དེ་ལས། གལ་ཏེ་ཁྲག་ཁྲིག་བརྒྱ་སྟོང་སངས་རྒྱས་ཞིང་། །ཡུངས་འབྲུ་དག་གིས་ཕྱུར་བུར་གང་གྱུར་པ། །བགྲང་བ་དང་ནི་གཞལ་ཞིང་བརྗོད་པར་ནུས། །བདེ་གཤེགས་མར་མེ་གཅིག་ཕུལ་དེ་ལྟ་མིན། ཞེས་དང་། མར་མེ་འབུལ་བའི་མདོར་ཡང་། །ཐ་ན་སྲིན་བུའི་འོད་ཙམ་གྱི་མར་མེས་མཆོད་རྟེན་གྱི་བང་རིམ་གཅིག་སྣང་བས་ཀྱང་ཡེ་ཤེས་ཀྱི་


SPN003_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་པོ་རྫོགས་པ་སོགས་རྒྱ་ཆེར་འབྱུང་ལ། དེ་བཞིན་ཏུ། ལས་རྣམ་འབྱེད་ལས། དཀོན་མཆོག་གི་རྟེན་ལ་ཐལ་མོ་སྦྱར་བ། ཕྱག་འཚལ་བ། ཕྱག་དར་བྱས་པ། མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ན་བཟའ་སིལ་སྙན་སོགས་ཕུལ་བ་ལ་རེ་རེ་བཞིན་གནས་སྐབས་མཐར་ཐུག་གི་ཕན་ཡོན་ཆེས་ཆེ་བ་བཅུ་བཅུ་གསུངས་ཤིང་། དཀོན་མཆོག་ཏ་ལར། སངས་རྒྱས་ཀྱི་བསྔགས་པ་བརྗོད་པ། འཆི་ཁར་སངས་རྒྱས་ལ་སྐྱབས་སུ་འགྲོ་ཞིང་སྐུ་གཟུགས་བསྟན་པ་སོགས་ཀྱི་ཕན་ཡོན་ཀྱང་དུ་མ་འབྱུང་ངོ་། །དེ་ཡང་སངས་རྒྱས་མངོན་སུམ་བཞུགས་པ་ལ་མཆོད་པ་དང་། ད་ལྟ་མཆོད་རྟེན་ནམ་སེམས་ཀྱིས་སངས་རྒྱས་དམིགས་ནས་མཆོད་པ་གཉིས་བསོད་ནམས་ལ་ཁྱད་པར་ཅུང་ཟད་ཀྱང་མེད་པ་མེ་ཏོག་བརྩེགས་པའི་མདོ་དང་། མྱང་འདས་ཆེན་པོར་ཡང་གསུངས་ཏེ། དགའ་བོ་སངས་རྒྱས་མངོན་སུམ་དུ་བཞུགས་སམ། མྱ་ངན་ལས་འདས་ཀྱང་རུང་། གང་གིས་དད་པའི་སེམས་ཀྱིས་བསྟི་སྟང་དང་བཅས་པས་ཕྱག་འཚལ་ཏེ་མཆོད་པ་བྱས་ན། སྐྱེས་བུ་དེ་གཉིས་ཀྱིས་བསོད་ནམས་ཐོབ་པ་ནི་གཉིས་སུ་བྱར་མེད་པར་རིགས་པར་བྱའོ། །ཞེས་གསུངས། གཞན་ཡང་རིན་པོ་ཆེ་ཕུང་པོའི་མདོར། སྟོང་གསུམ་


SPN003_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སེམས་ཅན་ཐམས་ཅད་འཁོར་ལོས་སྒྱུར་རྒྱལ་ཤ་སྟག་ཏུ་གྱུར་ལ། དེ་རེ་རེས་ཀྱང་རྒྱ་མཚོའི་མར་ཁུ། རི་རབ་ཀྱི་སྡོང་བུ་བྱས་ནས་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་འབུལ་བ་བས། ཁྱིམ་ནས་རབ་ཏུ་བྱུང་བའི་སྡོམ་ལྡན་ཞིག་གིས་ཡུངས་འབྲུ་ཙམ་གྱིས་བསྐུས་པའི་མར་མེའི་སྡོང་བུ་ཕུལ་བ་དང་། ཡང་། འཁོར་ལོས་སྒྱུར་བ་དེ་དག་རེ་རེས་འཛམ་བུའི་གླིང་ཐམས་ཅད་མེ་ཏོག་གིས་བཀང་སྟེ་འབུལ་བ་བས། རབ་ཏུ་བྱུང་བས་མེ་ཏོག་གཅིག་ཕུལ་ན་བསོད་ནམས་དེ་ལ་བསོད་ནམས་སྔ་མ་དེས་བརྒྱ་ཡི་ཆ། སྟོང་གི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། རྒྱུའི་བར་དུ་ཡང་མི་བཟོད་དོ། །ཞེས་དང་། དེ་ལས་ཀྱང་བྱང་ཆུབ་སེམས་ཀྱིས་ཟིན་པ་དང་། དམིགས་མེད་ཀྱིས་ཟིན་པ་གོང་ནས་གོང་དུ་ཕན་ཡོན་ཆེ་སྟེ། མེ་ཏོག་བརྩེགས་པར། གང་ཞིག་དེ་བཞིན་གཤེགས་པ་ལ་ལོ་སྟོང་ཕྲག་ཚང་བ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བཀུར་སྟི་བྱས་པ་བས། མྱ་ངན་ལས་འདས་པའི་མཆོད་རྟེན་ལ་བྱང་སེམས་ཀྱི་ཟིན་ནས་མེ་ཏོག་གམ། སྤོས་སམ། མར་མེ་གཅིག་ཙམ་མམ། ཆུ་སྙིམ་པ་གང་འཐོར་ནས། དེ་བཞིན་གཤེགས་པ་དེ་ལ་ཕྱག་འཚལ་ལོ། །ཞེས་སྨྲས་ན་


SPN003_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་བསྐལ་པ་བརྒྱ་སྟོང་དུ་ཡང་ངན་འགྲོ་ལོག་པར་ལྟུང་བའི་གནས་མེད་དོ། །ཞེས་དང་། རིན་པོ་ཆེ་ཕུང་པོའི་མདོར། སྲིད་པ་གསུམ་གྱི་སེམས་ཅན་དེ་དག་རེ་རེས་མཆོད་རྟེན་རི་རབ་ཙམ་རེ་རེ་བྱེད་ལ། སོ་སོ་ནས་བསྐལ་པ་གང་གཱའི་བྱེ་སྙེད་དུ་བསྟི་སྟང་བྱེད་པ་ལས། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བས་མེ་ཏོག་གཅིག་འཐོར་ན་སྔ་མ་ལས་བསོད་ནམས་ཆེས་མང་དུ་བསྐྱེད་པར་གསུངས་ཤིང་། བྱམས་པ་འཇུག་པའི་མདོར་ཡང་དེ་དང་མཚུངས་པར་གསུངས་སོ། །དེ་ལྟར་བཀའ་དང་བསྟན་བཅོས་རྣམས་ལས་རྒྱུ་འབྲས་ཀྱི་བླང་དོར་ཁོ་ན་རྒྱ་ཆེར་འབྱུང་བས་ཐོས་བརྩོན་ནུས་པ་དག་ལ་བསྐྱར་བཟློས་མ་དགོས་ཀྱང་། བློ་དམན་དག་གི་གོ་བདེ་བའི་སླད་དང་། སྙིང་རྗེ་པད་དཀར་ལས། ཀུན་དགའ་བོ་བསྐལ་པ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་བསྒྲུབ་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ནི་གནས་གསུམ་གྱིས་མེད་པར་འགྱུར་རོ། །གསུམ་གང་ཞེ་ན། མ་དད་པ་དང་། མི་སྒྲུབ་པ་དང་། མི་སྟོན་པའོ། །ཞེས་དང་། མདོ་གཞན་ལས་ཀྱང་། བསྟན་པ་འཇིག་པའི་ཚེ་ཐ་ན་ཚིགས་བཅད་གཅིག་ཙམ་འཆང་བས་ཀྱང་ཆོས་ལ་བྱ་བ་བྱས་


SPN003_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསུངས་པའི་སླད་དང་། དགེ་རྩ་ཡོངས་འཛིན་གྱི་མདོར། བསྟན་པ་རབ་ཏུ་རྣམ་འཇིག་པའི། །ཆོས་ལ་མི་བདེ་ཉེར་གནས་ཚེ། །གུས་པར་བྱེད་དེ་ཆོས་སྲུང་ཞིང་། །ལུས་དང་ངག་དག་བོར་གྱུར་ལ། །དེ་བཞིན་ཆོས་ནི་འཛིན་བྱེད་པ། །དེ་དག་སྲུང་བར་བྱེད་པ་དག །ལྷ་རྣམས་ཀྱིས་ནི་བསྲུང་བར་འགྱུར། །སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབ། །དེ་ནི་ཀུན་ཏུ་བསྲུངས་བྱས་པ། །དེ་དག་འཁོར་ལོ་བསྐོར་བར་འགྱུར། །ཞེས་ཕན་ཡོན་རྒྱ་ཆེ་ཞིང་། ཡང་མདོ་ལས། །མཚམས་མེད་ལྔ་ནི་བྱས་པ་བས། །དགོངས་དོན་ཟབ་མོའི་ཆོས་རྣམས་ལ། །གང་གི་བློས་ནི་མ་རིག་པར། །ལོག་པར་བཤད་པ་སྡིག་པ་ལྕི། །ཞེས་ཆོས་ལ་མི་མཁས་པས་ཆོས་བཤད་ན་ཕན་པ་ལས་ཉེས་པ་ཆེ་བར་འགྱུར་བས་དེ་དག་ལ་ཕན་གདགས་པའི་ཕྱིར་དང་། དམ་ཆོས་འཛིན་སྐྱོང་ཞེས་པའང་རང་ཉིད་བསླབ་པ་ལ་བརྩོན་ཞིང་གཞན་དག་དེ་ལ་བསླབ་ཏུ་འཇུག །ཁྱིམ་པ་རྣམས་དད་པ་ལ་བཀོད་པ་དེ་ཡིན་པས་དེའི་ཕྱིར་བཤད་པ་འདིའང་དོན་དང་ལྡན་པར་འགྱུར་ལ། བརྒྱད་སྟོང་པ་ལས། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་


SPN003_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པ་འཚང་རྒྱའོ། །ཞེས་གསུངས་པའི་བཤེས་གཉེན་གྱི་བྱ་བ་ཡང་འདིས་འགྲུབ་པར་ཡོད་པས་འཆད་ཤེས་པ་རྣམས་ཀྱིས་འཆད། དཔྱོད་ཤེས་པ་རྣམས་ཀྱིས་གཟིགས་རྟོག་རེ་གནང་བ་ཅི་ནས་གལ་ཆེ་བ་ཡོད་ཅིང་། མ་བཅས་པ་ནི་མི་བཅའ། བཅས་པ་ནི་མི་གཞིག་ཅེས་ཆེད་དུ་བསྔགས་པ་ལྟར་རྒྱལ་བ་ཉིད་ཀྱིས་བཅས་པའི་བསླབ་གཞི་འདི་འདྲར་བག་ཡོད་ཀྱིས་བསླབ་ན་ལྟར་སྣང་གི་ཆོས་སྤྱོད་དང་མི་མཉམ་ཞིང་། གཞུང་དམ་པར། དོན་གྱི་དབང་དང་མི་འགལ་བའི་དོན་ཉི་ཚེ་བཏུས་ཏེ་གཏམ་དུ་ཡང་བརྗོད་ན་མདོ་སྡེའི་མཐའ་མ་རུངས་པར་མི་འགྱུར་བར་རྗེས་སུ་གནང་བ་ལྟར། གོ་བདེ་དང་ཚིག་ཚོགས་ཉུང་བ་གཙོ་བོར་བཏོན་ནས་ལུང་སྦྱོར་རྣམས་ཀྱང་ཚིག་སྣ་བསྟུངས་ཤིང་དོན་གྱི་གནད་ཚང་བར་བྱས་པ་ལགས་སོ། །རྣམ་དཀར་བདེན་ཚིག་ཛམྦུ་ནཱ་དའི་ལྟེར། །ཡིད་ཆེས་མདོ་རྒྱུད་ལུང་གི་རྩིབས་སྟོང་བཀྲ། །མཐོང་བ་དོན་ལྡན་ཆོས་ཀྱི་འཁོར་ལོ་འདི། །སྲིད་པའི་འཕྲུལ་འཁོར་ཟློག་པའི་སྐྱེས་སུ་སྦྱིན། །དེ་བྱུང་དགེ་བས་མཁའ་ཁྱབ་འགྲོ་བ་ཀུན། །ལྷག་བསམ་ཐབས་སྟོབས་སྨོན་ལམ་ཏིང་འཛིན་སོགས། །རྣམ་ཐར་


SPN003_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ཡུལ་འཇིག་རྟེན་དབང་ཕྱུག་དང་། །དབྱེར་མེད་འཁོར་བ་དོང་ནས་སྤྲུག་པར་ཤོག། ཅེས་ཟབ་མོའི་ཆོས་འདིར་འདུན་པ་ལྷུར་ལེན་ཟླ་སྤྲུལ་པས་འགྲོ་དོན་ཕྱོགས་མེད་སྤེལ་བའི་ཆེད་དུ་བརྒྱུད་པའི་རྣམ་ཐར་དང་ཕན་ཡོན་བཅས་འདི་ལྟར་དགོས་ཞེས་བསྐུལ་ངོར་༧སི་ཏུ་པས་སྔོན་བྱོན་དམ་པ་རྣམས་ཀྱི་གསུང་ལས་མདོར་བསྡུས་ཏེ་དཔལ་སྤུངས་ཆོས་འཁོར་གྱི་ཡང་དབེན་དུ་བཀོད་པ་འབྲེལ་ཚད་རྫོགས་སངས་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། །།།དེ་ལྟར་སྨྱུང་གནས་ཀྱི་ཕན་ཡོན་ཁྱད་པར་འཕགས་པ་འདི་ཉིད་ཚེ་ལས་འདས་པ་མགོན་སྲུང་གི་དགེ་རྩར་དམིགས་ཏེ་མི་འཛད་ཆོས་སྦྱིན་སྤེལ་ཕྱིར་དཔལ་སྤུངས་ཆོས་གྲྭ་ཆེན་པོར་པར་དུ་བཞེངས་པའོ། །ཡོན་སྦྱོར་ཕྲན་མོ་བསོད་ནམས་དཔལ་སྒྲོན་གྱིས་བགྱིས་པའི་དགེ་བས་འདས་པ་དེ་ཉིད་ཀྱི་གཙོར་བྱས་བདག་དང་ཕ་མ་ཉེ་འབྲེལ་མཁའ་ཁྱབ་སེམས་ཅན་དང་བཅས་པ་རྣམས་འཕགས་མཆོག་ཐུགས་རྗེ་ཆེན་པོས་ལམ་སྣ་དྲངས་ཏེ་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་གྱུར་ཅིག །སུ་ཛ་ཡ། །


previousཡན་ལག་བརྒྱད་པའི་གསོ་སྦྱོང་སྨྱུང་གནས་སྒྲུབ་ཐབས་དང་འབྲེལ་བའི་ཕན་ཡོན་མདོར་བསྡུས་སྐལ་ལྡན་ངལ་གསོ།next