Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  expand section
  expand section
  expand section
   
   
   
  expand section
  expand section
   
   
   
   
   
ཞབས་བརྟན་གྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ཚེ་མཆོག་བདུད་རྩིའི་གཏེར་མཛོད།
  expand section
   


 
previousཞབས་བརྟན་གྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ཚེ་མཆོག་བདུད་རྩིའི་གཏེར་མཛོད།next

ཞབས་བརྟན་གྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ཚེ་མཆོག་བདུད་རྩིའི་གཏེར་མཛོད།


SPN003_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་བརྟན་གྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ཚེ་མཆོག་བདུད་རྩིའི་གཏེར་མཛོད་ཅེས་བྱ་བ་བཞུགས།།


SPN003_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་སྭ སྟི། ཕྱོགས་བཅུའི་བདེར་གཤེགས་རྒྱལ་བ་རབ་འབྱམས་ཚོགས། །གཅིག་བསྡུས་གུ་རུ་པདྨ་ཐོད་ཕྲེང་རྩལ། །འཆི་མེད་ཚེ་དབང་ལྷག་པའི་ལྷ་རྣམས་ཀྱིས། །དེང་འདིར་མི་འགྱུར་ཚེ་ཡི་དངོས་གྲུབ་སྩོལ། །དཔ༵ལ་ལྡ༵ན་སྒྲུབ་བརྒྱུད་བསྟ༵ན་པ༵འི་རྒྱ་མཚོ་ཆེར། །ཉི༵ན་བྱེ༵ད་འཆི༵་མེ༵ད་ལམ་ལས་ཡོངས་ཤར་བ། །གྲུ༵བ་པ༵འི་ཁྱུ༵་མཆོ༵ག་འགྲོ་བའི་མུན་པ་སེལ། །ཕྲི༵ན་ལ༵ས་རྒྱ༵ས་པ༵འི་དཔལ་མངའ་ཞབས་བརྟན་གསོལ། །གང་གི་གཞན་ཕན་འོད་སྣང་རབ་ཏུ་གསལ། །སྡེ༵་བཞི་པདྨོའི་གེ་སར་རྣམ་པར་བཀྲ། །སྐལ་ལྡན་རྐང་དྲུག་ཐར་པའི་ལམ་སྟོན་མཆོག །བྱང་ཆུབ་སེམས་དཔའ་ཆེན་པོ་ཞབས་བརྟན་གསོལ། །དམ་པ་ཁྱོད་ཀྱི་ཐུགས་བསྐྱེད་ཀུན་དགའི་དཔལ། །དམ་ཆོས་


SPN003_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མོའི་བདུད་རྩིའི་ཀླུང་བཟང་པོས། །སྐྱེ་དགུའི་ཉོན་མོངས་ཚ་གདུང་འགོག་བྱེད་པ། །སྨྲ་བའི་དབང་ཕྱུག་བསྐལ་བརྒྱར་ཞབས་བརྟན་གསོལ། །མགོན་ཁྱོད་དོན་དམ་འཕོ་འགྱུར་བྲལ་མོད་ཀྱང་། །ཀུན་རྫོབ་གདུལ་བྱའི་སྣང་ངོར་ཞིང་འདི་རུ། །གསང་གསུམ་མི་ཤིགས་འགྱུར་མེད་རྡོ་རྗེའི་སྐུ། །བསྐལ་པ་རྒྱ་མཚོར་ཞབས་པད་བརྟན་གྱུར་ཅིག །ཅེས་འཇིག་རྟེན་གྱི་འདྲེན་པ་རྒྱལ་མཆོག་ཕྱག་ན་པད་དཀར་འཆང་བ་ཞབས་པད་བསྐལ་པ་དུ་མར་བརྟན་པའི་ཕྱིར། གང་གི་ཞབས་རྡུལ་སྐྱེ་བ་ཀུན་ཏུ་མི་འབྲལ་བར་གཅིག་ཏུ་སྨོན་པའི་ཡིད་ཅན་སི་ཏུ་པདྨ་ཉིན་བྱེད་དབང་པོས་ཆུ་གླང་ལོ་སྨིན་ཟླའི་ཡར་ཚེས་དགེ་བར་གྲུབ་པའི་གནས་ནས་ཕུལ་བ་དགེ་ལེགས་འཕེལ། །ༀ་སྭ་སྟི། དུས་གསུམ་


SPN003_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་དང་རྒྱལ་སྲས་ཚོགས་རྣམས་ཀྱིས། །དེང་འདིར་བྱིན་རླབས་ཐུགས་རྗེའི་དངོས་གྲུབ་སྩོལ། །གདོད་ནས་ལྷུན་གྲུབ་བདེ་ཆེན་རྡོ་རྗེའི་སྐུ། །ཞིང་འདིའི་སྟོན་མཆོག་དམ་པར་བཞུགས་གསོལ་འདེབས། །རིམ་གསུམ་ཆོས་ཀྱི་འཁོར་ལོ་མཐའ་ཡས་པས། །འགྲོ་ཀུན་ལེགས་པའི་ལམ་མཆོག་སྟོན་མཛད་ཅིང་། །དཀྱིལ་འཁོར་རྒྱ་མཚོའི་དབང་ཕྱུག་འཁོར་ལོའི་མགོན། །དཔལ་ལྡན་བླ་མ་བསྐལ་བརྒྱར་ཞབས་བརྟན་གསོལ། །སྙིང་རྗེའི་རང་གཟུགས་འགྲོ་ལ་རྗེས་ཆགས་པའི། །བྱམས་པ་ཆེན་པོའི་ཐུགས་བསྐྱེད་གཏིང་མཐའ་ཡས། །རྒྱ་ཆེན་ཕྲིན་ལས་ཡིད་བཞིན་དབང་གི་རྒྱལ། །ཀུན་གྱི་འབྱུང་གནས་དམ་པར་ཞབས་བརྟན་གསོལ། །གང་སྐུ་སྐྱེ་མེད་སྒྱུ་མའི་སྐུར་སྣང་བ། །འཕོ་འགྱུར་མཚན་མ་ཡོངས་སུ་བྲལ་མོད་ཀྱང་། །ཞིང་འདིར་བསྟན་འགྲོའི་དཔལ་མགོན་མཆོག་དམ་པར། །བསྐལ་པ་དུ་མར་ཞབས་པད་བརྟན་བཞུགས་གསོལ། །ཆོས་དབྱིངས་རང་བཞིན་དོན་དམ་བདེན་པ་དང་། །ཆོས་ཅན་ཀུན་རྫོབ་བསླུ་མེད་ནུས་པ་ཡིས། །སྐུ་བཞིའི་བདག་ཉིད་ཆོས་ཀྱི་རྒྱལ་པོ་གང་། །བསྐལ་བརྒྱར་ཞབས་བརྟན་ཕྲིན་ལས་རབ་རྒྱས་ཤོག །ཅེས་པའང་སྲིད་ཞིའི་གཙུག་རྒྱན་དམ་པ་དཔལ་ཀརྨ་པ་ཆེན་པོ་བསྐལ་བརྒྱར་ཞབས་པད་བརྟན་པའི་ཆེད་དུ། གང་དེའི་བཀའ་འབངས་སི་ཏུ་པས་འོག་མིན་དཔལ་གྱི་མཚུར་ཕུའི་གནྡྷོ་ལ་ཡི་བྱ་འདབས་སུ་བྲིས་པ་དོན་ལྡན་དུ་གྱུར་ཅིག །སརྦ་མངྒ་ལཾ། །


SPN003_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་སྭ་སྟི། སྲས་བཅས་རྒྱ་མཚོ་བྱང་སེམས་མ་ལུས་པའི། །ཐུགས་རྗེའི་རང་གཟུགས་བདེ་ལྡན་ཞིང་གི་མགོན། །འོད་སྣང་མཐའ་ཡས་མཚོ་སྐྱེས་པདྨ་འབྱུང་། །རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་ཀློང་ཡངས་ནས། །སྒྱུ་འཕྲུལ་གར་སྟོན་སྣ་ཚོགས་འོད་ཟེར་བཞིན། །ཇི་སྙེད་ཤེས་བྱའི་འོད་ཀྱི་སྣང་བ་ཡིས། །ལོག་ལྟའི་མུན་ཚོགས་དྲ་བ་གཏན་ནས་བཅོམ། །བསྟན་པའི་གསལ་བྱེད་བསྐལ་བརྒྱར་འཚོ་གཞེས་གསོལ། །ཡོན་ཏན་རིན་ཆེན་ཀུན་གྱི་འབྱུང་གནས་གཏེར། །ཕུན་ཚོགས་ཟབ་མོའི་ཆོས་སྒོ་མཐའ་ཡས་ཀྱིས། །འགྲོ་རྣམས་བྱང་གྲོལ་ལམ་ལ་བཀོད་མཛད་པ། །ཚད་མེད་སྙིང་རྗེའི་དབང་ཕྱུག་འཚོ་གཞེས་གསོལ། །འགྱུར་མེད་རྡོ་རྗེ་ལྟ་བུའི་སྐུ་མངའ་བ། །ཡན་ལག་དྲུག་ཅུའི་དབྱངས་ལྡན་ཚངས་པའི་གསུང་། །བློ་གྲོས་ཀུན་ཁྱབ་མཐའ་མི་མངོན་པའི་ཐུགས། །གསང་གསུམ་མི་ཤིགས་བསྐལ་བརྒྱར་འཚོ་གཞེས་གསོལ། །མཆོག་གསུམ་ངོ་བོ་རྩ་བའི་བླ་མ་དང་། །དཔལ་ཆེན་རྡོ་རྗེ་གཞོན་ནུའི་བྱིན་རླབས་ཀྱིས། །མགོན་ཁྱོད་བསྟན་འགྲོའི་དཔལ་དང་མགོན་དམ་པར། །བསྐལ་བརྒྱར་འཚོ་ཞིང་ཞབས་པད་བརྟན་གྱུར་ཅིག །ཅེས་ཁྱབ་བདག་འཁོར་ལོའི་མགོན་པོ་དཔལ་ལྡན་བླ་མ་དམ་པ་བཀའ་བརྒྱུད་བསྟན་པའི་རྒྱལ་མཚན་འགྱུར་མེད་ཡོངས་གྲུབ་དམ་ཆོས་ཉི་མའི་སྡེ་ཞབས་པད་རྒྱ་མཚོར་བརྟན་པའི་ཕྱིར་ཀྭན་ཏིང་ཏཱ་ཡི་སི་ཏུས་དཔལ་གྱི་མཚུར་


SPN003_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

ཕུའི་གཙུག་ལག་ཁང་ནས་གསོལ་བ་དེ་བཞིན་རེ་འབྲས་དོན་ལྡན་དུ་གྱུར་ཅིག །སརྦ་མངྒ་ལཾ། །ༀ་སྭ་སྟི། མི་ཤིགས་རང་བྱུང་ལྷུན་གྱིས་གྲུབ་པའི་སྐུ། །རྣམ་དག་ཆོས་ཚུལ་ནཱ་དའི་སྒྲ་དབྱངས་ཅན། །ཟབ་ཞི་སྤྲོས་བྲལ་ཏིང་འཛིན་མཆོག་བརྙེས་པའི། །གསང་གསུམ་འགྱུར་མེད་རྡོ་རྗེ་བརྟན་བཞུགས་གསོལ། །མཐའ་བྲལ་ཟབ་མོའི་གནས་རྣམས་ཇི་སྙེད་པ། །འགྲོ་ཁམས་མོས་ངོར་དེ་སྙེད་སྟོན་མཁས་པའི། །གསུང་གི་དབང་ཕྱུག་འཇམ་དཔལ་དཔའ་བོ་ཆེ། །དངོས་སྣང་ཞིང་འདིར་ཆོས་སྟོན་འཚོ་གཞེས་གསོལ། །གསང་སྔགས་བླ་མེད་ཟུང་འཇུག་སྙིང་པོ་ཡི། །སངས་རྒྱས་བསྟན་པའི་ཉི་འོད་འབུམ་བརྡལ་བ། །བདེ་གཤེགས་ཀུན་གྱིས་དབུགས་དབྱུང་བསྔགས་པའི་གནས། །རྣམ་འདྲེན་འཇིག་རྟེན་མགོན་པོ་ཞབས་བརྟན་གསོལ། །སྣང་སྲིད་དབང་བསྒྱུར་ཕྲིན་ལས་རྒྱ་ཆེན་གྱི། །རྨད་བྱུང་གཞན་ཕན་ཐུགས་བསྐྱེད་དཔལ་འབར་བ། །ཡེ་ཤེས་གྲུབ་གཉིས་བྱིན་རླབས་སྩོལ་བའི་གཉེན། །པདྨཱ་ཀཱ་ར་དབྱེར་མེད་རྟག་བཞུགས་གསོལ། །དོན་དམ་འཕོ་འགྱུར་མཚན་མ་བྲལ་མོད་ཀྱང་། །ཀུན་རྫོབ་སྣང་བའི་རིགས་གསུམ་གདུལ་བྱའི་ངོར། །འཆི་མེད་ཚེ་མཐའ་ཡས་པའི་ངོ་བོ་རུ། །བསྐལ་པ་རྒྱ་མཚོར་ཞབས་པད་བརྟན་གྱུར་ཅིག །སྟོན་པ་མཉམ་མེད་བཅོམ་ལྡན་རྡོ་རྗེ་འཆང་། །རྩ་བའི་བླ་མ་སྐུ་བཞིའི་


SPN003_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཅན། །བཀའ་བརྒྱུད་བསྟན་པའི་རྒྱལ་མཚན་འབྲུག་པའི་ཞབས། །སྒོ་གསུམ་འདུད་དོ་རྙེད་བཀུར་སྒྲུབ་པས་མཆོད། །ནོངས་བཤགས་ཡི་རངས་ཆོས་འཁོར་བསྐོར་བར་བསྐུལ། །མི་འགྱུར་ཁྲི་ལ་མི་གཡོ་བཞུགས་གསོལ་འདེབས། །དུས་གསུམ་དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ། །འགྲོ་མགོན་ཁྱོད་དང་འབྲལ་མེད་བྱིན་གྱིས་རློབས། །ཞེས་བཀའ་བརྒྱུད་ཡོངས་ཀྱི་གཙུག་རྒྱན་འབྲུག་པ་རིན་པོ་ཆེ་བཀའ་བརྒྱུད་བསྟན་པའི་རྒྱལ་མཚན་གདོད་ནས་ཡོངས་གྲུབ་དམ་ཆོས་ཉི་མའི་སྡེ་བསྐལ་བརྒྱར་ཞབས་བརྟན་གསོལ་འདེབས་འདི་བཞིན་ཀྭན་ཏིང་ཏཱའི་སི་ཏུ་པདྨ་ཉིན་བྱེད་དབང་པོས་ས་སྤྱོད་གསུང་གི་གནས་མཆོག་ཀརྨ་རི་གླིང་ཆོས་འཁོར་གྱི་གཙུག་ལག་ཏུ་གསོལ་བ་བཏབ་པ་དོན་དང་ལྡན་པར་གྱུར་ཅིག །ཛ་ག་ཏཾ། །ༀ་སྭ་སྟི། གང་ཞིག་དུས་གསུམ་རྒྱལ་བའི་ཐུགས་རྗེའི་འཕྲུལ། །དཔལ་ལྡན་འཇིག་རྟེན་དབང་ཕྱུག་རིགས་ཀུན་གྱི། །ཁྱབ་བདག་གདོད་ནས་ལྷུན་གྲུབ་འགྱུར་མེད་སྐུ། །ཐེག་པ་མཆོག་གི་རྡོ་རྗེ་འཚོ་གཞེས་གསོལ། །ཆོས་འཁོར་རིམ་གསུམ་མཐར་ཐུག་དགོངས་པའི་དོན། །དྭགས་པོ་བཀའ་བརྒྱུད་ངེས་དོན་ཀཾ་ཚང་གི། །བསྟན་པ་ཡོངས་རྫོགས་འཛིན་པའི་ཐམས་ཅད་མཁྱེན། །གསང་གསུམ་རྡོ་རྗེའི་ཁམས་སུ་བརྟན་བཞུགས་གསོལ། །ཨོ་རྒྱན་རྡོ་རྗེའི་བཀའ་གསང་ཆོས་ཀྱི་སྒོ། །ཇི་སྙེད་གདུལ་བྱའི་ཁམས་དབང་མོས་པའི་ངོར། །སྟོན་པའི་བདག་ཉིད་


SPN003_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་འཁོར་ལོའི་མགོན། །ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་གྱུར་ཅིག །ཅེས་རྒྱལ་མཆོག་ཕྱག་ན་པདྨ་འཆང་བ་གྲུ་འཛིན་ཕྲེང་བ་རིམ་བྱོན་ལས། བཅུ་བཞི་པ་ཐེག་པ་མཆོག་གི་རྡོ་རྗེ་ཞབས་པད་བརྟན་པའི་གསོལ་འདེབས་སུ། སི་ཏུ་པདྨའི་མིང་ཅན་གྱིས་མཚུར་གནྡྷོ་ལར་བཀོད་པ་དགེའོ། །འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་དབང་གི། །སྙིང་རྗེ་ཆེན་པོའི་ཐུགས་ཀྱི་ཀློང་ཡངས་ནས། །གདུལ་དཀའི་འགྲོ་རྣམས་ཡལ་བར་མ་དོར་སླད། །དེང་འདིར་འགྲོ་བའི་མགོན་པོ་ཀརྨ་པ། །གང་དང་དབྱེར་མེད་འོད་སྣང་མཐའ་ཡས་ཀྱི། །སྒྱུ་འཕྲུལ་སྤྲུལ་པའི་ཟློས་གར་ཡོངས་ཤར་བ། །སྙིགས་དུས་འདྲེན་པ་ཞྭ་དམར་ཅོན་པན་ཅན། །ཞིང་འདིར་ཞབས་པད་བསྐལ་བརྒྱར་བརྟན་གསོལ་འདེབས། །རྒྱལ་བའི་ཕྲིན་ལས་བྱེད་པོར་དབང་བསྐུར་བ། །ཏཱ་ཡི་སི་ཏུ་པདྨ་ཉིན་བྱེད་དབང་། །པདྨའི་རྣམ་རོལ་དམ་ཆོས་ཀུན་འབྱུང་གཏེར། །རིག་པ་འཛིན་དབང་རྡོ་རྗེ་དྲག་པོ་རྩལ། །ཞིང་འདིར་ཞབས་པད་བསྐལ་བརྒྱར་བརྟན་གསོལ་འདེབས། །བསླུ་མེད་དཀོན་མཆོག་ཀུན་འདུས་ངོ་བོ་ཉིད། །བཀའ་བརྒྱུད་བླ་མ་རྣམས་ཀྱི་བྱིན་རླབས་དང་། །མ་ཧཱ་གུ་རུ་པད་འབྱུང་མཐུ་སྟོབས་ཀྱིས། །འགྲོ་དོན་ཕྲིན་ལས་ཉིན་བྱེད་འོད་སྟོང་གིས། །རྒྱལ་བསྟན་པད་ཚལ་རྒྱས་པའི་རྒྱུར་གྱུར་ཅིག །ཤོ་བུ་བླ་མ་གང་དེས་བསྐུལ་བཞིན། སི་ཏུས་སྤེལ། དགེ་ལེགས་འཕེལ་རྒྱས་ཤོག། །ལྷ་དང་བཅས་པའི་སྐྱེ་


SPN003_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

དགུའི་རྣམ་པར་འདྲེན། །བྱང་ཆུབ་སེམས་དཔའ་བདུད་འདུལ་རྡོ་རྗེ་འཆང་། །བསྐལ་པ་དུ་མར་ཞིང་འདིར་རྟག་བཞུགས་ནས། །བདག་སོགས་གདུལ་བྱ་རྗེས་སུ་འཛིན་མཛད་གསོལ། ལྷ་རྒྱལ་ངོར་སྤེལ། །ༀ་སྭ་སྟི་སིདྡྷནྟུ། གདོད་མའི་ཡེ་ཤེས་ཀུན་ཁྱབ་ཀློང་ཡངས་པར། །བདེ་ཆེན་འགྱུར་མེད་ཐུགས་རྗེའི་རང་བཞིན་ལས། །མ་འགག་སྣ་ཚོགས་རོལ་པའི་གར་སྒྱུར་མཁན། །རང་རིག་སྐུ་གསུམ་དབྱེར་མེད་འཚོ་གཞེས་གསོལ། །མི་གཡོ་རྡོ་རྗེའི་རང་བཞིན་མཚན་དཔེའི་སྐུ། །མི་ཤིགས་རྡོ་རྗེ་ནཱ་དའི་དབྱངས་ལྡན་གསུང་། །མི་རྟོག་རྡོ་རྗེའི་ཏིང་འཛིན་མངའ་བའི་ཐུགས། །མི་འགྱུར་རྡོ་རྗེའི་ཁྲི་ལ་འཚོ་གཞེས་གསོལ། །ཆོས་ཉིད་དོན་དམ་བདེན་པའི་སྟོབས་དག་དང་། །ཆོས་ཅན་ཀུན་རྫོབ་རྟེན་འབྲེལ་བསླུ་མེད་བདེན། །དེང་འདིར་དག་གཙང་དམ་ཚིག་རྣམ་དག་མཐུས། །བསྐལ་བརྒྱར་འཚོ་གཞེས་ཞབས་པད་བརྟན་གྱུར་ཅིག །ཅེས་པའང་གངས་ཅན་ལྷ་གཅིག་རྗེ་བཙུན་འབྲུག་པ་རིན་པོ་ཆེ་བསྐལ་བརྒྱར་ཞབས་པད་བརྟན་པའི་གསོལ་འདེབས་བདེན་ཚིགས་སུ། གང་གི་སློབ་འབངས་སི་ཏུ་པདྨ་ཉིན་བྱེད་དབང་པོས་འཛིན་བྱེད་ཅེས་པ་མེ་བྱི་ལོའི་ནག་ཟླའི་དཀར་ཕྱོགས་རྒྱལ་བ་དང་པོའི་ཚེས་ལ་བཀོད་དེ་ཕུལ་བ་སརྦ་མངྒ་ལཾ། ༈ །ༀ་སྭ་སྟི། དཔལ་ལྡན་ཡེ་ཤེས་རང་བྱུང་ངེ༵ས་པའི་དོ༵ན། །ལྷུ༵ན་གྱིས་གྲུ༵བ་པ་བསྟ༵ན་པ༵འི་ཉི༵ན་མོར་བྱེ༵ད། །མི༵་ཕ༵མ་ཐུགས་རྗེའི་


SPN003_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་འབུམ་བརྡལ་བ། །ཁམས་གསུམ་ཆོ༵ས་ཀྱི་རྒྱ༵ལ་པོར་ཞབས་བརྟན་གསོལ། །གདོ༵ད་ན༵ས་འཆི་མེད་ཡོ༵ངས་གྲུ༵བ་ངོ་བོ་ཉིད། །ཡིད་སྲུབས་ཕྱོགས་ལས་རྣམ་པར་རྒྱལ་བའི་གཟིས། །སྡེ་བཞིའི་པད་ཚལ་ཕྱོགས་བཅུར་རྒྱས་བཞིན་པར། །བསྐལ་མང་འཚོ་གཞེས་ཕྲིན་ལས་མཐར་ཕྱིན་ཤོག །ཆོས་དབྱིངས་རྟག་པ་དམ་པའི་བདེན་པ་དང་། །ཆོས་ཅན་ཀུན་རྫོབ་རྟེན་འབྲེལ་བསླུ་མེད་བདེན། །བདེན་པའི་བདེན་ཚིག་མཐུ་སྟོབས་རྨད་བྱུང་བས། །རེ་བའི་ཤིང་རྟ་ཡོངས་སུ་གང་གྱུར་ཅིག །ཅེས་བཀའ་བརྒྱུད་བསྟན་པའི་གཙུག་རྒྱན་གངས་ལྗོངས་འགྲོ་བའི་མགོན་པོ་དཔལ་ལྡན་འབྲུག་པ་རིན་པོ་ཆེའི་མཆོག་གི་སྤྲུལ་སྐུ་ཉིན་བྱེད་གསར་དུ་ཚེས་པའི་ཞབས་བརྟན་འདི་ཉིད་གུ་རུའི་ལུང་ཟིན་དུ་རློམ་པ། སི་ཏུ་པདྨའི་མིང་ཅན་གྱིས་རྗེ་དབོན་མི་ཕམ་བསྟན་འཛིན་ཕྲིན་ལས་རྣམ་པར་རྒྱལ་བ་གང་དེས་བསྐུལ་ངོར་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ། །ༀ་སྭ་སྟི། བསླུ་མེད་རྒྱལ་ཀུན་འདུས་པའི་སྤྱི་གཟུགས་མཆོག །དཔ༵ལ་ལྡ༵ན་སངས་རྒྱས་གཉིས་པ་པདྨ་འབྱུང་། །དཔའ་བོའི་དབང་ཕྱུག་རྟ་མཆོག་ཧེ་རུ་ཀ །འཆི་མེད་ལྷ་ཡིས་དགེ་ལེགས་མཆོག་སྦྱིན་མཛོད། །ལྷུན་གྲུབ་རྟག་བརྟན་གཞོམ་བྲལ་རྡོ་རྗེའི་ཁྲིར། །གསང་གསུམ་གཡོ་མེད་འགྱུར་བ་མེད་པའི་སྐུ། །ཕྲིན་ལས་གཟི་ཡིས་ལོག་སྨྲའི་མུན་ཚོགས་བཅོམ། །བསྟན་འགྲོ་ཕན་བདེའི་གཞིར་གྱུར་ཞབས་བརྟན་གསོལ། །དྭགས་བརྒྱུད་སྙིང་པོ་དྲི་མེད་པད་དཀར་


SPN003_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

གྱི། །རིང་ལུགས་འདབ་སྟོང་ཕྱོགས་བཅུར་རྒྱ༵ས་པ༵འི་ཕྱིར། །དམ་ལྡན་ཆོས་སྲུང་དཀར་པོའི་སྡེ༵་སྐྱོང་བ། །མཐུ་ལྡན་དྲེགས་པའི་ཚོགས་ཀྱིས་ཕྲིན་ལས་སྒྲུབས། །འགྲོ་མགོན་རྗེ་བཙུན་བླ་མ་སྤྲུལ་པའི་སྐུའི། །དམ་པ་ཆོས་ཀྱི་བདུད་རྩིའི་ཆར་ཆེན་གྱིས། །སྐལ་བཟང་ཐར་པའི་མྱུ་གུ་སྐྱེད་བྱེད་པ། །གཙུ༵ག་ལ༵ག་ཆོ༵ས་ཀྱི་རྒྱ༵ལ་པོ་ཞབས་བརྟན་གསོལ། །མཆོག་གསུམ་རྩ་གསུམ་རྒྱ་མཚོའི་ངོ་བོ་ཉིད། །དཔལ་ལྡན་ཀརྨ་པ་ཡི་བྱིན་རླབས་དང་། །ལྷ་མཆོག་རྡོ་རྗེ་གཞོན་ནུའི་ནུས་རྩལ་གྱིས། །སྨོན་པའི་བདེན་ཚིག་ཡོངས་སུ་འགྲུབ་མཛད་གསོལ། །ཞེས་གྲུབ་པའི་དབང་ཕྱུག་རྗེ་བཙུན་མཆོག་གི་སྤྲུལ་པའི་སྐུ་ཞབས་པད་བསྐལ་པ་དུ་མར་བརྟན་པའི་ཕྱིར། གང་དེའི་ཉེ་གནས་པ་ཀརྨ་བདེ་ཆེན་གྱིས་རྟེན་དང་བཅས་བསྐུལ་བར་ཆོ་འཕྲུལ་ཅན་གྱི་ཡར་ཚེས་ལ་འོག་མིན་མཚུར་ཕུ་ནས་གསོལ་བ་དགེ་ལེགས་འཕེལ། །རྒྱལ་བ་ཀུན་འདུས་འཆི་མེད་པདྨ། །རྒྱལ་ཀུན་སྐྱེད་ཡུམ་ཡིད་བཞིན་འཁོར་ལོ། །ཚེ་ཡི་དབང་ཕྱུག་ལྷ་མཆོག་རྣམས་ཀྱིས། །ཚེ་ཡི་དངོས་གྲུབ་འགྱུར་མེད་རྡོ་རྗེ། །གཞོམ་བྲལ་མི་ཤིགས་རྟག་བརྟན་ངོ་བོར། །གཞོམ་བྲལ་གསང་གསུམ་ཉིན་བྱེད་དབང་པོ། །དཔལ་ལྡན་སྙིང་པོའི་དོན་བརྒྱུད་གསལ་བྱེད། །དཔལ་ལྡན་བླ་མ་བསྐལ་བརྒྱར་བཞུགས་གསོལ། །མགོན་ཁྱོད་གདོད་ནས་ལྷུན་གྲུབ་བརྙེས་ཀྱང་། །མགོན་ཁྱོད་ཀུན་རྫོབ་འགྲོ་བློའི་མོས་


SPN003_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

ངོར། །ཕྲིན་ལས་སྣང་བས་ཕྱོགས་མཐར་ཀུན་ཁྱབ། །ཕྲིན་ལས་རབ་རྒྱས་བཀྲ་ཤིས་དགེ་ལེགས། །དེ་ལྟར་རྒྱལ་བ་ཀུན་གྱི་ཕྲིན་ལས་གདུགས་དཀར་སྲིད་རྩེར་བསྒྲེངས་པ་བླ་མ་དམ་པ་རྡོ་རྗེ་དྲག་པོ་བསྐལ་བརྒྱར་ཞབས་པད་བརྟན་ཕྱིར། སི་ཏུས་སྤེལ་བ་སུ་ཛ་ཡ། །།ༀ་སྭ་སྟི། རྒྱལ་སྲས་མཚོ་སྐྱེས་ཀུན་མཁྱེན་པདྨ་རྒྱལ། །རྒྱལ་ཀུན་རྣམ་རོལ་མཚུངས་མེད་ཆོས་ཀྱི་རྒྱལ། །མཆོག་གི་གསང་གསུམ་རྡོ་རྗེའི་རང་བཞིན་ཅན། །མཆོག་ཏུ་འགྱུར་མེད་ཁམས་སུ་བརྟན་གྱུར་ཅིག །ཆོས་འཁོར་ཟབ་མོའི་བདུད་རྩི་དམ་པའི་ཆོས། །ཆོས་སྒོ་ཇི་སྙེད་སྐལ་བར་འཚམས་པའི་ཆོས། །སྟོན་པའི་རྒྱལ་ཐབས་དམ་པ་སྲིད་ཞིའི་དཔལ། །སྟོན་མཆོག་ཞབས་བརྟན་ཕྲིན་ལས་རྒྱས་གྱུར་ཅིག །ཅེས་ཚངས་པ་ལྷ་ཡི་མེ་ཏོག་བཀའ་བརྒྱུད་བསྟན་པའི་སྒྲོན་མེར་གྱུར་པ་རྡོ་རྗེ་དྲག་པོའི་བརྟན་བཞུགས་སྒྲུབ་བརྒྱུད་དར་རྒྱས་གླིང་གི་རྟོགས་ལྡན་རྣམས་ཀྱི་ཞལ་འདོན་ཁྱེར་བདེར་ཏཱའི་སི་ཏུས་བཀོད་པ་མངྒ་ལཾ། །དཀོན་མཆོག་གསུམ་གྱི་ཐུགས་རྗེའི་མཁའ་ཀློང་ནས། །འགྲོ་ལ་རྗེས་བརྩེའི་སྙིང་རྗེའི་རང་རྩལ་མདངས། །རྒྱལ་ཀུན་ཕྲིན་ལས་མི་ཟད་གཏེར་ཆེན་པོ། །འཕགས་ཆེན་ཕྱག་ན་པདྨོའི་རྣམ་པར་རོལ། །དུས་གསུམ་ཐོགས་མེད་སྤྲུལ་བསྒྱུར་དུ་མ་ཡིས། །མཐའ་ཡས་གདུལ་བྱ་རྗེས་སུ་འཛིན་གྱུར་པའི། །ཐུགས་རྗེ་ཚད་མེད་སྲིད་པའི་མཚོ་སྒྲོལ་བ། །སྐྱེ་དགུའི་འདྲེན་པ་ཆོས་ཀྱི་རྒྱལ་མཚན་མཆོག །མི་འགྱུར་གཡུང་དྲུང་ཁྲི་ལ་


SPN003_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཤིགས་དང་། །གསང་གསུམ་རྡོ་རྗེའི་རང་བཞིན་བརྟན་གྱུར་ཏེ། །བྱང་ཆེན་ཐུགས་བསྐྱེད་གོ་ཆ་ཆེ་བཞེས་ནས། །ཞིང་འདིར་བསྐལ་པ་འབྱམས་ཀླས་བརྟན་བཞུགས་གསོལ། །ཞེས་པའང་རྒྱལ་མཆོག་བདུད་འདུལ་རྡོ་རྗེ་འཆང་གང་སླར་ཡང་སྤྲུལ་པའི་ཟླ་ཞལ་འཆར་བའི་གཏམ་རྣ་བའི་བདུད་རྩི་ཐོས་སྐབས་གྲུབ་པའི་རྗེས་འཛིན་རས་སྤྲུལ་ཤེས་རབ་རྒྱ་མཚོའི་བཞེད་ལྟར་སི་ཏུས་སྤེལ་བ་ཛ་ག་ཏཾ། །འགྱུར་མེད་གདོད་ནས་རྒྱལ་ཀུན་གསང་གསུམ་གྱི། །ཡོན་ཏན་མཐའ་ཀླས་གཅིག་བསྡུས་རིན་ཆེན་འབྱུང། །མཚན་དཔེ་ལྷུན་པོའི་ཕྲིན་ལས་མངོན་མཐོ་བ། །ཐེ༵ག་པ༵་མཆོ༵ག་གི༵་སྣང་བྱེད་ཞབས་བརྟན་གསོལ། །ཐུབ་བསྟན་རྒྱ་མཚོའི་གཞུང་ལུགས་གངྒཱའི་ཀླུང་། །གཅིག་གྱུར་ངེས་གསང་རིང་ལུགས་རྨ་མེད་པ། །སྐྱེ་དགུའི་སྐྱབས་སུ་ནུབ་མེད་འཛིན་པའི་བདག །རྡོ་རྗེའི་ཆོས་བདུན་རང་བཞིན་ཞབས་བརྟན་གསོལ། །ཇི་སྙེད་བསྐལ་པར་གདུལ་བྱའི་སྣང་ངོ་རུ། །དེ་སྙེད་སྤྲུལ་སྐུའི་བཀོད་པ་འདི་ཁོ་ན། །ཚེ་འོད་མགོན་བཞིན་རྟག་བརྟན་ལྷུན་གྲུབ་ཀྱི། །ངོ་བོར་འཚོ་གཞེས་ཞབས་པད་བརྟན་གྱུར་ཅིག །ཅེས་པའང་གངས་ཅན་མགོན་པོ་རྒྱལ་མཆོག་བཅུ་གསུམ་པ་བདུད་འདུལ་རྡོ་རྗེ་བསམ་བཞིན་སྐྱེ་བའི་ཟློས་གར་གསར་དུ་བཞད་པའི་སྐབས་བསླབ་གསུམ་ནོར་ལྡན་བླ་མ་སྤྲུལ་སྐུའི་བཞེད་ལྟར་སྤེལ། །གདོད་ནས་རྟག་བརྟན་རྡོ་རྗེ་ལྷུན་གྲུབ་ཀྱི། །རང་བཞིན་མཆོག་ལ་གནས་ཀྱང་གདུལ་བྱའི་ངོར། །མི་ཤིགས་མི་


SPN003_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བསྐལ་བརྒྱར་འཚོ་གཞེས་ནས། །ཐུགས་བསྐྱེད་ཟབ་མོའི་ཕྲིན་ལས་སྣང་བ་ཡིས། །བསྟན་འགྲོའི་དགེ་ལེགས་དབྱར་མཚོ་ལྟར་རྒྱས་ཤིང་། །ཐུབ་བསྟན་འཁོར་ལོ་གསུམ་གྱི་དགོངས་པའི་དོན། །ཉམས་མེད་ཡུན་གནས་གཉུག་མར་གནས་རྣམས་ཀྱང་། །དམ་ཆོས་བདུད་རྩིའི་རྒྱུན་གྱིས་འཚོ་གྱུར་ཅིག །ཅེས་གཅོད་ཡུལ་བ་ཀརྨ་ཡེ་ཤེས་ཀྱི་བཞེད་ལྟར། རྒྱལ་བའི་མཆོག་སྤྲུལ་གསར་འཆར་གྱི་ཞབས་བརྟན་དུ་སི་ཏུས་སྤེལ། །ༀ་སྭ་སྟི། གདོད་ནས་རང་བྱུང་ཟག་མེད་བདེ་ཆེན་དབྱིངས། །སྒྱུ་འཕྲུལ་གར་སྟོན་ཐེ༵ག་མཆོ༵ག་བླ་མེད་ཀྱི། །རྡོ༵་རྗེ༵་འཛིན་དབང་ཟློས་གར་སྤྲུལ་པའི་སྐུ། །གསང་གསུམ་འགྱུར་མེད་རྟག་བརྟན་ཡོངས་གྲུབ་ཤོག །འགྲོ་ལ་ཕན་བདེའི་གཞིར་གྱུར་སྨན་སྩོལ་བ། །སངས་རྒྱས་གཉིས་པ་ལྟ་བུའི་ཐུགས་བསྐྱེད་ཀྱི། །འཇུག་པ་ཟབ་མོའི་ཕྲིན་ལས་རྒྱས་མཛད་པ། །གསང་གསུམ་མི་འགྱུར་རྡོ་རྗེར་ལྷུན་གྲུབ་ཤོག །མཆོག་གསུམ་རབ་འབྱམས་བདེན་པ་ཟབ་མོ་དང་། །ཆོས་དབྱིངས་རང་བཞིན་དོན་དམ་བདེན་པ་ཡིས། །གཞོམ་བྲལ་རྡོ་རྗེའི་ཁྲི་ལ་གཡོ་མེད་པར། །ཚེ་འོད་མགོན་བཞིན་བསྐལ་བརྒྱར་བརྟན་གྱུར་ཅིག །ཅེས་པའང་བསླབ་གསུམ་ནོར་ལྡན་འབྲུག་སྐྱིད་ཕུག་པ་ཚུལ་ཁྲིམས་དར་རྒྱས་བཞེད་ལྟར་རྒྱལ་བའི་ཞབས་བརྟན་དུ་སི་ཏུས་སྤེལ་བ་དགེ། །བསྐལ་མང་ཐུགས་བསྐྱེད་རྒྱ་མཚོའི་འཇུག་ངོགས་ལས། །སྒྱུ་འཕྲུལ་རྡོ་རྗེའི་རོལ་གར་ཡིད་བཞིན་དབང་། །ཚངས་དབང་


SPN003_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་གི་རྒྱན་དུ་མཆོད་པ་གང་། །འཚོ་གཞེས་སྲིད་མཐའི་བར་དུ་བརྟན་གྱུར་ཅིག །ཟབ་མོའི་ཕྲིན་ལས་འདོད་འཇོའི་བུམ་བཟང་བཞིན། །འབད་མེད་ལྷུན་གྲུབ་དོན་གཉིས་དངོས་གྲུབ་ཆར། །སྐལ་བཟང་ཡིད་མཁར་མངོན་སུམ་སྐྱེད་མཛད་པ། །ཐར་ལམ་སྟོན་མཆོག་སྲིད་མཐར་བརྟན་གྱུར་ཅིག །གསང་གསུམ་ཡོན་ཏན་རྒྱ་མཚོའི་རང་བཞིན་ཅན། །མི་ཤིགས་གཡུང་དྲུང་མི་ནུབ་རྡོ་རྗེའི་ཁྲིར། །བསྟན་འགྲོའི་དཔལ་དང་མགོན་པོ་དམ་པ་རུ། །མི་ནུབ་རྒྱལ་མཚན་ཇི་བཞིན་བརྟན་གྱུར་ཅིག །ཅེས་པའང་གཏེར་སྟོན་ལྷུན་གྲུབ་རབ་བརྟན་གྱིས་དཔལ་ཀརྨ་པའི་ཟླ་ཞལ་གསར་དུ་འཆར་བའི་ཞབས་བརྟན་བསྐུལ་བཞིན་སི་ཏུས་སྤེལ། །ངེས་པ་ལྔ་ལྡན་ལོངས་སྤྱོད་ཡོངས་རྫོགས་པ། །བཅོམ་ལྡན་ཚེ་འོད་ཡེ་ཤེས་སྣང་མཐའ་ཡས། །རྣམ་རོལ་འཕགས་ཡུལ་གྲུབ་པ་མཆོག་རྣམས་དང་། །གངས་ལྗོངས་བསྟན་འཛིན་སྐྱེས་རབས་ཕྲེང་བ་ལས། །ཚར་དུ་དངར་བ་རྗེ་བཙུན་སྤྲུལ་པའི་སྐུ། །གང་འདིར་རྒྱལ་དབང་ཀརྨའི་རིང་ལུགས་ཀྱི། །ཤིང་རྟ་ཆེན་པོར་ཐུགས་བསྐྱེད་ཡོངས་གྲུབ་པའི། །ཕྲིན་ལས་ཕྱོགས་མཐར་རྒྱས་བཞིན་ཞབས་བརྟན་གསོལ། །མཁས་བཙུན་བཟང་གྲུབ་དམ་པའི་སྐྱེས་བུ་ཡི། །རྣམ་ཐར་རྨད་བྱུང་འཛིན་སྤེལ་བསྟན་དང་འགྲོའི། །དོན་རྣམས་མཐར་ཕྱིན་གསང་གསུམ་མི་འགྱུར་བ། །གཞོམ་བྲལ་རྡོ་རྗེའི་ཁམས་སུ་བརྟན་གྱུར་ཅིག །ཅེས་སི་ཏུ་པདྨའི་མིང་ཅན་གྱིས་དགེ་སློང་ཀརྨ་དབང་རྒྱལ་


SPN003_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

ངོར། ཞབས་དྲུང་ཏྲེ་ཧོ་རིན་པོ་ཆེར་ཞབས་བརྟན་བདེན་ཚིགས་སུ་སྤེལ་བ་དགེ། །ༀ་སྭ་སྟི། གདོད་ནས་འཕོ་འགྱུར་བྲི་གང་ལས་འདས་ཤིང་། །བདེ་བ་ཆེན་པོའི་རང་བཞིན་འདུས་མ་བྱས། །རྒྱལ་ཀུན་སྤྲོ་དང་བསྡུ་བའི་གཞིར་གྱུར་པ། །འཕགས་ཆེན་ཕྱག་ན་པདྨོ་ཞབས་བརྟན་གསོལ། །བརྡར་བཏགས་ངག་གི་ལམ་འདས་ཆོས་ཀྱི་སྐུ། །ཡེ་ནས་ཡེ་ཤེས་ནམ་མཁའི་རང་བཞིན་ཅན། །སྐྱེ་འགགས་གནས་བྲལ་རྟག་པའི་རྡོ་རྗེ་དངོས། །ཆོས་དབྱིངས་མཐའ་བྲལ་ཀློང་དུ་ཞབས་བརྟན་གསོལ། །མཁའ་དང་མཉམ་པའི་འགྲོ་བ་སྤྱི་དང་ནི། །ལྷག་པར་སྒྲུབ་བརྒྱུད་ཀཾ་ཚང་རིང་ལུགས་ཉིད། །ཕྱོགས་དང་ཐ་གྲུར་ཁྱབ་པའི་བྱེད་པོ་རུ། །བསྐལ་དང་བསྐལ་པར་ཞབས་པད་བརྟན་པར་གསོལ། །ཞེས་རྒྱལ་དབང་རིན་པོ་ཆེ་བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་ཆེད་དུ་སི་ཏུ་པདྨ་ཉིན་བྱེད་དབང་པོས་བཀོད་པ་དགེ་བར་གྱུར་ཅིག །ཤུ་བྷཾ། །ༀ་སྭ་སྟི། གང་ཞིག་དུས་གསུམ་རྒྱལ་བའི་ཐུགས་རྗེའི་འཕྲུལ། །དཔལ་ལྡན་འཇིག་རྟེན་དབང་ཕྱུག་རིགས་ཀུན་གྱི། །ཁྱབ་བདག་གདོད་ནས་ལྷུན་གྲུབ་འགྱུར་མེད་སྐུ། །ཐེ༵ག་པ་མཆོ༵ག་གི་རྡོ༵་རྗེ༵་འཚོ་གཞེས་གསོལ། །ཆོས་འཁོར་རིམ་གསུམ་མཐར་ཐུག་དགོངས་པའི་དོན། །དྭགས་པོ་བཀའ་བརྒྱུད་ངེས་དོན་ཀཾ་ཚང་གི། །བསྟན་པ་ཡོངས་རྫོགས་འཛིན་པའི་ཐམས་ཅད་མཁྱེན། །གསང་གསུམ་རྡོ་རྗེའི་ཁམས་སུ་བརྟན་བཞུགས་གསོལ། །ཨོ་རྒྱན་རྡོ་རྗེའི་བཀའ་


SPN003_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

གསང་ཆོས་ཀྱི་སྒོ། །ཇི་སྙེད་གདུལ་བྱའི་ཁམས་དབང་མོས་པའི་ངོར། །སྟོན་པའི་བདག་ཉིད་བདེ་ཆེན་འཁོར་ལོའི་མགོན། །ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་གྱུར་ཅིག། ཅེས་རྒྱལ་མཆོག་ཕྱག་ན་པདྨ་འཆང་བ་གྲུ་འཛིན་ཕྲེང་བ་རིམ་བྱོན་ལས། བཅུ་བཞི་པ་ཐེག་པ་མཆོག་གི་རྡོ་རྗེ་ཞབས་པད་བརྟན་པའི་གསོལ་འདེབས་སི་ཏུ་པདྨའི་མིང་ཅན་གྱིས་མཚུར་གནྡྷོ་ལར་བཀོད་པ་དགེ། །ཚེ་དང་ཡེ་ཤེས་དཔག་མེད་བཅོམ་ལྡན་འདས། །སྒྱུ་འཕྲུལ་རྣམ་པར་རྒྱལ་མ་ལྷ་མོའི་སྐུ། །ཐུགས་རྗེ་ཚད་མེད་ཡིད་བཞིན་འཁོར་ལོ་ཡི། །བྱིན་རླབས་འཆི་མེད་བདུད་རྩིའི་གྲུ་ཆར་ནི། །གང་འདིར་སིམ་པའི་ལེགས་བྱས་དཔལ་དེ་ཡིས། །མི་ཤིགས་དྭངས་མ་རྡོ་རྗེའི་སྐུ་བརྙེས་ཤིང་། །བསླབ་གསུམ་རྒྱུད་སྨིན་ཐོས་སྒོམ་མཐར་ཕྱིན་ནས། །བསྟན་དང་འགྲོ་དོན་ལྷུན་གྱིས་འགྲུབ་གྱུར་ཅིག །ཅེས་སི་ཏུ་པདྨའི་མིང་ཅན་གྱིས་གཏེར་སྤྲུལ་གསར་བཞད་ལ་ཀརྨ་གསང་སྔགས་བསྟན་འཛིན་བཟང་པོ་མཚན་དང་ཡུན་འཚོའི་བདེན་ཚིག །གང་དེའི་དབོན་སྤྲུལ་ཀརྨ་རབ་སྒྲུབ་ཀྱིས་བཞེད་ལྟར་སྤེལ་བ་དགེ། །དུས་གསུམ་རྒྱལ་བ་ཡོངས་འདུས་ཀརྨ་པའི། །རིང་ལུགས་ཕྲིན་ལས་ཤིང་རྟར་དབང་བསྒྱུར་བའི། །སྤྲུལ་པའི་རོལ་གར་སྟོན་གང་འཚོ་གཞེས་ཤིང་། །གཞོམ་བྲལ་འགྱུར་མེད་ཁམས་སུ་ལྷུན་འགྲུབ་ཤོག །བསླབ་གསུམ་རྣམ་པར་དག་པའི་གཞི་བརྟན་ཅིང་། །བསྡུ་དངོས་བཞི་དང་འཕགས་ནོར་བདུན་ལ་སོགས། །ཆོས་ཚུལ་སྤྱོད་ལ་ཉེར་


SPN003_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

འཚོའི་གེགས་བྲལ་བར། །འགྲོ་དོན་རླབས་ཆེན་མཐའ་རུ་ཕྱིན་པར་ཤོག །ཅེས་སི་ཏུ་པས་གཅོད་བླ་ཚེ་དབང་བཞེད་ངོར་བསོད་ཆོས་སྤྲུལ་སྐུར་ཡུན་འཚོའི་ཆེད་དུ་སྤེལ་བ་དགེ། །ཚེ་དང་ཡེ་ཤེས་དཔག་མེད་བཅོམ་ལྡན་འདས། །སྒྱུ་འཕྲུལ་གར་སྟོན་ཡིད་བཞིན་འཁོར་ལོ་ཡུམ། །རྣམ་པར་རྒྱལ་མ་ལ་སོགས་རྩ་བ་གསུམ། །བྱིན་རླབས་ཐུགས་རྗེའི་དབྱིངས་ལས་འཆི་མེད་ཀྱི། །བདུད་རྩིས་དམ་པའི་སྒྱུ་འཕྲུལ་པདྨ་དཀར། །ཡོངས་སུ་བྲན་མཐུས་གསང་གསུམ་མི་ཤིགས་པ། །གདོད་མའི་རྡོ་རྗེ་གསུམ་དངོས་བརྟན་གྱུར་པས། །བཀའ་བརྒྱུད་བསྟན་པ་རྒྱས་པའི་བཀྲ་ཤིས་ཤོག། །ༀ་སྭ་སྟི། ཚེ་དབང་ཡེ་ཤེས་འགྱུར་མེད་གདོད་ནས་གྲུབ། །ཚེ་བརྟན་མགོན་གྱུར་པདྨ་སམྦྷ་ཝ། །ཚེ་ཡི་ལྷ་ཚོགས་རབ་འབྱམས་ཞིང་གང་བས། །ཚེ་དཔལ་སྣང་བ་རབ་རྒྱས་དགེ་ལེགས་སྩོལ། །སྐུ་མཆོག་གསེར་གྱི་ལྷུན་པོ་བཞིན་ཏུ་བརྟན། །གསུང་གསང་མི་ཤིགས་གྲགས་སྙན་ཆོས་རྔ་སྤྲིན། །ཐུགས་ནི་མི་གཡོ་ཏིང་འཛིན་བརྒྱ་ཕྲག་མངའ། །གསང་གསུམ་མི་འགྱུར་བསྐལ་བརྒྱར་འཚོ་གཞེས་བརྟན། །ངེས་དོན་སྙིང་པོའི་རྒྱལ་བསྟན་ཉིན་མོར་བྱེད། །འཛིན་སྐྱོང་སྤེལ་བའི་ཕྲིན་ལས་ཤིང་རྟ་ཡིས། །འགྲོ་ཀུན་ཕན་བདེའི་འོད་སྟོང་སྤྲོ་བཞིན་ཏུ། །རྟག་པར་བཀྲ་ཤིས་ཀུན་ཏུ་ཁྱབ་པར་ཤོག །ཅེས་པའང་སྒྲུབ་བརྒྱུད་བསྟན་པའི་རྒྱན་གྱུར་དམ་པ་དབོན་སྤྲུལ་ཕྲིན་ལས་རབ་རྒྱས་གང་དེར་བརྟན་བཞུགས་སུ་སི་


SPN003_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

ཏུའི་མིང་ནས་ཡར་ཚེས་བཟང་པོར་བྲིས་པ་ཛ་ཡནྟུ། །།ༀ་སྭ་སྟི། མཆོག་གསུམ་ངོ་བོ་མཚོ་སྐྱེས་པད་འབྱུང་གི། །ངེས་གསང་རིང་ལུགས་དྲི་མེད་འདབ་སྟོང་ཅན། །ཕྱོགས་བཅུར་སྤེལ་མཁས་དཀོན་མཆོག་འབྱུང་གནས་དང་། །དབྱེར་མེད་ཟབ་གཏེར་མངའ་བདག་ཀློང་གསལ་སྙིང་། །མགོན་དེའི་སྒྱུ་འཕྲུལ་གར་གྱི་རོལ་པ་ལས། །རྒྱལ་བསྟན་གསལ་བྱེད་དབང་གི་རྡོ་རྗེ་གང་། །མཐའ་ཀླས་བསྐལ་པའི་བར་དུ་འཚོ་གཞེས་ནས། །ཕྲིན་ལས་འཛིན་མའི་ཁྱོན་ཀུན་འགེངས་མཛད་གསོལ། །ཚུལ་དེར་སྣང་བའི་ལོག་པའི་བློ་ཅན་རྣམས། །རྨེག་མེད་ཉིད་དུ་ཐལ་བར་བརླག་གྱུར་ཅིག །དགེ་ལེགས་གྲགས་སྙན་བ་དན་སྲིད་པའི་རྩེར། །མི་ནུབ་རྟག་པར་རབ་བརྟན་འཕེལ་རྒྱས་ཤོག །ཅེས་པའང་དད་ནོར་ལྡན་པ་བསོད་ནམས་དབང་རྒྱལ་ངོར་སི་ཏུས་སྤེལ་བ་ཛ་ག་ཏཾ། །རྒྱལ་ཀུན་ཐུགས་རྗེའི་རྣམ་རོལ་པདྨ་འབྱུང་། །ཚེ་དབང་རིག་འཛིན་གྲུབ་པའི་ཚོགས་རྣམས་དང་། །རྩ་གསུམ་ལྷ་ཡིས་དེང་འདིར་འཆི་མེད་ཀྱི། །བདུད་རྩི་དམ་པའི་དཔལ་གྱིས་འཚོ་གྱུར་ཅིག །ངེས་གསང་དྲི་མེད་སྙིང་པོ་དྭགས་བརྒྱུད་ཀྱི། །བསྟན་པ་མི་ནུབ་སྲིད་རྩེར་བསྒྲེང་བའི་སླད། །གྲགས་སྙན་དབྱར་གྱི་རྔ་ཆེན་ལྡིར་བཞིན་དུ། །ཆོས་ཀྱི་རྒྱལ་སྲིད་སྐྱོང་བཞིན་འཚོ་གྱུར་ཅིག །དོན་དམ་འགྱུར་མེད་རྟག་བརྟན་ལྷུན་གྲུབ་ཀྱང་། །ཀུན་རྫོབ་སྣང་ངོར་བསྐལ་བརྒྱར་འཚོ་གཞེས་ནས། །བསྟན་འགྲོའི་རྒུད་པའི་མུན་


SPN003_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

པ་དྲུངས་ཕྱུང་སྟེ། །ཡང་དག་སྣང་བའི་འོད་སྟོང་སྤྲོ་གྱུར་ཅིག །ཅེས་གྲུབ་པའི་དབང་ཕྱུག་གར་དབང་རིན་པོ་ཆེའི་ཞབས་བརྟན་འདི་བཞིན་བརྩོན་འགྲུས་ཀྱིས་བསྐུལ་ལྟར་སི་ཏུས་སྤེལ་བ་མངྒ་ལམ། །ཚེ་དང་འོད་སྣང་དཔག་མེད་པ། །ཚེ་འཕེལ་ཨཱཪྻ་ཏཱ་རེ་མ། །ཚེ་སྦྱིན་རྣམ་པར་རྒྱལ་མ་སོགས། །ཚེ་ལ་དབང་བའི་ལྷ་རྣམས་ཀྱིས། །དེང་འདིར་འཆི་མེད་མཆོག་སྩོལ་མཛོད། །དམ་ཆོ༵ས་སྐྱོ༵ང་བའི་འདྲེན་པ་གང་། །འགྱུ༵ར་མེ༵ད་རྟག་བརྟན་འཚོ་གཞེས་ཤིང་། །ཕྲི༵ན་ལ༵ས་སྣང་བ་ར༵བ་རྒྱ༵ས་ཤོག །རྒྱལ་དབང་ཀརྨའི་རིང་ལུགས་ནི། །སྐྱེ་དགུའི་བསོད་ནམས་དཔལ་གྱུར་ཅིང་། །ནུབ་མེད་ཡུན་ཏུ་བརྟན་པ་དང་། །འགྲོ་རྣམས་མྱང་འདས་ཆེ་ཐོབ་ཤོག །བླ་མ་བསྟན་པས་བཞེད་ལྟར་སྤེལ་བ་དགེ་བར་གྱུར་ཅིག། །ཚེ་དང་ཡེ་ཤེས་དཔག་མེད་ལ་སོགས་པའི། །དཀོན་མཆོག་རྩ་གསུམ་བདེན་པ་ཆེན་པོ་ཡིས། །རྒྱལ་བསྟན་གསལ་མཛད་མཆོག་ཏུ་སྨིན་པའི་སྐུ། །ངག་དབང་ཡོན་ཏན་རྒྱ་མཚོ་འཚོ་གྱུར་སྨོན། །མཁས་ཚུལ་གསུམ་སོགས་དམ་པའི་ཚུལ་བཟང་པོས། །སྒྲུབ་བརྒྱུད་གཙོར་གྱུར་རྒྱལ་བའི་བསྟན་པ་ཀུན། །སྤེལ་བའི་ཕྲིན་ལས་མི་ནུབ་དབྱར་གྱི་ཆུ། །ཡར་ངོའི་ཟླ་བ་བཞིན་དུ་གོང་འཕེལ་ཤོག །ཅེས་མཁས་བཙུན་བཟང་པོའི་རྣམ་ཐར་རྨད་དུ་བྱུང་བ་ཀོང་པོ་བཾ་སྟེང་པའི་སྐྱེ་སྲིད་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་གང་དེར་རིང་འཚོའི་སྨོན་ཚིག་ཏུ་སི་ཏུ་པདྨའི་མིང་གིས་དགེ་བར་སྤེལ། །ༀ་སྭ་སྟི། ཆོས་དབྱིངས་འགྱུར་མེད་བདེ་ཆེན་སྒྱུ་འཕྲུལ་གར། །ཐུགས་


SPN003_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་རོལ་པ་སྣ་ཚོགས་ཅིར་ཡང་སྟོན། །མཚན་དཔེའི་རྒྱན་གྱིས་སྤྲས་པའི་སྐུར་སྣང་བ། །མཐོང་བས་རྣམ་དག་ལམ་སྟོན་འཚོ་གཞེས་གསོལ། །རྒྱལ་ཀུན་གསུང་གི་གསང་བའི་བདག་པོ་མཆོག །ཡན་ལག་དྲུག་ཅུའི་ཆོས་སྒོ་ཇི་སྙེད་ཀྱི། །དེ་སྙེད་གདུལ་བྱའི་ཁམས་དབང་མོས་པའི་ངོར། །ཐོས་པས་ཡང་དག་དོན་གནས་འཚོ་གཞེས་གསོལ། །ཐུགས་མཆོག་རྡོ་རྗེ་ལྟ་བུའི་ཏིང་འཛིན་ལྡན། །སྒྲིབ་བྲལ་ཡེ་ཤེས་རང་སྣང མངོན་དུ་གྱུར། །དྲན་པས་ངན་འགྲོའི་འཇིགས་ཀུན་སེལ་བའི་མགོན། །ཞིང་འདིར་བསྐལ་བརྒྱར་འཚོ་གཞེས་བརྟན་གྱུར་ཅིག །རྒྱལ་དབང་མཆོག་སྤྲུལ་གྱི་ཞབས་བརྟན་དུ་ཕུལ་བ་དགེ། །དུས་གསུམ་རྒྱལ་ཀུན་ཕྲིན་ལས་ཀྱི། །སྣང་བའི་འོད་ཟེར་གཅིག་བསྡུས་པ། །པད་འབྱུང་ཉིན་མོའི་མགོན་པོ་ཡིས། །བསྟན་འགྲོ་རྒུད་པའི་མུན་ཚོགས་གཞིལ། །ཀརྨ་བཀའ་བརྒྱུད་རིང་ལུགས་ཀྱི། །ཤིང་རྟ་རིག་གྲོལ་འདུས་པ་ཀུན། །རྒྱ་མཚོའི་གོས་ཅན་ཡོངས་སུ་ཁྱབ། །བཤད་སྒྲུབ་འཁོར་ལོའི་ལྗོན་བཟང་པོ། །གེགས་མེད་ལྷུན་གྱིས་གྲུབ་གྱུར་ཏེ། །སྐྱེ་དགུའི་དཔལ་དུ་ཇི་སྲིད་བར། །ནམ་ཡང་གཡོ་མེད་འཚོ་གཞེས་ནས། །ཀུན་ཀྱང་བྱང་ཆུབ་ལམ་སྟོན་ཤོག །ཅེས་འབྲུག་པ་བླ་མ་ཀརྨ་རིག་གྲོལ་རྒྱ་མཚོ་ཡུན་འཚོའི་རྟེན་འབྱུང་བསྐུལ་བཞིན་སྤེལ། །སྟོན་མཆོག་ཞི་བ་ཆགས་བྲལ་ཚོགས་ཀྱི་མཆོག །མཉམ་མེད་ཆོས་དབྱིངས་བདེན་པ་ཟབ་མོ་ཡིས། །


SPN003_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

དེང་འདིར་བསྟན་འགྲོའི་གསོས་སྨིན་སྤྲུལ་པའི་སྐུ། །བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་གྱུར་ནས། །སྤངས་རྟོགས་ཡོན་ཏན་བདུད་རྩིའི་འོད་དཀར་གང་། །ཆ་ཤས་ཡོངས་རྫོགས་གདུལ་བྱ་ཀུ་མུཏ་ཀྱི། །ཐར་པའི་ལམ་གྱི་འདབ་གྲོལ་གཉེན་དམ་པར། །བསྐལ་པར་ཡུན་དུ་འཚོ་ཞིང་བརྟན་གྱུར་ཅིག །ཅེས་སྒྲུབ་པ་དཀར་པོའི་སྐྱེ་སྤྲུལ་གསར་དུ་བཞད་སྐབས་གང་དེའི་འདུས་སྡེ་རྣམས་ཀྱི་ངོར་སྤེལ། །རྒྱལ་ཀུན་འདུས་གཟུགས་པདྨ་འབྱུང་། །ལྔ་བདོའི་དུས་འདིར་ཁྱད་པར་གྱི། །ཐུགས་རྗེས་འགྲོ་ལ་རྗེས་ཆགས་པའི། །བསྟན་པའི་ཉི་འོད་འབུལ་བརྡལ་བའི། །དེ་ཕྱིར་སྤྲུལ་པའི་གཏེར་སྟོན་གྱི། །འདུལ་བའི་དུས་བབས་ཡོལ་མེད་པར། །བརྒྱུད་པ་དགུ་ལྡན་བྱིན་རླབས་མཆོག །དེང་འདིར་མྱུར་དུ་སྨིན་གྱུར་ནས། །བསྟན་འགྲོའི་དོན་ཀུན་ལྷུན་གྲུབ་ཅིང་། །བསྐལ་བརྒྱར་རབ་ཏུ་ཞབས་བརྟན་ཤོག །བླ་མ་ཕྲིན་ལས་རབ་རྒྱས་ངོར་སྤེལ། །སྭ་སྟི། ཆོས་དབྱིངས་ཀུན་ཁྱབ་རང་བཞིན་གདོད་མའི་མགོན། །སྐུ་གསུམ་ཡེ་ཤེས་ལྔ་ཡི་བདག་ཉིད་ཅན། །བླ་མེད་རྒྱལ་བ་སྲས་དང་བཅས་པ་ཡིས། །དེང་འདིར་དགེ་ལེགས་དཔལ་ཡོན་ལྷུན་གྲུབ་སྩོལ། །གང་སྐུ་ཚོགས་གཉིས་གསེར་གྱི་བང་རིམ་མཐོ། །གསུང་གསང་ཟབ་མོའི་ཆོས་ཀྱི་འོད་བརྒྱ་འཕྲོ། །ཐུགས་མཆོག་རྣམ་པར་མི་རྟོག་ཡེ་ཤེས་རྒྱས། །གསང་གསུམ་བསྐལ་པར་ཞིང་འདིར་འཚོ་གཞེས་གསོལ། །བདེན་པའི་བདག་ཉིད་བཅོམ་ལྡན་སངས་


SPN003_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་དང་། །ཆགས་བྲལ་འཕགས་ཚོགས་ཐུགས་རྗེའི་གྲུ་ཆར་གྱིས། །རྨད་བྱུང་ཕན་བདེའི་གསོས་སུ་ཡོངས་སྨིན་ནས། །བཀྲ་ཤིས་རྫོགས་ལྡན་དགའ་སྟོན་གསལ་གྱུར་ཅིག །ཅེས་པའང་མཚུངས་མེད་དམ་པ་རྒྱལ་བའི་དབང་པོ་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེའི་ཞབས་བརྟན་བདེན་ཚིག་རྟེན་འབྱུང་དུ་སྤེལ། །ༀ་སྭ་སྟི། ཆོས་དབྱིངས་འོད་གསལ་བདེ་ཆེན་སྙིང་པོའི་ཁམས། །སྒྱུ་འཕྲུལ་དྲ་བའི་རྣམ་རོལ་སྤྲུལ་པའི་སྐུ། །མཆོག་ཏུ་མི་འགྱུར་དོན་གྱི་ཡེ་ཤེས་ཀྱི། །སྣང་བའི་ཉིན་བྱེད་བསྐལ་བརྒྱར་འཚོ་གྱུར་ཅིག །གཞན་སྐྱོན་མཚན་མས་རིང་སྤོང་ཡང་དག་གི། །ཟབ་དོན་ཐེག་གསུམ་བླ་མེད་ངེས་པའི་དོན། །ཇི་བཞིན་སྟོན་པའི་རྡོ་རྗེ་སློབ་དཔོན་ཆེ། །འོད་དཀར་བདུད་རྩི་སྤེལ་བཞིན་འཚོ་གྱུར་ཅིག །རྒྱལ་རྣམས་ཐུགས་རྗེའི་སྤྱི་བཅུད་ཡོངས་སྨིན་པ། །གང་འདུལ་ཕྲིན་ལས་ངོ་བོར་ལྷུན་གྲུབ་པའི། །ཡོངས་རྫོགས་བསྟན་པའི་རྒྱལ་མཚན་དཔལ་མངའ་བ། །སྟོན་པའི་རྒྱལ་ཐབས་དམ་པར་འཚོ་གྱུར་ཅིག། །དེ་ལྟར་ལྷག་བསམ་གྱིས་མཚོན་ཀུ་མུདྡའི། །ཕྲེང་སྤེལ་ལེགས་བྱས་དགེ་ལེགས་ཀྱིས་བསྐུལ་བའི། །རྣམ་མང་དུས་གསུམ་རྒྱལ་བའི་ནུས་སྟོབས་ཀྱིས། །ཇི་ལྟར་སྨོན་པ་དེ་བཞིན་འགྲུབ་གྱུར་ཅིག། ཅེས་པའང་སྐྱབས་རྗེ་འཛི་སྒར་རིན་པོ་ཆེའི་མཆོག་སྣང་གསར་འཆར་སྐབས། གང་དེའི་ཕྲིན་ལས་པ་དཔལ་དགའ་སྤྲུལ་སྐུ་ཚེ་དབང་བསྟན་འཛིན་དཔལ་བཟང་གི་བཞེད་ངོར་སི་ཏུ་པདྨ་ཉིན་བྱེད་དབང་པོས་སྤེལ། །དུས་གསུམ་རྒྱལ་ཀུན་


SPN003_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེའི་གཏེར་ཆེན་པོ། །མཚོར་འཁྲུངས་པདྨ་འབྱུང་གནས་བྱིན་རླབས་ཀྱི། །ཆ་ཤས་མོས་ཐོབ་པདྨ་ཉིན་བྱེད་དབང་། །བསྐལ་མང་སྨོན་ལམ་ཇི་བཞིན་དེ་ལྟར་གྱིས། །ངེས་གསང་མཐར་ཐུག་འོད་གསལ་སྙིང་པོའི་བསྟན། །ཉམས་མེད་ཡུན་གནས་ལྷག་བསམ་ཟླ་སྣང་དཀར། །མི་མཐུན་བར་ཆད་ཆུ་འཛིན་རིང་དུ་བསྲིངས། །བསྟན་འགྲོའི་དོན་སྐྱོང་འོད་ཀྱིས་ཐ་གྲུར་ཁྱབ། །བསྐལ་མང་ཞིང་འདིར་འཚོ་གཞེས་བརྟན་གྱུར་ནས། །ཟབ་དོན་རིམ་གཉིས་བཅུད་ཀྱི་བདུད་རྩི་ཡིས། །རང་གཞན་རྒྱུད་བརླན་བྱང་ཆུབ་འབྲས་སྨིན་ཅིང་། །རྟག་ཏུ་བསམ་དོན་ལྷུན་གྲུབ་བཀྲ་ཤིས་ཀྱི། །དཔལ་འབར་ཧེ་རུ་ཀ་དཔལ་རྡོ་རྗེ་བེར། །མཆོག་གི་གསང་གསུམ་དབྱེར་མེད་སྒྲུབ་བརྒྱུད་བསྟན། །སྤེལ་ཕྱིར་ཚེ་མཐའ་ཡས་པའི་ངོ་བོ་རུ། །མི་ཤིགས་མི་འགྱུར་མི་ནུབ་ཞབས་བརྟན་ཤོག །ཅེས་པའང་རྣལ་འབྱོར་བི་ཛ་ཡའི་ངོར་སྤེལ། །ༀ་སྭ་སྟི། དཔལ་ལྡན་དོན་ཀུན་ཡོངས་གྲུབ་བཅོམ་ལྡན་འདས། །དཔལ་མཆོག་ཕྱོགས་བཅུའི་བདེར་གཤེགས་མ་ལུས་པའི། །དཔལ་ཀུན་གཅིག་བསྡུས་མཚོ་སྐྱེས་པདྨ་འབྱུང་། །དཔལ་འབར་དགེ་ལེགས་དངོས་གྲུབ་ཟླ་རྒྱས་སྩོལ། །མི་ཤིགས་ཡོངས་གྲུབ་བདེ་ཆེན་ངོ་བོ་རུ། །མི་འགྱུར་གསང་གསུམ་གཞོམ་བྲལ་རྡོ་རྗེའི་སྐུ། །མི་གཡོ་རྟག་བརྟན་རང་བཞིན་གཡུང་དྲུང་ཁམས། །མི་ནུབ་རྒྱལ་མཚན་ལྟ་བུར་སྒྱུ་འཕྲུལ་གྱི། །རོལ་པ་འདི་ཡང་བསྐལ་པ་བསྐལ་པའི་བར། །སྒྲུབ་བརྒྱུད་


SPN003_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

རིང་ལུགས་ཕྲིན་ལས་བ་དན་དཀར། །ཕྱོགས་མཐར་བསྒྲེངས་བའི་ཐུགས་བསྐྱེད་རྨད་བྱུང་བ། །དེང་འདིར་འབད་མེད་ཡིད་བཞིན་འགྲུབ་པར་ཤོག །དྲི་མེད་ངེས་གསང་རྡོ་རྗེ་སྙིང་པོ་ཡི། །བསྟན་དང་བསྟན་འཛིན་འཚོ་གཞེས་ཞབས་བརྟན་ཅིང་། །བསླབ་གསུམ་ནོར་ལྡན་དགེ་འདུན་འདུས་པ་རྒྱས། །མི་མཐུན་གཡུལ་རྒྱལ་རྣམ་ཀུན་བཀྲ་ཤིས་ཤོག །ཅེས་པའང་དད་གསུམ་མངོན་པར་མཐོ་བ་ཡོངས་དགེ་སྤྲུལ་སྐུ་ནས་རྟེན་དང་བཅས་བསྐུལ་བའི་ངོར། བཀའ་བརྒྱུད་བསྟན་པའི་ཕྲིན་ལས་པ་ཆེན་པོ་ལྷ་ཐོག་རྗེ་དྲུང་འགྱུར་མེད་ཀྱི་མཆོག་སྤྲུལ་དང་། སར་གནས་བྱང་སེམས་ངོ་བོ་སྲས་པོ་བླ་མ་བཅས་ཀྱི་ཞབས་བརྟན་དུ་སི་ཏུས་སྤེལ། །སྐྱབས་གསུམ་འདུས་པ་རྡོ་རྗེ་ཅན། །པདྨ་འབྱུང་གནས་ཐུགས་རྗེའི་མཐུས། །ངེས་གསང་རིང་ལུགས་རྨ་མེད་པ། །འཛིན་སྐྱོང་ཕྲིན་ལས་དཔལ་ཡོན་འཆང་། །དབང་གི་རྡོ་རྗེ་གསང་བ་གསུམ། །མི་ཤིགས་གཡུང་དྲུང་ངོ་བོ་རུ། །བསྐལ་པ་ལས་ཀྱང་བསྐལ་པའི་བར། །འཚོ་གཞེས་ཞབས་པད་བརྟན་གྱུར་ཅིག །དེ་མཐུས་བདག་ཀྱང་རྣམ་ཀུན་ཏུ། །བསམ་པ་ལྷུན་གྱིས་གྲུབ་པ་དང་། །རང་བྱུང་ཡེ་ཤེས་མཐར་ཕྱིན་ནས། །སྐུ་བཞིའི་བདག་ཉིད་འགྱུར་བར་ཤོག །རིག་འཛིན་བསམ་འཕེལ་ནས་བསྐུལ་ངོར་སྤེལ། །ༀ་སྭ་སྟི། མཆོག་གསུམ་འདུས་ཞལ་རྒྱལ་བ་རྒྱལ་བའི་གཙོ། །དཔལ་ལྡན་རིགས་རྣམས་ཁྱབ་བདག་འཁོར་ལོའི་མགོན། །གངས་ཅན་མགོན་པོ་ཕྱག་ན་


SPN003_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

པད་དཀར་ཅན། །ཀརྨ་ཀ་ཞེས་གང་དེས་བདེ་ལེགས་སྩོལ། །དེ་ཡང་མདོ་སྔགས་བསྟན་གཉིས་ཟབ་མོའི་སྲོལ། །དྲི་མེད་གཅེས་སྤྲས་འཛིན་པའི་དཔལ་མངའ་བ། །མི་འགྱུར་རྡོ་རྗེ་ཅན་ཞེས་གྲགས་དེ་ཡི། །སྤྲུལ་པའི་སྣང་བརྙན་གང་ཁྱོད་རྟག་པ་རུ། །གསང་གསུམ་འགྱུར་མེད་རི་དབང་ལྷུན་པོ་བཞིན། །རྟག་བརྟན་བསྐལ་མང་འཚོ་གཞེས་བརྟན་གྱུར་ནས། །མཐའ་ཀླས་སྲིད་མཚོ་མ་སྐེམ་དེ་སྲིད་དུ། །ཐུགས་བསྐྱེད་དམ་བཅའི་ཁུར་ཆེན་ཡོལ་མེད་ཤོག །ཅེས་པའང་རིག་འཛིན་མཆོག་གི་སྤྲུལ་སྐུར་ཤིས་བརྗོད་དུ་སི་ཏུས་སྤེལ་བ་མངྒ་ལཾ། །ༀ་སྭ་སྟི། དཔ༵ལ་ལྡ༵ན་སྒྲུབ་བརྒྱུད་ཀཾ་ཚང་ངེས་དོན་གྱི། །འགྱུ༵ར་མེ༵ད་བསྟ༵ན་པ་འཛི༵ན་ལ་མངའ་བརྙེས་པ། །ཕྱོ༵གས་རྣམས་ཀུན་ལ༵ས་རྣ༵མ་གྲོ༵ལ་ཕྲིན་ལས་ཅན། །པ༵དྨ༵་ཀཱ་ར་ཇི་བཞིན་ཞབས་བརྟན་ཤོག །ཉི༵ན་བྱེ༵ད་གསང་གསུམ་ཡོན་ཏན་དཔལ་འབར་བས། །ཚངས་དང་དབ༵ང་པོ༵འི་སྡེ༵་སོགས་གུས་པའི་གནས། །དགོས་འབྱུང་དབ༵ང་གི༵་རྒྱལ་བཞིན་རྡོ༵་རྗེ༵་གསུམ། །འཚོ་གཞེས་གསོལ་འདེབས་འགྲོ་རྣམས་བྱང་ཆེན་ལམ། །བཀོད་པའི་ཕྲིན་ལས་རྣམ་བཞི་ལྷུན་གྲུབ་ནས། །བསྐལ་བརྒྱར་གཡོ་མེད་ཞབས་པད་བརྟན་གྱུར་ཅིག །ཅེས་དངོས་ཅག་སྤྲུལ་སྐུ་རྣམས་ཀྱི་ཞབས་བརྟན་དུ་ཕུར་སྒྲུབ་བླ་མ་བསྟན་པ་དར་རྒྱས་ཀྱི་ངོར་སྤེལ་བ་ཤུ་བྷ་པུཥྚིཾ། །བསྐལ་བཟང་རྣམ་འདྲེན་བཞི་པ་ཤཱཀྱའི་རྒྱལ། །དབྱེར་མེད་སངས་རྒྱས་པད་སྐྱེས་རིང་ལུགས་ཀྱི། །དོན་བརྒྱུད་མཐར་ཐུག་ངེས་


SPN003_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བསྟན་པའི་བདག །གྲུ་འཛིན་བདག་པོ་ཀརྨ་ཀ་དེས་སྐྱོངས། །གང་འདིར་བསྟན་དང འགྲོ་ལ་ཕན་བདེའི་གཞིར། །རིང་ནས་ཐུགས་བསྐྱེད་ཟབ་མོས་ཉེར་གྲུབ་པའི། །གཟུགས་སྐུ་བསྐལ་པར་འཚོ་བརྟན་རྣམ་ཀུན་དུ། །གཞན་རྐྱེན་ནོངས་པའི་དྲི་མ་རྒྱང་བསྲིང་ཤོག །གསང་གསུམ་རྡོ་རྗེའི་ཁམས་སུ་ལྷུན་གྲུབ་ནས། །རྟག་པར་བྱང་སེམས་དམ་པའི་ངང་ཚུལ་གྱི། །ཕྲིན་ལས་བཟང་པོས་སྐྱེ་དགུ་སྨིན་གྲོལ་ལམ། །བཀོད་པའི་གཞན་དོན་མཐའ་རུ་ཕྱིན་གྱུར་ཅིག །ཅེས་པའང་བཀྲམ་དྲུང་པ་སྤྲུལ་པའི་སྐུའི་ཞབས་བརྟན་དུ་སྐུ་ཞང་བླ་མ་ཚེ་དབང་རྣམ་རྒྱལ་གྱི་བཞེད་ལྟར་སི་ཏུས་སྤེལ་བ་དགེ། །རབ་འབྱམས་ཞིང་བདག་རྒྱལ་བ་ཚེ་མཐའ་ཡས། །རྡོ་རྗེ་གསུམ་བདག་འཆི་མེད་ལྷ་ཡི་ཚོགས། །དེང་འདིར་དོན་ཀུན་ཡོངས་སུ་གྲུབ་པའི་ཆར། །བྱིན་རླབས་མཆོག་སྩོལ་བདེ་ལེགས་ཀུན་དགར་མཛོད། །རིགས་ཀུན་ཁྱབ་བདག་བདེ་ཆེན་འཁོར་ལོའི་མགོན། །དཔལ་ལྡན་རྡོ་རྗེ་ཅན་དངོས་གྲུབ་པའི་གཙོ། །བཀའ་བརྒྱུད་བསྟན་པའི་རྒྱལ་མཚན་འཛིན་པ་གང་། །གདོད་ནས་ཡོངས་གྲུབ་རྟག་བརྟན་འཚོ་གཞེས་གསོལ། །དམ་ཆོས་ཉི་མའི་སྡེ་ཞེས་གྲགས་སྙན་གྱི། །སྤྲིན་སྒྲས་ཕྱོགས་ཀྱི་མདངས་ལྡན་ཡིད་སིམ་སླད། །བསྐལ་པ་ལས་ཀྱང་བསྐལ་ཆེན་བགྲང་ཡས་པར། །མི་འགྱུར་རྡོ་རྗེའི་རང་བཞིན་ཞབས་བརྟན་གསོལ། །དེ་ལྟར་དཔལ་ལྡན་བླ་མའི་ཞབས་བརྟན་ཅིང་། །བདག་སོགས་རྣམས་ཀྱང་ཚེ་དཔལ་ཆོས་ལྡན་ཞིང་། །བསམ་པའི་


SPN003_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གཉིས་མཐའ་རུ་ཕྱིན་པ་ཡི། །བཀྲ་ཤིས་ཀུན་ཁྱབ་རྟག་བརྟན་རབ་རྒྱས་ཤོག །ཅེས་པའང་དཔལ་ལྡན་འབྲུག་པ་རིན་པོ་ཆེ་མཆོག་གི་རྡོ་རྗེ་འཛིན་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོའི་ཞབས་བརྟན་གསོལ་འདེབས་སུ། སི་ཏུ་པདྨ་ཉིན་བྱེད་དབང་པོས་གུས་པས་གསོལ་བ་བཏབ་པའོ། །མངྒ་ལཾ། །ཕྱོགས་བཅུའི་ཞིང་ཁམས་རྒྱ་མཚོའི་རྒྱལ་དང་སྲས། །ཐུགས་རྗེའི་གཏེར་ཆེན་མགོན་པོ་ཚེ་མཐའ་ཡས། །འཆི་མེད་རྡོ་རྗེ་ལྷ་ཡི་མཆོག་རྣམས་ཀྱིས། །དཔལ་འབར་དངོས་གྲུབ་ཤིས་པ་སྩོལ་གྱུར་ཅིག །བཀའ་བརྒྱུད་རིང་ལུགས་ཕྲིན་ལས་སྣང་བྱེད་བདག །འགྲོ་ལ་སྨན་པའི་ཡོན་ཏན་རང་བཞིན་ཅན། །དཀྱིལ་འཁོར་ཀུན་བདག་རྡོ་རྗེ་འཛིན་དབང་པོ། །བསྐལ་ཆེན་རིང་དུ་ཞབས་བརྟན་འཚོ་གཞེས་གསོལ། །དཀོན་མཆོག་ཀུན་འདུས་བླ་མའི་ཐུགས་བསྐྱེད་དང་། །ཡི་དམ་ལྷ་དང་ཆོས་སྲུང་མཐུ་བྱིན་གྱིས། །དེང་འདིར་སྨོན་པ་ཡོངས་གྲུབ་འབྲས་སྨིན་ཞིང་། །རྟག་པར་བདེ་ལེགས་བསམ་དོན་ལྷུན་གྲུབ་ཤོག །ཅེས་པའང་རིགས་དཀྱིལ་བདག་པོ་གར་དབང་ཆོས་སྐྱོང་འགྱུར་མེད་མཆོག་གི་ཞབས་པད་རིང་འཚོའི་རྟེན་འབྱུང་ཆེད། སི་ཏུ་པདྨ་ཉིན་བྱེད་དབང་པོས་སྤེལ་བ་མངྒ་ལཾ། །དཔ༵ལ་ལྡ༵ན་འཆི་མེད་རྡོ་རྗེ་ལྷའི་དཀྱིལ་འཁོར། །ཡོངས་བསྡུས་འ ཆི༵་མེ༵ད་པ༵དྨ༵འི་བྱིན་རླབས་ཀྱིས། །གང་འདིར་འཆི་མེད་ཚེ་དངོས་གྲུབ་པ་ཡི། །རྟག་བརྟན་འཆི་མེད་ཡོངས་གྲུབ་དགེ་ལེགས་སྩོལ། །གསང་གསུམ་མི་འགྱུར་གཞོམ་བྲལ་འཚོ་གཞེས་ཤིང་། །ཐུགས་བསྐྱེད་ཟབ་མོས་བསྟ༵ན་


SPN003_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

པ༵འི་ཕྲིན་ལས་ཀྱི། །འདོད་དགུར་བསྒྱུར་བཞིན་གདུལ་བྱའི་ལས་སྐལ་དང་། །འཚམས་པའི་ཆོས་འཁོར་བསྐོར་བཞིན་བརྟན་བཞུགས་གསོལ། །བདག་སོགས་དད་དང་དམ་ཚིག་རྣམ་དག་དང་། །ཆོས་ཅན་ཆོས་ཉིད་བདེན་པའི་སྟོབས་ཆེན་པོས། །གང་ཁྱོད་བདུད་བཞི་ལས་རྒྱལ་བཞེད་དོན་ཀུན། །ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ར༵བ་རྒྱ༵ས་ཤོག །ཅེས་ཀརྨ་ཆགས་མེད་མཆོག་སྤྲུལ་ཡུན་འཚོའི་རྟེན་འབྱུང་དུ་དྲུང་ངམ་བླ་མའི་བཞེད་ངོར་སི་ཏུ་པས་སྤེལ་བ་མངྒ་ལཾ། །དཔག་ཡས་ཚེ་ཡི་མཆོག་སྩོལ་རྒྱལ་དང་རྒྱལ། །ཕུན་ཚོགས་འདོད་དགུའི་འབྱུང་གནས་ལྷ་ཡི་ཚོགས། །གང་འདིར་མི་འགྱུར་འཆི་མེད་དངོས་ཀུན་གྱི། །དགའ་ཆར་དམ་པའི་སྣང་བ་སྩོལ་གྱུར་ཅིག །དཔལ་ལྡན་ངེས་གསང་བསྟན་པའི་རྒྱན་གྱུར་པའི། །གང་དེའི་གསང་གསུམ་གཞོམ་བྲལ་རྡོ་རྗེ་ལྟར། །ལྷུན་གྲུབ་ཕྲིན་ལས་དཔལ་གཟི་འབར་བཞིན་དུ། །ཞིང་འདིར་འཚོ་གཞེས་ཆོས་སྟོན་བཞུགས་གསོལ་འདེབས། །རྒྱལ་བསྟན་སྙིང་པོ་རབ་རྒྱས་དེ་འཛིན་གྱི། །སྐྱེས་མཆོག་ཞབས་བརྟན་དགེ་འདུན་སྡེ་འཕེལ་ཞིང་། །ཡུལ་རིས་བདེ་ལེགས་རྫོགས་ལྡན་ལང་ཚོ་རྒྱས། །བཀྲ་ཤིས་ཀུན་ཏུ་ཁྱབ་ཅིང་རབ་བརྟན་ཤོག །ཅེས་པའང་ཚེ་དབང་རབ་འབྱོར་བཞེད་ལྟར་ཀརྨ་བདེ་ཆེན་སྤྲུལ་སྐུའི་ཞབས་བརྟན་དུ་སྤེལ། །ཆོས་དབྱིངས་གདོད་མའི་གནས་ལུགས་དོན་དམ་པ། །རང་


SPN003_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ལྷན་སྐྱེས་གཉུག་མ་སྤྲོས་བྲལ་ངང་། །འགྱུར་མེད་བདེ་བ་ཆེན་པོའི་རང་མདངས་ཀྱི། །རྩལ་སྣང་མ་འགག་སྤྲུལ་སྒྱུར་གར་རོལ་པ། །ཅིར་ཡང་སྟོན་པའི་རྣམ་འཕྲུལ་གཟུགས་ཀྱི་སྐུ། །ཚར་དུ་དངར་བའི་འགྲོ་སྒྲོལ་དེད་དཔོན་ཆེ། །གང་ཁྱོད་གདུལ་བྱ་སྙིགས་ལྔར་ཆེས་དགོངས་ནས། །སྙིང་སྟོབས་དཔའ་བའི་སྟོབས་ཀྱིས་གསང་བ་གསུམ། །མི་ཤིགས་འགྱུར་མེད་གཤིས་ཀྱི་རང་བཞིན་ལ། །ནམ་ཡང་གཡོ་མེད་བྱིས་བློའི་སྣང་ངོ་རུ། །གཞན་རྐྱེན་མཚན་མས་མི་བསྐྱོད་བདེ་ལྡན་མགོན། །ཇི་ལྟར་ཞབས་བརྟན་བསྟན་འགྲོར་དགེ་ལེགས་ཤོག། ཅེས་པའང་རྟོགས་ལྡན་རབ་འབྱོར་ངོར་བདེ་ཆེན་སྙིང་པོའི་སྤྲུལ་སྐུའི་ཞབས་བརྟན་དུ་སྤེལ། །འཆི་མེད་བཅོམ་ལྡན་ལྷ་ཡི་ལྷར་གྱུར་པ། །ཚེ་དང་འོད་སྣང་མཐའ་ཡས་པདྨ་འབྱུང། །མཆོག་དངོས་གྲུབ་པའི་སར་བཞུགས་རྒྱལ་དང་རྒྱལ། །གང་རྣམས་ཐུགས་རྗེས་རིང་དུ་སྐྱོང་གྱུར་ཅིག །དཔལ་ལྡན་ཀརྨའི་རིང་ལུགས་སྐྱོང་བ་དང་། །ལུས་ཅན་ཉེར་འཚོའི་གཞིར་གྱུར་མཆོད་གནས་སུ། །གང་དེའི་ཟློས་གར་སྣང་བ་གསལ་འདི་དག །འཕྲལ་ཡུན་བདུད་བཞིའི་གཡུལ་རྒྱལ་འཚོ་བརྟན་ཤོག། བསྟན་པའི་ཕྲིན་ལས་གཞན་དོན་ཇི་སྙེད་པ། །གེགས་མེད་ཡོངས་སུ་གྲུབ་པའི་དཔལ་ཐོབ་ཅིང་། །མི་འགྱུར་རྡོ་རྗེའི་ངོ་བོར་རྟག་བརྟན་ནས། །དོན་གཉིས་མཐར་ཕྱིན་རྣམ་ཀུན་བདེ་ལེགས་ཤོག། འཇའ་མོ་སྤྲུལ་སྐུ་ཡུན་འཚོའི་བདེན་ཚིག་དབང་འཛིན་གྱིས་བསྐུལ་ངོར་སྤེལ། །


SPN003_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གསུམ་རྒྱ་མཚོའི་ཐུགས་རྗེའི་མཁའ་ཀློང་ནས། །ཕྲིན་ལས་ཕན་བདེའི་ཉི་མ་རབ་གསལ་བ། །གང་ཞིག་ཉེས་པའི་མུན་ཚོགས་ཀུན་འཇོམས་པའི། །རྨད་བྱུང་འོད་སྣང་ཟེར་ཕྲེང་སྤྲོ་གྱུར་ཅིག །ཐུགས་བསྐྱེད་དཔྱིད་ཀྱི་དཔལ་ལས་གྲུབ་པ་ཡི། །གཟུགས་སྐུའི་པད་ཚལ་བསླབ་གསུམ་དྲི་བསུང་ལྡན། །ཡིད་ཅན་བུང་ཚོགས་འདུ་ཞིང་རྒྱལ་བསྟན་གྱི། །མཛེས་པའི་རྒྱན་གྱུར་དེང་འདིར་འཚོ་བརྟན་ཤོག། སྒྲུབ་བརྒྱུད་རིང་ལུགས་ཕྱོགས་མཐར་ཁྱབ་ཡུན་གནས། །བསྟན་འཛིན་ཞབས་བརྟན་དགེ་འདུན་སྡེ་རྒྱས་ཤིང་། །རྒྱལ་ཁམས་བདེ་ཞིང་དཀར་ཕྱོགས་སྐྱོང་རྣམས་ཀྱིས། །རྟག་ཏུ་དགེ་བའི་དཔལ་ཡོན་སྩོལ་གྱུར་ཅིག །གར་བསྟན་བྱ་བཏང་མཁན་སློབ་ནས་བཞེད་ངོར་རས་སྤྲུལ་ཡུན་འཚོའི་བདེན་ཚིག་ཏུ་སྤེལ། །ཚེ་དང་ཡེ་ཤེས་ཡོན་ཏན་དཔག་མེད་མགོན། །དུས་གསུམ་རྒྱལ་ཀུན་སྐྱེད་ཡུམ་སྒྲོལ་མ་དཀར། །རྣམ་པར་རྒྱལ་སོགས་འཆི་མེད་མཆོག་སྟེར་ལྷས། །གང་འདིར་དགེ་ལེགས་སྣང་བ་འབར་གྱུར་ཅིག །བསྟན་འགྲོའི་ཕན་དང་བདེ་འབྱུང་ཀུན་གྱི་གཞི། །ཡོངས་གྲུབ་སྔོན་སྨོན་ཇི་བཞིན་སྤྲུལ་པའི་སྐུ། །མི་མཐུན་ཉེར་འཚེའི་ཚོགས་ལས་རབ་གྲོལ་ནས། །ཞིང་འདིར་རྟག་པར་གཡོ་མེད་འཚོ་གཞེས་ཤོག །གཞན་དོན་ཕྲིན་ལས་ཡར་ཟླ་ལྟར་འཕེལ་ཞིང་། །སྒྲུབ་བརྒྱུད་རིང་ལུགས་དར་ཞིང་རྒྱས་པ་དང་། །དགེ་འདུན་ཐུགས་མཐུན་ཆོས་སྤྱོད་བཅུ་དང་ལྡན། །སྐྱེ་དགུ་བདེ་


SPN003_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིད་དཔལ་གྱིས་དགེ་གྱུར་ཅིག །པད་སྙིང་སྐྱེ་སྤྲུལ་ཡུན་འཚོར་གང་དེའི་དབོན་རིགས་ནས་བསྐུལ་ལྟར་སྤེལ། །དུས་གསུམ་རྣམ་འདྲེན་ཐུགས་རྗེའི་སྒྱུ་འཕྲུལ་ལས། །ཡོངས་ཤར་སྤྲུལ་པའི་གཟུགས་སྐུའི་རྣམ་པར་རོལ། །འགྲོ་བའི་མགོན་དུ་བསྙེལ་མེད་ཕྲིན་ལས་ཅན། །བཀའ་བརྒྱུད་བསྟན་པའི་རྒྱལ་མཚན་འཚོ་གཞེས་གསོལ། །འཕགས་ཆེན་བྱང་ཆུབ་སྤྱོད་པའི་རང་བཞིན་གྱི། །སྙིང་སྟོབས་གོ་ཆ་མཆོག་ཏུ་དཔའ་བ་ཡིས། །སྙིགས་དུས་གདུལ་བྱར་འཚམས་པའི་དམ་ཆོས་ཀྱི། །སྨིན་གྲོལ་སྟོན་བཞིན་བསྐལ་བརྒྱར་ཞབས་བརྟན་གསོལ། །དོན་དམ་འཕོ་མེད་རྟག་བདེའི་རང་བཞིན་ཀྱང་། །སྣང་ཚུལ་གཞན་རྐྱེན་དྲི་མ་རིང་སྤངས་ཞིང་། །རྡོ་རྗེ་ཆོས་བདུན་ངོ་བོར་ལྷུན་གྲུབ་ནས། །འཚོ་གཞེས་བཞེད་དོན་ཇི་ལྟར་འགྲུབ་གྱུར་ཅིག །ཅེས་དམ་པ་གཞན་ལའང་མཚན་གྱི་ཁ་བསྒྱུར་བདེ་ཁྱད་ཅན་དུ། ཀརྨ་ཆོས་མཆོག་ནས་བསྐུལ་ལྟར་སི་ཏུ་པདྨ་ཉིན་བྱེད་དབང་པོས་སྤེལ། །ཕྱོགས་བཅུའི་རྒྱལ་ཀུན་ལྷ་ལམ་ཁྱོན་ཡངས་པོར། །མི་བཟད་བྱིན་རླབས་འོད་སྟོང་འཆར་བའི་མཐུས། །དེང་འདིར་གང་དེའི་གསང་གསུམ་དགའ་ཚལ་གྱི། །ལེགས་བྱས་འདབ་བརྒྱ་རྣམ་ཀུན་གྲོལ་གྱུར་ཅིག །སྤངས་རྟོགས་ཡོན་ཏན་གེ་སར་འཛུམ་ཕྲེང་རྒྱས། །རྒྱལ་བསྟན་སྐྱོང་བའི་ལྷག་བློའི་རྩ་བ་བརྟན། །ཡིད་ཅན་འཚོ་བའི་དཔལ་གྱིས་གང་བཞིན་པར། །དུས་ཀྱི་ཉེར་འཚེ་རིང་དུ་བསྲིང་གྱུར་ཅིག །ཆོས་དབྱིངས་དོན་དམ་བདེན་


SPN003_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཆོས་ཅན་གྱི། །ཀུན་རྫོབ་རྟེན་འབྲེལ་བསླུ་བ་མེད་བདེན་པས། །ཇི་ལྟར་སྨོན་པའི་འབྲས་གང་ཡོངས་འགྲུབ་ནས། །དགེ་འདུན་སྡེ་རྒྱས་འཇིག་རྟེན་བདེ་ལེགས་ཤོག །ཅེས་གྲུབ་ཚ་བླ་ཆོས་ཀྱི་ངོར་སི་ཏུ་པས་སྤེལ་བ་དགེ། །ༀ་སྭ་སྟི། གདོད་ནས་ཡེ་ཤེས་ལྔ་བདག་ཚེ་འོད་མགོན། །དབྱེར་མེད་སངས་རྒྱས་པད་སྐྱེས་མཐུ་སྟོབས་ཀྱི། །ཐུགས་རྗེའི་སྣང་བྱེད་གང་འདིར་རབ་གསལ་ནས། །རྣམ་ཀུན་འཆི་མེད་ཚེ་དབང་རྒྱས་གྱུར་ཅིག །རྒྱལ་བསྟན་འཛིན་དང་ལུས་ཅན་ཕན་བདེའི་གཞི། །ཕྲིན་ལས་རྨད་བྱུང་དམ་པའི་རྣམ་ཐར་ལྡན། །སྤངས་དང་རྟོགས་པའི་ཡོན་ཏན་ཀུན་འབྱུང་གནས། །གསང་གསུམ་རྟག་བརྟན་རྡོ་རྗེ་ཡོངས་གྲུབ་ཤོག །སྟོང་ཉིད་གཞོམ་བྲལ་རང་བྱུང་གུར་ཁང་དབུས། །མ་བཅོས་དོན་དམ་འགྱུར་མེད་སྐུ་མངའ་བ། །ཡེ་གྲུབ་མི་ཤིགས་ངོ་བོར་འཚོ་གཞེས་ནས། །བཞེད་དོན་ཡིད་བཞིན་འདོད་འཇོའི་བཀྲ་ཤིས་ཤོག །ཅེས་བླ་མ་དཔལ་དགའི་ཞབས་བརྟན་འདི་བཞིན་ཀུན་དགའ་ཡེ་ཤེས་པས་བསྐུལ་བར་སྤེལ་བ་སརྦ་ཐཱ་མངྒ་ལ་ཤུ་བྷ་པུཥྚིཾ། །རྒྱལ་བ་སྟོབས་བཅུའི་མངའ་བདག་སངས་རྒྱས་དང་། །ཤེས་རབ་ཕར་ཕྱིན་ཞི་བ་ཆོས་ཀྱི་མཆོག །རིག་དང་གྲོལ་བའི་སར་གནས་འཕགས་ཚོགས་ཏེ། །རིན་ཆེན་རྣམ་གསུམ་ཐུགས་རྗེས་དེང་འདིར་སྐྱོངས། །དྲུག་པ་སེང་གེ་ཀརྨ་པར་གྲགས་པའི། །སྙིང་པོའི་རིང་ལུགས་གསལ་བྱེད་སྤྲུལ་པའི་སྐུ། །གསང་གསུམ་མི་མཐུན་


SPN003_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་འཚེ་ལས་རྒྱལ་ནས། །བསྟན་ལ་བྱ་བ་བྱེད་པའི་དཔལ་ཐོབ་ཤོག །འབྲེལ་ཚད་གདུལ་བྱར་ཕན་བདེའི་ཕྲིན་ལས་དང་། །རང་དོན་ཐོས་བསམ་སྒོམ་པར་དབང་སྒྱུར་ཞིང་། །བཞེད་དོན་རྣམ་དག་ལྷུན་གྱིས་གྲུབ་གྱུར་པའི། །དགེ་ལེགས་ཡོངས་འདུའི་བཀྲ་ཤིས་རབ་རྒྱས་ཤོག །ཅེས་པའང་གནས་སྒོ་སྤྲུལ་པའི་སྐུར་དགེ་བའི་ཤིས་བརྗོད་འདི་བཞིན་བླ་མ་གཞན་ཕན་རྒྱ་མཚོས་བསྐུལ་ངོར་སྤེལ་བ་དགེ། །ༀ་སྭ་སྟི། དཔལ་ལྡན་སྟོབས་བཅུའི་མངའ་བདག་རྫོགས་སངས་རྒྱས། །བརྒྱད་ཁྲི་བཞི་སྟོང་འབྱུང་གནས་དམ་པའི་ཆོས། །ལུང་རྟོགས་ཡོན་ཏན་གཏེར་མངའ་རིག་གྲོལ་སྡེ། །བླ་མེད་མཆོག་གསུམ་རྒྱལ་བས་དེང་འདིར་སྐྱོངས། །གང་སྔོན་བྱང་ཆུབ་བརྙེས་པར་གྱུར་མོད་ཀྱང་། །འགྲོ་ལ་བརྩེ་ཆེན་དགོངས་ཟབ་མ་སྨད་པས། །གཞན་དྲིང་མི་འཇོག་སྙིང་རྗེའི་ཐབས་ཚུལ་གྱིས། །གཟུགས་སྐུར་བསམ་བཞིན་བཞེངས་གང་རྒྱལ་གྱུར་ཅིག །གསང་གསུམ་རྟག་བརྟན་བདེ་བ་ཆེན་པོའི་ངང་། །ལྷུན་གྲུབ་གཞན་རྐྱེན་དང་བྲལ་ཕྲིན་ལས་ཀྱིས། །རྒྱ་མཚོའི་གོས་ཅན་ཡོངས་ཁྱབ་རྣམ་པ་ཀུན། །བདེ་ལེགས་དཔལ་འབར་ཕྱོགས་ལས་རྣམ་རྒྱལ་ཤོག །ཅེས་པའང་གྲུབ་པའི་དབང་ཕྱུག་དམ་པ་ས་ཐམ་བླ་མ་དབང་རྒྱལ་རིན་པོ་ཆེའི་སྤྲུལ་སྐུ་འཁྲུལ་མེད་ཀརྨ་རྒྱ་མཚོ་བདེ་ལེགས་དཔལ་འབར་ཕྱོགས་ལས་རྣམ་རྒྱལ་ཞེས་པར་ཡུན་འཚོའི་ཤིས་བརྗོད་དུ་སི་ཏུ་པས་སྤེལ་བ་ཤུ་བྷ་མ སྟུ་སརྦ་ཛ་ག་ཏཾ། །སྐུ་གསུམ་སྟོན་པ་མཆོག་གི་རྣམ་པར་


SPN003_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ། །མཁས་དང་གྲུབ་པ་ཡོངས་ཀྱི་འཁོར་ལོས་སྒྱུར། །རྣལ་འབྱོར་དབང་ཕྱུག་རྗེ་བཙུན་ཨ་རཱ་གའི། །ཐུགས་རྗེ་ཆེན་པོས་གང་འདིར་སྐྱོང་གྱུར་ཅིག། མགོན་ཁྱོད་བསྟན་དང་འགྲོ་ལ་རྗེས་བརྩེའི་མཐུས། །འཁོར་བ་སྲིད་དུ་སྤྲུལ་པའི་རོལ་རྩེད་ཀྱིས། །ངེས་གསང་བསྟན་སྤེལ་གདུལ་བྱ་སྨིན་གྲོལ་ལམ། །འགོད་མཛད་མཆོག་གི་རྣམ་རོལ་ཞབས་བརྟན་གསོལ། །འཁོར་ལོ་གསུམ་གྱི་བསྟན་པའི་རྩ་ལག་དང་། །སྒྲུབ་བརྒྱུད་སྙིང་པོའི་རིང་ལུགས་འཛིན་སྤེལ་སྐྱོང་། །གཞན་དྲིང་མི་འཇོག་སྔོན་སྨོན་ཐུགས་བསྐྱེད་སྟོབས། །དེང་འདིར་ཡོངས་སྨིན་མཛད་ཕྲིན་ལྷུན་གྲུབ་ཤོག །ཅེས་པའང་སི་ཏུ་པདྨའི་མིང་ཅན་གྱིས་གང་དེའི་བླ་མཆན་སྤྲུལ་སྐུ་དང་དབོན་པོ་མཛོད་པ་སོགས་ཀྱི་བཞེད་ངོར་སྤེལ། །ཚེ་དང་ཡེ་ཤེས་དཔག་མེད་བཅོམ་ལྡན་འདས། །སྒྱུ་འཕྲུལ་རྣམ་པར་རྒྱལ་མ་ལྷ་མོའི་སྐུ། །ཐུགས་རྗེ་ཚད་མེད་ཡིད་བཞིན་འཁོར་ལོ་ཡི། །བྱིན་རླབས་འཆི་མེད་བདུད་རྩིའི་གྲུ་ཆར་རྒྱུན། །གང་འདིར་སིམ་པའི་ལེགས་བྱས་དཔལ་དེ་ཡིས། །མི་ཤིགས་དྭངས་མ་རྡོ་རྗེའི་སྐུ་བརྙེས་ཤིང་། །བསླབ་གསུམ་རྒྱུད་སྨིན་ཐོས་སྒོམ་མཐར་ཕྱིན་ནས། །བསྟན་དང་འགྲོ་དོན་ལྷུན་གྱིས་གྲུབ་གྱུར་ཅིག །ཅེས་སི་ཏུ་པདྨའི་མིང་ཅན་གྱིས་མི་འགྱུར་རྡོ་རྗེའི་སྤྲུལ་སྐུ་གསར་བཞད་ལ་ཀརྨ་གསང་སྔགས་བསྟན་འཛིན་བཟང་པོ་ཞེས་པའི་མཚན་དང་ཡུན་འཚོའི་བདེན་ཚིག་གང་དེའ་ིདབོན་སྤྲུལ་ཀརྨ་རབ་སྒྲུབ་ཀྱིས་བཞེད་ལྟར་སྤེལ་བ་དགེ། །


SPN003_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་མེད་བདེ་ཆེན་ཐིག་ལེར་དངོས་ཀུན་གྱི། །དྲྭ་བ་སྡོམ་པ་ལྷན་སྐྱེས་བཅོམ་ལྡན་འདས། །རྣམ་ཀུན་མཆོག་ལྡན་ཕྱག་རྒྱ་ཆེར་རོལ་པའི། །སྒྱུ་འཕྲུལ་ུའགྲོ་བློའི་གྲངས་སྙེད་བསྟན་པ་ལས། །གནོད་གནས་དབང་པོས་སྐྱོང་བའི་ལྗོངས་ཀྱི་དཔྱིད། །བསོད་ནམས་རྡུལ་བརྩེགས་མཆོག་སྐུའི་ཟླ་གཞོན་གང་། །འཆི་མེད་གཉུག་མའི་ཆ་ཤས་རབ་རྫོགས་པའི། །འོད་སྣང་བསྟན་འགྲོའི་དཔལ་དུ་རྟག་འཆར་བས། །བསླབ་པ་གསུམ་དང་ཐོས་བསམ་སྒོམ་པ་ཡིས། །སྟོན་པའི་བསྟན་པ་ཆེས་ཆེར་སྤེལ་བ་དང་། །རྫོགས་ལྡན་དང་པོའི་དཔལ་འབྱོར་རྒྱ་མཚོ་ཡིས། །ལུས་ཅན་བདེ་དགར་སྤྱོད་པའི་བཀྲ་ཤིས་ཤོག །ཅེས་པའང་སི་ཏུ་པདྨའི་མིང་ཅན་གྱིས་གཙང་ཆེན་མཆོག་གི་སྤྲུལ་པའི་སྐུ་ཟླ་གསར་བཞད་པའི་ཡུན་འཚོའི་ཆེད་དུ་བསྐུལ་བར་སྤེལ་དགེ་ཛ་ཡནྟུ། །ༀ་སྭ་སྟི། རྒྱལ་ཀུན་འདུས་ཞལ་རྩ་བརྒྱུད་བླ་མ་དང་། །ཡི་དམ་མཁའ་གྲོ་ཆོས་སྐྱོང་ཚོགས་རྣམས་ཀྱི། །ཐུགས་བསྐྱེད་བདེན་པ་ཟབ་མོས་སྤྲུལ་པའི་སྐུ། །བདུད་བཞིའི་གཡུལ་རྒྱལ་འཚོ་གཞེས་བརྟན་གྱུར་ཅིག །བསླབ་གསུམ་རྣམ་དག་རིན་ཆེན་རྒྱན་གྱིས་སྤྲས། །སྟོབས་བཅུའི་བདག་ཉིད་སྤོས་གླང་ཇི་བཞིན་པར། །སྒྲུབ་བརྒྱུད་བསྟན་པའི་ཁུར་འདེགས་ངལ་མེད་ཅིང་། །ཐོས་བསམ་སྒོམ་པ་མཐར་ཕྱིན་འཚོ་བརྟན་ཤོག །གཞན་དོན་སྙིང་རྗེའི་ཁྱུང་སྔོན་སྐྱེས་དྲངས་པའི། །རང་དོན་ཆོས་སྐུ་


SPN003_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

གཉུག་མའི་ཉིན་བྱེད་གང་། །མདོ་སྔགས་རིང་ལུགས་པད་ཚལ་བཞད་པའི་གཉེན། །ཡོངས་གྲུབ་གསང་གསུམ་གཞོམ་བྲལ་བརྟན་གྱུར་ཅིག །ཅེས་སི་ཏུ་པདྨའི་མིང་ཅན་གྱིས་གཏེར་སྒར་རྒྱལ་སྲས་སྤྲུལ་སྐུ་ཡུན་འཚོའི་ཆེད་དུ་དབོན་བླ་མ་ཀརྨ་ཚེ་རྒྱལ་ངོར་སྤེལ། །ཕྱོགས་བཅུའི་རྒྱལ་བའི་ཐུགས་རྗེའི་རང་གཟུགས་མཆོག །དཔལ་ལྡན་སངས་རྒྱས་མཚོ་སྐྱེས་རྣམ་པར་རོལ། །བསམ་བཞིན་སྐྱེ་བའི་སྒྱུ་འཕྲུལ་རྡོ་རྗེའི་གར། །ཞིང་འདིར་བསྐལ་བརྒྱར་འཚོ་གཞེས་བརྟན་གྱུར་ཅིག །བསྐལ་བཟང་སངས་རྒྱས་དྲུག་པ་སེངྒེའི་མཚན། །ཞིང་འདིར་ཀརྨ་ཀ་ཞེས་ས་གསུམ་དུ། །གྲགས་པའི་འོད་དཀར་ཅན་དེའི་རིང་ལུགས་གང་། །ཕྲིན་ལས་ཕྱོགས་མཐར་སྤེལ་བཞིན་འཚོ་གཞེས་གསོལ། །དཀོན་མཆོག་རྩ་གསུམ་བྱིན་རླབས་མཐུ་སྟོབས་དང་། །ཆོས་ཅན་ཆོས་ཉིད་རྟེན་འབྲེལ་བསླུ་མེད་ཀྱིས། །གསང་གསུམ་རྡོ་རྗེའི་ཆོས་བདུན་ངོ་བོ་རུ། །བསྟན་འགྲོའི་དོན་ཆེན་མཐར་ཕྱིན་བཀྲ་ཤིས་ཤོག །དཔལ་ལྡན་དཔའ་བོ་རིན་པོ་ཆེའི་མཆོག་སྤྲུལ་ཞབས་བརྟན་དུ། དབོན་བསོད་ནམས་ཐོགས་མེད་ནས་བསྐུལ་ངོར་སྤེལ་བ་ཛ་ཡ། །རྒྱལ་མཆོག་འཇིག་རྟེན་དབང་ཕྱུག་ཀརྨ་པའི། །ཕྲིན་ལས་རྒྱ་མཚོའི་གོས་ཅན་སྤེལ་བའི་ཕྱིར། །བྱང་སེམས་ཀུན་ཏུ་བཟང་པོའི་རྣམ་པར་རོལ། །གང་ཁྱོད་གསང་གསུམ་འཚོ་གཞེས་བརྟན་གྱུར་ཅིག །མཁྱེན་པས་ཤེས་དང་ཤེས་བྱ་ཐུགས་སུ་ཆུད། །བརྩེ་བས་སྙིགས་


SPN003_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

མའི་གདུལ་བྱ་རྗེས་སུ་འཛིན། །ནུས་པས་མི་སྲུན་བདུད་སྡེ་ཕ་མཐར་བསྐྲད། །དམ་པའི་སྐྱེས་མཆོག་བསྐལ་པར་འཚོ་བརྟན་གསོལ། །ཁྱད་པར་ངེས་དོན་སྙིང་པོའི་ཆོས་སྒོ་ཡིས། །འགྲོ་ཁམས་ལེགས་པའི་ལམ་མཆོག་སྟོན་བྱེད་པའི། །འཁོར་ལོ་བླ་ན་མེད་པ་བསྐོར་བཞིན་དུ། །སྟོན་མཆོག་རིང་ལུགས་ཤིང་རྟ་འདྲེན་གྱུར་ཅིག །རྒྱལ་ཚབ་ཕྱག་མཛོད་བཞེད་ལྟར་མཆོག་སྤྲུལ་རིན་པོ་ཆེའི་ཞབས་བརྟན་རྟེན་འབྱུང་ཆེད་དུ་སྤེལ་བ་དགེ། །རབ་འབྱམས་ཕྱོགས་བཅུའི་རྒྱལ་ཀུན་འདུས་པའི་སྐུ། །དཔལ་ལྡན་ཀརྨ་པ་ཡི་ངེས་དོན་གྱི། །རིང་ལུགས་ཆོས་ཀྱི་ཉི་མ་ཡོངས་འཆར་བ། །རྟག་པར་འཚོ་གཞེས་ཕྲིན་ལས་རྒྱས་གྱུར་ཅིག །སྙིང་པོའི་དོན་བརྒྱུད་བསྟན་གསལ་སྔོན་སྨོན་མཐུས། །འབྲས་བཟང་སྨིན་པའི་སྟོབས་ལས་གྲུབ་པ་ཡི། །འགྲོ་བའི་དཔལ་དང་དཔུང་གཉེན་གང་དག་རྣམས། །བར་ཆད་ཉེར་འཚེ་ལས་གྲོལ་འཚོ་བརྟན་ཤོག །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་། །དགེ་འདུན་རྣམས་ཀྱང་བསླབ་གསུམ་ཆོས་ལྡན་ཞིང་། །རྒྱལ་ཁམས་བདེ་ཞིང་མི་མཐུན་རྒུད་པ་ཞི། །བཀྲ་ཤིས་བདེ་ལེགས་ལྷུན་གྱིས་འགྲུབ་གྱུར་ཅིག །དྲུང་རམ་སྤྲུལ་སྐུ་གཉིས་ལ་ཡུན་འཚོ་ཁོ་པ་དམ་ཆོས་ངོར་སྤེལ། །རྡོ་རྗེའི་ཚེ་ལ་དབང་སྒྱུར་དཀྱིལ་འཁོར་ལྷ། །གཙོ་མཆོག་པདྨཱ་ཀ་རའི་མཁའ་ཀློང་ལ། །ཐུགས་རྗེའི་སྤྲིན་ཚོགས་འདུས་པའི་གྲུ་ཆར་གྱིས། །དེང་འདིར་འཆི་མེད་ཡོངས་གྲུབ་བྱིན་གྱིས་


SPN003_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

རློབས། །མཉམ་མེད་དྭགས་པོ་བཀའ་བརྒྱུད་རིང་ལུགས་ཀྱི། །འཛིན་སྤེལ་སྐྱོང་བའི་ཕྲིན་ལས་ཤིང་རྟ་པ། །ཀརྨ་ཡེ་ཤེས་བསྟན་པའི་ཉི་མ་མཆོག །བསྟན་དང་འགྲོ་དོན་སྤེལ་ཕྱིར་འཚོ་གཞེས་གསོལ། །སྔོན་ཚེ་གཞན་ཕན་བྱང་ཆུབ་ཐུགས་བསྐྱེད་ནས། །སྤྱོད་པ་རྨད་བྱུང་རྗེས་སུ་དགོངས་པ་ཡིས། །སྙིགས་ལྔའི་གདུལ་བྱར་ལྷག་པར་བརྩེ་ཆེན་གྱིས། །ཞིང་འདིར་འཚོ་གཞེས་བཞེད་དོན་ལྷུན་གྲུབ་ཤོག །ཁྲ་ལེགས་པའི་ཞབས་གྲས་ཕན་བདེའི་ངོར་སྤེལ། །དཔལ་ལྡན་མཚོ་སྐྱེས་རྒྱལ་བའི་ཟབ་གཏེར་འཆང་། །རིག་པ་འཛིན་དབང་ལ་ལི་ཏ་བཛྲ། །གང་འདུལ་སྤྲུལ་པའི་རོལ་རྩེད་ཡང་འཆར་བ། །བསྟན་འགྲོའི་མགོན་དུ་ཞིང་འདིར་འཚོ་གཞེས་གསོལ། །རྣམ་དག་བསླབ་གསུམ་ཡར་ངོའི་ཟླ་ལྟར་འཕེལ། །མི་མཐུན་མཁའ་ཡི་གླང་པོས་མ་གོས་པར། །རྒྱལ་མཆོག་ཕྱག་ན་པད་འཆང་ཀརྨ་པའི། །རིང་ལུགས་ཀུནྡའི་དགའ་ཚལ་རྒྱས་བྱེད་ཤོག །བསླུ་མེད་རྩ་གསུམ་ཐུགས་རྗེའི་འོད་སྟོང་གིས། །བར་ཆད་ཉེས་ཚོགས་ཁྲི་མུན་རྒྱང་བསྲིངས་ནས། །ཕུན་ཚོགས་ལྔ་ལྡན་དཔལ་ལ་དབང་འབྱོར་བའི། །སྣང་བ་དམ་པས་རྟག་པར་སྐྱོང་གྱུར་ཅིག །ཅེས་གཏེར་སྤྲུལ་ཡུན་འཚོའི་ཆེད་དུ་བན་དབོན་ཀརྨ་མཐར་ཕྱིན་ངོར་སྤེལ་བ་དགེ། ཛ་ཡནྟུ། །།སངས་རྒྱས་པདྨ་སྐྱེས་མཆོག་རྡོ་རྗེ་འཆང་། །ངོ་མཚར་རྣམ་རོལ་རྒྱལ་ཀུན་ཕྲིན་ལས་ཀྱི། །གསང་བའི་


SPN003_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་འཆང་གྲུབ་པ་ཨོ་རྒྱན་མཚན། །གང་གི་རང་བཞིན་བསམ་མི་ཁྱབ་པའི་འཕྲུལ། །རྣལ་འབྱོར་ཀརྨ་ཏིཥྛ་བསྟན་དང་འགྲོའི། །ཕན་བདེའི་སྣང་བ་སྤེལ་ཕྱིར་གསང་བ་གསུམ། །ཡེ་ཤེས་རྡོ་རྗེ་གཞོམ་བྲལ་རྟག་བརྟན་གྱི། །ངོ་བོ་ཉིད་དུ་ཡུན་རིང་འཚོ་གཞེས་ནས། །དམ་པའི་སྤྱོད་པས་མོས་ལྡན་སྨིན་ཅིང་གྲོལ། །ཐར་པའི་ལམ་བཟང་མཆོག་ལ་སྤྱོད་གྱུར་ཅིག །ཅེས་དབོན་པདྨ་མགོན་གྱི་གཡར་ངོར་སྤེལ། །ༀ་སྭ་སྟི། གདོད་ནས་འགྱུར་མེད་རང་བྱུང་ཡེ་ཤེས་རྩལ། །བདེ་ཆེན་ལྷུན་གྲུབ་ལོངས་སྤྱོད་ཡོངས་རྫོགས་པ། །སྒྱུ་འཕྲུལ་དྲ་བའི་རང་གཟུགས་སྣ་ཚོགས་ཀྱི། །ཕྲིན་ལས་གར་སྟོན་དཔལ་ལྡན་ཀརྨ་པ། །མཆོག་གི་རིང་ལུགས་ངེས་དོན་སྙིང་པོའི་བསྟན། །རྒྱལ་མཚན་སྲིད་རྩེར་བསྒྲེང་བའི་དཔལ་མངའ་བ། །བསམ་བཞིན་སྤྲུལ་པའི་ཟློས་གར་ཉི་ཟླ་ཟུང་། །གསང་གསུམ་རྡོ་རྗེའི་ཁམས་སུ་འཚོ་བརྟན་ཤོག །ཆོས་དབྱིངས་རྟག་པ་དོན་དམ་འཕོ་བྲལ་དང་། །གཞན་རྐྱེན་ཆུ་འཛིན་དྲི་མ་རྒྱང་བསྲིང་ནས། །བསྐལ་པར་འཚོ་བརྟན་བསྡུ་བཞི་ཆོས་བཅུ་ཡི། །སྣང་བས་ཀུན་གསལ་འཛམ་གླིང་རྒྱན་དུ་ཤོག །ཅེས་པའང་ཟུར་མང་གར་བསྟན་སྤྲུལ་པའི་སྐུ་ལྷན་རྒྱས་ཡུན་འཚོར་དབོན་བླ་མ་གཉིས་ནས་བསྐུལ་ངོར་སྤེལ། །འགྲོ་མགོན་པདྨཱ་ཀཱ་རའི་ཐུགས་རྗེའི་འོད། །ཉིན་བྱེད་ལྷ་དབང་རྡོ་རྗེ་རྩེ་བརྒྱ་པས། །མི་མཐུན་བདུད་བཞིའི་དཔུང་ཚོགས་གཞོམ་བཞིན་དུ། །སྒྲུབ་བརྒྱུད་བསྟན་


SPN003_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

པ༵་འཛིན་སྐྱོང་མཐར་ཕྱིན་པའི། །རྣམ་བཞིའི་ཕྲི༵ན་ལ༵ས་ར༵བ་རྒྱ༵ས་ཡོངས་གྲུབ་ཅིང་། །དམ་པའི་རྣམ་ཐར་ཟབ་མོའི་རྒྱུན་བསྐྱང་ནས། །ལུས་ཅན་འགྲོ་བའི་ཕན་བདེའི་རྩ་ལག་ཏུ། །རྟག་པར་འཚོ་བརྟན་འགྲོ་དོན་ལྷུན་འགྲུབ་ཤོག །དེ་ལྟར་རབ་དཀར་ལྷག་བློ་པུཎྜཱ་རི། །ཇི་བཞིན་མཆོག་གསུམ་ཐུགས་རྗེ་བསྐུལ་བའི་མཐུས། །སྨོན་པ་ཡོངས་གྲུབ་དགེ་འདུན་སྡེ་རྒྱས་ཤིང་། །སངས་རྒྱས་བསྟན་པ་རྒྱས་པའི་དཔལ་གྱུར་ཅིག །ཅེས་བློ་མཆོག་ངོར་སྤེལ་བ་དགེ། །སྭསྟི། སྟོན་པ་བདེར་གཤེགས་སྟོབས་བཅུའི་མངའ་བདག་མཆོག །ལུང་རྟོགས་ཡོན་ཏན་འབྱུང་གནས་དམ་པའི་ཆོས། །རིག་དང་གྲོལ་བའི་སར་གནས་ཚོགས་མཆོག་སྡེ། །བླ་མེད་དམ་པའི་ཐུགས་རྗེས་སྐྱོང་རྒྱུར་ཅིག །ངེས་གསང་རིང་ལུགས་དྲི་མེད་འཛིན་པའི་བདག །གང་དེའི་གསང་གསུམ་གཞོམ་བྲལ་གཡོ་མེད་པ། །བསྐལ་བརྒྱར་འཚོ་བརྟན་ཕྲིན་ལས་སྣང་བ་ཡིས། །རྒྱ་མཚོའི་གོ་ཅན་ཁྱབ་པའི་བཀྲ་ཤིས་ཤོག །ཅེས་བྱ་བཏང་སྤྲུལ་སྐུར་སྡེ་བ་བསྟན་རྣམ་ངོར་སྨོན་ལམ་དུ་སྤེལ། །།ༀ་སྭ་སྟི། དུས་གསུམ་རྒྱལ་ཀུན་འདུས་པའི་ངོ་བོ་ཉིད། །སྐུ་གསུམ་བདག་ཉིད་མཚོ་སྐྱེས་པདྨ་འབྱུང་། །རྩ་གསུམ་ཞི་ཁྲོའི་སྐུར་སྟོན་ལྷ་ཚོགས་ལ། །སྒོ་གསུམ་རྩེ་གཅིག་གསོལ་བཏབ་བདེན་པ་ཡིས། །འཆི་མེད་རྡོ་རྗེ་དྭངས་མའི་སྐུ་བརྙེས་ཤིང་། །རྣམ་དག་བསླབ་གསུམ་ལྗོན་པའི་རྩ་བ་བརྟན། །ཐོས་བསམ་སྒྲུབ་དང་


SPN003_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་པའི་ལོ་འདབ་རྒྱས། །རིམ་གཉིས་མཆོག་གི་འབྲས་བཟང་མྱུར་སྨིན་ཤོག །འཕགས་ནོར་བདུན་དང་བསྡུ་བའི་དངོས་པོ་བཞི། །ཕར་ཕྱིན་དྲུག་ལྡན་རང་གཞན་དོན་མཐར་ཕྱིན། །ཞི་སོགས་རབ་འབྱམས་ཕྲིན་ལས་དབང་བསྒྱུར་ནས། །འགྲོ་ཁམས་རྒྱ་མཚོའི་དོན་ཆེན་ལྷུན་འགྲུབ་ཤོག །རྒྱལ་བསྟན་སྤྱི་དང་སྒྲུབ་བརྒྱུད་ངེས་དོན་གྱི། །རིང་ལུགས་རྒྱལ་མཚན་མི་ནུབ་སྲིད་རྩེར་བསྒྲེང་། །སྟོབས་དང་མི་འཇིགས་མ་འདྲེས་ཆོས་ལ་སོགས། །རྒྱུད་སྨིན་སྐུ་བཞིའི་གོ་འཕང་མངོན་གྱུར་ཤོག། སྐྱོ་བྲག་བསྟན་སྙིང་སྤྲུལ་སྐུ་ལ་ཡུན་འཚོའི་བཞེད་ལྟར་སྤེལ་བ་དགེ། །རྒྱལ་ཀུན་སྤྱི་གཟུགས་ཐོད་ཕྲེང་རྩལ། །རྒྱལ་བ་སྲས་བཅས་བྱིན་རླབས་ཀྱིས། །རྒྱལ་བསྟན་འཛིན་པའི་དབང་ཕྱུག་གང་། །རྒྱལ་མཆོག་ཚེ་འོད་མགོན་ཇི་ལྟར། །གང་ཞིག་བསྐལ་བརྒྱར་བརྟན་བཞུགས་འཚལ། །གང་དག་མི་མཐུན་ཉེར་ཞི་ཞིང་། །གང་གི་ཕྲིན་ལས་རྒྱ་མཚོའི་དཔལ། །གང་རྣམས་མི་ནུབ་རབ་རྒྱས་ཤོག། ཅེས་ཨུ་རྒྱན་ཚེ་དབང་གིས་བསྐུལ་ངོར་ཀརྨ་རྣམ་རྒྱལ་རྡོ་རྗེ་རབ་བརྟན་གྱི་བརྟན་བཞུགས་རྒྱུར་སི་ཏུས་བརྗོད་པ་དགེ། །།


previousཞབས་བརྟན་གྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ཚེ་མཆོག་བདུད་རྩིའི་གཏེར་མཛོད།next