Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  expand section
  expand section
  expand section
   
   
   
སྒྲུབ་སྡེ་བསམ་གཏན་ཆོས་མཆོག་གླིང་གི་བཅའ་ཡིག
  expand section
  expand section
   
   
   
   
   
  expand section
   


 
previousསྒྲུབ་སྡེ་བསམ་གཏན་ཆོས་མཆོག་གླིང་གི་བཅའ་ཡིགnext

སྒྲུབ་སྡེ་བསམ་གཏན་ཆོས་མཆོག་གླིང་གི་བཅའ་ཡིག


SPN003_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་སྡེ་བསམ་གཏན་ཆོས་མཆོག་གླིང་གི་བཅའ་ཡིག་ཡོད།


SPN003_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་སྭསྟི། དུས་གསུམ་བདེར་གཤེགས་རྒྱལ་བ་ཀུན་གྱི་ངོ་བོ་ཉིད། །སྟོན་པ་ཤཱཀྱའི་རྒྱལ་པོ་བཅོམ་ལྡན་ཐུབ་པའི་དབང་། །གཉིས་མེད་ཆོས་ཀྱི་རྒྱལ་པོ་དཔལ་ལྡན་ཀརྨ་པ། །བདུད་ལས་རྣམ་པར་རྒྱལ་དེའི་ཞབས་པད་སྤྱི་བོས་མཆོད། །གང་གི་རིང་ལུགས་ནམ་མཁའི་དཀྱིལ་འཁོར་ཁྱོན་ཡངས་པོར། །ཟླ་མེད་སྒྲུབ་བརྒྱུད་ཀཾ་ཚང་ཉིན་མོར་བྱེད་པའི་དབང་། །སྐྱེ་དགུའི་ལོག་རྟོག་སྒྲིབ་པའི་མུན་པ་མཐར་བསྐྲད་ནས། །རང་བྱུང་ཡེ་ཤེས་དེ་ཉིད་མཆོག་གི་པད་ཚལ་རྒྱས། །སྐལ་བ་དང་ལྡན་གདུལ་བྱའི་ར་ཡིག་གཉིས་པའི་ཚོགས། །ཡང་དག་དམ་ཆོས་བདུད་རྩིའི་དཔལ་


SPN003_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལོངས་སྤྱོད་ཅིང་། །ས་ལམ་ཡོན་ཏན་རབ་རྫོགས་རྣམ་པར་དག་པའི་ལམ་ཞུགས་ནས། །འོག་མིན་ཞིང་གི་བདག་པོ་སྐུ་བཞིའི་དབང་ཕྱུག་གི། །གོ་འཕང་དམ་པ་འདོད་པའི་མ་རྒན་སེམས་ཅན་སྲིད་མཚོར་བྱིང་བ་ཀུན། །ཞེན་ལོག་ངེས་འབྱུང་མོས་གུས་དད་པའི་ལྷག་བསམ་གྲུ་རྫིངས་ལ་བརྟེན་ནས། །བྱམས་པ་དང་ནི་སྙིང་རྗེ་ཆེན་པོའི་སྐྱ་བས་ཡང་ཡང་ཉེར་བསྐུལ་ཏེ། །བདེ་ཆེན་ཐར་པའི་གླིང་དུ་དོན་གཉིས་རིན་ཆེན་སྒྲུབ་རྣམས་འདིར་དེངས་ཤིག །དེ་ཡང་རང་རེ་རྣམས་ཐོབ་པར་དཀའ་བའི་དལ་བ་བརྒྱད་དང་འབྱོར་བ་བཅུ་ལྡན་གྱི་མི་ལུས་རྟེན་བཟང་འདི་ཉིད་ཐོབ་ནས་༧སྟོན་པ་ཤཱཀྱ་


SPN003_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་པའི་བསྟན་པའི་སྒོར་ཞུགས། ཡོངས་འཛིན་གྱི་སྐྱེས་བུ་དམ་པ་དཔལ་ཀརྨ་པ་བདུད་འདུལ་རྡོ་རྗེ་སོགས་མཚན་དང་ལྡན་པའི་བླ་མ་དང་མཇལ། ཆོས་ཕྱག་རྒྱ་ཆེན་པོ་བཀའ་བརྒྱུད་ཡོངས་ཀྱི་གྲུབ་པའི་མཆོག་བརྙེས་པའི་ལམ་བཟང་པོར་ཞུགས་པའི་དུས་འདིར། སྒྲུབ་བརྒྱུད་ཀྱི་སྔར་སྲོལ་བཟང་པོའི་རྒྱུན་ཉམས་མེད་ཀྱི་ཕྱིར། སྲིན་པོ་ཞེས་པ་ཤིང་ཡོས་གནམ་ལོ་སྤྱོད་པའི་དུས་ཕུན་སུམ་ཚོགས་པར་ཡང་དབེན་བསམ་གཏན་ཆོས་མཆོག་གླིང་ཞེས་པའི་གཙུག་ལག་ཁང་ཉིད་ལེགས་པར་གྲུབ་ནས། དེ་དག་ཏུ་བསྟི་བའི་རིམ་གཉིས་ཀྱི་རྣལ་འབྱོར་པ་ཀུན་སྤངས་རྟོགས་ལྡན་རྣམས་ཀྱི་ཐུགས་ལ་འདོགས་རྒྱུར། དེ་ཡང་རྒྱལ་བའི་བསྟན་པ་ཞེས་པ་དམ་པའི་ཆོས་ཡང་དག་གི་རྒྱུན་དང་། དེ་ཉམས་སུ་ལེན་པ་ལ་ཟེར་བའི་བསྟན་རྒྱུན་ཡང་དག་ཅིག་བྱུང་ན་རྟག་ཏུ་རང་གཞན་གྱི་དགེ་ལེགས་འཕེལ་བར་ངེས་ཕྱིར། སྔོན་གྱི་སྐྱེས་མཆོག་དམ་པ་དཔལ་ལྡན་དུས་གསུམ་མཁྱེན་པའི་བཀའ་བརྒྱུད་འཆང་བ་ཆེན་པོ་༧གྲུབ་མཆོག་ཀརྨ་པཀྴི་ལ་སོགས་པའི་ཕྱག་སྲོལ་ཉམས་པ་མེད་པར་སྐྱོང་བའི་ལུགས་ཀྱི་ངེས་དོན་ཕྱག་རྒྱ་ཆེན་པོའི་ལྟ་བ་མ་འཁྲུལ་བ་ཉིད་འཁོར་ལོ་གསུམ་པའི་དགོངས་དོན་གཞན་


SPN003_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་དབུ་མ་ཆེན་པོའི་ཚུལ་དང་མཐུན་པར་འཛིན་ཅིང་། སྔ་འགྱུར་འོད་གསལ་རྡོ་རྗེ་སྙིང་པོའི་རིང་ལུགས་དྲི་མ་མེད་པ་ཟུང་འཇུག་ཏུ་ཐུགས་ཀྱི་དཔལ་བེའུར་འཁྱིལ་བ་དང་། དེང་དུས་སྙིགས་མ་ལྔ་བདོའི་དུས་ཀྱི་མཐར་ཐུག་པའི་དབང་གིས་བདུད་ལས་སུ་གྱུར་པས་གསང་སྔགས་དགོངས་པ་ལོག་པར་སྤྱད་དེ། བརྒྱུད་པར་བསྟན་པ་ཚད་མར་ཞུགས་པར་རློམ་ཡང་། དེ་ཚུལ་བཞིན་མི་སྤྱོད་པའི་གང་ཟག་ཟོག་པོ་དམ་ཉམས་འདྲེས་ཁྱེར་སོགས་སྐྱོན་ཅན་རིགས་དང་། ཆོས་རང་བཟོའི་འཁྱོག་བཅོས་བསླད་བཅུག་གཏེར་ལོག་གཏེར་རྫུན་སོགས་ཆོས་མིན་ཆོས་ལྟར་བཅོས་ནས་བསླུ་བྲིད་ཀྱི་བློ་གྲོས་ཅན་ཁ་ཅིག་སྣང་ཡང་། འདི་དག་རང་རྐང་དུ་སྤྱོད་ན་རང་གཞན་ཀུན་གྱི་གནས་སྐབས་མཐར་ཐུག་གི་བདེ་ལེགས་འགྲིབ་ཅིང་ཉེས་ཚོགས་མ་ལུས་པ་བསྐྱེད་པར་འགྱུར་བ་ལྟ་ཅི་སྨོས། །ཅུང་ཟད་ཙམ་རང་རང་ལས་སྣང་དུ་ཆོས་ལ་བསླད་དང་གྲིབ་ཀྱི་ཤན་ཕོག་ན། དཀོན་མཆོག་བསྟན་པའི་སེལ་ཆེན་པོར་འགྱུར་བ་དང་། ཡུལ་ཁམས་རྣམས་ཀྱང་འཕྲལ་ཕུག་ཀུན་ཏུ་མི་ཤིས་པ་ཁོ་ནར་འགྱུར་ལ། དེས་ན་གནས་སྐབས་གྲུབ་མཐའ་སངས་རྒྱས་པར་འཛིན་ཅིང་མདོ་སྔགས་ཀྱི་


SPN003_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་ལ་ཐོས་བསམ་སྒོམ་པ་ལྟར་སྣང་བར་འབད་ཀྱང་ངེས་ཤེས་སོགས་ཐུགས་ནས་མ་འཁྲུངས། དེའི་དགོངས་དོན་མཐའ་དག་ཇི་བཞིན་མ་གོ་བའི་སྐྱོན་གྱིས། ལམ་ལོག་འདྲ་མིན་ནོར་སོ་ཅན་ལྟུང་པ་ལའང་རྣམ་དག་ཡིན་པའི་ཁུལ་དུ་འཁྲུལ་ནས་དེར་ཞུགས་པའི་རིགས་ཡོང་བས། དེ་འདྲར་མ་སོང་བ་དགོས་ཤིང་། ཚེ་འདིའི་འདུན་མ་ཕྲན་བུ་ལའང་ལེགས་ཉེས་ཀྱི་དཔྱད་པ་དུ་མས་གཏན་ལ་འབེབས་དགོས་ན་ཚེ་རབས་གཏན་བདེའི་འདུན་མ་དོན་དུ་གཉེར་བ་ལ་གནད་དོན་མ་འཁྲུལ་པར་ཉེས་སྐྱོན་རྡུལ་ཙམ་དང་བྲལ་བའི་ཆོས་དང་བརྒྱུད་པ་བསྲེགས་བཅད་བརྡར་བའི་གསེར་བཞིན་ལེགས་པར་བརྟགས་པ་གཞིར་བཅས་པ་ནས་དུས་དང་གནས་སྐབས་ཐམས་ཅད་དུ་སྡོམ་པ་དམ་ཚིག་ཚུལ་ལྡན་གྱི་སྒོ་ནས་བསྲུང་། བསྐྱེད་རིམ་བཟླས་བརྗོད་སེམས་ངོ་བལྟ་བ་སོགས་ཉམས་ལེན་ལ་བརྩོན་པ་ཆེར་བཞེས་ནས། དེ་ཡང་ཆོས་སྤྱོད་ཀྱི་རྩ་བ་སོ་ཐར་གྱི་སྡོམ་པ་སྤྱི་དང་ལྡན་པ། རྩ་བ་བཞི་ཆང་དང་ལྔ་སྤང་དགོས་ཚུལ་གསང་སྔགས་ཀྱི་དམ་ཚིག་སོགས་ཇི་བཞིན་པར་བསྲུང་བའི་འདུལ་ཁྲིམས་སོགས་སུ་གསལ་ལྟར་ལས་ཞུ་དགོས་འགའ་ཞིག་མ་མཆིས་རུང་། སྤང་བླང་གི་རིམ་པ་མདོར་བསྡུས་ཤིག་ཞུ་ན། སྲོག་བཅད་པས་ནི་དམྱལ་བར་


SPN003_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་ཞིང་། དེ་ཡི་རྩ་བ་ཞེ་སྡང་དྲག་པོའི་དབང་ལས་བྱུང་སྟེ། དེ་ཡང་བསྐལ་པ་སྟོང་གི་དགེ་བ་ཡང་། །ཁོང་ཁྲོ་གཅིག་གིས་མེད་པར་བྱེད། །གསུངས་པ་དང་། མ་བྱིན་ལེན་གྱི་རྣམ་སྨིན་ཡི་དྭགས་སུ་སྐྱེ་ཞིང་སྡུག་བསྔལ་བཟོད་མེད་མྱོང་། དེ་ཡང་རྒྱལ་བའི་གསུང་ལས། མི་གང་གཞན་གྱི་ནོར་ལ་མ་བྱིན་ལེན། །དེ་ཡིས་ངན་སོང་སྡུག་བསྔལ་མྱོང་བར་འགྱུར། །དེ་ནས་མི་ཡི་སྲིད་པ་འདིར་འོངས་ཀྱང་། །ཕོངས་ཤིང་གཟི་བརྗིད་ཆུང་ལ་མྱ་ངན་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་པ་དང་། འདོད་ལོག་ཆགས་སྲེད་དབང་གིས་མི་ཚངས་བར་སྤྱོད་པའི་འབྲས་བུ་ནི། རྒྱལ་བས། གང་ཞིག་གཞན་གྱི་བུད་མེད་དེར་འགྲོ་བ། །ལྕགས་ཀྱི་ཤལ་མར་ཚེར་མ་རྣོན་པོ་ཡིས། །འབིགས་པར་བྱེད་ཅིང་སྡུག་བསྔལ་དེ་ཡིས་གདུང་། །དེ་ལས་ཐར་ཀྱང་ཆུང་མ་མི་བསྲུན་འགྱུར། །ཞེས་སོགས་གསུངས་པ་དང་། རྫུན་དང་ཕྲ་མའི་རྣམ་པར་སྨིན་པས་དམྱལ་བར་ལྟུང་ཤིང་། དེ་ཡང་ཐུབ་པའི་ཞལ་ནས། མི་གང་ཚིག་ནི་ཤིན་ཏུ་མི་སྡོམ་པ། །རྫུན་དང་ཚིག་རྩུབ་ངག་འཆལ་ཕྲ་མ་རྣམས། །སྨྲ་མཁས་དེ་དག་མི་བཟད་དམྱལ་བར་ལྟུང་། །འབར་བའི་ཕུར་པ་རྣམས་ཀྱིས་ལྕེ་བརྒྱངས་ཤིང་། །ཐོང་གཤོལ་འབར་བ་ལྔ་


SPN003_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱས་རྨོ་བར་བྱེད། །ཁ་ཅིག་སྤུ་གྲིས་བཅད་དེ་རང་ཉིད་ཟ། །གཞན་དག་རོ་ཉེ་འཐུང་ཞིང་ཀུན་ཏུ་འབར། །མི་བཟད་སྐྱབས་མེད་ངུ་ཞིང་སྡུག་བསྔལ་འགྱུར། །ཞེས་གསུངས་པ་དང་། ཆང་འདི་ཉེས་ལྟུང་ཐམས་ཅད་ཀྱི་གཞི་མ་ཉོན་མོངས་རྒྱས་པའི་གཉེན་པོར་འདུག་པས། རྒྱལ་བའི་ཞལ་ནས། ཆང་འདི་བཏུང་ན་ངན་པ་སྤྱོད་པར་འགྱུར། །རབ་ཏུ་འཇིགས་པའི་སེམས་ཅན་དམྱལ་བར་ལྟུང་། །དུད་འགྲོའི་གནས་དང་ཡི་དྭགས་དབུལ་གྱུར་པ། །ཞེས་དང་། ཆང་དེ་ཉུང་ངུ་འཐུང་ཀྱང་རྣམ་པར་སྨིན་པ་ནི། །མི་ཡི་གནས་སུ་སྐྱེས་ཀྱང་ཚུལ་ཁྲིམས་ལྟ་བ་ཉམས། །གང་གིས་བཏུང་ཡང་མནར་མེད་འབར་བས་བསྲེག་པར་འགྲོ། །ཡི་དྭགས་ཡུལ་དང་དུད་འགྲོ་དམན་པར་གནས་པར་འགྱུར། །ཚུལ་ཁྲིམས་ཉམས་པར་འགྱུར་ཞིང་གཏམ་ངན་མངོན་པར་འབུངས། །ངོ་ཚ་མེད་ཅིང་བློ་གྲོས་དྲི་མ་ཅན་དུ་འགྱུར། །གང་ཞིག་འཐུང་ན་ཡོན་ཏན་དེ་དང་དེ་ཉམས་འགྱུར། །ཞེས་སོགས་གསུང་པ་ལྟར་དང་། །འོན་ཀྱང་དེ་དག་གི་ལྟུང་བར་གྱུར་པ་ཐམས་ཅད་དངོས་སུ་ུམ་སྤྱད་ཀྱང་། ཡིད་ཀྱིས་དྲན་པ་དང་ཆགས་པ་སོགས་ཉེས་ལྟུང་ཤིན་ཏུ་ཆེ། སེམས་ཀྱི་མི་དགེ་བ་སྤང་བའི་ཡོན་ཏན་ཡང་། གང་ཞིག་ཡིད་ཀྱི་ལས་རྣམས་རབ་སྤངས་ན། །


SPN003_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མིའི་བདེ་བ་ཕུན་སུམ་ཚོགས་པ་མྱོང་། །རྣམ་དག་ལྟ་བས་འཇིག་རྟེན་དག་བྱེད་ཅིང་། །རྟག་ཏུ་སངས་རྒྱས་རྣམས་ཀྱིས་བསྔགས་པར་འགྱུར། །ཞེས་གསུངས་པ་ལྟར། དགེ་བའི་ལས་ལ་གཅིག་ཏུ་འབད་པ་ཆེན་པོ་བྱ་སྟེ། ཕྱོགས་རིས་མེད་པའི་སེམས་ཅན་འབུ་སྲིན་ཕྲའུ་ཡན་གྱི་སྲོག་བསྐྱབ་པ་དང་། ལན་དང་རྣམ་སྨིན་ལ་རེ་བ་མེད་པའི་སྦྱིན་པ་གཏོང་བ་དང་། གཞན་འཁོན་དུ་གྱུར་པའི་མི་མཐུན་པ་རྣམས་མཐུན་པའི་ལས་བྱེད་པ་དང་། །བདེན་པ་དང་དྲང་པོས་ཞི་དལ་གྱི་འཇམ་པོར་སྨྲ་བ། ཚངས་སྤྱོད་ཡང་དག་པའི་ཚུལ་ཁྲིམས་རྣམ་པར་དག་པ། འདོད་སེམས་ཆུང་ཞིང་ནོར་ལ་ཆོག་ཤེས་ཐོབ་པ། བྱམས་པ་ལ་སོགས་པ་དང་མི་འབྲལ་བ་ནས་ཡང་དག་བའི་དོན་ལ་འཇུག་པ་སྟེ། དེ་དག་ཀྱང་དང་དུ་ལེན་པར་བྱ་བ་འོས་སོ། །དེ་དག་གི་འབྲས་བུའི་ཡོན་ཏན་དགེ་བས་ནི། འདི་དང་གཏན་གྱི་དགེ་ལེགས་དམ་པར་སྤྱོད་པའི་གཞི་དང་། སངས་རྒྱས་ཀྱི་ས་ལ་བགྲོད་པའི་ལམ་སྟེགས་མཆོག་ཏུ་འགྱུར་རོ། །དེ་བཞིན་རང་གིས་ཀྱང་དམ་ཆོས་ཚུལ་བཞིན་དུ་སྤྱོད་པ་དང་། གཞན་ལའང་སྤྱད་དུ་བཅུག་པ། གཞན་དག་གི་དགེ་བའི་ལས་ལ་རྗེས་སུ་ཡི་རང་བ་བྱ་ཞིང་སྔར་བྱས་ཀྱི་སྡིག་ལྟུང་ཐམས་ཅད་


SPN003_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོ་སྟོབས་བཞིའི་སྒོ་ནས་བཤགས་པ་དང་། ཕྱིན་ཆད་དེ་ལྟར་མི་བགྱིད་པའི་དམ་བཅའ་སྙིང་ནས་བཟུང་། གཞན་ལའང་སྡིག་ལྟུང་གི་བྱ་བ་སྤྱད་དུ་མི་འཇུག་ཅིང་། སྔོན་གྱི་ཉེས་པར་འགྱོད་པ་དྲག་པོས་ཡུལ་ཁྱད་པར་ཅན་གྱི་དྲུང་དུ་བཤགས་པ་སྙིང་ཐག་པ་ནས་ཕུལ་ཞིང་། སྟོང་ཉིད་བསྒོམ་པ་དང་། ཕུང་པོ་གསུམ་པ་སོགས་མདོ་སྡེ་ཟབ་མོ་དང་གཟུངས་སྔགས་ཀྱི་རིགས་ཁ་ཏོན་དུ་བྱ་བ་དང་། སྐུ་གཟུགས་མཆོད་རྟེན་གསུང་རབ་བཞེངས་པ་དང་མཆོད་པ་སོགས། མདོར་ན་དཀར་པོ་དགེ་བའི་མཐུ་ཡིས་མི་དགེ་བའི་མྱུ་གུ་གཏན་ནས་སྐེམས་པའི་ཕྱིར་སྒོ་གསུམ་དགེ་བའི་ཕྱོགས་ལ་གནས་པར་གྱུར་ན། སྟོན་མཆོག་ཐུབ་དབང་གི་ཞལ་ནས། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལ། །ཕྱིས་ནས་བག་དང་ལྡན་པར་གྱུར་དེ་ཡང་། །ཟླ་བ་སྤྲིན་བྲལ་ལྟ་བུ་རྣམས་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་པའི་དགོངས་དོན་ལྟར་ཐུགས་ལ་འདོགས་པར་ཞུ་བ་དང་། ཐམས་ཅད་མཁྱེན་པ་ཆེན་པོ་རྒྱལ་དབང་བརྒྱད་པའི་ཞལ་སྔ་ནས། གཉིད་སོགས་ལོང་སྐབས་མེད་མེད་ལྟར་བྱེད་ནས། །རྒྱུན་དུ་རང་སེམས་ཉིད་ལ་འདུལ་སྦྱོང་གྱིས། །སེམས་ཅན་མ་ལུས་འཁོར་བ་ལས་བསྒྲལ་


SPN003_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

བའི། །བསམ་པ་དག་པ་ཡང་དུ་བསྐྱེད་པར་གྱིས། །དུས་དང་རྣམ་པ་ཀུན་ཏུ་གཞན་སྐྱོན་མི་རྟོག་མི་བརྗོད། ལོང་གཏམ་མི་བྱ། ཚེ་འདིའི་འབྲེལ་ཆགས་མི་བྱ། དྲི་རྟོག་མི་སྐྱེན། ངོ་སྲུང་མི་བྱ། མཐུན་འཇུག་སྤོངས། ཁ་ལེན་རེ་མོས་མ་བྱེད། རང་ལ་ཀ་ཆ་མེད་ན་སྦྱིན་བདག་ལྟ་བུ་ལ་བསླངས་ནས། སྦྱིན་བདག་སངས་རྒྱས་ཐོབ་པའི་སླད་དུ་བསྔོ་བ་སྨོན་ལམ་ཡང་དག་པ་བྱེད། ལྟོ་གང་བྱུང་སློང་བ་ལ་དམ་བཅའ། མ་ཕྱིན་མ་འདོངས་དོགས་སྤོངས། ཕ་ཡུལ་དང་སྐྱིད་ས་ལ་འགྲོ་ནས་འདི་འདྲ་བྱེད། མི་ཡུལ་དང་སྡུག་ས་ན་མི་འགྲོ་བའི་ཆོས་བྱེད་བསམ་པ་སོགས་ལོག་པའི་བློ་ཡིན་པས། གར་འགྲོ་གར་སྡོད་ཀྱང་སྤྲང་པོ་ཡིན་ཕྱིན་གཞན་བསྒྲུབ་རྒྱུ་ཅི་ཡོད། ཆོས་སྤྱོད་བཅུ་ཡི་བྱ་བས་ལུས་ངག་དལ་བར་སྐད་ཅིག་ཀྱང་མི་སྡོད་པ་འདི་ཀ་ལ་བློ་རྩེ་གཏད་པའི་སྒོ་ནས་རང་རྒྱུད་ལ་དུག་གསུམ་མངོན་གྱུར་བ་ནམ་བྱུང་དུས་གཉེན་པོའི་དཔའ་བསྐྱེད། མདོར་ན་ཉིན་ཞག་ཕྲུགས་གཅིག་ལ་མདང་དེ་རིང་གི་བྱེད་རྒྱུ་དེ་ལས་མེད་སྙམ་པའི་བློ་བདེ་སང་ངེ་བ་རེ་བྱེད་དགོས་པ་ཡིན། གཉིད་དང་ལེ་ལོ་བྱུང་དུས་ཤེས་པ་དེ་ཚར་གཅོད་དགོས་པ་ཡིན་ཞེས་རྗེ་དེ་ཉིད་ཀྱི་བཀའ་ལུང་དྲི་མ་མེད་པ་དང་། གཞན་ཡང་


SPN003_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་ཐམས་ཅད་ཀྱིས་སེམས་ཅན་དོན་དུ་གསུངས་པའི་ཆོས་སྒོ་མཐའ་ཡས་པ་ཐམས་ཅད་དོན་དེ་ལྟ་བུར་ལགས་པའི་ཕྱིར་ན་ཐུགས་ཀྱི་པདྨོར་ཐིམ་པ་དང་། གཞན་འཕྲལ་དགོས་ཀྱི་ཀུན་སྤྱོད་རིགས་འདི་གའི་སྔོན་གྱི་བཅའ་ཡིག་ཆེན་མོ་ལྟར་ལས་གསར་དུ་ཞུ་འོས་མ་མཆིས་ཤིང་། ད་ལམ་འདི་རུ་རྟེན་འབྲེལ་གྱི་རྫས་ཙམ་ལས། སླད་དུ་མཁྱེན་གཉིས་ཟབ་མོའི་ཐུགས་དང་ལྡན་པ་རྣམས་ཀྱིས་འབེལ་མཆིད་བཀའ་ཡི་འཁོར་ལོ་མཚུངས་པ་མེད་པ་གནང་བ་གཞིར་བཅས་པ་ལས། ནེ་ཙོའི་ཀློག་འདོན་ལྟ་བུའི་འབྲས་མེད་ཀྱི་ཡི་གེ་འདི་བཞིན་དགོས་པས་དབེན་པ་ནས་དོན་ལྡན་གྱི་ཚིག་རིས་མ་མཆིས་རུང་། འོན་ཀྱང་སྟོན་པ་འགྲན་ཟླ་བྲལ་བ་ཐམས་ཅད་མཁྱེན་པ་རྒྱལ་བ་སྟོབས་བཅུ་མངའ་བ་འཇིག་རྟེན་གྱི་འདྲེན་པ་ཆེན་པོ་བདེ་བར་གཤེགས་པ་རྣམ་འདྲེན་བཞི་པ་ཤཱཀྱའི་རྒྱལ་པོ་ཐུབ་པའི་དབང་པོས་གསུངས་པའི་འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གྱི་བསླབ་བྱ་ལ་རྟག་ཏུ་བརྩོན་པ་ཆེན་པོས་དང་ལེན་ནུས་པར་ཡོད་ན། རང་རེ་ཀུན་གྱི་འདི་ཕྱི་ཚེ་རབས་ཀྱི་བདེ་དོན་སྒྲུབ་པའི་དཔལ་དུ་གྱུར་པ་ལས། འཇིག་རྟེན་སྐྱེ་བོ་མ ཁས་གྲགས་དབང་བཙན་རིགས་ཆེ་ནོར་ཕྱུགས་ཀྱི་འདོད་པའི་སྐལ་བ་ཉོན་མོངས་ཀྱིས་བསླད་པའི་འཇིག་རྟེན་མི་ཆོས་


SPN003_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་ཀྱི་དབང་གིས་རང་རྒྱལ་གཞན་ཕམ་གྱི་གཡོ་སྒྱུས་སྤྱོད་པ་ནི་འདི་ཚུལ་ལྡན་ནམ་ཡང་མ་ཡིན་པས་དེས་ན་རེ་ཞིག་འདི་བཞིན་སྒྲུབ་སྡེ་པ་རྣམས་ཀྱི་ཉེར་མཁོའི་གནས་སུ་གྱུར་ཅིང་། ཚུལ་དང་མི་ལྡན་པའི་སྤྱོད་ངན་སྣ་ཚོགས་ཀྱིས་བསྟན་པའི་སེལ་ཞུགས། རྒྱལ་ཁམས་ཀྱི་ཕན་བདེ་སྒྲིབ་པའི་མཛད་སྤྱོད་འདི་དང་འདི་ཞེས་པའི་ཉེས་པ་རྡུལ་ཕྲ་རབ་ཙམ་ཡང་གང་སུ་ཐད་ནས་མི་བསྒྲུབ་པར་ཅི་ནས་ཞུ་ལགས་ཤིང་། གལ་སྲིད་མི་མཐུན་ལོག་པར་ཞུགས་པའི་སྤྱོད་པ་ཕྲན་བུ་ཙམ་གྱི་སྣང་བ་ཤར་ཚེ་ཐུགས་སུན་གནས་དབྱུང་སོགས་དམ་པའི་ཆོས་ཁྲིམས་འགྱུར་བ་མེད་པའི་སྒོ་ནས་གང་ལ་གང་འཚམས་ཀྱི་བྱ་བ་དྲག་པོ་ཚིག་ཙམ་མ་ཡིན་པ་གཏིང་ནས་བསྒྲུབ་རྒྱུ་ལགས་པས། དེ་བཞིན་མཐུན་འཇུག་རྒྱ་གང་ཆེ་གནང་ཐུབ་ཞུ་བ་ལགས་ན་རེ་འབྲས་དོན་སྨིན་དུ་གནང་བར་མཛོད་ཅིག །ཅེས་བཅའ་ཡིག་མདོར་བསྡུས་སུ་བཀོད་པ་འདི། མེ་འབྲུག་གནམ་ལོར་སྤྱོད་པའི་དབོ་ཟླའི་དམར་ཕྱོགས་བཟང་པོ་ལ་ཀྭན་ཏིང་ཏཱའི་སི་ཏུ་པདྨ་ཉིན་བྱེད་དབང་པོ་ཞེས་པས་ཐུབ་བསྟན་ཆོས་འཁོར་གླིང་གི་རིག་གྲོལ་བསླབ་ལྡན་འདུས་པའི་དབུས་ནས་བྲིས་པ་དགེ་ལེགས་འཕེལ། །སརྦ་མངྒ་ལམ། །


previousསྒྲུབ་སྡེ་བསམ་གཏན་ཆོས་མཆོག་གླིང་གི་བཅའ་ཡིགnext