Nitartha Digital Library
Tibetan
རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་གསུང་འབུམ།


   
   
   
རྒྱལ་སྲས་རིན་པོ་ཆེ་གཞན་ཕན་མཐའ་ཡས་ཀྱི་རྣམ་ཐར་གསོལ་འདེབས་བྱིན་བརླབས་བདུད་རྩིའི་སྣང་སྟེར།
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྒྱལ་སྲས་རིན་པོ་ཆེ་གཞན་ཕན་མཐའ་ཡས་ཀྱི་རྣམ་ཐར་གསོལ་འདེབས་བྱིན་བརླབས་བདུད་རྩིའི་སྣང་སྟེར།next

རྒྱལ་སྲས་རིན་པོ་ཆེ་གཞན་ཕན་མཐའ་ཡས་ཀྱི་རྣམ་ཐར་གསོལ་འདེབས་བྱིན་བརླབས་བདུད་རྩིའི་སྣང་སྟེར།

༄། །རྒྱལ་སྲས་རིན་པོ་ཆེ་གཞན་ཕན་མཐའ་ཡས་ཀྱི་རྣམ་ཐར་གསོལ་འདེབས་བྱིན་བརླབས་བདུད་རྩིའི་སྣང་སྟེར་ཞེས་བྱ་བ་བཞུགས་སོ། །རྒྱལ་སྲས་འཇམ་དཔལ་གཞོན་ནུའི་ཡེ་ཤེས་སྐུ། །ཐེག་མཆོག་དགེ་བའི་བཤེས་ཀྱི་ཚུལ་བཟུང་བ། །གཞན་ཕན་ཕ་མཐའ་ཡས་པའི་ཕྲིན་ལས་ཅན། །ཀུན་མཁྱེན་བླ་མའི་ཞབས་ལ་གསོལ་བ་འདེབས། །མགོན་ཁྱོད་ཀུན་བཟང་ཆོས་སྐུའི་རྣལ་རོལ་ལས། །རྣམ་པར་སྣང་མཛད་ཆེན་པོར་བྱང་ཆུབ་ཀྱང་། །གདུལ་བྱའི་སྐལ་བར་འཚམས་པའི་སྒྱུ་འཕྲུལ་གར། །གྲངས་མེད་ཅིར་ཡང་འཆར་ལ་གསོལ་བ་འདེབས། །ཁྱད་པར་སྔ་འགྱུར་རྡོ་རྗེ་ཐེག་པ་ཡི། །བཤད་སྒྲུབ་སླར་ཡང་ཉིན་མོར་མཛད་པའི་སླད། །བསམ་བཞིན་བསྔགས་འོས་རིགས་ཀྱི་དགའ་ཚལ་དུ། །གཟུགས་སྐུའི་དཔག་བསམ་འཁྲུངས་ལ་གསོལ་བ་འདེབས། །བགྲང་བྱ་གསུམ་ནས་བཤེས་གཉེན་མཆོག་དང་མཇལ། །རྡོ་རྗེའི་ཆོས་སྲུང་ལུས་དང་གྲིབ་བཞིན་འགྲོགས། །ལྐོག་གྱུར་ཇི་སྙེད་མཁྱེན་པའི་མེ་ལོང་ངོགས། །སྒྲིབ་མེད་གསལ་བར་འཆར་ལ་གསོལ་བ་འདེབས། །གཞོན་ནུ་ཉིད་ནས་དད་དང་བརྩོན་འགྲུས་དང་། །རླབས་ཆེན་སློབས་པ་ཚད་མེད་སྙིང་རྗེ་སོགས། །དཀར་པོའི་བག་ཆགས་ཆེས་ཆེར་སད་པའི་མཐུས། །མཁས་རྣམས་དགྱེས་པ་བསྐྱེད་དེར་གསོལ་བ་འདེབས། །དེ་ཚེ་དམ་པའི་སྐྱེས་བུའི་རྣམ་འཕྲུལ་དུ། །ཕྱོགས་ཀུན་གྲགས་སྙན་སྣང་བ་རབ་འབར་བས། །མཐའ་ཀླས་གདུལ་བྱའི་མོས་པའི་སྨན་ལྗོངས་སུ། །དད་གསུམ་ཨུཏྤལ་རྒྱས་ལ་གསོལ་བ་འདེབས། །བསྟན་པའི་སྣང་བྱེད་ཁྱབ་བདག་བཀའ་འགྱུར་བའི། །འཇིགས་མེད་ཆོས་ཀྱི་ཁྲི་ལ་མངའ་གསོལ་ནས། །གསང་བདག་དཔའ་བོ་ཀུན་བཟང་གཞན་ཕན་ཆེའི། །ཐུགས་ཀྱི་སྲས་སུ་གྱུར་ལ་གསོལ་བ་འདེབས། །གཞན་ཡང་རིས་མེད་མཁས་ཤིང་གྲུབ་བརྙེས་པའི། །ཡོངས་འཛིན་དུ་མ་ཚུལ་བཞིན་གུས་བསྟེན་ནས། །ཕྱི་ནང་རིག་པའི་གཞུང་ལུགས་རྒྱ་མཚོ་ལ། །མང་ཐོས་པད་དཀར་བཞད་དེར་གསོལ་བ་འདེབས། །གང་ལས་བྱུང་བའི་མངོན་སུམ་ལྐོག་གྱུར་དང་། །ཤིན་ཏུ་ལྐོག་གྱུར་ཤེས་བྱ་མ་ལུས་ཀུན། །ཚད་མ་གསུམ་གྱིས་གཏན་ལ་ལེགས་དབབ་ནས། །བསམ་བྱུང་འཁྲུལ་མེད་བརྙེས་ལ་གསོལ་བ་འདེབས། །སླར་ལ་ཕྱོགས་བྲལ་དབེན་པའི་གནས་རྣམས་སུ། །ལུང་དང་རིགས་པས་ངེས་པ་རྙེད་པའི་དོན། །རྩེ་གཅིག་ཉམས་སུ་བཞེས་ལས་སྒོམ་བྱུང་གི །སྤོབས་པའི་གཏེར་མཛོད་གྲོལ་ལ་གསོལ་བ་འདེབས། །གྲུབ་མཐའ་རྣམ་བཞིའི་སྤོ་ལ་གནས་བཅས་ནས། །སྣང་སྟོང་ཟུང་འཇུག་འོད་གསལ་ཟབ་མོའི་དོན། །ཇི་བཞིན་འཆད་དང་སྒྲུབ་ལ་མཁས་པའི་ཕྱིར། །ལྟ་བ་རྣམ་པར་དག་ལ་གསོལ་བ་འདེབས། །སོ་ཐར་བྱང་སེམས་སྔགས་ཀྱི་སྡོམ་པ་རྣམས། །རྫོགས་པར་བཟུང་ནས་བཅས་པའི་སྤང་བླང་ལས། །ནམ་ཡང་མི་འདའ་བཙུན་པའི་ཕུལ་ཕྱིན་པས། །སྤྱོད་པ་རྣམ་པར་དག་ལ་གསོལ་བ་འདེབས། །ཆོས་བརྒྱད་སྣང་བ་རྨི་ལམ་ལྟར་གཟིགས་བཞིན། །རྟག་ཏུ་བསྟན་འགྲོར་ཕན་པ་ལྷུར་མཛད་པའི། །བཟང་པོའི་ཕྲིན་ལས་ནམ་མཁའི་མཐའ་ཁྱབ་ཕྱིར། །གཞན་དོན་རྣམ་པར་དག་ལ་གསོལ་བ་འདེབས། །ཟབ་ཅིང་རྒྱ་ཆེའི་གཞུང་ལུགས་གང་འཆད་ཀྱང་། །དེ་དང་དེ་ཡི་ལམ་སྲོལ་འབྱེད་པ་དང་། །མི་ཕྱེད་འགྲན་ཟླ་སྤངས་པའི་རྣམ་དཔྱོད་ཀྱིས། །བློ་ལྡན་ཡིད་དབང་འཕྲོག་ལ་གསོལ་བ་འདེབས། །ཡིད་ཆེས་ལུང་དང་དངོས་སྟོབས་རིགས་ལམ་ལས། །ནམ་ཡང་མི་འདའ་རྩོད་ངག་སེངྒེའི་སྒྲས། །ཕས་རྒོལ་རི་དྭགས་ཚོགས་ཀུན་མཐར་མཛད་པས། །ཕྱོགས་ལས་རྣམ་པར་རྒྱལ་བ་གསོལ་བར་འདེབས། །སྙན་འགྱུར་ཚིག་གི་ཟླ་བ་རེ་རེར་ཡང་། །དོན་བཟང་བདུད་རྩི་འབུམ་དུ་འཛག་པའི་ཕུལ། །སྔོན་མེད་ལེགས་བཤད་རྩོམ་པའི་སྣང་བ་ཡིས། །ཐུབ་བསྟན་སྲིད་མཐར་གསལ་ལ་གསོལ་བ་འདེབས། །བོད་དང་བོད་ཆེན་ལྗོངས་ཀྱི་གྲུབ་པའི་གནས། །ཕལ་ཆེར་ཞབས་བཀོད་བསྙེན་ཅིང་སྒྲུབ་པ་དང་། །ཉམས་དང་རྟོགས་པའི་བོགས་ཆེན་འབྱིན་ལ་སོགས། །ངོ་མཚར་མཛད་བཟང་བསྟན་ལ་གསོལ་བ་འདེབས། །དོན་དམ་དཀྱིལ་འཁོར་གཙོ་དང་དབྱེར་མེད་ཀྱང་། །ཀུན་རྫོབ་དངོས་ཉམས་འོད་གསལ་སྣང་ཆ་རུ། །བླ་མ་ལྷག་པའི་ལྷ་ཡིས་རྗེས་བཟུང་ཞིང་། །ལུང་བསྟན་དབུགས་དབྱུང་ཐོབ་ལ་གསོལ་བ་འདེབས། །སོ་སོར་ཐར་བ་གཞི་གསུམ་ཕྱག་བཞེས་དང་། །རྒྱུད་རྒྱལ་གསང་བ་སྙིང་པོའི་བཤད་སྲོལ་སོགས། །མདོ་སྔགས་ཤིང་རྟའི་ལམ་ཆེན་རབ་དབྱེ་བས། །རྒྱལ་བསྟན་ཉིན་མོར་མཛད་ལ་གསོལ་བ་འདེབས། །དགེ་འདུན་འདུས་སྡེའི་ཉམས་གསོ་གསལ་སྤེལ་དང་། །གསང་གསུམ་རྟེན་བཞེངས་མཆོད་སྤྲིན་སྤྲོ་བས་མཚོན། །རླབས་ཆེན་བྱ་བ་ལས་ཀྱི་འཁོར་ལོ་ཡིས། །ཕན་བདེའི་དགའ་སྟོན་སྦྱིན་ལ་གསོལ་བ་འདེབས། །ཐུབ་བསྟན་སྤྱི་དང་ཁྱད་པར་རྡོ་རྗེ་ཐེག །སྔགས་གཞུང་སྤྱི་དང་ཁྱད་པར་སྔ་འགྱུར་ཏེ། །དེ་ཉིད་སྤྱི་དང་ཁྱད་པར་བཀའ་མའི་སྲོལ། །དྲི་མེད་ཕྱོགས་བརྒྱར་སྤེལ་ལ་གསོལ་བ་འདེབས། །འོག་མིན་རྡོ་རྗེ་བྲག་དང་སྨིན་གྲོལ་གླིང་། །མདོ་ཁམས་རྫོགས་ཆེན་པ་སོགས་རང་ལུགས་དང་། །རིས་བྲལ་བསྟན་འཛིན་སྐྱེས་བུ་དུ་མ་ཡིས། །ཞབས་པད་རྟག་ཏུ་མཆོད་ལ་གསོལ་བ་འདེབས། །དེ་ཚེ་གསུང་གི་བདུད་རྩི་ལས་སྐྱེས་པའི། །མཁས་དང་གྲུབ་པའི་བཤེས་གཉེན་མཐའ་ཡས་པས། །རྨད་བྱུང་འཁོར་ལོ་གསུམ་གྱི་ཕྲིན་ལས་རྒྱུན། །མཁའ་ཁྱབ་སྣང་བར་མཛད་ལ་གསོལ་བ་འདེབས། །ཐུན་མོང་རྒྱུད་སྡེ་འོག་མའི་སྨིན་གྲོལ་དང་། །ཁྱད་པར་རྣལ་འབྱོར་བླ་ན་མེད་པ་ཡི། །དབང་བཞིའི་ཐབས་ཀྱིས་བདེ་སྟོང་ཟུང་འཇུག་གི །ཡེ་ཤེས་བརྙེས་པར་མཛད་ལ་གསོལ་བ་འདེབས། །རིགས་པའི་ཁམས་གསུམ་ལྷ་སྔགས་ཆོས་སྐུར་ཤར། །ཕྲ་བ་རྩ་རླུང་ཐིག་ལེ་དུ་མར་ཐིམ། །ཤིན་ཏུ་ཕྲ་བ་འོད་གསལ་རྫོགས་པ་ཆེའི། །དབྱིངས་རིག་མངོན་སུམ་གཟིགས་ལ་གསོལ་བ་འདེབས། །མདོར་ན་ཕར་ཕྱིན་དྲུག་དང་བསྡུ་དངོས་བཞི། །རིམ་གཉིས་ཡན་ལག་ཅེས་པའི་རྣལ་འབྱོར་དང་། །ནམ་ཡང་མི་འབྲལ་སྲས་བཅས་རྒྱལ་ཀུན་གྱི། །ཕྲིན་ལས་རྫོགས་པར་མཛད་ལ་གསོལ་བ་འདེབས། །དེ་ལྟར་སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །བཀའ་དྲིན་མཉམ་མེད་དཔལ་ལྡན་བླ་མ་ཡི། །རྣམ་ཐར་དྲན་བཞིན་སྙིང་ནས་གསོལ་འདེབས་ན། །བདག་རྒྱུད་བྱིན་རླབས་ཆར་ཆེན་དབབ་ཏུ་གསོལ། །འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །དལ་འབྱོར་རྟེན་ཐོབ་ཐེག་མཆོག་དགེ་བའི་བཤེས། །བསམ་དང་སྦྱོར་བས་ཚུལ་བཞིན་གུས་བསྟེན་ནས། །ཐུབ་པའི་བསྟན་ལ་འཇུག་པར་བྱིན་གྱིས་རློབས། །དེ་ལས་ཇི་ལྟར་ཁས་བླངས་ཚུལ་གནས་ཁྲིམས། །མཐའ་དག་ཉམས་མེད་བསྲུང་བ་གཞིར་བཟུང་ནས། །རང་གཞན་གཞུང་ལུགས་མང་དུ་ཐོས་པ་ཡིས། །བླང་དོར་འཇུག་ལྡོག་ཤེས་པར་བྱིན་གྱིས་རློབས། །རྙེད་དཀའི་རྟེན་ལ་སྙིང་པོ་བླང་བའི་སླད། །ནམ་འཆི་ཆ་མེད་དྲན་པས་རྒྱུད་བསྐུལ་ཏེ། ལས་འབྲས་ཡིད་ཆེས་ཁམས་གསུམ་འཁོར་བ་ལ། །ངེས་འབྱུང་གཏིང་ནས་འཆར་བར་བྱིན་གྱིས་རློབས། །རང་ཉིད་ཇི་ལྟར་འཁོར་བར་སྡུག་བསྔལ་བཞིན། །མ་གྱུར་འགྲོ་ཀུན་དེ་དང་མཚུངས་པའི་ཕྱིར། །བཟོད་མེད་བྱམས་དང་སྙིང་རྗེས་དྲངས་པ་ཡི། །བྱང་ཆུབ་སེམས་གཉིས་འབྱོངས་བར་བྱིན་གྱིས་རློབས། །ཕུང་པོ་སྐྱེ་མཆེད་ཁམས་དང་རྟེན་ཅིང་འབྲེལ། །གནས་དང་གནས་མིན་ཚུལ་ལ་མཁས་པ་དང་། །ཐེག་པ་ཆེན་པོའི་ཆོས་ཀྱི་སྡོམ་བཞི་ལ། །བསམ་བྱུང་འཁྲུལ་མེད་སྐྱེ་བར་བྱིན་གྱིས་རློབས། །ལྷན་སྐྱེས་ཀུན་ཏུ་བརྟགས་པའི་བདག་གཉིས་དང་། །བདག་གིར་འཛིན་པའི་ཕྱི་ནང་ཆོས་རྣམས་ཀུན། །གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི། །བདག་མེད་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །རང་རང་ངོ་བོ་གཟོད་ནས་མ་སྐྱེས་ཀྱང་། །རྐྱེན་རྣམས་ཚོགས་ལས་སྒྱུ་མ་ལྟར་སྣང་བའི། །རྟེན་ཅིང་འབྲེལ་འབྱུང་ཟབ་མོའི་རིགས་པ་ཡིས། །སྤྲོས་པ་མཐའ་དག་ཞི་བར་བྱིན་གྱིས་རློབས། །དེ་ལྟར་དཔྱད་མཐར་རྩེ་གཅིག་མཉམ་བཞག་པས། །སེམས་གནས་རྣམ་དགུ་རིམ་གྱིས་གྲུབ་པའི་མཐར། །ཞི་ལྷག་ཟུང་འབྲེལ་ཏིང་འཛིན་ལ་བརྟེན་ནས། བསྒོམ་བྱུང་ཤེས་རབ་སྐྱེ་བར་བྱིན་གྱིས་རློབས། །སྟོང་ཉིད་ཆོས་དང་སྟོང་གཞི་གཟུགས་ཀྱི་སྐུར། །ངེས་པ་རྙེད་ཀྱང་ཐ་དད་འཛིན་པ་ཡི། །རྒྱུད་སྡེ་འོག་མ་གསུམ་གྱི་རྣལ་འབྱོར་གྱིས། །མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །ཁྱད་པར་ཚེ་འདིར་བྱང་ཆུབ་མཆོག་བརྙེས་སླད། །རྣལ་འབྱོར་བླ་མེད་དབང་བཞིས་རྒྱུད་སྨིན་ཅིང་། །དབང་དུས་ཐོབ་པའི་དམ་ཚིག་སྡོམ་པ་རྣམས། །སྲོག་ལས་གཅེས་པར་བསྲུང་བར་བྱིན་གྱིས་རློབས། །ཅིར་སྣང་ཆོས་ཀུན་གཟོད་ནས་བདེན་པ་གཉིས། །དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོ་རུ། །ལུང་རིགས་མན་ངག་གསུམ་གྱིས་གཏན་ཕབ་ནས། །ངེས་པ་གཏིང་ནས་རྙེད་པར་བྱིན་གྱིས་རློབས། །བསྐྱེད་རིམ་ཐབས་ཀྱིས་ཟབ་མོའི་ཚོགས་རྫོགས་ཤིང་། །རླུང་དང་གཏུམ་མོས་བདེ་དྲོད་མཆོག་ཏུ་འབར། །ཕྱག་རྒྱ་ལ་བརྟེན་དགའ་བཞིའི་རིམ་པ་ཡིས། །དཔེ་ཡི་ཡེ་ཤེས་རྟོགས་པར་བྱིན་གྱིས་རློབས། །དེ་ལས་དོན་གྱི་ཡེ་ཤེས་རྫོགས་པ་ཆེ། །ཆོས་དབྱིངས་ཀ་དག་གནས་ལུགས་མངོན་གྱུར་བཞིན། །རིག་གདངས་ལྷུན་གྲུབ་སྣང་བཞིའི་རྣལ་འབྱོར་ལ། །གོམས་པ་ཕ་མཐར་སོན་པར་བྱིན་གྱིས་རློབས། །མཐར་ཐུག་འོད་གསལ་ཆོས་སྐུའི་ངང་ཉིད་ལས། །ཟུང་འཇུག་ལོངས་སྤྱོད་རྫོགས་པའི་རྣམ་རོལ་དང་། །གང་འདུལ་སྤྲུལ་པའི་སྒྱུ་འཕྲུལ་རྟག་འཆར་བས། །དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །གཞན་ཡང་གནས་སྐབས་ཆོས་བཞིན་སྤྱོད་པ་ལ། །འགལ་རྐྱེན་ཀུན་ཞི་མཐུན་རྐྱེན་ཕུན་སུམ་ཚོགས། །བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་བསྟན་པ་དར། །འགྲོ་ཀུན་བདེ་སྐྱིད་ལྡན་པར་བྱིན་གྱིས་རློབས། །མདོར་ན་འདི་ནས་བྱང་ཆུབ་སྙིང་པོའི་བར། །དཔལ་ལྡན་བླ་མས་འབྲལ་མེད་རྗེས་བཟུང་ནས། །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཀྱིས། །ཕན་བདེའི་སྣང་བ་རྒྱས་པའི་བཀྲ་ཤིས་ཤོག །ཅེས་འཇིག་རྟེན་མིག་གཅིག་བཻ་རོ་ཙ་ན་བསམ་བཞིན་བསྟན་འགྲོའི་མགོན་དུ་བྱོན་པ། མཁས་པའི་གཙུག་རྒྱན། བཙུན་པའི་ཁྱུ་མཆོག གྲུབ་པའི་དབང་ཕྱུག་འགྲན་ཟླར་འོས་པ་འགའ་མ་མཆིས་པ་ཀུན་མཁྱེན་བླ་མ་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་འོད་ཟེར་གྱི་ཐུན་མོང་གི་རྣམ་པར་ཐར་བ་ལས་གཙོ་བོར་བརྩམས་པའི་གསོལ་འདེབས་སྨོན་ལམ་དང་བཅས་པ་འདིའང་། རྗེ་ཉིད་ཀྱིས་རྗེས་སུ་བཟུང་བའི་དད་བརྩོན་ཤེས་རབ་ཅན་རྣལ་འབྱོར་བ་པདྨ་ཚེ་དབང་ནས་གུས་པས་བསྐུལ་བ་དང་། རང་ཉིད་ཀྱིས་ཀྱང་ལྷག་པར་མོས་པར་མཚམས་སྦྱར་ཏེ་ཐར་ལམ་བླ་མའི་བཀའ་དྲིན་ཁོ་ན་ལ་རེ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཀུན་མཁྱེན་བོ་དོང་བ་ཆེན་པོའི་རིང་ལུགས་འཛིན་པའི་ཆོས་གྲྭ་བསམ་འགྲུབ་ཆོས་གླིང་དུ་བྲིས་ཏེ་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག། སརྦ་དཱ་ཀ་ལྱཱ་ཎཾ་བྷཾ་བཏུ། །དགེའོ། །


previousརྒྱལ་སྲས་རིན་པོ་ཆེ་གཞན་ཕན་མཐའ་ཡས་ཀྱི་རྣམ་ཐར་གསོལ་འདེབས་བྱིན་བརླབས་བདུད་རྩིའི་སྣང་སྟེར།next