Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  expand section
  expand section
  expand section
   
   
   
  collapse section
བཅའ་ཡིག
   
  expand section
   
   
   
   
   
  expand section
   


 
previousབཅའ་ཡིགnext

བཅའ་ཡིག


SPN003_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་སྭ་སྟི། མ་ལུས་རྒྱལ་བ་ཀུན་གྱི་ཡབ་གྱུར་པ། །རང་སྣང་ཡེ་ཤེས་སྐུ་དང་ཞིང་ཁམས་ལ། །དབང་བསྒྱུར་རྡོ་རྗེ་འཆང་གི་ཞབས་པདྨོ། །བྱང་ཆུབ་སྙིང་པོའི་བར་དུ་རྟག་པར་མཆོད། །ཕྲ་རགས་རྟོག་ཚོགས་དབྱིངས་སུ་ཐིམ་པ་ཡི། །ཡོན་ཏན་གྲུབ་པ་མཆོག་བརྙེས་ཏི་ལི་པ། །དཀའ་ཐུབ་མཐར་ཕྱིན་པཎ་ཆེན་ནཱ་རོ་དང་། །དགྱེས་མཛད་རྡོ་རྗེ་དངོས་སྣང་ལོ་ཙཱ་ཆེ། །གྲུབ་པའི་སྤྱི་མེས་རྣལ་འབྱོར་མི་ལ་རས། །རྒྱལ་བས་ལུང་བསྟན་ཟླ་འོད་གཞོན་ནུའི་ཞབས། །དེ་ལས་བསྐལ་བཟང་དྲུག་པའི་རྣམ་རོལ་པ། །དཔལ་ལྡན་ཀརྨ་པ་སོགས་རིམ་བརྒྱུད་ནས། །དོན་དམ་རྟོགས་པའི་བཀའ་བབས་ཀཾ་ཚང་གི། །རིང་ལུགས་རིན་ཆེན་གསེར་གྱི་ཕྲེང་མཛེས་པའི། །གནས་ལུགས་ཆོས་སྐུར་སྟོན་པའི་སྒྲུབ་བརྒྱུད་རྣམས། །མི་ཤིགས་ཐིག་ལེའི་རྒྱུན་དུ་གུས་པས་འདུད། །ཅེས་མཆོད་པར་བརྗོད་པ་སྔོན་དུ་བཏང་ནས། ལི་ཡུལ་ལྕང་ར་སྨུག་པོ་ཞེས་གདོད་ནས་རང་བཞིན་གྲུབ་པ་འཁོར་ལོ་སྡོམ་པའི་ཕོ་བྲང་། སྔོན་ཚེ་གུ་རུ་ཉི་མ་འོད་ཟེར་དང་། ཕ་ཅིག་དམ་པ་རྒྱ་གར་བ་ལ་སོགས་པ་གྲུབ་པའི་རྣལ་འབྱོར་རིག་པ་འཛིན་པ་ཡོངས་ཀྱིས་བྱིན་གྱིས་བརླབས་ཤིང་། བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་


SPN003_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྣམས་སྤྲིན་བཞིན་ངང་གིས་འདུ་བ་རྟོགས་ལྡན་སློབ་བརྒྱུད་ཆུ་བོའི་རྒྱུན་ལྟར་འབྱུང་བའི་བསྟི་གནས་ག་ལ་བ་དེར། ༧ ཐུབ་བསྟན་ཆོས་ཀྱི་འཁོར་ལོ་གསང་སྔགས་དགའ་ཚལ་གླིང་ཞེས་རྒྱལ་བ་ཡབ་སྲས་རྣམས་ཀྱིས་ཆགས་བཅགས་ཤིང་། ངེས་དོན་རིང་ལུགས་ཀྱི་སྲོལ་བཏོད་པའི་གདན་ས་མཆོག་ལ་སླར་ཡང་སྙིང་པོའི་བསྟན་པ་སྒྲུབ་པ་དང་། བསྟན་འགྲོར་ཕན་བདེའི་སྒོ་འཕར་འབྱེད་པའི་ཐབས་ཚུལ་ལ་ལྷག་བློ་ཐུན་མིན་གྱིས་དྲངས་ཏེ། དྲུང་སྤྲུལ་མཆོག་ནས་དེ་ཚུལ་ལ་དགེ་བའི་རྣམ་དཀར་བགྱི་འོས་རླབས་སུ་ཆེ་ཞིང་། གནད་དུ་གང་འགྲོ་འདྲེན་མཆོག་དཔའ་བོ་རིན་པོ་ཆེའི་དྲུང་བཀའ་བརྟག་ཞུས་སྐབས། སྨུག་པོའི་ས་དམིགས་སུ་སྒྲུབ་སྡེ་གསར་འཛུགས་བསྟན་པའི་བཙས་དང་ཡུལ་གྱི་བདེ་སྐྱིད་འཕྲལ་ཡུན་ཀུན་ཏུ་ཤིས་པའི་བཀའ་སྩལ་ཕེབས་པར་བརྟེན། དེ་ལྟར་བསྒྲུབ་པར་བརྩམས་པའི་སྐབས་དབྱེ་བ་ན། ཉམས་ལེན་གྱི་སྒོམ་གྲྭ་གསར་འཛུགས་ལ་བཅོས་མིན་གྱི་མོས་གུས་དང་། དད་པ་གསུམ་གྱིས་རྒྱུད་གྲོལ་ནས་ལྷག་པའི་བློ་ཡི་སྤོབས་པ་དགེ་བ། གཙུག་ལག་ཟུང་གི་གནས་ལ་བསོད་ནམས་ཀྱི་རྒྱ་མཚོ་གཏིང་ཟབ་ལ་དཀྱེལ་ཆེ་བ་ཚོང་དཔོན་བསོད་ནམས་ཕུན་ཚོགས་ཞེས་དགེ་བཅུས་མངོན་པར་ཕྱུག་པའི་ཁྱིམ་


SPN003_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ངང་ཚུལ་བཟང་པོའི་རང་བཞིན་དང་ལྡན་པ་གང་དེས། སྒྱུ་མའི་ནོར་ལ་སྙིང་པོ་ལེན་ཕྱིར་དངོས་པོའི་བདོག་པ་ལོངས་སྤྱོད་ཀྱི་བཏང་བ་ཕུན་སུམ་ཚོགས་པ་གཞན་དྲིང་མི་འཇོག་པའི་དཔལ་ལས་ཉེ་བར་གྲུབ་པའི་གཙུག་ལག་དྲི་གཙང་ཁང་དང་། གཞན་ཡང་དབེན་ཁང་འགའ་ཞིག་དང་བཅས་བཀོད་ལེགས་ཁྱད་པར་འཕགས་པ་མངོན་པར་འདུ་བྱས་ཤིང་། དེའི་ནང་རྟེན་དུ་རྒྱལ་བའི་སྐུ་བརྙན་བྲིས་འབུར་བཞེངས་པ་དང་། མཆོད་པའི་ཐེབས་སུའང་དངུལ་བྲེ་ཆེན་མང་པོས་བསླུས་པའི་ཞིང་ས་དང་། དེ་དག་ལ་བརྩེ་བའི་སྤྱན་རྒྱང་གི་གཟིགས་པ་མཚུངས་ཟླ་དང་བྲལ་བ། སྐྱབས་མགོན་རྒྱལ་མཆོག་བཅུ་བཞི་པའི་དྲུང་ནས་རྟེན་གཙོ་དང་མཆོད་ཐེབ། འདི་ནས་ཀྱང་འཕགས་པ་རིགས་གསུམ་མགོན་པོའི་སྐུ་བརྙན་འཕགས་ཡུལ་ཤར་ལི་འཁྲུལ་མེད་བྱིན་གཟི་འོད་འབར་ཅན་དང་། རིན་ཆེན་གཉིས་པ་སྲང་འཁོར་ལྔ་བཅུ་ཐམ་པ། རྗེ་བཙུན་དཔའ་བོ་མཆོག་ནས་ཀྱང་དེ་བཞིན་གྱི་ནང་རྟེན་ཁྱད་འཕགས་དང་། མཆོད་ཐེབ་ཀྱི་དངོས་པོ་གྱ་ནོམ་པ་བཅས་བསྩལ་ཞིང་། རྒྱལ་སྲས་ཐུ་བོ་དྲུང་པ་སྤྲུལ་སྐུས་གཙོས་སྟོད་སྨད་ཀྱི་བླ་སྤྲུལ་ལས་བྱེད་འདུས་སྡེ་རྣམས་དང་། རྒྱལ་པོ་རྒྱལ་ཕྲན་ཁྱིམ་བདག་ལ་སོགས་པ་མཆོག་དམན་


SPN003_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ནས་ཀྱང་ཡོན་སྦྱོར་བ་བཅས་དེང་ནས་བཟུང་ཇི་སྲིད་གནས་ཀྱི་བར་དུ་སྒྲུབ་པའི་གྲྭ་སྡེ་བཙུགས་པའི་ལེགས་བྱས་ཀྱི་རང་གཟུགས་བསྟར་པ་ལ་རེ་ཞིག་སྤང་བླང་གི་ཚུལ་རྣམས་མདོར་བསྡུས་ཏེ་བཅའ་ཡིག་བཀོད་པ་ལ། དེ་ཡང་རང་རེ་རྣམས་སྔོན་བསགས་དགེ་བའི་གོམས་སྟོབས་ཀྱིས་སྐྱེ་དཀའ་བ་ལྷོ་རྒྱལ་འཛམ་བུའི་གླིང་དུ་སྐྱེས་ཤིང་། དལ་འབྱོར་བཅོ་བརྒྱད་དང་ལྡན་པའི་རྙེད་པར་དཀའ་བ་མིའི་ལུས་རྟེན་ཐོབ། མཇལ་བར་དཀའ་བའི་མཚན་ལྡན་གྱི་བླ་མས་རྗེས་སུ་འཛིན། འཕྲད་པར་དཀའ་བ་དམ་པའི་ཆོས་ཟབ་མོ་ཐོབ་པའི་དལ་རྟེན་རིན་པོ་ཆེ་འདིའི་ཁོངས་ནས་གཏན་གྱི་འདུན་མ་བསྒྲུབ་པ་ལ། དང་པོ་ཞེན་ལོག་སྒོམ་གྱི་རྐང་པར་གསུངས་བཞིན། འཁོར་བའི་ཆོས་ཐམས་ཅད་མི་རྟག་སྒྱུ་མའི་རང་བཞིན་སྙིང་པོས་དབེན་པ་ལ་བློ་ལྡོག་ནས། མོས་གུས་སྒོམ་གྱི་མགོ་བོ་ཞེས་མཆོག་གསུམ་ངོ་བོ་རྩ་བའི་བླ་མ་ལ་རྩེ་གཅིག་པའི་མོས་བློས་བཅོས་མིན་ཤུགས་འབྱུང་གདུང་ཤུགས་ཀྱི་གསོལ་འདེབས་དད་པས་ཁམས་གསོ་ནུས་པ། མཆེད་གྲོགས་རྡོ་རྗེ་སྤུན་རྣམས་ལའང་དག་སྣང་ཕྱོགས་མེད་འབྱོང་ཞིང་། འཇིག་རྟེན་འཁོར་བའི་སེམས་ཅན་ཕ་མར་མ་གྱུར་པ་མེད་བཞིན་པའི་ཉེ་རིང་ཕྱོགས་ལྷུང་དགྲ་གཉེན་


SPN003_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་ཏེ། བྱམས་དང་སྙིང་རྗེའི་ངང་ལ་རྟག་པར་གནས་བཞིན། དང་པོར་གཞི་སྡོམ་པ་གསུམ་གྱི་སྒོར་ཞུགས་ནས་དེ་དག་གི་བསླབ་པ་དང་ལྡན་པར་བྱས་ནས། ལམ་བསྐྱེད་རྫོགས་ཀྱི་ཉམས་ལེན་ལ་རྟག་འགྲུས་ཀྱི་རྐང་ཚུགས་པའི། ཕྱག་རྒྱ་ཆེན་པོའི་སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་རྣམས་དང་། ཁྱད་པར་ཟབ་ལམ་ནཱ་རོ་ཆོས་དྲུག་ཅེས་རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར་དུ་གྲུབ་ཐོབ་ནམ་མཁའི་སྐར་ཚོགས་ལྟར་བྱོན་པ་དེ་དག་གི་ཞལ་ནས་སྙན་དུ་བཀའ་རིམ་པར་བརྒྱུད་པའི་ཕ་ཆོས་མཐར་ཐུག་སྙིང་པོའི་ཡང་སྙིང་། ངེས་པ་དོན་གྱི་ཏི་ལ་ཀ་གསང་བ་ཆེན་པོའི་ཆོས་ཀྱི་རྒྱལ་སྲིད་ལ་དབང་འབྱོར་བའི་ཚུལ་རྣམས་རིམ་པར་ཡོངས་འཛིན་བླ་མ་དགེ་བའི་བཤེས་གཉེན་གུས་པས་མཆོད་པར་བྱས་ནས་སྨིན་བྱེད་དབང་དང་གྲོལ་བྱེད་ཁྲིད་ཀྱི་གདམས་པས་རང་རྒྱུད་བརླན་པར་བྱས་ལ། དེའང་དམ་ཚིག་མིག་འབྲས་ལྟར་བསྲུང་པ་ལས། གསང་སྔགས་ནི་བཀའ་གཉན་ཕྱིར་གང་བྱུང་འཆོལ་བ་སྤྱོད་ན་ཆོས་བདག་མཁའ་འགྲོའི་བཀའ་ཡི་ཆད་པས་འདི་གཏན་གྱི་རྩ་བ་བརླག་པར་འགྱུར་བས་དེས་ན་བག་ཡོད་གཅེས་སྤྲས་བྱ་བ་ནི་གནད་ཀྱི་སྙིང་པོའོ། །དེ་ནས་རྒྱུན་སྤྱོད་


SPN003_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐུན་དྲུག་གམ་བཞིར་བཅད་པའི། ༧ རྗེ་རས་པ་ཆེན་པོའི་ཞལ་ནས། ནམ་གུང་རྗེ་ལ་གསོལ་བ་ཐོབ། །ཐོ་རངས་སྲོག་རྩོལ་རླུང་ལ་འབད། །ནམ་ལངས་དུག་ལྔའི་བཤགས་པ་གྱིས། །ཉི་ཤར་སྣང་བ་རྒྱ་ཡིས་ཐོབ། །ཉིན་གུང་ཆོས་སྤྱོད་དགེ་ལ་འབུངས། །དགོང་མོར་སྨོན་ལམ་རྒྱས་འདེབས་བྱ། །ཞེས་གསུངས་པ་ལྟར་ཡིད་ལ་ཅི་འགྲོར་བྱེད་ནས་ཐོར་ཐུན་གཏི་མུག་གཉིད་བསླང་གི་བརྡ་བཏང་མ་ཐག་སྒོ་གསུམ་ཐ་མལ་དུ་མ་ཤོར་བའི་ཁྲིད་ཀྱི་སྔོན་འགྲོའི་སྒོམ་རིམ་རྣམས་མཐར་ཆགས་བཏོན་ཅིང་། ནམ་གསལ་པ་དང་བསྟུན་གཏོར་མ་ཆུ་སྦྱིན་སོགས་བཏང་། སྤྲོ་ན་བསང་མཆོད་བྱ། ཉི་ཤར་ནས་གུང་གི་བར་ལའང་ཉམས་ལེན་སྐྱོང་ཞིང་། ཐུན་བར་དེར་ཁམས་གསེང་དང་ཆོས་སྤྱོད་སཱཙྪ་བཏབ་པ། དཔེ་ལྟས་ལ་སོགས་གང་འོས་ཀྱི་སྤྱོད་ལམ་དང་། གུང་ནས་ཕྱེད་ཡོལ་བར་ཡང་འཁྲུལ་འཁོར་སོགས་ཉམས་ལེན་དང་། དགོང་མོར་ཆོས་སྐྱོང་གི་གཏོར་འབུལ་ས་ལམ་བར་ཆད་སེལ་ཕྱིར་སླ་ཆོས་དང་ཁྲལ་འདོན་དུ་མ་སོང་བར་གང་ཟབ་འབད་ཅིང་། དགོང་ཐུན་ལའང་


SPN003_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ལེན་སྐྱོང་བ་སོགས་ནན་ཏན་དང་། ཉལ་ཁར་གཅོད་ཀྱི་ལུས་སྦྱིན་དམིགས་པ་དང་ལྡན་པས། བདག་འཛིན་བློས་བཏང་ཕུང་པོ་གཟན་དུ་བསྐྱུར། །དབྱིངས་རིག་བསྲེ་ཞིང་སེམས་ཀྱི་གཞི་རྩ་བཅད། །ཅེས་པ་ལྟར་འབད་ཅིང་། དེ་ནས་ཉལ་བའི་རྣལ་འབྱོར་དང་། འོད་གསལ་ལྡང་འཇུག་སོགས་ཀྱི་ཉམས་ལེན་དང་མ་བྲལ་བར་བྱ་བ་སྟེ་དེ་རྣམས་འཕྲལ་དགོས་ཀྱི་སྐོར་རྣམས་སོ། །ཐུན་བར་རྣམས་སུ་ཡང་རྣམ་གཡེང་ལེ་ལོའི་དབང་དུ་མི་བཏང་ཞིང་ཆོས་སྤྱོད་བཅུས་དུས་འདའ་བར་བྱ་ཡི། ཕན་ཚུན་རྣམས་བསམ་གཏན་གྱི་ཚེར་མར་གྱུར་བའི་ཚིག་རྩུབ་ངན་སྨྲས་གཡོ་སྒྱུ་ལ་སོགས་མི་མཐུན་བྱ་སྤྱོད་ངན་པའི་རིགས་ཆེ་ཕྲ་མཐའ་དག་སྤང་ཅི་ནུས་དང་། ལྷག་པར་ཉ་སྟོང་གི་གསོ་སྦྱོང་ལ་འབད་ཅིང་འདུལ་ཁྲིམས་ལེགས་པར་བསྲུང་བར་གྱུར་ན། དེ་ལས་ལོགས་སུ་འདི་ཞེས་སྨོས་མ་དགོས་མོད། འོན་ཀྱང་སྙིགས་དུས་འདིར་རགས་པ་ཙམ་ལས་ཕྲ་ཞིབ་རྟོག་དཔྱོད་དཀའ་ནའང་རས་སུ་བོར་བ་ནམ་ཡང་མི་བྱའོ། །ཤ་ཆང་ལའང་ཧ་ཅང་བག་མེད་སྤྱོད་པ་སྤང་ཞིང་བྱིན་གྱིས་བརླབས་ནས་བདུད་རྩིར་བསྒྱུར་བ་སོགས་བྱས་ལ་སྤྱོད། གཞན་དག་ཀྱང་དགེ་བའི་ལས་ལ་བཀོལ་གང་ནུས་བྱེད་པ་དང་། རྣམ་པ་


SPN003_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་ཆུ་བོའི་རྒྱུན་བཞིན་དྲན་རྫི་བརྟན་པོའི་ངང་ནས་རིག་པའི་རང་ངོ་འཁྲུལ་མེད་ཡེངས་མེད་ཀྱི་ངང་ནས་གནས་ལུགས་ཀྱི་དོན་ལ་མཉམ་པར་བཞག་པ་སོགས་ཁྲིད་ཆེན་རྣམས་ཀྱི་དགོངས་པ་ཇི་བཞིན་ཉམས་སུ་ལེན་པར་བྱ་བ་ནི་གདམས་པའི་ཡང་སྙིང་བླ་ན་མེད་པའོ། །སྨྲས་པ། སྔོན་བྱོན་རྟོགས་པ་དོན་གྱི་ཡེ་ཤེས་ལ། །མངའ་བརྙེས་གྲུབ་པ་མཆོག་གི་སྲོལ་བཟང་པོ། །མ་སྨད་དེང་འདིར་ཉམས་ལེན་བྱིན་རླབས་ཀྱི། །བཀའ་བབས་བརྒྱུད་པ་ལས་བྱུང་ལམ་ཟབ་མོར། །འཇུག་འདོད་ལས་འཕྲོ་ཅན་རྣམས་འདིར་གསོན་ལ། །གཏན་འདུན་འགྱུར་མེད་རྣམ་ཀུན་མཆོག་ལྡན་གྱི། །གོ་འཕང་བདེ་བླག་ཐོབ་བོ་འདི་སྤེལ་དགེས། །རྩ་བའི་སྦྱིན་བདག་གཞན་ཡང་འབྲེལ་ལོ་ཅོག །ཚེ་དཔལ་དབང་འབྱོར་རང་གྲོལ་ཕྱག་རྒྱ་ཆེའི། །གནས་ལུགས་ཆོས་སྐུ་མངོན་དུ་འགྱུར་བར་ཤོག །ཅེས་པའང་སི་ཏུ་པདྨ་ཉིན་བྱེད་དབང་པོས་གདམས་པར་བྱ་བའི་ཆོས་སོ། །སརྦ་མངྒ་ལམ། ཀ་ལྱ་ཎ་ཝརྡྷ། ཛ་ཡནྟུ། །

མགོན་ཁང་ཆེན་མོའི་སྒྲུབ་པ་རྣམས་ཀྱི་འདོན་སྒྲིག་དང་བཅའ་ཡིག


SPN003_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་ཁང་ཆེན་མོའི་སྒྲུབ་པ་རྣམས་ཀྱི་འདོན་སྒྲིག་དང་བཅའ་ཡིག་ཡོད། ༀ་སྭསྟི་སིདྡྷཾ། སྣང་སྲིད་ཟིལ་གནོན་པདྨ་སཾ་བྷ་ཝ། །དབྱེར་མེད་གྲུབ་ཆེན་ཀརྨ་པཀྴི་དང་། །བསྟན་སྲུང་རྡོ་རྗེ་བེར་ཅན་ལྕམ་དྲལ་ལ། །གུས་པས་འདུད་དོ་བྱང་ཆུབ་བར་དུ་སྐྱོངས། །ཞེས་ཆེད་དུ་བརྗོད་ནས། མགོན་ཁང་ཆེན་མོ་བདུད་དཔུང་ཟིལ་ནོན་གྱི་སྒྲུབ་པའི་རྣལ་འབྱོར་པ་རྣམས་ཀྱི་ཞལ་འདོན་ལ། དང་པོ། ཐོ་རངས་ཀྱིི་ཐུན་ལ། ཚིག་བདུན་གསོལ་འདེབས་དང་། བརྒྱུད་འདེབས་བདེ་ཆེན་རྡོ་རྗེ། ཕག་མོའི་བདུད་རྩི་བྱིན་རླབས་དང་པོ་ཉིན་ལས་རྒྱུན་དུ་མི་དགོས། སྔོན་འགྲོ་བཏང་། སྲུང་འཁོར། སྐྱབས་སེམས། ཚོགས་ཞིང་སོགས། བདག་བསྐྱེད་བསྙེན་པ་དང་ཟུང་འཇུག་སྐུར་ལྡང་བཅས། ཕྱག་ཆེན་སྔོན་འགྲོའི་གོ་ཡང་དེས་ཆོད། དེ་ནས། ལེགས་ལྡན་སྲུང་འཁོར་བསྙེན་པ་རྣམས་དང་དགུག་གཞུག །ཞལ་བསྟབ་སྔགས་བསྙེན། བྱང་ཕྱོགས་དུར་ཁྲོད་དང་། ཡེ་ཤེས་དབྱིངས་མས་ཐུན་གཏོར་ཕྱིར་འབུལ། གར་ཟློག་དང་། ལོ་ཏྲིའི་ཐལ་རྡེབ་བྱས་ལ་ཐུན་གྲོལ། ཆབ་གཏོར་རྒྱས་པའི་ཚིག་དོན་འབྲིང་པོར་འདུས་པས་དེ་དང་དེའི་ཆ་ལག་བཏོན་པས་འཐུས། བསང་བཏང་ལ། འདོན་


SPN003_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་གསར་བཀོད་ནང་འགགས་འདུས་རྩིས་ཀྱིས་དེ་ཙམ་བྱ། སྔ་དྲོའི་ཐུན་ལ། མཚལ་མ་གཞུང་བཞིན། མཆོད་པ་བྱིན་རླབས། ཚོགས་དང་། གསང་སྔགས་ནང་གཏོར། ལྷ་ཆེན་དཔལ་བར་སྔགས་རིང་མཐར། རྡོ་རྗེ་འཆང་དངོས་མ་ཡབ་ཡུམ། བཅོ་ལྔ་ཉིན་རྣམ་སྲས་རྒྱས་པ། རྒྱུན་པར་རྣམ་སྲས་དང་སྔགས་བདག་གཏོར་འབུལ་བསྡུས་པ་རེ། དམ་ཅན་རྒྱས་པ། སྲིན་མགོན་བསྡུས་པ། ཞིང་སྐྱོང་རྒྱས་པ། མཁར་ནག་བསྡུས་པ། ཨ་ཕྱིའི་ལྷུབ་གསོལ་གཏོར་ཆོག་དང་། རྡོར་གདན་མ། བྲག་བཙན་བསྡུས་པ། ཐང་ལྷ་ཛཾ་གླིང་བྱང་ཕྱོགས་མ། མཁའ་འགྲོ་སྤྱི་གཏོར་དང་། གཞི་བདག་དཀར་གཏོར་བཏང་། བསྟོད་པ་གང་དྲིན་མ་སོགས་ནས། དམ་ཞིང་བསྟོད་པ་སོགས། བསྙེན་པ་བྱ། དགུག་གཞུག་༣དང་། རྟགས་བསྟོད་གཉིས་ཀྱིས་གཏོར་མ་ཡར་ཕུལ། ཐུན་གྲོལ། འདི་སྐབས་གཞན་གྱི་གསོལ་ཀ་དང་བསྐང་བ་འདོན་དགོས་ཡོད་ན་བཏོན། གུང་ཐུན་ལ། གསོལ་ཀ་རྒྱས་པ། ལྷ་མོ་དང་། དམ་ཞིང་གསོལ་ཀ །བསྐང་བ་རྒྱས་པ་དང་འབྲིང་པོ། བསྐང་ཐུན་ཚར་ལྔ། ལྷ་མོའི་བསྐང་བ་དང་། འཁྲུགས་བསྐང་། ཚེ་རིང་མའི་བསྐང་བ། བདག་སྒྲུབ་མ། སྔགས་རིང་གོང་འོག།


SPN003_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་པ་བཅས། དགུག་གཞུག །འདས་བྱོན་མ་ཡབ་ཡུམ་བསྐུལ་དང་གཏེར་སར་སོགས། གཏོར་མ་ཡར་འབུལ། ཐུན་གྲོལ། གཞན་གྱི་གསོལ་ཀ་སོགས་དམིགས་བསལ་དགོས་ན་བྱ། དགོང་ཐུན་ལ། མཚལ་མ་དང་། མཆོད་པ་བྱིན་རླབས་འདོན། ཚོགས་མི་དགོས། གསང་སྔགས་ནང་གཏོར། ལྷ་ཆེན་སྔགས་རིང་མཐར། ཕྱག་བཞི་ཡབ་ཡུམ་དང་། རྣམ་སྲས། སྔགས་བདག། དམ་ཅན། སྲིན་མགོན། ཞིང་སྐྱོང་། མཁར་ནག་བཅས་ཀྱི་སྔགས་བསྔོས་བྱ། ཀུན་ཏུ་བཟང་དང་། རྡོ་རྗེ་མི་འགྱུར། བྲག་བཙན་རྒྱས་པ། ཐང་ལྷ་དྲི་ཟའི་རྒྱལ་པོ། །མཁའ་འགྲོ་དང་། གཞི་བདག་གཏོར་མ་བཏང་། བསྟོད་པ་བྱ། དམ་ཞིང་མི་དགོས། གསོལ་ཀ་བྱིན་རླབས། བསྟན་སྲུང་མཐར་ཐུག །ལྷ་མོའི་གསོལ་ཀ །བསྐང་བ་བྱིན་རླབས་དང་བསྡུས་པ་ཚར་གཅིག །བསྙེན་པ་བྱ། དགུག་གཞུག༣།མ་དག་མ། གང་ཞིག་བླ་མ། ཕོ་བྲང་མཁའ་སྤྱོད། རཀྵ་ས། ཉི་མ་ནུབ་ཕྱོགས་མཐར་ཐུན་གཏོར་ཕྱིར་འབུལ། གར་ཟློག་དང་། སེང་གདོང་མ། ཏྲིག་ཁྲོཾ་མ་ཐལ་རྡེབ་བཅས། ཆོས་ཀྱི་དབྱིངས་མ་ཡབ་ཡུམ་དང་། ལྷག་མ་བཏང་། མཆོད་བསྟོད། བཤགས་པ། མ་མགོན་བཀྲ་ཤིས་


SPN003_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཟུངས་༣ དང་། བར་ཆད་སེལ་གཟུངས། ༣ སྨོན་ལམ་བཀྲ་ཤིས་དང་བཅས་བྱའོ། །ཉེར་དགུའི་དུས་གཏོར་རྒྱས་པ་ལ་ཚོགས་ཆེན་སྲོལ་བཞིན་ཕྱོགས་མཚུངས་དགོས་པའི། ཐོར་ཐུན་སྐབས་ཉིན་ལྟར་དང་འདྲ་ཞིང་། སྔ་ཐུན་ལ་མངོན་རྟོགས་རྒྱས་པ་ནས་གཞུང་བཞིན་གྱི་འཁོར་ལྔ་རྣམས་དང་། མཁར་ནག །ཨ་ཕྱི་རྒྱས་པ་ནས་དཀྱུས་ལྟར་གཞི་བདག་དཀར་གཏོར་བཅས་དང་། བསྟོད་པ་རྣམས་ཡོངས་རྫོགས་དང་། བསྙེན་པ་བྱ། མཐར་འགུག་གཞུག་༣ དང་། མ་དག་མ། རྟགས་བསྟོད་གཉིས་བཏོན་ལ་ཐུན་གྲོལ། གུང་ཐུན་ལ་གསོལ་ཀ་རྣམས་དང་བསྐང་བ་རྒྱས་བསྡུས་བཅས་སྔར་བཞིན། བསྙེན་པ་དང་མཐར་འགུག་གཞུག ༣ །དེ་ནས་རྒྱ་མཚོ་གླིང་མ་སོགས་ལས་འགྲིགས་ཀྱི་དྲག་བསྐུལ་རྣམས་དང་། གསོན་ཅིག་མ་དང་། འདས་བྱོན་མ་ཡབ་ཡུམ་བསྐུལ་བྱས་ལ་ཐུན་གྲོལ། དགོང་ཐུན་ལ་མཚལ་མ་བསྡུས་པ་ཉིན་ལྟར་གྱི་བསྙེན་པ་དང་། མཐར་འགུག་གཞུག ༣ །གང་ཞིག་མ། ཕོ་བྲང་མཁའ་སྤྱོད། རཀྵ་ས་ཡབ་ཡུམ་བསྐུལ་དང་། ཉི་མ་ནུབ་ཕྱོགས་ཀྱི་ཛ་བརྡུང་སྐབས། ཐུན་གཏོར་སྔོན་འབུལ་རྣམས་ཕྱོགས་གཅིག་ཕྱིར་འབུལ་དགོས། གར་ཟློག་ལ་


SPN003_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་གཞུང་བཞིན། དངོས་གྲུབ་ལེན་ཆོག་དང་བཀྲ་ཤིས་བཅས། དེ་ནས། ཕག་མོའི་ཚོགས་བྱིན་རླབས་བཏོན་ལ་བླ་མ་ཡི་དམ་སྤྱན་འདྲེན་གཞུང་ལྟར་དང་། རིགས་ལྔ་མཁའ་འགྲོ་བསྡུ་ཚིག་བྱེད། དེ་ཕྱིན་དཀྱུས་ལྟར་ཚོགས་ཕུད་འབུལ། ཚོགས་རོལ་དང་ཞབས་བརྟན་འདོན། ལྷག་མ་དང་རྗེས་ཆོག་བཀྲ་ཤིས་སོགས་མཐའ་རྒྱས་བྱའོ། །གནམ་གང་ཉིན་རྒྱུན་གྱི་འདོན་འགྲིགས་ཇི་ལྟ་བ་དང་། ཚེས་གཅིག་ལྟ་བུར་སྒྲུབ་པ་རྣམས་བརྗེ་ལེན་སྐབས་སྔ་འཚོགས་བྱ་བའི་ཐུན་བཞི་ཀ་སྦྲེལ་ནས་འདོན་པའི་བདག་སྒྲུབ་མའི་མཐར་བསྙེན་པ་དང་། སྔགས་རིང་རྣམས་དང་། དགུག་གཞུག ༣ །མ་དག་མ། འདས་བྱོན་མ་ཡབ་ཡུམ། གང་ཞིག་བླ་མ་ཕྱི་ཉིན་ལྟར་དང་། དངོས་གྲུབ་ལེན་སྔགས་བརྒྱ་རྩ་བརྒྱད། བཀྲ་ཤིས་པའི་གཟུངས། བར་ཆད་སེལ་གཟུངས་རྣམས་ཉེར་གཅིག་རེ་བཟླ། སྨོན་ལམ་བཀྲ་ཤིས་ལྷ་བསང་དང་བཅས་འགྲུབ་པར་བྱས་ནས་སྐབས་འདིར་ལྷ་རྟེན་མཆོད་རྫས་སྤྱན་གཟིགས་ལ་སོགས་ཆོས་ཁྲིམས་པས་རྩིས་སྤྲད་ལེན་ཞིབ་ཆ་ཚད་ལྡན་དགོས་རྒྱུའི་མ་ཚང་བ་འཚབ་པ་སོགས་སྲོལ་གང་ཡོད་དང་། གསར་བཞུགས་རྣམས་ཀྱིས་དགོང་ཐུན་ནས་བཟུང་


SPN003_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་བསྡམ་ཞིང་། ཆ་གསུམ་བཏང་ལ་ཐོ་བསླང་། བསམ་འགྲུབ་མ་འདོན། དེ་ནས། མཚལ་མ་བསྡུས་པ་ཉིན་བཞིན་དགོང་ཐུན་དང་ཕྱོགས་མཚུངས་ལ་ཁྱད་པར་བྲག་བཙན་བསྡུས་པ་དང་། གཞན་རྣམས་དཀྱུས་ལྟར། བསྙེན་པ་དང་། འགུག་གཞུག ༣ །མ་དག་མ། གང་ཞིག་མའི་མཐར་ཐུན་གཏོར་ཕྱིར་ཕུལ། དམ་ཞིང་བསྐུལ་པ་མི་འདོན། གར་ཟློག་ལ་སོགས་གཞུང་ལྟར་བྱ། ཕྱི་ཉིན་ཐོར་ཐུན་ལ། ཚིག་བདུན་མ་དང་། བརྒྱུད་འདེབས་ཕག་མོའི་བདུད་རྩི་བྱིན་རླབས་སོགས་གོང་གསལ་བཞིན་མཐར་ཆགས་སུ་བཏོན་པས་ཁྱབ་བོ། །ཐ་སྐར་ཅན་གྱི་དབང་ཕྱོགས་ལ་དགུ་ཆུང་གི་ཚུལ་དུ་བསྟན་པའི་སྤྱི་རིམ་གཏོར་ནག་པར་བུའི་ལས་སྦྱོར་བཅའ་སྒྲུབ་སྐོར་གྱི་ཕྱག་ལེན་སོགས། ༈ རྗེ་གོང་མའི་གསུང་རྒྱུན་ཟིན་ཐོ་ཅི་ལྟ་བ་དགོས་ཤིང་། རྒྱུན་གྱི་སྤྱོད་ལམ་མཚམས་དམ་པར་བཅད་ནས་མཚམས་གཡོག་མ་གཏོགས་གཞན་འགྲོ་སྡོད་མི་ཆོག །ལྷ་མཇལ་ཡོང་མཁན་དེ་མཚུངས་དགོངས་ཞུས་འདྲ་མ་གཏོགས་འོང་མི་ཆོག་པའི་བཀའ་རྒྱ་དམ་པར་ཡོད་ཅིང་། རྣམ་ཀུན་དམ་ཚིག་བརྟན་པོའི་ངང་ནས་དཔལ་ལྡན་བླ་མ་དང་ཡེ་ཤེས་མགོན་པོ་དབྱེར་མེད་པའི་ངེས་ཤེས་འདུན་པ་ལྡན་པས་བསྟན་པ་དང་སེམས་ཅན་


SPN003_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དོན་ལ་དམིགས་པའི་བསྙེན་སྒྲུབ་ལས་གསུམ་སོགས་ལུས་དང་ངག་ཡིད་དགེ་ལ་བསྐུལ་བའི་སྒོ་ནས་བསྐྱེད་རྫོགས་ཀྱི་ཉམས་ལེན་གཙོར་བཏོན་པའི་ལྷ་བསྒོམ་སྔགས་བཟླས་གདོན་བྱའི་གོ་རིམ་རྣམས་དང་། ཌཱ་དྲིལ། རོལ་མོ་རྔ་ཚིག། རྐང་གླིང་བཏང་ལགས། གཏོར་མ་དང་མཆོད་པ་རྣམས་བཤམ་བཀོད་གསོ་བྲན་འབུལ་བ་ལ་སོགས་ཕྱག་ལེན་མཐོང་བ་བརྒྱུད་པའི་ཞལ་རྒྱུན་ཇི་བཞིན་ལྷག་ཆད་མེད་པ་ཞིག་གིས་རང་བཟོ་བྱུང་རྒྱལ་དུ་མ་སོང་བ་དང་། བག་མེད་ཀྱི་ཆང་རག་བཏུང་བ་སོགས་མདོར་ན་སྤྱོད་ལམ་རྩིང་ཧྲལ་དབང་གིས་གཉིད་དང་ལེ་ལོ་ལ་སོགས་ཉོན་མོངས་རགས་པ་རྣམས་སྤང་བ་གལ་ཆེ་ཞིང་། ཚུལ་དང་མི་ལྡན་པའི་ལོག་པར་ལྟ་བའི་གནས་སུ་འགྱུར་སྲིད་ན། ཡེ་ཤེས་པའི་ལྷ་ལ་འཛིན་རྟོག་མི་མངའ་ཡང་། ལས་དང་འཇིག་རྟེན་སྲུང་མ་རྣམས་ཀྱིས་ལེགས་ཉེས་སྟང་འཛིན་དམ་ཚིག་རྗེས་གཅོད་བཀའ་ཡི་ཆད་པ་འབེབས་ཤིང་། ལས་འབྲས་བླང་དོར་བསླུ་མེད་ཀྱིས་མནར་མེད་གནས་སུ་ལྟུང་བར་འགྱུར་བས་དེས་ན་བག་ཡོད་པའི་རྣལ་འབྱོར་ལ་བརྩོན་པར་བྱའོ། །སྔར་རྒྱུན་སྒྲུབ་པ་གསུམ་དང་། ཤིང་སྤྲེལ་ལོར་གསར་བཞག་གཅིག་གི་ཕོགས་ཆས་རྟེན་ས་ཞིང་དང་། ཁྱད་པར་མགོན་པོའི་བསྙེན་འཁོར་བཅས་གཟིམས་དཔོན་བདེར་གཤེགས་པས་ཇི་སྲིད་བརྟན་


SPN003_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཞག་པའི་དགེ་དེས་རྒྱལ་བསྟན་དར་ཞིང་བསྟན་འཛིན་མཆོག་རྣམས་ཞབས་པད་བརྟན་པ་དང་། དགེ་འདུན་གྱི་སྡེ་རྒྱས་ཞིང་ལྷག་པར་དེ་ཉིད་ས་དང་ལམ་གྱི་ཡེ་ཤེས་ཡོན་ཏན་མཐའ་དག་ཡོངས་སུ་རྫོགས་ནས་ཀུན་བཟང་འོད་མི་འགྱུར་དང་དབྱེར་མེད་མངོན་བྱང་ཆུབ་ཅིང་། མ་གྱུར་འགྲོ་རྣམས་རྫོགས་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཕྱིར་དུ་ཡོངས་སུ་བསྔོ་བས་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །ཅེས་སི་ཏུ་པདྨ་ཉིན་བྱེད་དབང་པོས་ས་སྐྱོང་ཞེས་པ་ཤིང་བྱ་ཟླ་བ་གཅིག་པའི་ཚེས་བཅོ་ལྔ་ལ་བཀོད་པ་སརྦ་མངྒ་ལཾ། །


previousབཅའ་ཡིགnext