Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  collapse section
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
  collapse section
   
   
   
   
   
   
   
   
དཔལ་ལྡན་འབྲུག་ཆེན་རྡོ་རྗེ་འཆང་མཆོག་གི་རྣམ་རོལ་སྐོར་གྱི་ཕྲིན་ཡིག
   
   
   
   
  collapse section
   
   
   
   


 
previousདཔལ་ལྡན་འབྲུག་ཆེན་རྡོ་རྗེ་འཆང་མཆོག་གི་རྣམ་རོལ་སྐོར་གྱི་ཕྲིན་ཡིགnext

དཔལ་ལྡན་འབྲུག་ཆེན་རྡོ་རྗེ་འཆང་མཆོག་གི་རྣམ་རོལ་སྐོར་གྱི་ཕྲིན་ཡིག


SPN003_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་འབྲུག་ཆེན་རྡོ་རྗེ་འཆང་མཆོག་གི་རྣམ་རོལ་སྐོར་གྱི་ཕྲིན་ཡིག་བཞུགས་སོ།


SPN003_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་སྭསྟི། མཆོག་གསུམ་ཀུན་འདུས་ཀྱི་ངོ་བོ་འཕུར་འགྲོའི་སློབ་དཔོན་ཆེན་པོ་དང་དབྱེར་མ་མཆིས་པ་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་པཎ་ཆེན་ནཱ་རོ་ཏ་པའི་ཐུགས་རྗེ་ཡེ་ཤེས་ཀྱི་རོལ་པ་མངོན་སུམ་དུ་འཆར་བ་སྙན་གྲགས་དབྱར་གྱི་རྔ་ཆེན་ས་གསུམ་ཀུན་ཏུ་སྒྲོག་པའི་ལེགས་བྱས་ཀྱི་གྲུ་ཆར་རྟག་པར་སིམ་པའི་མཐུ་ལས་འཛམ་གླིང་སྤྱི་དང་བྱེ་བྲག་གངས་ཅན་ལྗོངས་འདིར་རྒྱལ་བའི་བསྟན་པ་རིན་པོ་ཆེའི་དཔལ་དང་། སྐྱེ་དགུ་རྣམས་ཀྱི་མགོན་དང་སྐྱབས་དཔུང་གཉེན་མཆོག་ཏུ་མངོན་པར་བསྔགས་པ། དཔལ་ལྡན་རྒྱལ་དབང་འབྲུག་པ་རིན་པོ་ཆེ་ཞེས། ཐུབ་མཆོག་ཤཱཀྱའི་གཙོ་བོ་དང་། ཨོ་རྒྱན་ཆེན་


SPN003_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རྡོ་རྗེའི་བཀས་གསལ་བར་བསྟན་པ། སྐྱེས་བུ་དམ་པ་རྣམས་ཀྱི་རིགས་བདག་མཚུངས་བྲལ་རྡོ་རྗེ་འཆང་ཆེན་མིའི་ཟོལ་ཅན་དེ་ཉིད་གདུལ་བྱ་རྟག་པར་འཛིན་པ་འཁྲུལ་ཞེན་ཀྱི་སྣང་བ་ལྡོག་པའི་ངོར་གཟུགས་སྐུའི་བཀོད་པ་ཟག་མེད་ཆོས་ཀྱི་དབྱིངས་སུ་བསྡུ་བའི་ཚུལ་བསྟན་སྐབས་ཉེ་བར་གནས་པའི་རྗེ་དབོན་མཆོག་དང་། ཞབས་རིམ་པ་རྣམས་ཀྱིས་གང་གི་རྣམ་རོལ་སྐོར་གསལ་བར་ལུང་བསྟན་སྩོལ་ཞེས་གསོལ་བ་བཏབ་པར་དེ་དག་ལ་རྗེས་སུ་དགོངས་པའི་ཞལ་བཞེས་རྡོ་རྗེའི་བཀའ་ཆེམས་རིན་པོ་ཆེ་སྩལ་བར་འབྱུང་འགྱུར་གནས་ལ་བསྟན་འགྲོའི་དོན་དུ་སླར་ཡང་ཐུགས་བསྐྱེད་ཟབ་མོས་ཁྱབ་


SPN003_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྤྲུལ་བའི་ཟློས་གར་དབུས་དང་གཙང་གི་ཕྱོགས་སུ་ཁྱིམ་བདག་མཐོན་པོའང་མ་ཡིན་པ་ཐ་མའང་མིན་པའི་བར་མའི་ཚུལ་ཅན་རིགས་བཟང་ཆོས་དང་ལྡན་པར་རིམ་གསལ་འོང་པས་དེའང་གཙོ་བོར་༧རྒྱལ་དབང་ཀརྨ་པ་དང་། རྗེ་བཙུན་དཔའ་བོ། སི་ཏུ་བཅས་ལ་ཞུས་དང་སྒྲིབ་བྲལ་འཁྲུལ་པ་མེད་པར་མངོན། ཞེས་པའི་བཀའ་རིན་པོ་ཆེ་ཐོབ་པར་བརྟེན་རྗེ་དབོན་མཆོག་ནས་ཡས་ཕྱིར་ཡབ་སྲས་རྣམས་ཀྱི་དྲུང་དུ་༧མགོན་དེའི་སྒྱུ་འཕྲུལ་རོལ་པའི་སྐོར་ཡང་ཡང་བཀའི་བསྐུལ་མ་ཆེ་ཐང་ཕུལ་བར། ངོས་ནས་འདི་དོན་བསྟན་འགྲོའི་གཞི་རླབས་པོ་ཆེར་སོང་གཤིས་ད་དུང་སྐྱབས་མགོན་མཆོག་རྣམས་ལ་དགོངས་སྐོར་བཀའ་བརྟག་ཞིབ་བརླིང་ཞུ་གནང་རེ་ཞིག་ཐུགས་བྲེལ་མི་འཚལ་ཞུས་ཤིང་། ཁོ་བོས་ཀྱང་རྩ་གསུམ་འདུས་ཞལ་འཁོར་ལོའི་མགོན་པོ་དེ་ཉིད་རང་སེམས་གདོད་ནས་ཡེ་ཤེས་ཆོས་སྐུའི་ངོ་བོ་འདུ་འབྲལ་མེད་བཞིན་སྣང་སྲིད་བླ་མའི་རོལ་པར་ངེས་པའི་གསོལ་གདབ་ཀྱི་འཆར་སྒོ་སྔ་མ་དབོན་དྲུང་དང་ལྡེ་འཆང་པར་ཕུལ་ལྟར་ལགས། ད་ལམ་སྟོན་མཆོག་ལྷ་ལས་བབས་པའི་དུས་ཚེས་དགེ་བར་གཟིམ་དཔོན་རྣམ་རྒྱལ་ཆོས་འགྲུབ་དཔོན་གཡོག་འདིར་བཏང་འབྱོར་གདོང་། ༧ སྐྱབས་མགོན་རྒྱལ་དབང་རིན་པོ་ཆེ་


SPN003_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ངེས་པའི་དོན་དུ་རྡོ་རྗེའི་གསུང་གསང་ཟབ་མོ་བསྩལ་བ་དང་། རྗེ་དཔའ་བོ་རིན་པོ་ཆེའི་དོན་དམ་གྱི་བཀའ་གསང་དང་བཅས་སྔ་ཕྱི་ཕྱག་རྟགས་པད་རག་གི་རྒྱ་ལྡན་ཚིག་དོན་ཕུན་སུམ་ཚོགས་པ་བསྩལ་འབྱོར་དང་ལྷན་ཅིག་རང་གིས་དད་གསུམ་རྣམ་པར་དག་པས་རི་མོར་བྱས་པ་དགེ་མཚན་གྱི་ལྟས་དང་ཡང་མཚུངས་པར་གྱུར་པས་སླར་ཡང་མི་ཕྱེད་དད་པའི་གསོས་སུ་ཐོབ། ཆེད་དུ་བརྗོད་དོན། ༧ དམ་པའི་སྒྱུ་འཕྲུལ་རྡོ་རྗེའི་སྣང་བརྙན་ཡུལ་གཙང་ཕྱོགས་སུ་རིགས་རུས་ཆོ་འབྲང་ཡ་རབས་དྲ་མའི་སྤྱོད་ཚུལ་ཅན་དགེ་བཅུའི་ཆོས་དང་ལྡན་པ་ཞིག་གི་སྲས་སུ་འཁྲུངས་པར་འཁྲུལ་པའི་དྲི་མས་དབེན་པ། སྐྱེས་བུ་ཆེན་པོ་དེའི་སྐུའི་བཀོད་པ་ཕྱི་ནང་གསང་བ་ཡང་གསང་རྟགས་ཀྱི་མཚན་ཉིན་ཡོན་ཏན་ངོ་མཚར་བརྗོད་པར་དཀའ་བ་རྣམས་ནི་གྲུབ་པའི་དབང་ཕྱུག་དཔའ་བོ་རིན་པོ་ཆེའི་ཟག་མེད་ཡེ་ཤེས་སྤྱན་རས་ཀྱི་གཟིགས་ངོར་འབབས་པ་དེས་ཁྱབ། འོན་ཀྱང་སྙིགས་དུས་དབང་གིས་ཅུང་ཟད་འཚུབ་ཆེར་དོགས་པས་༧ ཞབས་བརྟན་ཀྱི་རིམ་པ་སྒོ་གང་ཟབ་གལ་ཆེ་ཞིང་། དེ་དག་གི་རྩ་བ་རྗེས་འཇུག་བུ་སློབ་རྣམས་དམ་ཚིག་སེལ་མེད་ཀྱི་སྤྱོད་ཚུལ་རྣམ་པར་དག་པ་གཞིར་བྱས། ༧ ཨོ་རྒྱན་རིན་པོ་ཆེར་གསོལ་གདབ་ཚིག་བདུན་


SPN003_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

མ་འགྲོ་གང་ཆེ། གསོལ་འདེབས་བསམ་ལྷུན་མ། ཚེ་ལྷ་རྣམ་གསུམ་ཆོ་ག །འཇམ་དཔལ་མཚན་བརྗོད། གདུགས་དཀར་མཆོག་གྲུབ་མ། རྡོ་རྗེའི་ཆོས་སྐྱོང་ཆེན་པོ་རྣམས་ལ་གསོལ་མཆོད་དང་། ཁྱད་པར་སྐོང་རྟེན་སྒྲུབ་པའི་རྫས་འབུལ། དཀར་ཕྱོགས་སྐྱོང་བར་མངའ་གསོལ། ལྷ་བསང་དང་། རླུང་རྟ་བསྐྱེད་པ། རྒྱལ་མཚན་དང་བ་དན་འཕྱར་བ་སོགས་དགེ་ཞིང་། ༧ རྗེ་ནཱ་རོ་དང་མར་པ་ཞེས་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་བླ་སློབ་ཚད་མའི་ཐུགས་བསྐྱེད་ཀྱིས་ཚེ་རབས་ནས་འབྲེལ་བའི་ལས་སྨོན་ལྡན་པ་པདྨའི་མིང་ཅན་བདག་གིས་ཐོག་མའི་མཚན་གསོལ་དང་ཤིས་བརྗོད་རྟེན་འབྱུང་གི་དངོས་པོ་ཕུལ་ཞིང་། ངོས་འཛིན་སྐུ་ཁྲུས་སོགས་ཀྱི་སྐོར་ལ་༧ རྗེ་དཔའ་བོ་རིན་པོ་ཆེ་ནས་རྟེན་འབྲེལ་གྱི་སྒོ་གང་ཟབ་བཀའ་དྲིན་དང་། མི་འཇིགས་སེང་ཁྲིར་མངའ་གསོལ་གཟེངས་བསྟོད་སོགས་༧ ཀར་འབྲུག་གི་སྐྱེས་ཆེན་ཡབ་སྲས་རིན་པོ་ཆེ་མཆོག་ལྷན་རྒྱས་ནས་ཐུགས་བསྐྱེད་རྒྱ་གང་ཆེས་ཆོས་ཀློང་ཟབ་མོ་མཁའ་ལྟར་ཡངས་པ་ནས་དོན་དང་ལྡན་པའི་ཕྲིན་ལས་ཉིན་མོར་བྱེད་པའི་འོད་སྣང་སྤྲོ་བཞིན། འགྲོ་རྣམས་རྫོགས་ལྡན་བསྐལ་བཟང་པདྨའི་དགའ་ཚལ་ལ་ཉེ་བར་སྤྱོད་པའི་བཀའ་དྲིན་ཆེན་པོས་རྟག་པར་སྐྱོང་དུ་གསོལ། ཞེས་པའི་ཕྲིན་ཡིག་མེ་ཕག་སྨིན་ཟླའི་


SPN003_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ཕྱོགས་ཀྱི་དགའ་བ་གཉིས་པར་ས་སྤྱོད་དགའ་ལྡན་ཡིད་དགའ་ཆོས་འཛིན་དཔལ་སྤུངས་ཐུབ་བསྟན་ཆོས་ཀྱི་འཁོར་ལོའི་གླིང་ནས་ཕུལ་བ་ཛ་ཡནྟུ། །དེང་རྒྱལ་བའི་བཀའ་མཆིད་ཀྱི་རིམ་པ་ཉིན་བྱེད་གསར་དུ་འཆར་བའི་གཞི་འདི་དག ཁྱོད་ཀྱི་ལྷག་བསམ་དྲིན་ལས་བསྐྱེད་པའི་ལེགས་བྱས་བཟང་པོའི་མཐིང་ཤོག་གནམ་སྔོན་ཞུན་མའི་མདངས་འཛིན་ཉེ་བར་གྲུབ་པའི་ལེགས་སྤྲོ་མཚོན་པར་བཀྲ་ཤིས་ལྷ་ཡི་རེག་བྱ། མངྒའི་རི་མོས་མཚན་པའི་ཧོར་གོས་ཁ། འཆི་མེད་ཀྱི་བདུད་རྩི་དང་བཅས་བསྲིང་ཡོད། དེ་ལྟར་རྒྱལ་བའི་གསུང་གསང་གི། །འོད་སྟོང་ལྡན་དེའི་དཔལ་བྱིན་ལས། །མཐའ་ཡས་འགྲོ་ཚོགས་བྱང་གྲོལ་གྱི། །གོ་འཕང་དམ་པ་མཆོག་ཐོབ་ཤོག །ཅེས་མཛོད་པ་ཀརྨ་བཀྲ་ཤིས་ནས་རྨད་བྱུང་དགེ་མཚན་ཆེས་ཆེར་འབར་བའི་མཐུན་རྐྱེན་བསྒྲུབ་པར་བརྟེན། མེ་འབྲུག་ཟླའི་ཚེས་དགེ་བར་སི་ཏུས་བསམ་གྲུབ་རྡོ་རྗེའི་སྤོ་ནས་བྲིས་པ་ཤུ་བྷཾ། །འཕགས་མཆོག་ཕྱག་ན་པདྨོ་མཐོན་མཐིང་ཅོད་པན་འཆང་བ་མཆོག་གི་ཆོས་ཀྱི་རྒྱལ་ཐབས་དམ་པར་དབང་བསྒྱུར་བ་ཏཱའི་སི་ཏུར་འབོད་པའི་ཡི་གེ། འཛིན་མའི་གཞིར་འཁོད་པ་སྤྱི་དང་བྱེ་བྲག་ནང་ཆེན་ཆིང་ཧུའི་མངའ་རིས་ཀྱི་བེ་ཧུ་ཉེར་ལྔའི་


SPN003_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་གཏོགས་པའི་ལྷ་སྡེ་དང་མི་སྡེ་མཆོག་དམན་བར་མ་རྣམས་ལ་ཟློ་བ། མདོ་སྔགས་བསྟན་པ་ཡོངས་ཀྱི་རྩ་ལག་དམ་པ་གྲུབ་ཆེན་༧ ཀརྨ་ཆགས་མེད་རིན་པོ་ཆེའི་རིང་ལུགས་ཀྱི་སྲོལ་བཟང་འཆང་བ་བཟོ་རིག་རིན་ཆེན་སྤུངས་པའི་ཆོས་འཁོར་སྐྱོང་བའི་བླ་མ་རིམ་ཅན་ཚར་དུ་དངར་བ་ལས་བླ་རྒན་བསྟན་འཛིན་དོན་གྲུབ་བསྟན་པ་ལ་བྱ་བ་ཆེ་ཞིང་དོན་གྱི་རྣལ་འབྱོར་དུ་ངེས་པ་དང་། བླ་མཆན་གཞན་དག་རྣམས་ཀྱང་བསྟན་འགྲོའི་གསོས་སུ་ཤུགས་འབྱུང་གིས་གྲུབ་ཅིང་འདི་གའི་དབོན་རྒན་བསམ་གཏན་སྤྲུལ་སྐུའི་གཅུང་ཀརྨ་བསྟན་འཛིན་རྣམ་རྒྱལ་ཞེས་པ་འདི་ཡང་། སྔོན་དུ་ཀརྨ་ཨ་རཱ་གའི་མཆོག་སྤྲུལ་གྱི་ལུང་བསྟན་རྗེས་འཛིན་ཐོབ་པ་དང་། སྐྱབས་མགོན་༧ རྒྱལ་བའི་དབང་པོ་མཆོག་གི་ཞབས་པད་ནས་ཀྱང་བཀའ་སྩལ་བྱིན་རླབས་ཤིས་པའི་མེ་ཏོག་བསྐོ་འཇའ་བཀའ་དྲིན་ཆེན་པོས་ཁྱབ་པ་བཅས། ཁོ་བོས་ཀྱང་སྨིན་གྲོལ་གདམས་ཟབ་བླ་ན་མེད་པ་མཐའ་དག་གིས་རྒྱུད་སིམ་པར་བྱས་པའི། གཞི་ནས་སྔོན་སྨོན་འབྲེལ་བཟང་ལས་ཀྱིས་བསྐུལ་བ་ལྟ་བུར་ངེས་པའི་བསྟན་དང་སེམས་ཅན་ལ་ཕན་བདེ་སྤེལ་བའི་བཙས་སུ་འགྱུར་སྙམ་ནས་འགྲོ་བའི་དེད་དཔོན་བླ་མའི་གོ་སར་བཀོད་པ་ཡིན་པས། དགེ་ལ་འདུན་པའི་དད་ཅན་རྣམས་ཀྱིས་ལྷག་པའི་བསམ་སྦྱོར་


SPN003_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

མི་དམན་པའི་སྒོ་ནས་བསྙེན་བཀུར་སྲི་ཞུ་ཕུ་དུད་ལ་སོགས་དང་ལེན་ཅི་ནར་འཚལ་ཞིང་། བླ་མ་འདི་པས་ཀྱང་ཐོས་སྒོམ་བསླབ་གཞིའི་ཚུལ་ལ་གཞན་དྲིང་མི་འཇོག་པ་ཤཱཀྱའི་སྲས་ཀྱི་བརྟུལ་ཞུགས་ལ་གནས་པའི་རང་དོན་ཕ་རོལ་ཕྱིན་པ་དྲུག་ལ་སྤྱོད་པའི་གཞན་དོན་བསྡུ་བཞིའི་སྒོ་ནས་བསྟན་ལ་ལྷག་པར་གུས་པའི་སྟོབས་བསྐྱེད་ནས་འཛིན་སྤེལ་སྐྱོང་བའི་གཅེས་སྤྲས་དང་། རིས་སུ་མ་ཆད་པའི་སེམས་ཅན་དོན་ལ་གཅིག་ཏུ་རྟག་པར་བརྩེ་བའི་སྒོ་ནས་བྱམས་དང་སྙིང་རྗེ་ཕྱོགས་མེད་འབྱོང་བ་སོགས། མདོར་ན་དམ་པའི་རྣམ་ཐར་བཟང་པོ་རྗེས་སུ་སློབ་པའི་སེམས་བསྐྱེད་ཀྱི་དམ་བཅའ་ནམ་ཡང་བསྙེལ་མེད་གལ་ཆེ་ཞིང་། དེ་ལྟའི་རང་གཞན་དོན་གཉིས་ཕུན་སུམ་ཚོགས་པ་ཉིད་དུ་གེགས་མེད་ལྷུན་གྱིས་འགྲུབ་པར་ཕྱོགས་དུས་རྒྱལ་དང་རྒྱལ་སྲས་རྣམས་ཀྱི་ཐུགས་རྗེ་ཆེན་པོས་ཉེ་བར་སྐྱོང་བར་མཛད་དུ་གསོལ། ཞེས་རབ་བྱུང་བཅུ་བཞི་པའི་ཁོང་། ཤིང་ཕོ་སྤྲེལ་ལོ་གྲོ་བཞིན་ཉ་བའི་དཀར་ཚེས་བཟང་པོར་དཔལ་སྤུངས་ཐུབ་བསྟན་ཆོས་ཀྱི་འཁོར་ལོའི་གཙུག་ལག་ཁང་ནས་སྤེལ་བ་ཤུ་བྷཾ་མསྟུ་ཛ་ག་ཏཾ། །


previousདཔལ་ལྡན་འབྲུག་ཆེན་རྡོ་རྗེ་འཆང་མཆོག་གི་རྣམ་རོལ་སྐོར་གྱི་ཕྲིན་ཡིགnext