Nitartha Digital Library
Tibetan
རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་གསུང་འབུམ།


   
   
   
  expand section
  expand section
  collapse section
རྟོགས་ཉམས་གསུང་མགུར་གྱི་སྐོར་ཚོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
  expand section


 
previousརྟོགས་ཉམས་གསུང་མགུར་གྱི་སྐོར་ཚོ།next

རྟོགས་ཉམས་གསུང་མགུར་གྱི་སྐོར་ཚོ།

ཉམས་དང་རྨི་ལམ་འདྲེས་མའི་ངོར་སྔོན་འདས་ཀྱི་སྐྱེ་བ་དྲན་པའི་མགུར་མ།

༄། །ཉམས་དང་རྨི་ལམ་འདྲེས་མའི་ངོར་སྔོན་འདས་ཀྱི་སྐྱེ་བ་དྲན་པའི་མགུར་མ་བཞུགས། །ན་མོ་གུ་རུ་བྷོ་དྷི་བཛྲ་ཡེ། གདོད་ནས་རྣམ་དག་སྤྲོས་ཀུན་ཉེ་ར་ཞི། །འོད་གསལ་འདུས་མ་བྱས་པ་ཆོས་ཀྱི་དབྱིངས། །ཀུན་རྫོབ་ཡངས་པ་ཆེན་པོའི་ཕོ་བྲང་ནས། །བྱང་ཆུབ་རྡོ་རྗེ་རིག་པའི་རྒྱན་དུ་ཤར། །ཨ་ཨཱ་དམིགས་མཐའ་བྲལ་བ་ཆོས་ཀྱི་དབྱིངས། །བསམ་དང་བསྒོམ་པའི་ཡུལ་མེད་རྫོགས་པ་ཆེ། །རིག་དང་མ་རིག་མེད་པའི་ཀློང་ཆེན་འདི། །ཕྱམ་གདལ་ཡངས་པ་གཉུག་མའི་རྒྱན་དུ་ཆེ། །ཨ་ཨཱ་ཡངས་དོགས་མེད་པ་ཆོས་ཀྱི་དབྱིངས། །ཡོད་མེད་ཡིན་མིན་སྤྲོས་པས་མ་བསླད་པའི་། །སོ་མ་མ་བཅོས་ཅོག་བཞག་རང་བབས་འདི། །སྨྲ་བརྗོད་ཡུལ་ལས་འདས་པའི་རྒྱན་དུ་ཆེ། །ཨ་ཨཱ་ཐ་སྙད་ཆོས་ཀྱི་གཞི་རྩ་ཟད། །ཟད་དོ་སྙམ་པའི་བློ་ཡང་ཐད་ཀར་དག །དག་དང་མ་དག་གཉིས་ཀྱང་ཡུལ་མེད་སོང་། །དབྱིངས་རིག་ཆམ་བརྡལ་རྟོགས་པའི་རྒྱན་དུ་ཤར། །ཨ་ཨཱ་བཻ་རོ་ཙ་ན་གང་དུ་གཤེགས། །མེ་ལོང་རྡོ་རྗེ་རིག་པ་རྩལ་དུ་འཕྱོ། །རྡོ་རྗེ་གྲགས་པ་འགྲོ་བའི་སྣང་ངོར་བཀྲ། །ནམ་མཁའ་འཇིགས་མེད་བརྟུལ་ཞུགས་དལ་ལ་གཡེལ། །བཀྲ་ཤིས་རྒྱ་མཚོ་གཏེར་དུ་སྔོན་ནས་སྦས། །གཞན་ཕན་མཐའ་ཡས་སུ་གྲུབ་མཐའི་ཆེ་བ་འདོན། །མ་བཅོས་མ་བཅོས་ཁྱབ་བརྡལ་ཨེ་མ་ཧོ། །ཀ་དག་ཕྱོགས་ལས་འདས་པའི་དབྱིངས་སུ་ཨཱཿ ཞེས་སྔོན་འདས་ཀྱི་སྐྱེ་བ་འགའ་ཞིག་ཉམས་དང་རྨི་ལམ་འལ་འོལ་དུ་འདྲེས་ཚེ་མངོན་པར་སྣང་ནས་བག་ཆགས་ཀྱི་སྦུབ་རྒྱ་ཅུང་ཟད་གྲོལ་པའི་ལྟས་འདི་ནི་ཟླ་བ་དབྱིངས་སུ་ནུབ་པའི་ཚེས་ལ་སྤྲང་སྨྱོན་གཞན་ཕན་མཐའ་ཡས་ཀྱིས་ཉམས་ལ་ཤར་ནས་བྲིས་པའོ།། །།

ལྟ་སྒོམ་སྤྱོད་འབྲས་དང་འབྲེལ་བའི་གཏམ་རིག་འཛིན་སྙན་བརྒྱུད།

༄། །ལྟ་སྒོམ་སྤྱོད་འབྲས་དང་འབྲེལ་བའི་གཏམ་རིག་འཛིན་སྙན་བརྒྱུད་ཅེས་བྱ་བ་བཞུགས། །རྣམ་དག་ལྷ་ལམ་ཡངས་པར་ཐུགས་རྗེའི་སྤྲིན། །འཁྲིགས་པའི་ཟེགས་མས་སྐྱེ་དགུའི་བློ་གྲོས་ཀྱི། །ལོ་འབྲས་ཀུན་ནས་དགའ་བར་སྨིན་པ་ལ། །ཞུམ་མིན་རྗེ་བཙུན་བླ་མ་ཁྱེད་གཅིག་པུ། །བཀའ་དྲིན་གཞལ་དུ་མེད་པའི་དྲིན་ཅན་རྗེའི། །མཁྱེན་ནུས་བརྩེ་བའི་འོད་ཟེར་སྟོང་འབར་བས། །བདག་བློའི་མི་ཤེས་རྨོངས་མུན་ཉིད་བསལ་ནས། །བློ་གྲོས་སྤོབས་པའི་མཚོ་སྐྱེས་བཞད་མཛོད་ཀྱེ། །ཞེས་མཆོད་བརྗོད་དང་གསོལ་བ་འདེབས་པ་སྔོན་དུ་སོང་ནས་བརྗོད་དོན་ལྟ་སྒོམ་སྤྱོད་འབྲས་བཞི་ཡི་དང་པོ་ལྟ་བའི་ཕྱོགས་ལ་སྨྲས་པ། ཨ་ཧོ་ཆོས་ཉིད་ཡངས་པ་ཆེན་པོའི་དོན། །སྨྲ་བསམ་བརྗོད་ལས་འདས་པའི་རང་བཞིན་ནི། །སུས་ཀྱང་འདི་ཞེས་བློ་ཡིས་དཔྱད་བཟོད་མིན། །མཐར་ཐུག་དོན་ལ་བཅས་བཅོས་མ་མང་ཞིག །ཀྱེ་ཧོ། ད་ལྟའི་ཤེས་པ་སྐད་ཅིག་མ། །ཡོད་པ་མ་ཡིན་དངོས་པོའི་མཐའ་ལས་གྲོལ། །མེད་པ་མ་ཡིན་རིག་རྩལ་ཅིར་ཡང་འཆར། །རྟག་པ་མ་ཡིན་བདེན་གྲུབ་རང་ངོས་སྟོང་། ཆད་པ་མི་ཡིན་རིག་གདངས་སྐྱེ་འགག་བྲལ། །གཉིས་མིན་ཆོས་ཉིད་ཟུང་འཇུག་ཆེན་པོར་འཁྱིལ། །གཉིས་མེད་གཅིག་ཀྱང་མ་ཡིན་བློ་འདས་གཤིས། །བཏགས་པ་ཅི་ཞིག་མྱོང་བའང་གང་དགར་སྟོར། །འདི་འདྲ་ཡེ་ཡིན་ཆེན་པོའི་ལྟ་བ་སྟེ། །ཡིན་པ་མཐའ་དག་ཟད་ལ་ཅི་བྱར་ཡོད། །ས་ལམ་བརྩི་བའི་རྟོག་བཏགས་རྫུན་པོ་ཆེ། །ཨ་ཏི་བྱ་རྩོལ་བྲལ་བའི་ཀློང་དུ་ཞིག །ཧ་ཧ། ཞེས་གདམས་སོ། །གཉིས་པ་སྒོམ་པའི་སྐྱོང་ཚུལ་བརྗོད་པ། ཨ་ཧོ། བདེ་གཤེགས་སྙིང་པོའི་ཆོས་ཉིད་ནི། །དགག་སྒྲུབ་མཚན་མའི་ཡུལ་ལ་མི་གནས་པར། །སྐུ་བཞི་འདུས་མ་བྱས་ཤིང་ལྷུན་གྲུབ་པའི། །རང་བཞིན་འདི་ལ་སྒོམ་བློས་མ་འཆིངས་ཀྱེ། །ཐོག་མེད་དུས་ནས་གཞན་དབང་སྲིད་བཅས་སུ། །བདག་འཛིན་ཀུན་བཏགས་བློ་ཡིས་བཟུང་བའི་མཐུས། །འཁོར་བའི་འཁྲུལ་སྣང་སྣ་ཚོགས་གྲུབ་འདི་ཡང་། །བྱེད་པོ་གཞན་དབེན་མ་རིག་རྨོངས་པས་བྱས། །དེ་ཕྱིར་སྒོམ་བྱ་སྒོམ་བྱེད་གཉིས་འཛིན་བློས། །མཐར་ཐུག་དོན་ལ་སྒྲིབ་ཕྱིར་རང་རིག་གཤིས། །ངོ་བོ་འདི་ཞེས་ཡིན་པའི་མཐའ་འདས་ཀྱང་། །རང་བཞིན་མིན་པ་མེད་པའི་ཆོས་ཉིད་ལ། །ཆེད་དུ་སྒོམ་རྒྱུ་སྤུ་ཙམ་མ་མཆིས་བཞིན། །ཡུལ་དུ་གཡེང་བ་རྡུལ་ཙམ་མེད་པའི་ངང་། །མཉམ་རྗེས་རེས་འཇོག་བྲལ་བར་ཐུན་སྐྱང་ཚེ། །རང་རྩལ་རྟོག་པའི་འཕྲོ་འདུ་ཅི་ཤར་ཡང་། །ཡེ་གྲོལ་འཕོ་འགྱུར་བྲལ་ཕྱིར་ཡང་གྲོལ་དབེན། །རང་ངོར་གྲོལ་ཕྱིར་གཞན་རྐྱེན་གཉེན་པོ་མེད། །ཅེར་གྲོལ་རིག་ཙམ་ཉིད་ནས་མཐོང་སར་ཡལ། །ཡོངས་སུ་གྲོལ་པས་འཁོར་འདས་གཉིས་སྣང་བྲལ། །གང་ལྟར་ཤར་ཡང་སྔོན་བསུ་རྗེས་དཔྱོད་དང་། །དགག་སྒྲུབ་སྐྱོང་འདོད་གང་ཡང་མི་བྱེད་པར། །དྲན་མཁན་རང་ཉིད་རང་ངོར་གློད་པའི་ཚེ། །གློད་དང་གློད་མཁན་ཆུ་དང་ཆུ་རླབས་བཞིན། །གྱུར་ཚེ་གློད་རྒྱུའང་ཚིག་ཙམ་བཏགས་པ་ཙམ། །འདི་ཀོ་རྣམ་མཁྱེན་བགྲོད་པའི་བཤུལ་ལམ་ཡིན། །གནས་ཀྱང་ངང་གནས་འགྱུས་ཀྱང་རང་རྩལ་ཡིན། །སྒོམ་མེད་ཡེ་སྒོམ་ཆེན་པོའི་དགོངས་པའོ། །ཞེས་གདམས་སོ། །གསུམ་པ་སྤྱོད་པའི་ལམ་འཁྱེར་བསྟན་པ། །ཀྱེ་ཧོ་ཆོས་ཉིད་དོན་ལ་རྒྱུན་ཆད་མེད། །བསམ་དུ་མེད་དེ་རང་རིག་བསྒྱུར་དུ་མེད། །ཡེ་ནས་ཡིན་ལ་སླད་ནས་རྒྱས་འདེབས་མེད། །རང་བཞིན་འདི་ལ་བླང་དོར་མ་མང་ཀྱེ། །གདོད་ནས་རྣམ་པར་དག་པའི་སེམས་ཉིད་ཀྱི། །ངོ་བོ་སྤྲོས་པའི་མཐའ་ལ་མི་གནས་བཞིན། །རང་བཞིན་རྟོག་པའི་འཕྲོ་འདུ་སྣ་ཚོགས་ཀུན། །དེ་ཙམ་ཉིད་ནས་སྐྱེ་འགགས་མ་མཆིས་ཀྱང་། །ཐོག་མེད་གོམས་པའི་བག་ཆགས་མཐུ་བརྟས་པའི། །དག་དང་མ་དག་སྒྱུ་མའི་འཕྲུལ་བཞིན་མངོན། །དེ་ལྟ་ནའང་སྒྱུ་མ་མཁན་པོ་ཡིས། །རང་བྱས་ལས་ལ་བདེན་པར་མི་འཛིན་བཞིན། །འདིར་སྣང་བདེ་སྡུག་བཟང་ངན་བླང་དོར་ཀུན། །མེད་བཞིན་སྣང་ལ་ཡིད་བརྟན་མ་བྱེད་ཅིག །ཇི་ལྟར་མིག་སྐྱོན་ཅན་གྱིས་ནམ་མཁའ་ལ། །སྣ་ཚོགས་རབ་རིབ་གཟུགས་སུ་མཐོང་ནའང་། །མཐོང་དུས་ཉིད་ནས་ནམ་མཁར་གཟུགས་མེད་ཅིང་། །སྣང་ཚུལ་ཙམ་དུ་དེ་ལྟར་སྣང་བ་བཞིན། །དངོས་སྣང་ཕྱི་འབྱུང་ལྔ་དང་ནང་འབྱུང་ལྔ། །གསང་བ་སེམས་དང་སེམས་བྱུང་རང་རྩལ་ཀུན། །མེད་བཞིན་སྣང་ལ་སྣང་བཞིན་མི་གདའ་བཞིན། །སྤང་བླང་ཟད་པ་སྤྱོད་པའི་རྒྱལ་པོའོ། །ཞེས་གདམས་པའོ། །བཞི་བ་འབྲས་བུའི་གྲུབ་ཚུལ་བཤད་པ། ཀྱེ་ཧོ་གཉུག་མའི་རང་བཞིན་རྫོགས་པ་ཆེན་པོའི་ཞལ། །འདུས་མ་བྱས་ཤིང་སྐུ་བཞིའི་བདག་ཉིད་དུ། །གདོད་ནས་བཞུགས་ལ་བསྐྱར་ནས་གྲོལ་རྒྱུས་དབེན། །སངས་རྒྱས་གཞན་དུ་འཚོལ་འདོད་མ་བྱེད་ཀྱེ། །བྱས་ཆོས་གཉིས་འཛིན་དྲྭ་བས་ཆེར་བཅིང་ནས། །སྔོན་ཆད་རང་རིག་ནོར་བུ་སྟོར་བ་ནི། །དབུལ་པོའི་ཁྱིམ་གྱི་རིན་ཆེན་གཏེར་བཞིན་ལ། །ད་རེས་བླ་མའི་དྲིན་གྱི་བདེ་ལེགས་རྙེད། །མ་རྟོགས་སེམས་ཅན་དེ་ལས་ཐག་ཁྲ་ལ། །སྦྲུལ་དུ་མཐོང་བཞིན་གཉིས་སྣང་མུན་པས་བསྒྲིབས། །ལམ་ཞུགས་ཕལ་ཡང་གོ་མྱོང་སྲད་བུས་བཅིང་། །ཚུལ་དེས་བདེ་གཤེགས་སྙིང་པོའི་རང་ཞལ་བསྒྲིབས། །ད་ནི་ཡེ་ནས་ཡིན་པའི་སེམས་ཉིད་ལ། །ལྟ་བ་ཇི་བཞིན་ཁས་ལེན་བྲལ་བ་དང་། །སྒོམ་པ་ཇི་བཞིན་ཡེང་སྒོམ་གཉིས་དབེན་པར། །སྤྱོད་པ་ཇི་བཞིན་མཉམ་རྗེས་རེས་མེད་དུ། །བསྐྱང་ཚེ་གདོད་མའི་གཞི་དབྱིངས་སྤྲོས་བྲལ་ཀློང་། །སྒྲིབ་གཉིས་དག་པའི་ཡེ་ཤེས་ཟུང་འཇུག་ནས། །རང་བཞིན་བསམ་མི་ཁྱབ་པའི་ཆོས་སྐུ་ལས། །ཕ་མཐའ་མི་མངོན་གཟུགས་སྐུའི་རྣམ་རོལ་ཉིད། །སྤྲུལ་ནས་བགྲང་ཡས་བསྐལ་བར་འགྲོ་བའི་དོན། །འབད་མེད་ལྷུན་གྲུབ་ཆེན་པོར་མཛད་པའོ། །ཅེས་གདམས་པའོ། །དེ་ལྟར་གཞི་ལམ་འབྲས་བུའི་རྣམ་གཞག་ཕྲེང་། །རིག་འཛིན་བརྒྱུད་པའི་གསེར་ཐག་ལ་བརྒྱུས་ནས། །རྗེས་འཇུག་ཉམས་རྟོགས་དགའ་བའི་དོ་ཤལ་དུ། །ཕུལ་མཐུས་རྟོགས་པའི་ལང་ཚོ་བཞད་གྱུར་ཅིག །དེ་མཐུས་འགྲོ་ཀུན་ཟུང་འཇུག་རྡོ་རྗེའི་སར། །འཁོད་ནས་ཡེ་ཤེས་འཁོར་ལོའི་ཕྱག་རྒྱ་ཉིད། །སྲིད་ཞིར་མི་གནས་མཉམ་པ་ཉིད་ཀློང་ནས། །བསྐོར་བཞིན་ཐེག་མཆོག་ཆོས་ཁམས་རྒྱས་གྱུར་ཅིག །ཅེས་མཇུག་བསྡུ་བའོ། །ཞེས་པའང་དད་ལྡན་མགོན་པོ་རྡོ་རྗེས་བསྐུལ་ངོར། བརྒྱུད་ལྡན་བླ་མའི་བྱིན་རླབས་སྤྲིན་ལྟར་འཐིབ་པའི་གནས། ཉམས་རྟོགས་ཟབ་མོའི་མྱུར་གུར་དད་བརྒྱའི་ལོ་འདབ་བཞད་པའི་ཁང་བཟང་། ཀ་ཏི་ཤེལ་གྱི་གྲུབ་གནས་ཆེན་པོ་ག་ལ་བ་དེར། སྙིང་པོའི་བསྟན་པ་ལ་མོས་པ་ཐོབ་པའི་རྣལ་འབྱོར་པ་གཞན་ཕན་མཐའ་ཡས་འོད་ཟེར་གྱིས་སྦྱར་བའོ།། །།

གསུང་མགུར་ལེགས་པ་དྲུག་གི་གླུ་ཆུང་།

༄། །གསུང་མགུར་ལེགས་པ་དྲུག་གི་གླུ་ཆུང་བཞུགས། །དཔལ་རྡོ་རྗེ་འཆང་ཆེན་བླ་མ་དང་། །མགོན་རིག་འཛིན་འདུས་པ་རྒྱ་མཚོ་ལ། །བདག་སྙིང་ནས་གུས་པས་གསོལ་བ་འདེབས། །བློ་ཆོས་སུ་འགྱུར་བར་བྱིན་གྱིས་རློབས། །དེང་གསོན་དང་ཆོས་འདོད་གྲོགས་པོ་རྣམས། །དགྲ་འདུ་འཛིའི་ཐག་པ་མ་བཅད་ན། །ཆོས་རྣམ་དག་འགྲུབ་པ་དཀའ་མོ་གདའ། །དོན་དེ་ཕྱིར་ཚུལ་འཆོས་སྤངས་ན་ལེགས། །ལར་དམ་པའི་རྗེས་སུ་སྙོགས་པ་ལ། །ངེས་འབྱུང་དང་སྐྱོན་ཤེས་དྲག་པོ་ཡིས། །འཁོར་བ་ལ་གཏིང་ནས་ཞེན་ལོག་དགོས། །དོན་དེ་ཕྱིར་དབེན་པ་བརྟེན་ན་ལེགས། །དུས་ད་ལྟ་ཉིད་ནས་ལྷ་ཆོས་ལ། །སེམས་ཐེ་ཚོམ་མེད་པར་མ་འབད་ན། །ཕྱི་བཤོལ་གྱིས་སྒྲུབ་ལ་འདུག་དུས་མེད། །དོན་དེ་ཕྱིར་བློ་སྣ་བསྟུང་ན་ལེགས། །གཉེར་སྒྱུ་མའི་བསླུ་ཁྲིད་ཡིན་པ་དེ། །ཤེས་བཞིན་དུ་རང་ཐག་མ་བཅད་ན། །མི་གཞན་ཟེར་ཉན་ན་རང་སྐལ་ཆད། །དོན་དེ་ཕྱིར་ངོ་བསྲུང་བཞག་ན་ལེགས། །དུས་རྟག་ཏུ་རང་གིས་རང་རྒྱུད་ལ། །དཔྱད་ནས་སུ་བླང་དོར་མ་བྱས་ན། །རྒྱུད་གྱོང་པོ་འདི་ལ་ཐུལ་དུས་མེད། །དོན་དེ་ཕྱིར་མཛུབ་མོ་ནང་བཀུག་ལེགས། །ལར་དུས་དང་རྣམ་པ་ཐམས་ཅད་དུ། །རང་ཆེ་རློམ་མཐོ་རློམ་མ་བྱེད་པར། །ལུས་དམན་ས་ཇི་ཟིན་བྱེད་བཞིན་དུ། །ཁ་ཞེ་གཉིས་ཨེ་མཐུན་བརྟག་ན་ལེགས། །དེའི་ཕྱིར་ན་རང་རྒྱུད་རང་ཉིད་ཀྱིས། །མ་བརྟུལ་ན་གཞན་གྱིས་འདུལ་བ་དཀའ། །ཚུལ་དེ་ལ་བསམ་ན་སྔོན་བྱོན་གྱི། །གྲུབ་ཐོབ་བཞིན་དབེན་པར་དཀའ་སྤྱད་མཛོད། །དོན་ལེགས་པ་དྲུག་གི་གླུ་ཆུང་འདི། །ལས་དགེ་ལ་བརྩོན་པའི་རྣལ་འབྱོར་བར། སྤྲང་གྱི་ནར་གནས་པའི་སྙོམ་ལས་མཁན། །མིང་གཞན་ཕན་མཐའ་ཡས་དེ་ཡིས་གདམས། །དགེའོ།། །།

རྫོགས་ཆེན་ལྟ་བའི་ཉམས་མགུར་ཀ་རྩོམ་མ།

༄། །རྫོགས་ཆེན་ལྟ་བའི་ཉམས་མགུར་ཀ་རྩོམ་མ་བཞུགས། །ཨ་ཧོ། ཀ་དག་བསམ་བརྗོད་བྲལ་བའི་རང་བཞིན། །ཁ་དོག་དབྱིབས་ཀྱིས་མཚོན་པར་མི་གདའ། །ག་དར་བྱས་པའི་དྭངས་ཤེལ་ཇི་བཞིན། །ང་བདག་རྩད་གདར་ཆོད་ཚེ་དེ་ག །ཅ་ཅོའི་ཚིག་གིས་དོན་ལ་གཞལ་བས། །ཆ་ཤས་ཙམ་ཡང་རྟོགས་པར་མི་གདའ། །ཇ་རིལ་དབང་པོས་སྣ་ཚོགས་མཐོང་བཞིན། །ཉ་ཉུག་སེམས་ལ་བྱས་ནས་དེ་ག །ཏ་ན་ག་ནའི་གསང་སྤྱོད་ཟབ་མོ། །ཐ་མལ་རང་རྒྱུད་ཡིན་པ་མི་གདའ། །ད་སྔོན་བྱོན་པའི་གྲུབ་ཐོབ་རྣམ་བཞིན། །ན་ཚ་ཆོས་ལ་བྱེད་ཚོ་དེ་ག །པ་མ་དྲི་མ་འཁྲུད་པའི་བདུད་རྩི། །ཕ་རོལ་བྱིས་ཆོས་ཡིན་པ་མི་གདའ། །བ་མོར་ཉི་ཟེར་ཕོག་པ་ཇི་བཞིན། །མ་ལུས་འགྲོ་ཕན་སེམས་བསྐྱེད་དེ་ག །ཙ་གོ་ར་འདྲའི་སྣ་ཚོགས་གཏམ་གྱིས། །ཚ་གྲང་རྐྱེན་ངན་ཐེག་པར་མི་གདའ། །ཛ་ཡ་གོང་མའི་རྣམ་ཐར་ཇི་བཞིན། །ཝ་ལེར་རང་རིག་བསྐྱོང་ན་དེ་ག །ཞྭ་མོའི་ཚོས་མདོག་དམར་སེར་བསྒྱུར་བས། །ཟ་འདྲ་འབྱུང་པོ་ཐུལ་བ་མི་གདའ། །འ་འོལ་འདི་སྣང་རྨི་ལམ་ཇི་བཞིན། །ཡ་མཚན་བདེན་མེད་གོ་ཚེ་དེ་ག །ར་གྱོང་ལྟ་བུའི་རང་རྒྱུད་ངན་པ། །ལ་ལུང་ཤེས་ལོས་ཐུལ་བ་མི་གདའ། །ཤ་བ་རོག་པོ་སྤང་རིར་འགྲོགས་བཞིན། །ས་ཆ་དབེན་པ་བསྟེན་ན་དེ་ག །ཧ་ལམ་སེམས་ངོ་ཤེས་ལོ་ཙམ་གྱིས། །ཧ་ལ་ལྔ་བོ་གྲོལ་བར་མི་གདའ། །ཨ་དོན་འཁོར་འདས་མཉམ་ཉིད་གོ་བཞིན། །ཨི་ཏིའི་ངང་དུ་བཞག་ན་དེ་ག །ཨ་ཧོ་བྱ་རྩོལ་བྲལ་བའི་གྲོགས་ཚོ། །ཨ་མས་བུ་ལ་བསླབ་བྱ་སྟོན་བཞིན། །ཨ་མཚར་སྤང་བླང་གནད་འགག་ཞུ་ན། །ཨ་བུ་རྣམས་ཀྱི་ཐུགས་ལ་འདོགས་འཚལ། །

ཀ་རྩོམ་གྲོས་འདེབས་བསླབ་བྱ།

༄། །ཀ་རྩོམ་གྲོས་འདེབས་བསླབ་བྱ། །ཀ་དག་དྲི་བྲལ་གྱི་ན་ཆུང་གཞོན་ནུ། །ཁ་དོག་ལྔ་ལྡན་གྱི་པཉྩ་ལི་ཀས། །ག་ལེར་བྱི་དོར་ལ་བརྩོན་པའི་འབྲས་བུ། །ང་ཡི་དགའ་མའི་ཞལ་ནང་ནས་ངོམས་བྱུང་། །ཅ་རེ་ཡེ་ཤེས་ཀྱི་མཐོང་བ་དག་དང་། །ཆ་ལུགས་ཟུང་འཇུག་གི་གོམ་སྟབས་དོར་བས། །ཇ་ཧོར་ཚོས་མདོག་གིས་བཅོས་ནས་སྤུད་པའི། །ཉ་མར་ཞེན་པ་དེ་སྙིང་ནས་བཏངས་བྱུང་། །ཏ་རེ་སེམས་ཉིད་དང་རོ་གཅིག་རྟོགས་ཚོ། །ཐ་མལ་སྣང་བ་འདི་རྫུན་པའི་ཆོས་སུ། །ད་ལྟ་བན་བུན་གྱིས་ངེས་པ་རྙེད་པས། །ན་རིག་གཡོ་ཅན་ཚོའི་རྣམ་འགྱུར་ཅི་ཞིག །པ་པམ་སྔོན་གོམས་ཀྱི་བག་ཆགས་བརྟས་པས། །ཕ་རོལ་བསླུ་བྱེད་ཀྱི་རྗེས་སུ་འབྲང་བ། །བ་མོ་ཚ་ཟེར་གྱིས་བཅོམ་པ་ཇི་བཞིན། །མ་ནས་གཞིལ་བ་འདི་བླ་མའི་ཐུགས་རྗེ། །ཙ་ཀོ་ར་བཞིན་དུ་ཆགས་སྡང་གཏམ་ལ། །ཚ་གྲངས་ཁྱད་བསད་ནས་བརྩོན་པ་འདི་དག །ཛ་ཡ་སྲས་བཅས་ཀྱི་གཤེགས་ཤུལ་མིན་ཕྱིར། །ཝ་ལེར་རང་རིག་དེ་སྐྱོང་ལ་སྤྲོ་བྱུང་། །ཞྭ་གོས་ལྷམ་ཙམ་གྱིས་ཕྱི་ཚུལ་བཅོས་ནས། །ཟ་ཆོག་ཁོ་ན་ལ་བརྩོན་པའི་བན་ཧོར། །འ་འོལ་འདི་འདྲ་ལ་ཞེན་པ་འདི་འདྲ། །ཡ་རབས་དམ་པ་ཚོས་མཐོང་ན་གྲོས་རན། །ར་གན་སུ་ཝིཪྣའི་ཁ་དོག་འཛིན་ཀྱང་། །ལ་ལའི་འཁྲུལ་སྣང་ལས་དངོས་གནས་མ་ཡིན། །ཤ་ཚའི་གྲོས་འདེབས་དང་བསླུ་བའི་བསླབ་བྱ། །ས་འདིར་དེ་བཞིན་དུ་གྱུར་འདི་གཟིགས་སམ། །ཧ་ལམ་འཁོར་བ་འདིའི་མཚང་ཞིག་མཐོང་ན། །ཨ་ཧོ་དབེན་པ་ཞིག་བརྟེན་པར་མཛོད་དང་། །ཨ་དོན་སྐྱེ་མེད་ཀྱི་སྨིན་ལེགས་གཞོན་ནུས། །ཨ་བུ་ཁྱེད་ཅག་ལ་འཁྱུད་ནས་འོང་ངོ་། །ཞེས་མཚར་གཏམ་དུ་སྨྲས་པའོ། །དགེའོ།། །།

ལྟ་སྒོམ་སྤྱོད་འབྲས་སྟོན་པའི་མགུར་མ།

༄། །ལྟ་སྒོམ་སྤྱོད་འབྲས་སྟོན་པའི་མགུར་མ་བཞུགས། །ན་མོ་གུ་རུ། བདེ་ལེགས་སྦྱིན་པའི་བླ་མ་ནི། །བདེ་མཆོག་ཀུན་ཏུ་བཟང་པོ་དང་། །བདེ་ཆེན་ངང་དུ་རོ་མཉམ་ཕྱིར། །བདེ་བར་སྐྱབས་སུ་བརྟེན་བྱས་ནས། །སྐལ་ལྡན་ཁྱོད་ལ་ཉམས་ལེན་ལས། །འཕྲོས་པའི་གདམས་པ་འདི་འཆད་ཀྱི། །དད་གསུམ་སྨིན་པའི་ལོ་འབྲས་ལ། །ལོ་ཏོག་སེར་བ་རྒྱངས་བསྲིངས་མཛོད། །དེ་ཡང་མདོ་རྒྱུད་རྒྱ་མཚོའི་དོན། །སྙིང་པོ་ཧྲིལ་གྱིས་དྲིལ་བྱས་ན། །ལྟ་སྒོམ་སྤྱོད་འབྲས་བཞི་རུ་འདུ། །དེ་ཚུལ་མན་ངག་བཞིན་བཀྲལ་ན། །དང་པོ་ལྟ་བའི་རང་བཞིན་ལ། །ཐེག་པ་དམན་དང་མཆོག་གི་ཁྱད། །ཡོད་ཀྱང་ད་ལྟའི་རིག་པ་ཉིད། །མཐའ་བརྒྱད་སྤྲོས་དང་བྲལ་བ་དེ། །དབུ་མ་ཆེན་པོའི་ལྟ་བ་ཡིན། །དེ་ཡི་ངོ་བོ་དྲི་བྲལ་གང་། །དབྱིངས་དང་ཡེ་ཤེས་ཟུང་འཇུག་ཏུ། །ཡེ་ནས་གནས་པ་དཔེའི་སྒོ་ནས། །རང་ངོ་འཕྲོད་པ་ཕྱག་རྒྱ་ཆེ། །འདི་ནི་རྒྱུད་ཀྱི་དགོངས་པ་སྟེ། །མིང་ལ་བདེ་སྟོང་གཉིས་མེད་པའི། །ཟུང་འཇུག་ཡེ་ཤེས་རྡོ་རྗེ་ཞེས། །ཡོངས་གྲགས་བླ་མའི་ཞལ་ལུང་ལས། །སོ་སོའི་སྐྱེ་བོས་འཁྲུལ་རྟོག་གིས། །བཏགས་པའི་ཕྱག་ཆེན་ཙམ་པོ་མིན། །གང་དེ་ཉམས་སུ་ལེན་པ་དེས། །ཀུན་རྫོབ་ལྷ་ཡི་ཕྱག་རྒྱ་དང་། །དོན་དམ་འདུས་མ་བྱས་པ་གཉིས། །རེས་འཇོག་དྲྭ་བར་མ་འཛུད་ཅིག །ཚུལ་འདི་རྟོགས་པའི་རྣལ་འབྱོར་པས། །ཁྱད་གཞི་གཅིག་ལ་ཁྱད་ཆོས་སུ། །ངེས་གསང་རྫོགས་པ་ཆེན་པོ་ཡི། །ལྟ་བའི་འཇོག་ཚུལ་དབྱེ་མོད་ཀྱང་། དེང་སྐབས་ལ་ལས་རྣམ་གཞག་བཞིན། །ཐུན་མོང་ལྟ་གྲུབ་རྣམ་བཞི་དང་། །ཡོངས་སུ་མ་འབྲེལ་གྲུབ་མཐའ་ཞིག །རང་ལ་ཡོད་པའི་དཔའ་སྐད་དེས། །ཐེག་མཆོག་འདི་ཡི་ཆེ་བ་བསྣུབས། །དེ་ཕྱིར་ཀུན་གཞི་ཚོགས་བརྒྱད་དང་། །བཅས་ལས་རང་བྱུང་ཡེ་ཤེས་ཀྱི། །ཁྱད་པར་བླ་མའི་མན་ངག་གིས། །ཕྱེས་ནས་ཡེ་ཤེས་དམ་པའི་གནད། །སྒོམ་པས་རྒྱུད་ལ་བརྟེན་པའོ། །དེ་ལ་ཐུན་མོང་ཐུན་མིན་གཉིས། །ཐུན་མོང་ཕར་ཕྱིན་ཐེག་པའི་ལུགས། །དྲན་པ་ཉེར་བཞག་ནས་བཟུང་སྟེ། །བྱང་ཆུབ་ཕྱོགས་ཆོས་སོ་བདུན་པོ། །རིམ་བཞིན་རྒྱུད་ལ་བརྟེན་པ་དང་། །ཐུན་མིན་བསྐྱེད་རྫོགས་རྣམ་པ་གཉིས། །ཕར་ཕྱིར་དྲུག་དང་བསླབ་གསུམ་གྱིས། །བསྡུས་པ་མདོ་དང་ཚུལ་མཐུན་བཞིན། །བྱེ་བྲག་ཐབས་ཤེས་ཁྱད་པར་ཅན། །གང་གིས་དབྱེ་བའི་ལམ་བཟང་ནི། །བརྩོན་པས་རྒྱུད་ལ་བསྟེན་བྱ་ཞིང་། །དེ་ལས་ཐེག་པའི་རྒྱལ་པོ་ཡི། །ཐབས་མཆོག་འོད་གསལ་ཐོད་རྒལ་ལམ། །ཁྲེག་ཆོད་ཉིད་ལས་མི་གཞན་པར། །ཤེས་ནས་ཉམས་སུ་ལེན་པ་གལ། །མཉམ་བཞག་དེ་ལྟར་གནས་པ་ལས། །རྗེས་ཐོབ་སྤྱོད་པའི་སྐྱོང་ཚུལ་ནི། །སོ་བྱང་སྔགས་ཀྱི་དམ་སྡོམ་རྣམས། །མདོ་དང་རྒྱུད་ནས་གསུངས་པ་བཞིན། །བླང་དོར་གནས་ལ་བརྩོན་པ་དང་། །ཁྱད་པར་ཕྱག་རྒྱ་སྒྱུ་མ་ཡི། །དག་པ་དྲན་པའི་ངང་ཉིད་ནས། །སྣང་སྲིད་ལྷག་པ་ཏིང་འཛིན་གྱི། །དཀྱིལ་འཁོར་ཆེན་པོར་རྫོགས་པ་ལ། །དེ་བཞིན་ལམ་ཁྱེར་བགྱིད་པ་ལས། །ནམ་ཡང་འདའ་བར་མ་བྱེད་ཅིག །ཚུལ་འདིའི་ཐབས་དང་མི་ལྡན་བཞིན། །འདོད་ཡོན་ལྔ་ལ་སྤྱོད་པ་ནི། །གསང་བ་ཉིད་ལས་གཞན་འགྱུར་ཕྱིར། །དེ་འདྲ་ཁ་ལྟ་ཙམ་པོ་ལ། །ཡིད་བརྟན་རུང་བ་མ་ཡིན་ནོ། །འདི་ལྟར་ལྟ་སྒོམ་སྤྱོད་པའི་གནད། །ཅི་བཞིན་ཉམས་སུ་བླང་གྱུར་ན། །འབྲས་བུ་ཀུན་གྱི་མཐར་ཐུག་པ། །ལྷུན་གྲུབ་དག་པ་གཉིས་ལྡན་དེ། །ཚེ་འདིར་མངོན་དུ་གྱུར་པའོ། །དེ་ཡི་རང་བཞིན་རྣམ་དག་ནི། །འབྲས་ཆོས་ཉེར་ལྔའི་བདག་ཉིད་དེ། །ལམ་རྟགས་རྣམས་ཀྱང་དེར་མཚུངས་ན། །ལམ་གྱུར་འབྲས་བུ་རིག་འཛིན་བཞིའི། །གོ་འཕང་བགྲོད་ཚུལ་ཤེས་པར་གྱིས། །དེ་ལྟར་མདོ་རྒྱུད་རྒྱ་མཚོའི་དོན། །ལྟ་སྒོམ་སྤྱོད་འབྲས་བཞི་བོ་ཡི། །གནད་རྣམས་འདི་རུ་གདམས་ཟིན་གྱིས། །ཉམས་སུ་ལོངས་ཤིག་རིག་པ་འཛིན། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཡང་། །ཐུགས་ཀྱི་དཔལ་བེའུར་བསྐྱིལ་བྱས་ནས། །འགྲོ་ལ་སྦྱིན་མཛད་བླ་མ་དེའི། །མཐུ་བྱིན་འདི་ན་བརྗིད་གྱུར་ཅིག། ཅེས་པའང་རིགས་སྔགས་འཆང་བ་བདུད་འདུལ་རྡོ་རྗེའི་ངོར་ཐེག་པ་མཆོག་ལ་མོས་པ་ཐོབ་པའི་རྣལ་འབྱོར་པ་གཞན་ཕན་མཐའ་ཡས་འོད་ཟེར་གྱིས་གདམས་པའོ།། །།

ཀོང་པོ་སེངྒེའི་ཡང་དགོན་དུ་མགུར།

༄། །ཀོང་པོ་སེངྒེའི་ཡང་དགོན་དུ་མགུར་དུ་བཞེས་པ། །ན་མོ་མ་ཧཱ་གུ་རུ་ཡེ། སྐུ་མཐོང་བས་ཐ་མལ་སྣང་ཞེན་འགོག །གསུང་ཐོས་པས་སྲིད་ལས་ཡིད་འབྱུང་ཞིང་། །ཐུགས་བསྒོམ་པས་འདིར་སྣང་སྒྱུ་མར་སྦྱོང་། །རྗེ་དོན་གྱི་བླ་མ་ཕྱག་གི་གནས། །མགོན་མི་བསླུ་ངེས་པ་ཁྱེད་ཀྱི་ཞབས། །མི་སྤྲང་བོའི་བདེ་ཆེན་འཁོར་ལོ་དང་། །དུས་ནམ་ཡང་འབྲལ་བའི་གོ་སྐབས་དབེན། །དེ་བསམ་གྱིན་ཡིད་རྩ་སྤྲོ་བའི་གཏམ། །ཉམས་མྱོང་གི་གླུ་ཆུང་ལེན་སྙིང་སྤྲོ། །ལར་བདེན་པར་བཟུངས་ཀྱང་འཁྲུལ་བའི་ལམ། །བདེན་མེད་དུ་བསམ་ཀྱང་དཔྱོད་པའི་བློ། །དེ་གང་གིས་ཀྱང་གནས་ལུགས་བརྗོད་འདས་ཀྱི། །མཚན་ཉིད་དེ་ཚུལ་བཞིན་རྟོགས་པའི་དུས། །ནམ་དུ་ཡང་ཡོད་སྙམ་མི་གདའ་ན། །རྟོགས་མེད་ཀྱི་སེམས་ཉིད་ལྟོས་མེད་དུ། །བོར་ནས་སུ་ལྷུག་པར་སྡོད་པ་ལ། །བཅས་བཅོས་ཀྱི་དམིགས་གཏད་ག་ན་ཡོད། །མཐར་འཛིན་ཚོ་སྙིགས་མའི་གཤིས་ལ་དེངས། །ཀུན་ཁྱབ་ཀྱི་སེམས་ཉིད་ནམ་མཁའ་ལ། །བློས་བྱས་ཀྱི་མཛུབ་རིས་བྲིས་པ་དེའི། །བཤུལ་ལམ་ལ་སྡོད་པའི་སྐབས་འགའ་དབེན། །ཨ་འཐས་ཚོ་རང་གྲོལ་གནད་ལ་བོར། །བྱར་མེད་ཀྱི་རིག་གདངས་འཁྲུལ་མེད་ལ། །དོན་མེད་ཀྱི་སྤར་ཚོད་བྱེད་དོན་མེད། །བློ་བྲལ་གྱི་རིག་པ་བཟོ་མེད་པའི། །མཚན་ཉིད་དེ་ནམ་མཁའི་པདྨོས་བྱས། །གྲུབ་མཐའ་ཀུན་ཐ་སྙད་སྒྲོ་བཏགས་ལ། །མཐར་འཛིན་ཚོ་གདོད་མའི་མགོན་པོས་བསྡུས། །ཐ་སྙད་ལ་བདེན་པར་ཅི་ཕྱིར་གོལ། །བསམ་བརྗོད་ལས་འདས་པ་ཡེ་ཡིན་ལ། །དགག་སྒྲུབ་ཀྱི་མཁན་པོ་ག་ན་ཡོད། །དཔྱོད་འཇོག་གི་སྒོམ་ཆེན་བྲེལ་ཚུབ་ཅན། །གཏན་མེད་ཀྱི་ཀློང་ནས་ལེང་སེ་ལེངས། །ཅུང་ཟད་ཙམ་ཀློད་ན་མི་ལེགས་སམ། །ཁྱབ་བརྡལ་ལ་ཀློད་དུ་མ་མཆིས་ཀྱང་། །བླུན་སྒོམ་ཚོས་ཆོས་སྐལ་དེ་ལ་མཛོད། །གུ་ཡངས་ཀྱི་ངང་ནས་བློ་ཡངས་པོ། །ཞེན་མེད་ཀྱི་ངང་ནས་ཡེངས་མེད་དུ། །ཕྱལ་ཡས་སུ་སྡོད་པའི་རྣལ་འབྱོར་པ། །འགྱུར་མེད་ཀྱི་བླ་མ་ཁྱོད་ལ་ཞུ། །ཨེ་མ་ལ་རྫོགས་པ་ཆེན་པོའི་ཞལ། །མཐའ་བརྒྱད་ཀྱི་གཟེབ་ལས་གྲོལ་པ་དེ། །བྲག་སྐྱིབ་ཏུ་སྡོད་པའི་རྣལ་འབྱོར་པའི། །སྙིང་དབུས་ཀྱི་ཆུ་སྐྱེས་བཞད་ལས་འཁྲུངས་། །ཡིན་མིན་ཀྱི་རྩོད་པ་འགྱེད་པ་ཚོས། །བློ་འདས་ཀྱི་རྫོགས་ཆེན་གཞིག་ནུས་སམ། །འོན་ཀྱང་ནི་བྱིས་བློའི་བེར་རྒ་ཡིས། །གཞོམ་མེད་ཀྱི་རྡོ་རྗེ་ཕ་ལམ་ལ། །ཅི་དགྱེས་སུ་བསྣུན་ནས་གང་དགྱེས་མཛོད། །རིག་སྟོང་ལ་བླང་དོར་ཡོད་པ་མིན། །ཨ་ལ་ལ་གུ་ཡངས་རྣལ་འབྱོར་པ། །ཨ་ལ་ལ་ཐོག་མཐའ་བར་མེད་དོ། །ཨ་ལ་ལ་ཕྱོགས་མཐའ་དབུས་བྲལ་ལོ། །ཨ་ལ་ལ་གདོད་མའི་གཤིས་སུ་དེངས། །ཞེས་པའང་ཀོང་པོ་སེངྒེའི་ཡང་དགོན་དུ་སྤྲང་བཙུན་གཞན་ཕན་མཐའ་ཡས་པས་རིག་རྩལ་དུ་ཅི་ཤར་བཅོས་མེད་དུ་བྲིས་པའོ།། །།

ཉམས་མགུར་རྟོགས་པའི་བོགས་འདོན།

༄། །ཉམས་མགུར་རྟོགས་པའི་བོགས་འདོན་བཞུགས། །ཕ་རྒན་གྱི་ཞལ་ཆེམ་དྲན་རྒྱུ་ལ། །སྲིད་ལྡན་གྱི་བུ་མོའི་ངག་ལ་ཉན། །སྐྱེ་གནས་ཀྱི་རྫིང་ལ་ལུས་ཀུན་བྱིང་། །ད་སྲིད་པའི་གྲོགས་ལ་ཡིད་མ་ཆེས། །ཆོས་ཉིད་ཀྱི་ཐང་ཆེན་འགྲིམ་རྒྱུ་ལ། །ཡུལ་དྲུག་གི་གཡང་སར་འཁྲིས་འཁྲིས་མཐར། །བག་ཆགས་ཀྱི་ལུས་གྲུབ་འདི་རུ་ཞུགས། །ང་ཇི་ལྟར་བྱས་ཀྱང་ཡིད་མ་ཆེས། །ཨེ་མཚན་ལྡན་དེད་དཔོན་རིན་པོ་ཆེ། །ཁྱོད་ཉིད་ཀྱིས་བདག་ལ་ལམ་བསྟན་པའི། །ཡུལ་འདིར་ཡང་ཡིད་ཆེས་མི་ཐུབ་པའི། །ལམ་ནོར་དུ་དོགས་པའི་འཕྲང་འགའ་མཐོང་། །གནས་འདི་ནས་ཡར་ལ་འགྲོ་བ་ལ། །ཁོང་བདེ་གསལ་ཞེས་གླུ་ཡི་ཕོ་བྲང་གདའ། །གནས་འདི་རུ་དུད་འགྲོའི་འཕྲང་གཅིག་འདུག །ལམ་དེ་ལས་སྒྲོལ་ཡང་སྟོང་ཉམས་ཞེས། །བློ་བདེ་བ་མུ་བཞིའི་འཕྲང་གཅིག་འདུག །འཕྲང་དེ་ལས་སྒྲོལ་ཡང་སྟོང་འཛིན་ཞེས། །ཡང་དག་གི་ལམ་དང་ནོར་ས་འདུག །ལམ་དེ་ལས་མ་ནོར་ཕྱིན་ནའང་། །གོ་ཡུལ་གྱིས་རྒྱུ་འབྲས་ཁྱད་གསོད་པའི། །གདེངས་མེད་ཀྱི་ཁ་ལྟ་ཕྱོགས་ཞེན་ཅན། །ཐ་མལ་རང་རྒྱུད་དང་ནོར་ས་འདུག །དེང་གྲོགས་ངན་མང་བོས་བསླུས་བསླུས་ནས། །ད་བདག་ནི་གོམ་པ་རྒད་པོ་ཡིན། །སྣང་བའི་ཆོས་ཀྱི་རྫུན་ཕུག་སྡིབ། །དངོས་པོའི་ཆོས་ལ་ཡིད་མ་ཆེས། །རྟོགས་པའི་ཆོས་ཀུན་བཞི་རྩ་བྲལ། །བཅོས་བཅོས་ཡོངས་ལ་ཡིད་མ་ཆེས། །ད་ནི་གང་ལའང་ཡིད་གཏད་དབེན། །ཡིད་ཆེས་མེད་ཀྱང་བདག་མི་འགྱོད། །རང་བཞིན་གཤེས་ལ་ཞེན་ནས་འགྲོ། །ལམ་ནོར་གྱི་དོགས་པ་མ་མཆིས་སོ། །ཞེས་པའང་གཞན་ཕན་མཐའ་ཡས་ཀྱིས་སོ། །

ཁྲག་འཐུང་རིག་པའི་རྡོ་རྗེའི་ཉམས་མགུར།

༄། །ཁྲག་འཐུང་རིག་པའི་རྡོ་རྗེའི་ཉམས་མགུར་བཞུགས། །ཆོས་སྤྲོས་པའི་མཚན་མ་ཀུན་བྲལ་བའི། །གཞི་ཡེ་རྫོགས་འཁོར་འདས་བླ་མའི་ངང་། །ལམ་སྤང་བླང་བྲལ་བའི་སྐུ་གསུམ་ལ། །འབྲས་རེ་དོགས་སྣང་ཞེན་དག་པས་འདུད། །ཡང་འཁོར་འདས་ཀུན་གྱི་སྤྱི་མེས་དེ། །དབྱིངས་རྣམ་དག་འཕོ་མེད་ཀུན་ཏུ་བཟང་། །བློ་དཔྱོད་པའི་འདུ་ཤེས་དག་པའི་ངང་། །ཁོངས་ཆོས་སྐུའི་དགོངས་པས་མཉམ་ཉིད་རོལ། །དེར་ཚིག་གི་ཐ་སྙད་ཞིག་བཞིན་ཏུ། །བུ་རིག་པའི་རྡོ་རྗེས་འདི་ལྟར་ཞུས། །ཨེ་མ་ཧོ་ངོ་མཚར་རྨད་བྱུང་བ། །ཁྱོད་ཉིད་ལ་འཕོ་འགྱུར་མེད་བཞིན་དུ། །ཁྱོད་ཉིད་ཀྱིས་འཁོར་འདས་གཉིས་ཀ་བྱས། །ཁྱོད་ཉིད་ལ་རེ་དོགས་མེད་བཞིན་ཏུ། །ཁྱོད་ཉིད་ཀྱིས་བདེ་སྡུག་གཉིས་ཀ་ཁྱབ། །ཁྱོད་ཉིད་ལ་སྤང་བླང་མེད་བཞིན་ཏུ། །ཁྱོད་ཉིད་ནི་སྣང་སྲིད་གཉིས་ཀར་སྣང་། །དེ་ཕྱིར་ན་ཁྱོད་ནི་ཀུན་བྱེད་རྒྱལ། །ཨ་ལ་ལ་ཁྱོད་ཀྱི་སྣང་ཚུལ་དེ། །ཀྱེ་མ་ཧོ་ད་ལྟ་སྟོན་པར་མཛོད། །ཅེས་ཞུས་པའི་མོད་ལ་རང་རིག་ངོ་བོ་སྤྲོས་བྲལ་ཡེ་གནས་གདོད་མའི་མགོན་པོ་ཁྱབ་བདག་ཀུན་བྱེད་རྒྱལ་པོ་དེ་ཉིད་ཀྱིས་བུ་རིག་པའི་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཨེ་མ་ཧོ་ངོ་མཚར་རྨད་བྱུང་བ། །སྟོན་འཁོར་གྱི་དགོངས་པ་མཉམ་ཉིད་ངང་། །རྗོད་བྱེད་ཀྱི་ཚིག་འདས་གཉུག་མའི་གཤིས། །བློ་བྲལ་ལ་འཕོ་འགྱུར་ཡེ་ནས་མེད། །དེ་ཀ་རང་ང་ཡི་བཞུགས་ཚུལ་ལ། །འདི་ཡིན་ཞེས་ཚིག་གི་མཚོན་བྱ་བྲལ། །འདི་ཀོ་སྙམ་བློ་ཡི་ཡུལ་ལས་འདས། །འདི་མིན་པའི་བསྒྲུབ་བྱ་གཞན་ཡང་སྟོར། །དེ་ཉིད་ལ་འཁོར་འདས་གཉིས་ཀྱང་མེད། །དེ་ཉིད་ལ་བདེ་སྡུག་རེ་དོགས་མེད། །དེ་ཉིད་ལ་སྣང་སྲིད་སྤང་བླང་མེད། །དེ་ཉིད་ལ་མཐའ་བརྒྱད་སྤྲོས་པ་མེད། །དེ་ཉིད་ལ་རིག་དང་མ་རིག་མེད། །མེད་བསམ་པའི་བློ་ཡང་ཨ་ཐང་ཆད། །སྨྲ་བྱེད་ཀྱི་འཛིན་པ་དབྱིངས་སུ་དག །སྟོང་འཛིན་གྱི་ཤེས་སྒྲིབ་ཡུལ་ནས་བཏོན། །གསལ་སྟོང་གི་ངོ་བོར་ལམ་གྱི་ཤར། །འགགས་མེད་ཀྱི་རོལ་པ་རྒྱུན་མི་ཆད། །ཟུང་འཇུག་གི་གཤིས་ལུགས་ཉམས་རེ་མཚར། །སངས་རྒྱས་ཀྱི་དགོངས་པ་ཀུ་རེ་ཡང་། །འགྲོ་དྲུག་གི་སྣང་ཚུལ་རྒོད་རེ་བྲོ། །གཉིས་འཛིན་གྱི་ཨ་འཐས་ཞ་ར་ཁྲེལ། །རྟོག་མཐུད་ཀྱི་འཁོར་ལོ་གཏིང་རེ་ཟབ། །རང་གྲོལ་གྱི་གནད་འདི་ལམ་རེ་མྱུར། །བག་ཆགས་ཀྱི་ལུས་འདི་ཞེན་རེ་ཆེ། །ཉོན་མོངས་ཀྱི་རྣམ་རྟོག་བསྐྱུར་རེ་དཀའ། །ཡུལ་སྣང་གི་དངོས་འཛིན་བྲིད་རེ་མཁས། །རང་རིག་གི་རང་ངོ་མཐོང་རེ་ཉུང་། །ཆོས་སྐུ་ཡི་བཞུགས་ཚུལ་བརྟན་རེ་ཚུགས། །མ་རིག་གི་ཁང་བུ་བཤིག་རེ་དཀའ། །འཁྲུལ་འཛིན་ཀྱི་བློ་འདི་མཚར་རེ་ཆེ། །རིག་པ་ལ་མ་གོས་གདངས་རེ་ཟབ། །ཁྱབ་བདལ་ལ་གཉིས་མེད་ངོ་རེ་མཚར། །ཨེ་མ་ཧོ་སྨྲ་བསམ་བརྗོད་མེད་ལ། །ཨ་ལ་ལ་འགགས་མེད་ཅིར་ཡང་འཆར། །ཨ་ཧོ་ཡི་སྟོང་གསལ་འགགས་མེད་འདི། །ཨ་ཏི་ཡི་བཞུགས་ཚུལ་བླ་ན་མེད། །ངོ་མཚར་རོ་ཆོས་སྐུའི་རང་བཞིན་མཚར། །ཚིག་ལས་འདས་རྒྱལ་བ་ཀུན་གྱི་གཤིས། །ཐ་སྙད་བྲལ་ཁས་ལེན་གཞི་རྩ་ཟད། །དེ་ཀ་རང་ཨ་ཏིའི་ཀློང་དུ་ཕཊ། །ཅེས་སྟོན་འཁོར་དགོངས་པ་མཉམ་ཉིད་ཆེན་པོའི་ཀློང་དུ་བློ་བྲལ་འཛིན་ཞེན་དག་པའི་ངང་ནས་ཐིམ་མོ།། །།

བླ་མ་དྲན་པའི་རྒྱངས་འབོད་རིང་མོ།

༄། །བླ་མ་དྲན་པའི་རྒྱངས་འབོད་རིང་མོ་ཞེས་བྱ་བ་བཞུགས། །དཔལ་ལྡན་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དེ་ཡང་སྐབས་ཞིག་ན་ཁོ་བོ་ཐུབ་བསྟན་རྡོ་རྗེ་བྲག་ཏུ་ཞབས་དྲུང་རིག་འཛིན་མཆོག་གི་སྤྲུལ་པའི་སྐུ་དང་། ལྕགས་ལ་རྒྱལ་སྲས་རིན་པོ་ཆེ་རྣམ་གཉིས་ཀྱི་གཙོས་བླ་གྲྭ་རྣམས་ལ་སྔ་འགྱུར་ནང་བརྒྱུད་སྡེ་གསུམ་གྱི་ལུང་སོགས་འབུལ་གྱིན་ཡོད་པའི་སྐབས་འགར་གནས་དུས་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བས་བསྐུལ་ནས་བླ་མ་དྲན་པའི་གསོལ་འདེབས་འདི་འདྲ་ཞིག་ཁ་ནས་ཤོར་སོང་ངོ་། །སྐྱབས་བཀའ་དྲིན་འཁོར་མེད་ཀྱི་རྫོགས་ཆེན་པ། །ཕ་འཇིགས་མེད་ཕྲིན་ལས་འོད་ཟེར་ཞབས། །ཁྱེད་འཁྲུངས་ས་དེ་མདོ་ཁམས་སྨད་ཀྱི་ཕྱོགས། །ཡུལ་བྱེ་བྲག་དེ་རྒྱལ་མོ་རོང་གི་ཆའི། །གནས་བྲག་ལྷ་མགོན་པོའི་གཡོན་ཞོལ་གྱི། འབྲོག་རྡོ་ཡུལ་སྟོད་ཅེས་བྱ་བར་འཁྲུངས། །སྐུ་ཆུང་ངུ་ནས་བརྟུལ་ཞུགས་སྙིང་སྟོབས་དང་། །ཆོས་མཁྱེན་རབ་དེ་གཞན་ལ་མི་རེ་ཡང་། །ཐུགས་ངེས་འབྱུང་དྲག་པོའི་རབ་བསྐུལ་ནས། །གནས་སྐོར་བ་དེ་རྒྱལ་ཁམས་ཕྱོགས་མེད་བསྐོར། །ཁོངས་གཏུགས་ས་ཁམས་དབུས་གཙང་གསུམ་གྱི། །མགོན་མཁས་གྲུབ་བཅུ་ཕྲག་གཉིས་ལྷག་གཏུགས། །རྗེ་དེ་ཀུན་མཉེས་པ་རྣམ་གསུམ་གྱིས། །ཡོངས་བརྟེན་ནས་སྨིན་གྲོལ་གདམས་ངག་ཞུས། །ཕ་རྣམ་འདྲེན་དམ་པ་དེ་ཀུན་ཀྱང་། །རྗེ་ཁྱེད་ཀྱི་དད་དམ་སྙིང་སྟོབས་ལ། །ཐུགས་དགྱེས་པ་མ་གནང་གཅིག་ཀྱང་མེད། །དོན་དེ་ཕྱིར་དམ་ཚིག་ལ་སེལ་མེད་གསུངས། །མཐར་གདན་ས་དེ་མདོ་ཁམས་གསེར་ཤོད་ཀྱི། །གནས་ཡར་ལུང་པདྨ་བཀོད་ལ་གནས། །འཁོར་གདུལ་བྱ་ནི་རྒྱ་ཧོར་བོད་སོགས་ཀྱི། །ཁོང་སྐལ་ལྡན་མཁའ་ལ་སྤྲིན་བཞིན་འདུ། །ཆོས་ཟབ་དགུ་ལ་མི་གནང་འགའ་མེད་ཀྱང་། །དགོས་ཐེག་ཆེན་བྱང་ཆུབ་སེམས་གཉིས་དང་། །ནང་གསང་ཆེན་གྱི་བསྐྱེད་རྫོགས་རིམ་པ་གཉིས། །དོན་གཅིག་ཏུ་དྲིལ་ནས་ཁྱེད་ཀྱིས་འཆད། །ཕ་གང་གི་རྣམ་ཐར་དྲི་མེད་དེ། །ངས་བསམ་ཞིང་བསམ་ཞིང་བླ་མ་དྲན། །དུས་དེང་སང་སྙིགས་མ་ལྔ་བདོ་ན། །མགོན་ཁྱོད་འདྲའི་རྣམ་ཐར་ལ་མི་སྨོན་པར། །མི་ཆེ་འདོད་ཀྱི་གོ་ས་མཐོ་བ་དང་། །གཏམ་སྙན་གྲགས་ཀྱི་གླིང་བུ་འབུད་པ་ལ། །མཐར་རྣམ་མཁྱེན་གྱི་སྲོག་ཟུང་གཅོད་བགྱིད་པའི་། །ཉེན་ཡོད་ཀྱང་བསམ་མེད་རི་དྭགས་འདྲ། །མི་ཕལ་ཆེར་དམ་པའི་བཀའ་དྲིན་ལ། །ཡོངས་བསམ་ཞིང་བླ་མར་མི་འཛིན་པར། །སྲིད་འདི་ན་དཔལ་འབྱོར་སུ་ཆེ་བ། །དེ་རྡོ་རྗེ་འཆང་དུ་འཛིན་པར་མཚར། །ཁོང་དམ་པ་རུ་ཁས་འཆེ་ཕལ་ཆེར་ཡང་། །རྒྱལ་བསྟན་ལ་ཐུགས་བསམ་མི་བཞེས་པར། །སྟོབས་སུ་ཆེའི་ཞལ་འཛུམ་དཀར་ནག་ལ་གཟིགས། །རྗེ་ཁྱེད་ཀྱིས་འགྲོ་ཀུན་མཉམ་པར་སྐྱོང་། །དགོས་དད་བརྩོན་ཤེས་རབ་ལྡན་པ་དེ། །སྤྲང་ཐ་ཆད་ཡིན་ཡང་ཟས་གོས་ཀྱིས། །ཡོངས་བསྐྱངས་ནས་ཐུགས་སྲས་ཀྱི་དྭངས་མར་འཛིན། །འཁོར་གཞན་ཡང་གང་འདུལ་གྱི་ཐབས་མཁས་གནང་། །ངས་དེ་ཕྱིར་སྐྱབས་མགོན་བླ་མ་རྗེའི། །བཀའ་དྲིན་དེ་དྲན་པས་བཟོད་བླག་མེད། །སྤྲང་ཆོས་བརྒྱད་ལ་གཅེས་ནོར་མི་བགྱིད་ཙམ། །མཆིས་འདི་ཡང་སྐྱབས་མགོན་བླ་མའི་དྲིན། །དོན་དེ་ཕྱིར་བདག་གི་རིགས་བདག་ཏུ། །རྗེ་ཁྱོད་ལས་གཞན་དུ་སུ་ཞིག་བཙལ། །མཚན་སྙན་ཡང་རུང་ལ་མི་སྙན་རུང་། །ངའི་བླ་མ་དེ་ཀུན་བཟང་གཞན་ཕན་ཡིན། །སྟོབས་མངའ་ཐང་དེ་མཐོ་རུང་མི་མཐོ་རུང་། །མི་བདག་ལ་སྐྱབས་གནས་ཁྱོད་ལས་མེད། །ཕ་ཐུགས་རྗེ་ཡིས་དགོངས་དང་རིན་པོ་ཆེ། །རྒྱུད་བྱིན་གྱིས་རློབས་དང་བཀའ་དྲིན་ཅན། །ཞེས་གསོལ་བ་བཏབས་སོ། །ཡང་སྐབས་དེ་ཙམ་ན་སྨྲས་པ། ཤར་ལངྒའི་ཡུལ་འདྲའི་མདོ་ཁམས་ཀྱི། །སའི་བྱེ་བྲག་དེ་བྲག་ཆེན་ཡར་ལུང་ཡིན། །གནས་པདྨ་བཀོད་ཀྱི་སྒྲུབ་སྡེ་དེ། །ཁོང་ཚུ་རོལ་མཐོང་བའི་སྣང་ངོ་ཙམ། །དོན་དངོས་གནས་ལ་ཞིང་སྐྱོང་མཁའ་འགྲོ་དང་། །ཁོང་དཔའ་བོ་རིག་འཛིན་གྲུབ་པའི་ཚོགས། །ཆོས་གསང་ཆེན་ལ་རོལ་པའི་གནས་ཡིན་ཕྱིར། །མིང་དོན་མཚུངས་དེ་རྩ་གསུམ་མཁའ་འགྲོའི་གླིང་། །ངས་བླ་མའི་བཞུགས་གནས་འོག་མིན་དེའི། །རྟེན་བརྟེན་པའི་རྣམ་འགྱུར་ཇི་སྙེད་ཀུན། །སེམས་དད་པའི་ཡུལ་དུ་བྱས་བྱས་ནས། །དུས་ད་ལྟ་མངོན་སུམ་མཐོང་བཞིན་དྲན། །དེ་དྲན་བཞིན་སྙིང་ནས་གསོལ་འདེབས་ན། །ཕ་ཡེ་ཤེས་སྒྱུ་མའི་སྐུ་ཅན་གྱིས། །ཐུགས་ཟག་མེད་ཀློང་ནས་ཉེར་དགོངས་ལ། །འབངས་ཆོས་མེད་ཀྱི་བློ་སྣ་ཆོས་ལ་བསྒྱུར། །ཐ་གྲུ་སྤང་ལྗོངས་མཛེས་པའི་ངོས་ཤེད་ན། །སྣ་ཚོགས་མེ་ཏོག་བཀྲ་བའི་དབུས་ཤིག་ན། །གྲུབ་བརྙེས་རིག་འཛིན་དུ་མ་ལང་ལོང་དུ། །གཡོ་བའི་ངང་ཚུལ་བསམ་གྱིན་བླ་མ་དྲན། །དེ་དྲན་བཞིན་སྙིང་ནས་གསོལ་འདེབས་ན། །ཕ་ཡེ་ཤེས་སྒྱུ་མའི་སྐུ་ཅན་གྱིས། །ཐུགས་ཟག་མེད་ཀློང་ནས་ཉེར་དགོངས་ལ། །འབངས་ཆོས་མེད་ཀྱི་བློ་སྣ་ཆོས་ལ་བསྒྱུར། །དཀར་མཐིང་ཅོག་སྒར་སྤེལ་བའི་ནང་ཤེད་ན། །རྩྭ་དང་ལོ་མའི་གདན་གྱི་སྟེང་ཞིག་ན། །འཁྲུལ་ཞིག་ཚོགས་རྣམས་སྣང་བ་ཁྲལ་ཁྲོལ་དུ། །བཞུགས་པའི་སྐབས་དེ་བསམ་གྱིན་བླ་མ་དྲན། །དེ་དྲན་བཞིན་སྙིང་ནས་གསོལ་འདེབས་ན། །ཕ་ཡེ་ཤེས་སྒྱུ་མའི་སྐུ་ཅན་གྱིས། །ཐུགས་ཟག་མེད་ཀློང་ནས་ཉེར་དགོངས་ལ། །འབངས་ཆོས་མེད་ཀྱི་བློ་སྣ་ཆོས་ལ་བསྒྱུར། །ཆོས་འཁོར་དུ་མ་སྟོན་པའི་དབུས་ཤེད་ན། །གྲུ་བཞི་མཛེས་པའི་ཕོ་བྲང་ནང་ཞིག་ན། །མཆེད་ལྕམ་ཚོགས་རྣམས་ཆོས་སྒྲ་འུར་འུར་དུ། །བཞུགས་པའི་གནས་ཚུལ་བསམ་གྱིན་བླ་མ་དྲན། །དེ་དྲན་བཞིན་སྙིང་ནས་གསོལ་འདེབས་ན། །ཕ་ཡེ་ཤེས་སྒྱུ་མའི་སྐུ་ཅན་གྱིས། །ཐུགས་ཟག་མེད་ཀློང་ནས་ཉེར་དགོངས་ལ། །འབངས་ཆོས་མེད་ཀྱི་བློ་སྣ་ཆོས་ལ་བསྒྱུར། །སྐལ་ལྡན་རྣལ་འབྱོར་ཚོགས་པའི་དབུས་ཤེད་ན། །ཆོས་ཁྲི་མངོན་པར་མཐོ་བའི་སྟེང་ཞིག་ན། །སྐྱབས་མགོན་སྐུ་ཡི་དཀྱིལ་འཁོར་བརྗིད་བརྗེད་དུ། །བཞུགས་པའི་ཚུལ་དེ་བསམ་གྱིན་བླ་མ་དྲན། །དེ་དྲན་བཞིན་སྙིང་ནས་གསོལ་འདེབས་ན། །ཕ་ཡེ་ཤེས་སྒྱུ་མའི་སྐུ་ཅན་གྱིས། །ཐུགས་ཟག་མེད་ཀློང་ནས་ཉེར་དགོངས་ལ། །འབངས་ཆོས་མེད་ཀྱི་བློ་སྣ་ཆོས་ལ་བསྒྱུར། །ཇི་སྙེད་ཤེས་བྱ་མཁྱེན་པའི་དབྱིངས་ཤེད་ན། །མ་ལྟར་བརྩེ་ཆེན་ཐུགས་རྗེའི་ངང་ཞིག་ནས། །ལྐོག་གྱུར་ལུང་ཀུན་མ་འདྲེས་གསལ་གསལ་དུ། །སྟོན་པའི་ཚུལ་དེ་བསམ་གྱིན་བླ་མ་དྲན། །དེ་དྲན་བཞིན་སྙིང་ནས་གསོལ་འདེབས་ན། །ཕ་ཡེ་ཤེས་སྒྱུ་མའི་སྐུ་ཅན་གྱིས། །ཐུགས་ཟག་མེད་ཀློང་ནས་ཉེར་དགོངས་ལ། །འབངས་ཆོས་མེད་ཀྱི་བློ་སྣ་ཆོས་ལ་བསྒྱུར། །དད་ལྡན་འདུས་པ་དུ་མའི་ནང་ཤེད་ན། །བདག་སོགས་མོས་གུས་དྲག་པོའི་ངང་ཞིག་ནས། །ཁ་ཞེ་མེད་པའི་གསོལ་བ་ལྷང་ལྷང་དུ། །འདེབས་པའི་སྐབས་དེ་བསམ་གྱིན་བླ་མ་དྲན། །དེ་དྲན་བཞིན་སྙིང་ནས་གསོལ་འདེབས་ན། །ཕ་ཡེ་ཤེས་སྒྱུ་མའི་སྐུ་ཅན་གྱིས། །ཐུགས་ཟག་མེད་ཀློང་ནས་ཉེར་དགོངས་ལ། །འབངས་ཆོས་མེད་ཀྱི་བློ་སྣ་ཆོས་ལ་བསྒྱུར། །རྗེ་བཙུན་ཆོས་འཁོར་བསྐོར་བའི་སྟེང་ཤེད་ན། །སྒྲིབ་གཡོག་བྲལ་བའི་འཆི་མེད་ལམ་ཞིག་ན། །དཀར་ཕྱོགས་ལྷ་རྣམས་མེ་ཏོག་སིལ་སིལ་དུ། །འབེབས་པའི་ངང་ཚུལ་བསམ་གྱིན་བླ་མ་དྲན། །དེ་དྲན་བཞིན་སྙིང་ནས་གསོལ་འདེབས་ན། །ཕ་ཡེ་ཤེས་སྒྱུ་མའི་སྐུ་ཅན་གྱིས། །ཐུགས་ཟག་མེད་ཀློང་ནས་ཉེར་དགོངས་ལ། །འབངས་ཆོས་མེད་ཀྱི་བློ་སྣ་ཆོས་ལ་བསྒྱུར། །མགོན་ཁྱོད་བཞུགས་པའི་གནས་ཀྱི་ཁྱོན་ཤེད་ན། །འཁོར་ཀུན་ཟབ་ལམ་སྒོམ་པའི་ངང་ཞིག་ན། །འདིར་སྣང་མངོན་ཞེན་ཆོས་བརྒྱད་ཧྲལ་ཧྲོལ་དུ། །གྱུར་པའི་རྣམ་ཐར་བསམ་གྱིན་བླ་མ་དྲན། །དེ་དྲན་བཞིན་སྙིང་ནས་གསོལ་བ་འདེབས། །ཕ་ཡེ་ཤེས་སྒྱུ་མའི་སྐུ་ཅན་གྱིས། །ཐུགས་ཟག་མེད་ཀློང་ནས་ཉེར་དགོངས་ལ། །འབངས་ཆོས་མེད་ཀྱི་བློ་སྣ་ཆོས་ལ་བསྒྱུར། །སྟེང་ན་བརྒྱུད་ལྡན་བླ་མ་སྤྲིན་ལྟར་འཁྲིགས། །བར་ན་ཡི་དམ་དངོས་གྲུབ་ཆར་ལྟར་འབབས། །འོག་ན་མཁའ་འགྲོས་ཕྲིན་ལས་བྲན་ལྟར་སྒྲུབས། །གང་ནའང་མཚུངས་པ་མེད་པའི་མགོན་ཁྱོད་དྲན། །དེ་དྲནབཞིན་སྙིང་ནས་གསོལ་འདེབས་ན། །ཕ་ཡེ་ཤེས་སྒྱུ་མའི་སྐུ་ཅན་གྱིས། །ཐུགས་ཟག་མེད་ཀློང་ནས་ཉེར་དགོངས་ལ། །འབངས་ཆོས་མེད་ཀྱི་བློ་སྣ་ཆོས་ལ་བསྒྱུར། །བརྩེ་ལྡན་གཞན་དག་གནས་དུས་གྱིས་བསྐལ་ན། །བློ་ལ་བསྐྱུང་བའི་སྐབས་དེ་ཡོད་ལགས་ཀྱང་། །མགོན་ཁྱོད་དགྱེས་པའི་ཞལ་སྐྱིན་དུས་གནས་ཀྱིས། །ཅི་ཙམ་བསྐལ་བཞིན་ལྷག་པར་གདུངས་ཤིང་དྲན། །དེ་དྲན་བཞིན་སྙིང་ནས་གསོལ་འདེབས་ན། །ཕ་ཡེ་ཤེས་སྒྱུ་མའི་སྐུ་ཅན་གྱིས། །ཐུགས་ཟག་མེད་ཀློང་ནས་ཉེར་དགོངས་ལ། །འབངས་ཆོས་མེད་ཀྱི་བློ་སྣ་ཆོས་ལ་བསྒྱུར། །འོན་ཀྱང་གང་གི་རང་ཞལ་ཆོས་ཀྱི་སྐུ། །གཉུག་མའི་གཤིས་དང་ལྷན་ཅིག་མཇལ་ལགས་ཀྱང་། །ཀུན་རྫོབ་གདུལ་བྱར་སྣང་བ་གཟུགས་སྐུའི་ཞལ། །མཇལ་འདོད་བློ་འདི་ད་དུང་སྤང་མ་ལགས། །དེ་ལྟ་ནའང་དངོས་ཀུན་ལྷན་སྐྱེས་ཀྱི། །ཆོས་ཉིད་སྟོན་པའི་བརྡ་ཐབས་ཉིད་ཡིན་པར། །རྟོགས་འདིས་ཁྱོད་ཞལ་སྒྱུ་མའི་རང་བཞིན་དེ། །གུད་ན་མེད་ཅེས་དབུགས་འབྱིན་གསར་བ་བྱིན། །ད་ནི་ཟུང་འཇུག་མཆོག་གི་རྡོ་རྗེ་སེམས། །གང་ཚེ་བདག་དང་ཐ་དད་མིན་གཟུགས་སུ། །མ་གྱུར་དེ་སྲིད་ཁྱོད་སྐུའི་རྣམ་འགྱུར་གྱིས། །བདག་གི་བློ་འདི་ངལ་བསོ་བགྱིད་མཛོད་ཅིག །ཅེས་མོས་གུས་དྲག་པོས་གསོལ་བ་བཏབ་པའོ།། །།

སྐུ་རྡོ་རྗེ་རྗེས་སུ་དྲན་པའི་གླུ།

༄། །སྐུ་རྡོ་རྗེ་རྗེས་སུ་དྲན་པའི་གླུ། །སྐྱབས་རྒྱལ་ཀུན་འདུས་པའི་ཞལ་སྐྱིན་མཆོག །ཕ་མཉམ་མེད་གྲུབ་དབང་ཆོས་ཀྱི་རྗེ། །མཚན་ཡོངས་སུ་གྲགས་པའི་རྫོགས་ཆེན་པ། །རྗེ་རིག་འཛིན་བྱང་ཆུབ་རྡོ་རྗེར་འདུད། །མགོན་གང་གི་གསང་གསུམ་སྒྱུ་འཕྲུལ་ལས། །འདིར་སྣང་བའི་ཆོས་ཀུན་གཞན་མིན་ཏེ། །ཆོས་རང་མཚན་གྱིས་སྟོང་བདེན་པ་གང་། །ཕ་ཁྱེད་ཀྱི་གཉུག་མའི་ཞལ་རས་ལགས། །རྗེ་གདུལ་བྱའི་ཞིང་འདིར་བཞུགས་ཙ་ན། །ཐུགས་སངས་རྒྱས་ཀུན་ཏུ་དབྱེར་མེད་བཞིན། །སྐུའི་རྣམ་རོལ་སྣ་ཚོགས་ཅིར་ཡང་སྟོན། །ཕ་བླ་མའི་སྤྲུལ་པའི་སྐུ་མཆོག་དེ། །ལམ་བསྐྱེད་རིམ་བསྒོམས་པས་རྗེས་སུ་དྲན། །ད་མོས་གུས་ཅན་གྱི་སློབ་བུ་ཡི། །ལུས་རྩ་ཁམས་དག་པ་ལྷ་སྐུ་རུ། །དུས་ད་ལྟ་འཆར་བར་བྱིན་གྱིས་རློབས། །རྗེ་རིགས་ལྔའི་ཞིང་ན་བཞུགས་ཙ་ན། །ཐུགས་བདེ་བ་ཆེ་ལས་མ་གཡོས་བཞིན། །སྐུ་མཚན་དཔེ་འབར་བའི་ཕུང་པོར་སྟོན། །ཕ་བླ་མའི་ལོངས་སྤྱོད་རྫོགས་སྐུ་དེ། །ལམ་སྲོག་རྩོལ་བསྒོམས་པས་རྗེས་སུ་དྲན། །ད་མོས་གུས་ཅན་གྱི་སློབ་བུ་ཡི། །ངག་རླུང་ཁམས་དག་པ་རྡོ་རྗེའི་སྒྲར། །དུས་ད་ལྟ་འགྱུར་བར་བྱིན་གྱིས་རློབས། །རྗེ་འོག་མིན་ཆེན་པོར་བཞུགས་ཙ་ན། །ཐུགས་འོད་གསལ་མཆོག་ལས་མ་གཡོས་བཞིན། །སྐུ་སྟོབས་སོགས་ཡོན་ཏན་རྒྱ་མཚོར་རོལ། །ཕ་བླ་མའི་ཡེ་ཤེས་ཆོས་སྐུ་དེ། །ལམ་ལྷན་སྐྱེས་བསྒོམས་པས་རྗེས་སུ་དྲན། །ད་མོས་གུས་ཅན་གྱི་སློབ་བུ་ཡི། །ཡིད་ཁམས་བཅས་མི་ཤིག་ཐིག་ལེ་རུ། །དུས་ད་ལྟ་དག་པར་བྱིན་གྱིས་རློབས། །རྗེ་གཞོན་ནུ་བུམ་སྐུར་བཞུགས་ཙ་ན། །དབྱིངས་སྲིད་ཞིར་མི་གནས་སྤྲོས་བྲལ་གྱི། །ཐུགས་འོད་གསལ་འཆར་གཞིའི་དགོངས་པ་ཅན། །ཕ་བླ་མའི་ངོ་བོ་ཉིད་སྐུ་དེ། །ལམ་རྫོགས་ཆེན་བསྒོམས་པས་རྗེས་སུ་དྲན། །ད་མོས་གུས་ཅན་གྱི་སློབ་བུ་ཡི། །སེམས་ཀུན་གཞི་འབྲས་བུའི་ཡེ་ཤེས་སུ། །དུས་ད་ལྟ་དག་པར་བྱིན་གྱིས་རློབས། །སྐུ་རྡོ་རྗེ་རྗེས་སུ་དྲན་པའི་གླུ། །སྤྲང་ཆོས་མེད་རྒྱལ་སྲས་གཞན་ཕན་པས། །གནས་ངོ་མཚར་བདེ་ཆེན་ཕོ་བྲང་དུ། །ཕ་བླ་མ་དྲན་ནས་བླང་བ་ཡིན། ཡིད་སྐྱོ་བ་གསེང་བའི་མགུར་མའི་དབྱངས། །ངག་སྙན་མོ་མིན་ཡང་རང་ཉམས་ལ། །དོན་གང་ཤར་ལྷུག་པར་སྤེལ་བ་ལགས། །འདིའི་དགེ་བས་འགྲོ་ཁམས་ཡོངས་གྲོལ་ཤོག། དགེའོ། །སརྦ་མངྒ་ལཾ།། །།

རྫོགས་ཆེན་ཉམས་ཀྱི་སྤྲོ་གླུ།

༄། །རྫོགས་ཆེན་ཉམས་ཀྱི་སྤྲོ་གླུ། །ན་མོ་གུ་རུ། །རང་སྣང་འོག་མིན་གྱི་ཞིང་ན། །རང་རིག་དྲིན་ཆེན་གྱི་བླ་མ། །འཕོ་མེད་སངས་རྒྱས་ཀྱི་མེས་པོ། །དོན་གྱི་སྐྱབས་གནས་དེ་བཞུགས་ཡོད། །བསམས་ཤིང་ངེས་ཤེས་ཤིག་སྐྱེས་བྱུང་། །བསམས་ཤིང་སེམས་པ་ཞིག་སྤྲོ་བྱུང་། །གང་ཤར་རང་གྲོལ་གྱི་ཞིང་ན། །ཐུག་ཕྲད་རྗེས་མེད་ཀྱི་རྣལ་འབྱོར། །གནས་འགྱུ་རོ་མཉམ་དུ་གྱུར་པའི། །འོད་གསལ་འཁོར་ལོ་དེ་བཞུགས་ཡོད། །བསམས་ཤིང་ངེས་ཤེས་ཤིག་སྐྱེས་བྱུང་། །བསམས་ཤིང་བསམ་པ་ཞིག་སྤྲོ་བྱུང་། །བློ་བྲལ་རྫོགས་ཆེན་གྱི་སྦུབས་ན། །ཐེག་བརྒྱད་བློས་བྱས་སུ་སྟོན་པའི། །འགྱུར་མེད་ཡོངས་གྲུབ་ཀྱི་རང་བཞིན། །ཀུན་བྱེད་རྒྱལ་པོ་དེ་བཞུགས་ཡོད། །བསམས་ཤིང་ངེས་ཤེས་ཤིག་སྐྱེས་བྱུང་། །བསམས་ཤིང་སེམས་པ་ཞིག་སྤྲོ་བྱུང་། །འདི་སྣང་བདེ་སྡུག་གི་གམ་ན། །འཁོར་འདས་བདེན་མེད་དུ་སྟོན་པའི། །རང་ཤེས་རིག་འཛིན་གྱི་དབང་པོ། །ལྷུན་གྲུབ་དྲན་པ་དེ་བཞུགས་ཡོད། །བསམས་ཤིང་ངེས་ཤེས་ཤིག་སྐྱེ་བྱུང་། །བསམས་ཤིང་སེམས་པ་ཞིག་སྤྲོ་བྱུང་། །ལྷུག་པར་བསྐྱུར་ན་ཡང་བདེ་ལ། །སྣ་ཚོགས་སྤྲོ་བསྡུ་ཡང་བདེ་བའི། །བདེ་བའི་བདེ་ཆེན་ཞིག་རྙེད་འདི། །སྐྱབས་མགོན་བླ་མ་ཡི་བཀའ་དྲིན། །བསམས་ཤིང་མོས་གུས་ཤིག་སྐྱེས་ནས། །བསམས་ཤིང་གསོལ་བ་ཞིག་བཏབ་མཐུས། །རང་གཞན་གཉིས་འཛིན་གྱི་སྲད་བུ། །ད་ལྟ་ཆོད་པར་རང་ཤོག་ཅིག། ཅེས་པའང་ཉམས་སྤྲོ་བའི་གླུ་ཆུང་གཞན་ཕན་མཐའ་ཡས་པས་སོ།། །།

རྟོགས་པའི་ཉམས་གླུ།

༄། །རྟོགས་པའི་ཉམས་གླུ། །ཀྱེ་ཧོ་ཐ་སྙད་དང་བྲལ་བའི་ལྟ་བ། །རྟོགས་འདོད་ན་སྒོམ་བློ་ཤིག་དང་། །ཆོས་སྐུ་ཡི་བཞུགས་ཚུལ་གཉུག་མ། །རྩོལ་མེད་ཅིག་ངང་གིས་རྟོགས་འོང་། །ཉོན་རྟོག་ཀུན་གྲོལ་པ་འདོད་ན། །རྟོག་མཐུད་ཀྱི་འཁོར་ལོ་སྤང་ལ། །མཁན་པོ་རང་གཤིས་ལ་ཀློད་དང་། །བློ་བྲལ་གྱི་ངོ་བོ་རྟོགས་འོང་། །ཅེས་དང་། ཨེ་ཨེ་རི་བོ་རི་བོ་མ་ཡིན། །རི་བོ་སྐུ་གསུམ་རང་ཆས། །དངོས་པོར་འཛིན་པའི་ཆོས་དེ། །ཆོས་ཉིད་ཆོམ་པོས་བརྐུས་སོང་། །སེམས་ཅན་སེམས་ཅན་མ་ཡིན། །སེམས་ཅན་སངས་རྒྱས་ཉག་གཅིག །འཁྲུལ་བར་འཛིན་པའི་རྣམ་རྟོག །ཡེ་ཤེས་ཆོམ་པོས་བརྐུས་སོང་། །སངས་རྒྱས་སངས་རྒྱས་མ་ཡིན། །སངས་རྒྱས་རི་བོང་རྭ་ཅོ། །ཐ་སྙད་བློ་ཡིས་བཅོས་མ། །བློ་བྲལ་ཆོམ་པོས་བརྐུས་སོང་། །ཁང་ཁྱིམ་ཁང་ཁྱིམ་མ་ཡིན། །ཁང་ཁྱིམ་ངེས་དོན་སྟོན་པ། །རང་རྒྱུད་འཛིན་པའི་དངོས་སྣང་། །དག་སྣང་ཆོམ་པོས་བརྐུས་སོང་། །ཡོད་པ་ཡོད་པ་མ་ཡིན། །ཡོད་དུས་ཉིད་ནས་མ་མཆིས། །བདེན་འཛིན་ཨ་འཐས་ཞེན་པ། །བདེན་མེད་ཆོམ་པོས་བརྐུས་སོང་། །མེད་པ་མེད་པ་མ་ཡིན། །མེད་དུས་ཉིད་ནས་གསལ་བ། །སྟོང་ཆད་ཕྱོགས་ཞེན་བློ་བཅོས། །རིག་གདངས་ཆོམ་པོས་བརྐུས་སོང་། །སྐྱེ་བ་སྐྱེ་བ་མ་ཡིན། །སྐྱེ་དུས་ཉིད་ནས་སྐྱེ་མེད། །བོགས་འདོན་རིམ་གྱིས་བློ་ཡང་། །ཅིག་ཆར་ཆོམ་པོས་བརྐུས་སོང་། །འགག་པ་འགག་པ་མ་ཡིན། །འགག་དུས་ཉིད་ནས་ཅི་རིག་ །འཕེལ་འགྲིབ་བློ་ཡིས་བཅོས་མ། །ཟུང་འཇུག་ཆོམ་པོས་བརྐུས་སོང་། །འགྲོ་འོང་འགྲོ་འོང་མ་ཡིན། །འགྲོ་འོང་དུས་ནས་ཡུལ་འདས། །སོ་སོར་གཉིས་འཛིན་བློ་ཡང་། །གཉིས་མེད་ཆོམ་པོས་བརྐུས་སོང་། །དུ་མ་དུ་མ་མ་ཡིན། །དུ་མར་དབྱེ་གཞི་མེད་ན། །ཐ་དད་འཛིན་པའི་རྣམ་རྟོག །རོ་གཅིག་ཆོམ་པོས་བརྐུས་སོང་། །གཅིག་པུ་གཅིག་པུ་མ་ཡིན། །གཅིག་ཅེས་བརྗོད་པའི་ཡུལ་མེད། །མེད་དོ་སྙམ་པའི་ཤེས་སྒྲིབ། །ཁྱབ་འདལ་ཀློང་དུ་གཏོར་སོང་། །ཞེས་སྨྲས་སོ། །

ཡུལ་དྲུག་ཕྱག་རྒྱར་རྟོགས་པའི་གླུ་ཆུང་།

༄། །ཡུལ་དྲུག་ཕྱག་རྒྱར་རྟོགས་པའི་གླུ་ཆུང་། །ཨེ་མ་ཧོ། །དག་ཆེན་ཡེ་ཤེས་འཁོར་ལོའི་ཕྱག་རྒྱ་ཡིས། །མ་དག་འཁོར་བའི་ཆོས་ལ་རྒྱས་བཏབ་པས། །དངོས་ཀུན་བདེ་བ་ཆེན་པོའི་ཡེ་ཤེས་སུ། །མཉམ་རྫོགས་གཉུག་མའི་གཤིས་དང་རོ་གཅིག་གྱུར། །དེ་ཚེ་གང་སྣང་ཐབས་ཀྱི་རོལ་པ་རུ། །རང་བཞིན་ཉིད་དུ་རང་ལས་ཤར་བ་ལ། །གཞན་བྱུང་དགའ་བདེ་ཙམ་ལས་ཆེས་ལྷག་པའི། །བདེ་སྟོང་གནད་འདི་སྤྲང་བོའི་ཉམས་སུ་མྱོང་། །མིག་སྣང་རྣམ་པར་དག་པའི་ཁང་བཟང་ནས། །གཟུགས་ཀྱི་རྡོ་རྗེ་ལྷ་མོ་མེ་ལོང་མར། །དེར་ལྟོས་ཐབས་ཀྱི་སེམས་དཔས་འཁྱུད་པ་ལས། །གཟུགས་འཛིན་རང་སར་གྲོལ་པ་ཉམས་རེ་དགའ། །བདེ་སྟོང་མལ་ནས་རྙེད་པ་བག་རེ་བྲོ། །རྣ་བའི་དབང་པོ་གསལ་བའི་གྲོང་ཁྱེར་ནས། །བཟང་ངན་སྒྲ་ཡི་དེ་ཉིད་ལུས་ཕྲ་མར། །རིག་རྩལ་དཔའ་བོའི་ཞལ་རས་འཛུམ་མ་ལས། །འཁྱུད་བདེ་ཉམས་སུ་མྱོང་བ་ཉམས་རེ་དགའ། །རང་གྲོལ་གནད་དང་ལྡན་པ་བག་རེ་དྲོ། །དྲི་འཛིན་ཀུན་ཏུ་འཇུག་པའི་གན་དྷོ་ལར། །སེམས་ཀྱི་བུ་ཆུང་རང་གར་ཡན་པ་དང་། །ཞིམ་མིན་ཡུལ་གྱི་དགའ་མ་འཕྲད་པ་ལས། །རོལ་པའི་ཉེར་ལེན་བྱུང་བ་ཉམས་རེ་དགའ། །ཡེ་ཤེས་རང་ལས་རྙེད་པ་བག་རེ་དྲོ། །ལྕེ་དབང་སྣ་ཚོགས་རྒྱུ་བའི་དགའ་ཚལ་ནས། །དེ་ཡི་ཉེར་ལེན་བྱེད་པོ་རྐང་དྲུག་པས། །མངར་མིན་མནྡྷ་ར་བའི་མཆུ་སྒྲོས་ལ། །མྱངས་པའི་དེ་ཉིད་མཐོང་བ་ཉམས་རེ་དགའ། །བདེ་ཆེན་ཆོས་སྐུར་བྲོལ་བ་བག་རེ་དྲོ། །སྣང་བ་རྣམ་དག་ཀུན་བྱེད་རྒྱལ་པོའི་གྲོང་། །གང་ན་རིག་པའི་རྡོ་རྗེ་ཐབས་ཀྱི་སྐུ། །སྣང་ཡུལ་ཆོས་དབྱིངས་ཡུམ་དང་མཉམ་སྦྱོར་ནས། །རང་གྲོལ་ལྟ་བའི་གླུ་ལེན་ཉམས་རེ་དགའ། །སྒྱུ་མའི་ཞབས་བྲོ་བརྡུང་བ་བག་རེ་དྲོ། །ཕྱི་ནང་ཆོས་ཀུན་རྨི་ལམ་སྣང་བ་བཞིན། །སད་པའི་གནས་སྐབས་སྔོན་ཆད་མ་བྱུང་བ། །ད་རེས་བག་ཆགས་གཉིད་དང་བྲལ་བ་དེས། །རང་མཚང་མཐོང་བའི་ཚུལ་འདི་ཉམས་རེ་དགའ། །མཛེས་མ་ནང་ནས་རྙེད་པ་བག་རེ་དྲོ། །སྤྲང་བོས་ཉལ་བོ་བྱེད་ན་དེ་ལྟར་བྱེད། །བན་ཆུང་རྩེན་མོ་རྩེ་ན་དེ་ལྟར་རྩེ། །སྔགས་སྨྱོན་ཕྱག་རྒྱ་བསྟེན་ན་དེ་ལྟར་བསྟེན། །བརྒྱགས་ཕྲུག་གླུ་ཆུང་ལེན་ན་དེ་ལྟར་ལེན། །འོན་ཏེ་ན་ཆུང་བཞིན་དང་གང་ལེགས་གཟུགས། །གཅེས་ཕྲུག་གསུས་པ་བགྲང་དང་འདྲའམ་སོམ། །འདོད་ཆེན་ཆང་ནག་གཉེར་དང་མཚུངས་སམ་ལྟོས། །ཆགས་པའི་གླུ་དང་གྲོས་ཀ་མཐུན་ནམ་དཔྱོད། །དེ་སྐད་ལས་ཀྱི་ཕྱག་རྒྱ་བསྟེན་པའི་ཚུལ། །ཡུལ་དྲུག་ཕྱག་རྒྱར་རྟོགས་པའི་གླུ་ཆུང་འདི། །ཕྱག་རྒྱའི་ཚུལ་མཐོང་རིག་པའི་རྡོ་རྗེ་ཡིས། །ཕྱག་རྒྱ་དོན་གཉེར་རྣམས་ལ་སྨྲས་པ་ལགས། །དགེའོ།། །།

ཤུགས་འབྱུང་ཉམས་ཀྱི་སྐྱོ་གླུ།

༄། །ཤུགས་འབྱུང་ཉམས་ཀྱི་སྐྱོ་གླུ་བཞུགས་སོ། །ཨེ་མ་ཧོ། ཤེས་བྱའི་ཡུལ་ལས་རབ་འདས་ཤིང་། །བློ་ཡི་ཆོས་ལ་མི་ལྟོས་པར། །འཁོར་འདས་དབྱིངས་སུ་འཁྱིལ་ཀློང་ནས། །གདོད་མའི་མགོན་པོ་དེ་བཞེངས་དང་། །ཡོད་མེད་རྩོད་པ་མ་དགོས་ཤིང་། །ཡིན་མིན་སྤྲོས་པས་མ་བཅིང་བར། །ཐེ་ཚོམ་བྲལ་བའི་ཀློང་ཡངས་ནས། །རང་བྱུང་པད་འབྱུང་དེ་བཞེངས་དང་། །མཐར་ལྟའི་འཇིགས་པས་མ་བཅོམས་ཤིང་། །དབུས་ཞེས་དམིགས་སུ་མ་མཆིས་པར། །བློ་འདས་རིག་པའི་དབྱིངས་རུམ་ནས། །བྱང་ཆུབ་གླེང་བ་དེ་བཞེངས་དང་། །དོན་ལ་གཡོ་མེད་རྒྱལ་ཀུན་གཤིས། །དེ་ལ་བཞེངས་བཞུགས་མི་དམིགས་ཀྱང་། །ཐོབ་མ་མྱོང་བའི་བཀའ་དྲིན་ཞིག །དྲན་པ་མེད་པས་དྲན་དེ་བྱུང་། །རྟོགས་པ་མེད་པའི་ཤེས་རབ་ཀྱིས། །རང་བྱུང་སངས་རྒྱས་རང་ལས་རྙེད། །དེ་ལ་བརྟག་དཔྱད་ཀྱང་མ་དགོས། །འདི་ཡང་དོན་གྱི་བླ་མའི་དྲིན། །མཐོང་བ་མེད་པའི་འདྲེན་བྱེད་ཀྱིས། །བལྟར་མེད་རིག་པའི་གཤིས་ལུགས་མཐོང་། །དེ་ལ་དྲན་ཤེས་ཀྱང་མ་དགོས། །འདི་ཡང་དོན་གྱི་བླ་མའི་དྲིན། །འཛིན་མེད་ལྷུན་གྲུབ་དྲན་པ་ཡིས། །མཉམ་རྗེས་གཉིས་འདྲེས་དབྱིངས་དེ་ཟུངས། །དེ་ལ་ཨ་འཐས་ཀྱང་མ་དགོས། །འདི་ཡང་དོན་གྱི་བླ་མའི་དྲིན། །བསྒྲུབ་མེད་དོན་དམ་དགེ་སྦྱོར་གྱིས། །བསྐལ་བ་སྐད་ཅིག་བསྒྱུར་ལ་བརྩོན། །དེ་ལ་ཐུན་མཚམས་ཀྱང་མ་དགོས། །འདི་ཡང་དོན་གྱི་བླ་མའི་དྲིན། །སྐམས་མེད་སྲིད་པའི་ཆུ་གཏེར་ཡང་། །རྨང་ནས་གཞིལ་མཛད་ཐུགས་རྗེའི་མེ། །དེ་ལ་འཆར་ནུབ་ཀྱང་མ་དམིགས། །འདི་ཡང་དོན་གྱི་བླ་མའི་དྲིན། །འཁོར་བ་མེད་ཀྱང་འཁོར་བར་སྣང་། །སྣང་ཙམ་ཉིད་ནས་སྣང་བར་ཟད། །ཨེ་མ་ཧོ་ཁྱོད་འཕྲུལ་ཀྱི་བདག །གཟའ་གཏད་ཆོས་འདིས་ཅི་བྱར་ཡོད། །ཧ་ཧ་ཤེས་བྱ་རྫུན་པོ་ཆེ། །བདེན་པར་བཟུང་བ་དེ་སྔོན་ཙམ། །ད་ནི་སྒྱུ་མར་གཏད་ཅེས་ཕེར། །བཀའ་དྲིན་ཚིག་ཀྱང་དེ་ལ་འགྲན། །སྔོན་ཆད་ང་མེད་ངར་བཟུང་ནས། །མགོ་འཁོར་འདི་ལ་འཕྲིག་མ་ཚུད། འོན་ཀྱང་སྲིད་པའི་རྣམ་འགྱུར་དང་། །འགྲོགས་ཡུན་རིང་དེས་ཅུང་ཟད་བསླུས། །གཏན་དུ་དེ་ལྟར་མ་ལགས་ཏེ། །བདེན་འཛིན་བླ་དང་བྲལ་གྱི་བར། །ཧོ་ཧོ་ཁྱོད་ཅིག་དྲིན་ལ་ལྟོས། །ནམ་མཁའི་སྣོད་ཀྱང་བརྡོལ་ལ་མོས། །བློས་བྱས་ཆོས་ཀྱང་འཇིག་ལ་བརྩོན། །མཐར་འཛིན་དབྱིངས་སུ་ནུབ་ལ་འདྲེན། །བྱས་པ་མེད་ཀྱང་དོན་ཀུན་འགྲུབ། །རྣམ་རྟོག་ཆུ་འཛིན་ཕུང་བོ་ཀུན། །གཞི་རྩ་བྲལ་བའི་དབྱིངས་སུ་ཟིན། །སྨྲ་བརྗོད་ཚིག་ལ་ང་མི་རེ། །བསྟོད་སྨད་ཚིག་གི་རྗེས་སུ་ཅི། །ཨ་ཧོ་འདི་སྣང་ཆོས་ཀུན་ལ། །བདེན་པར་བཟུང་བའི་བློ་སྣང་ཀུན། །བརྗོད་མེད་ངང་དུ་ཨ་ལ་ལ། །ཚིག་བྲལ་དབྱིངས་སུ་ཆོས་ཀུན་ཨ། །སྨྱོན་པ་གཞན་ཕན་མཐའ་ཡས་པས། །ཤུགས་འབྱུང་སྨྱོ་གླུ་བླང་བའོ། །དགེའོ། །

ཉམས་མགུར་ཀུན་ཁྱབ་ཆོས་སྐུ།

༄། །ཉམས་མགུར་ཀུན་ཁྱབ་ཆོས་སྐུ་བཞུགས། །ཨེ་མ་ཧོ། །ཀུན་ཁྱབ་ཆོས་སྐུ་ཡི་དགོངས་པ་ཕྱོགས་མེད་ལ། །ཕྱོགས་ཆས་ཐ་དད་དུ་བཟུང་བའི་གྲུབ་མཐའ་སུ། །ཀུན་ཡངས་རང་བབས་ཀྱི་ཀློང་དུ་འུབ་ཆུབ་ན། །སྣ་ཚོགས་བརྗོད་འདོད་ཁོས་ཕྱོགས་ལྷུང་ཅི་དགྱེས་མཛོད། །རིག་སྟོང་བར་མེད་ཀྱི་རང་བཞིན་ཕྱལ་ཡས་ལ། །འདི་དང་འདིའོ་ཞེས་བཏགས་པའི་ཐ་སྙད་ཀུན། །བློ་བྲལ་ཡེ་ཡིན་གྱི་ཀློང་དུ་རོ་མཉམ་ན། །ཨ་འཐས་མཁན་པོ་ཁོས་བརྟགས་བྱེད་ཅི་དགྱེས་མཛོད། །གང་ལྟར་བསམ་པ་ལྟར་འཆད་པའི་ཆོས་ཉིད་ལ། །འཇུར་བུས་རས་ཆོད་དུ་བཅིང་བའི་གཉིས་འཛིན་ཀུན། །ཆོས་ཉིད་གཅིག་པུ་ཡི་ཀློང་དུ་མཆོངས་ཞིག་ན། །སྤང་བླང་ཐ་དད་ཀུན་དབྱེ་བསྡུ་ཅི་དགྱེས་མཛོད། །བདེ་གཤེགས་སྙིང་པོ་ཡིས་བསྡུས་པའི་ཆོས་རྣམས་ལ། །མ་ངེས་སྐྱེ་འགགས་སུ་འདོད་པའི་གྲུབ་མཐའ་ཀུན། །སྐུ་གསུམ་ལྷུན་གྲུབ་ཀྱི་ཀློང་དུ་དབྱེར་མེད་ན། །རྟོག་གེ་མཁན་པོ་ཁོའི་ཚིག་ལ་ཅི་དགྱེས་མཛོད། །ཅེས་པའང་སྤྲང་བཙུན་གཞན་ཕན་མཐའ་ཡས་པས་བྲིས་སོ། །དགེའོ།། །།

ཚོགས་གླུ་བདེ་སྟོང་རོལ་མོ།

༄། །ཚོགས་གླུ་བདེ་སྟོང་རོལ་མོ་བཞུགས་སོ། །ཀྱེ་ཧོ། མཚར་སྡུག་ལྷ་ཡི་སྐྱེད་ཚལ་ཉམས་དགའ་ཞིག་འདུག་ཀྱང་། །གེ་སར་རྒྱས་པའི་བཞིན་རས་རྟག་པ་ནི་མ་ཡིན། །ལྷ་གྲོགས་དགའ་བདེའི་སེམས་ཀྱིས་འདོད་ཡོན་ལ་སྤྱོད་ཀྱང་། །འཆི་བདག་སླེབ་ཚེ་སྙིང་རྩ་འདར་འདར་ཞིག་འདུག་གོ །བརྒྱ་བྱིན་ལ་སོགས་སྲིད་ན་ཆེ་བ་ཞིག་གདའ་སྟེ། །སྟོབས་ཀྱིས་བསླུ་ཐབས་བཤུལ་ལམ་རིང་བོ་ལ་བྲོས་པས། །གང་ཚེ་འཆི་བའི་གཏམ་དེ་སྒྲ་འཛིན་ལ་གཟེན་ནས། །རྣམ་གཡེང་ཕག་ཏུ་ཡིབ་ནས་གདའ་བ་འདི་མཐོང་ངམ། །ཀྱེ་མ་ཡི་མུག་བདག་དང་བདག་འདྲ་ལ་བསམས་ན། །ཉི་ཚེ་བསྐལ་བར་བརློམས་ནས་གཏན་ཆུས་ཤིག་བསྒྲུབ་ཀྱང་། །འགྲུབ་དུས་ཅི་ཞིག་གཅིག་རྗེས་གཅིག་བྱུང་གི་ངང་ལ། །དར་བའི་ལང་ཚོ་རྒུད་པའི་དམག་ཚོགས་ཀྱིས་བཅོམ་བྱུང་། །ཞེ་ཕུག་དམ་པའི་ལྷ་ཆོས་ཁོ་ན་ལ་གཏད་ན། །སྐྱེ་སྒོ་ངན་པ་ཐར་བའི་ལམ་གེགས་ནི་མ་ཡིན། །བསླུ་བྱེད་ཡུལ་གྱིས་བྱེད་པ་འདི་འདྲ་ལ་བསམ་ཚེ། །དཀར་མཛེས་འཛུམ་ཞལ་དམྱལ་བའི་ས་མཁན་དུ་འཇུག་གོ །ལྷ་བྱ་གོང་མོའི་གསུང་སྙན་ཡིད་ཡུལ་ལ་འབབས་འདིས། །བདེན་པའི་གྲོས་འདུན་སྙིང་དང་མཛའ་བ་ཞིག་འཐད་དེ། །ཨ་རོག་སེམས་ལ་མདའ་ལྔས་ཉེ་རེག་ཅིག་བྱས་ཚེ། །བསམ་ནས་སྡུག་བསྔལ་ཉོ་བ་ཆོས་ཉིད་དུ་གདའ་ན། །ད་ནི་འཇིག་རྟེན་བྱ་བས་སེམས་པ་ཞིག་སྐྱོ་ནས། །འདུ་འཛིན་དབེན་པའི་ལྷ་རི་སྨན་ཤིང་གིས་བརྒྱན་པར། །རྩེ་གཅིག་སྙིང་པོའི་སྒྲུབ་ལ་ནན་ཏན་ཞིག་བྱེད་འདོད། །རྗེས་འཇུག་རྣམས་ཀྱང་དབེན་གནས་བརྟེན་མཛོད་དང་ཨི་གོ །ལྟོ་རྒྱབ་འབྱོངས་ཙམ་སྐྱེ་བོའི་ཡ་གྱལ་ནི་མ་ཡིན། །བྱེའུའི་རང་ལྟོ་འགྲང་བ་སྡིག་ལས་སུ་འདུག་པ། །སྲིན་བུའི་སྲོག་ལེན་དེ་ཙམ་ནམ་ཞིག་ཏུ་འཁོར་ཨང་། །འདི་འདྲའི་ལས་ལ་ཡི་རང་བྱེད་པ་དེ་སྲིད་དམ། །ཕན་པའི་གྲོས་ལ་ཉན་འདོད་སློབ་བུ་རང་ཡོད་ན། །ལང་ཚོ་ཕྱི་བརྡར་བྱེད་པའི་ངལ་དུབ་དེ་བོར་ལ། །སྒྲིབ་གཉིས་དྲི་མ་འདི་ལ་བཀྲུ་བཤལ་རེ་གྱིས་དང་། །རང་རིག་ཆོས་སྐུའི་ཞལ་རས་འཛུམ་འཛུམ་དུ་ངོམས་འོང་། །བག་མེད་གཏམ་གྱིས་མི་ཚེ་སྐྱེལ་བ་དེས་ཅི་བྱེད། །ཉོན་མོངས་རང་མཚན་འཁོར་བའི་གཏིང་རྡོ་ལས་མ་འདས། །ཐར་བ་འདོད་ན་གྲགས་སྟོང་བསྙེན་པ་ལ་བརྩོན་དང་། །ངག་སྒྲིབ་དག་པས་བདེན་ཚིག་ཟབ་མོ་དེ་འགྲུབ་ཡོང་། །ཡིད་ཀྱི་རྟོག་ཚོགས་འཁྲུལ་ཤེས་ཆགས་སྡང་གི་འཁོར་ལོ། །ཟད་ནས་རང་ཞིར་གནས་པའི་དུས་སྐབས་ཤིག་མེད་ན། །སེམས་ཀྱི་གླང་བོ་དྲན་པའི་ལྕགས་ཀྱུ་ཡིས་ཁུག་དང་། །རིག་པ་དབྱིངས་སུ་འཁྱིལ་བའི་ལྟད་མོ་ཞིག་འདུག་པ། །དགའ་གྲོགས་རྩེ་འཇོ་རོལ་པའི་དོ་ཟླ་ནི་མ་ཡིན། །ཆོས་ཉིད་མ་བུ་མཇལ་བ་གཞི་གནས་ཀྱི་བདེ་ཆེན། །དབྱིངས་དང་འདུ་འབྲལ་མེད་པ་གཏན་གྲོགས་ཀྱི་ཡང་རྩེ། །བློ་གཏན་བྱེད་ས་མ་ནོར་ཐར་ལམ་གྱི་གྲོས་མཁན། །ཨ་ཧོ་འདི་འདྲར་རྟག་ཏུ་མཛའ་དབང་ཞིག་མེད་པར། །སྒྱུ་མའི་ལུས་ལ་ཆགས་ཤིང་ཞེན་པ་འདིས་ཅི་བྱེད། །སྙིང་མེད་སེམས་ཅན་སྐྱེད་པའི་གྲོས་འདུན་ལ་ཉན་ན། །སྣ་ཚོགས་རྩལ་སྣང་དབྱིངས་སུ་ཅུང་ཟད་རེ་གློད་མཛོད། །ངེད་ཅག་དམར་སེར་ཚོན་ཀྱི་མཛེས་རྒྱན་དང་བྲལ་ཡང་། །བསླབ་གསུམ་གོས་ཀྱིས་རྟག་ཏུ་གླུབས་པ་འདི་དགའ་འོ། །ཉོན་མོངས་རང་དགར་སྤྱོད་པའི་སྔགས་འཆང་ཞིག་མིན་ཀྱང་། །བདེ་སྟོང་རྒྱུན་མི་ཆད་པ་གསང་སྤྱོད་ཀྱི་ཞེ་ཕུག །ཚོགས་བརྒྱད་འདྲེ་རྒོད་རྒྱུ་བའི་གཉན་ཁྲོད་ཀྱི་དབུས་ན། །བརྟུལ་ཞུགས་རིག་པའི་རྡོ་རྗེ་ཞབས་བྲོ་ཞིག་བརྡུང་བས། །ཚུལ་འཆོས་སྨྱོན་པའི་སྤྱོད་ལ་ཡིད་སྨོན་དེ་མ་ཤོར། །སྣང་བ་དབང་བསྒྱུར་མཁན་ལ་ཅོ་འདྲི་ནི་མ་ཡིན། །ངེས་དོན་རྫོགས་པ་ཆེན་པོའི་དགྱེས་ཞལ་ཞིག་མཇལ་བས། །གྲུབ་མཐའི་ཚིག་ལ་ཞེན་པའི་བློ་སྣ་དེ་ཐུང་སོང་། །ལུས་ཕྲས་སྒྱུ་འཕྲུལ་ངོམས་ཀྱང་བསླུ་ཚོད་ནི་མི་གདའ། །བླ་མ་སེམས་སུ་རྟོགས་པས་སྤྲོས་པ་ཀུན་ཆོད་བྱུང་། །གདམས་ངག་བདུད་རྩིའི་སྙིང་ཁུ་སྙིང་དབུས་སུ་སྩལ་པས། །ཆོས་ཀྱི་དེ་ཉིད་ནང་ནས་རིག་ཙམ་དུ་གདའ་ན། །སྒྲོ་འདོགས་གཅོད་ཕྱིར་ཐོས་རྒྱ་བསྐྱེད་པ་ནི་འོས་མོད། །ཚིག་ཙམ་ཞེ་ཕུག་གཏད་ས་ཡིན་པ་དེ་མ་འཚལ། །དེ་ཕྱིར་མདོ་རྒྱུད་གཞུང་དོན་མན་ངག་ཏུ་དྲིལ་ནས། །དབེན་པར་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་ཞིག་བཟུངས་ཏེ། །མ་ལུས་འགྲོ་ཀུན་སྐྱོབས་པའི་སྨོན་ལམ་ཞིག་ཞུ་ན། །རྩ་གསུམ་རྒྱ་མཚོས་མཐུན་འགྱུར་མཛད་པ་རང་ཤིག་ཅིག །ཅེས་པའང་ཉེར་ལྔའི་མཁའ་འགྲོ་འདུ་བའི་ཚོགས་གྲལ་དུ། །ཀུན་མཁྱེན་བླ་མ་ཡབ་སྲས་ཀྱི་ཞབས་པད་གཙུག་ཏུ་སོན་པའི་རྣལ་འབྱོར་པ་གཞན་ཕན་མཐའ་ཡས་འོད་ཟེར་གྱིས་སེམས་ལ་ཤར་བཞིན་ཤར་མར་སྤེལ་བའོ། །དགེའོ།། །།

དུས་གནས་དང་མཐུན་པའི་ཞལ་གདམས་མགུར་མ།

༄། །དུས་གནས་དང་མཐུན་པའི་ཞལ་གདམས་མགུར་མ་བཞུགས། །རྗེ་གངས་རིའི་མགོན་པོ་སྤྱན་རས་གཟིགས། །ལྷ་ཁྱེད་ཀྱི་ཐུགས་རྗེས་གདུལ་ཞིང་མཆོག །བོད་རུ་བཞིའི་ཁྱོན་ལ་འཁོད་པ་ཡི། །མིའི་བསམ་སྤྱོད་འདི་ལ་གཟིགས་དང་ཀྱེ། །སྔོན་སྐྱེས་ནས་ཤི་བར་མ་གྱུར་པའི། །མི་འགའ་ཞིག་མཐོང་བ་མ་མཆིས་ལ། །སླར་འཆི་ལས་བཤོལ་བར་འགྱུར་བའི་མི། །གཟོད་མཐོང་འགྱུར་རེ་བའང་མ་མཆིས་མོད། །དེ་ཡིན་ཀྱང་ཚེ་འདིའི་ཆེ་ཐབས་ལ། །དུས་ཉིན་མཚན་ཀུན་ཏུ་བརྩོན་བྱེད་ཅིང་། །ནོར་འབྱོར་བའི་ཆེད་དུ་རང་སྲོག་ཀྱང་། །དེང་ཕངས་སེམས་མེད་པར་གཏོང་བ་མཐོང་། །ནོར་སྲོག་གི་ཆེད་དུ་བསགས་མིན་ན། །སྲོག་ཆད་ནས་ནོར་གྱི་ཅི་ཞིག་བྱ། །ནོར་སྦྲང་མའི་སྦྲང་རྩི་འདྲ་བ་དེ། །རང་ཤི་བའི་རྗེས་སུ་གཞན་གྱིས་སྤྱོད། །ད་འབྱོར་བས་བསླུ་བ་འདི་མཐོང་ན། །གཏམ་གྲགས་པས་བསླུ་བ་སྨོས་ཅི་དགོས། །དཔེ་རི་དྭགས་སྒྲ་ལ་ཉན་པ་བཞིན། །ཁོང་འཆི་བདག་རྔོན་པ་མི་བཟད་པས། །མི་བདེ་བའི་ཚོར་བ་དོན་གཉེར་ཞིང་། །ཚིག་སྙན་པའི་སྒྲ་ལ་ཞེན་པ་དེ། །སྒྲ་བྲག་ཅ་འདྲ་བས་མགོ་བསྐོར་ནས། །ད་ཅུར་གྱིས་གསོད་པ་མ་ཤེས་བླུན། །སྲིད་འདི་ན་གྲགས་དང་འབྱོར་ལྡན་པ། །སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོའམ། །ལྷ་ཚངས་པའི་དཔལ་ལ་དབང་བསྒྱུར་ཀྱང་། །ཚེ་ཕྱི་མར་ཕན་པ་ཅང་མ་མཐོང་། །དེ་མེད་ན་ནམ་མཁའི་འཇའ་རིས་བཞིན། །དུས་ད་ལྟ་ཡལ་བར་འགྱུར་འདི་ལ། །བློ་གཏོད་པ་བྱིས་པའི་ངང་ཚུལ་ལམ། །སེམས་བདུད་སྡེས་བསླུས་པ་མ་ལགས་སམ། །ཚུལ་འདི་འདྲའི་རང་བཞིན་མི་ཤེས་པའི། །མི་རྨོངས་པའི་སྐྱེ་བོ་འདི་དག་ཀུན། །ཡུལ་བཟང་ངན་རྣམ་དབྱེ་མ་ཕྱེ་བས། །སྤང་བླང་གི་གནས་ལ་མགོ་བོ་འཁོར། །ཁོང་ཆོས་དང་ཆོས་བཞིན་སྤྱོད་པ་ཡི། །གང་ཟག་ཀུན་ལམ་ཁའི་རྡོ་བཞིན་བོར། །ཆོས་མིན་དང་ཆོས་མིན་སྤྱོད་པའི་མི། །གཡོ་སྒྱུ་དང་ཁྲམ་རྫུན་མཁན་ལ་འདུད། །དགེ་སྤྱོད་ལ་ཀུན་གྱིས་སྨད་བྱེད་ཅིང་། །སྡིག་སྤྱོད་ལ་བསྟོད་བསྔགས་འབྲུག་བཞིན་ལྡིར། །ཚོགས་དག་པའི་ཞིང་ལ་མི་གསོགས་པར། །མི་ཁེ་དྲེགས་ཅན་ལ་གཏོང་ཕོད་སྐྱེད། །ཆོས་ཚུལ་བཞིན་སྒྲུབ་ལ་མི་གུས་ཤིང་། །ཚིག་ཁ་བཤད་ཙམ་ལ་བསྟོད་བསྔགས་སྒྲོགས། །སྐྱབས་དཀོན་མཆོག་གསུམ་ཞེས་ཟེར་ན་ཡང་། །ཚེ་འདི་ཕྱིའི་བློ་གཏད་གཞན་ལ་འཚོལ། །སྲིད་འདི་ཡི་བདེ་སྡུག་དགེ་སྡིག་གི །ལས་བསགས་པའི་འབྲས་བུར་མི་ཤེས་པར། །དུས་ད་ལྟའི་བདེ་སྡུག་འདོར་ལན་ལ། །ཉིན་མཚན་དུ་བརྩོན་པ་ཡི་རེ་མུག །སྔར་ས་བོན་གྲུང་བོ་མ་བཏབ་པའི། །འབྲས་མངར་མོ་ཟ་འདོད་འཁྲུལ་མིན་ནམ། །དུས་ད་ལྟ་སྡིག་ཧམ་གང་ཆེ་ཡིས། །ཉེས་མེད་ཀྱི་རི་དྭགས་གཤོར་བ་དང་། །དྲིན་ཅན་གྱི་ཕྱུགས་ལུག་གསོད་པ་སོགས། །སྡིག་སྤྱོད་ལ་ངོ་སོ་བྱེད་ལུགས་འདིས། །ད་ཕན་ཡང་བདེ་བ་ཅང་འཐོབ་བམ། །རྒྱལ་ཁྲིམས་ཀྱི་ཞལ་ལྕེ་འཁྱོག་ལུགས་དང་། །འབངས་འཁོར་གྱི་གཡོ་སྒྱུ་ཁྲམ་གསུམ་འདིར། །ཡོངས་བསམ་ཞིང་བསམ་ན་གངས་ལྗོངས་འདི། །ད་སྐྱིད་པའི་རེ་བ་མ་ཟད་དམ། །ཡུལ་དམ་པ་རྣམས་ལ་དད་པའི་མིག །དེ་ལོག་ལྟའི་རབ་རིབ་ཀྱིས་ཁེབས་ཤིང་། །སྨན་མཛེས་མའི་གདོང་ལ་ཆགས་པའི་མིག །དེ་སྤྱོད་པའི་ཐབས་ཀྱིས་ཉིན་མཚན་འདའ། །དུས་གཏན་གྱི་བདེ་བ་ཀུན་བོར་ནས། །ཚེ་འདི་ཡི་བདེ་བ་ལྷུར་ལེན་པ། །དཔེ་དུག་ལྡན་ཟས་ལ་སྤྱོད་པ་བཞིན། །འབྲས་སྡུག་བསྔལ་ཆེད་དུ་སྒྲུབ་པར་ཟད། །མི་མཆོག་དམན་ཀུན་གྱི་བསམ་སྦྱོར་ཀུན། །ལས་སྡིག་པའི་ལམ་དུ་ཞུགས་པ་དེས། །ཕྱོགས་ཀུན་ཏུ་ནད་མཚོན་མུ་གེ་སོགས། །ད་མི་འདོད་བཞིན་དུ་ཆར་བཞིན་འབབ། །དོན་དེ་ཕྱིར་རྙེད་བདེ་གྲགས་བསྟོད་བཞིའི། །ཕྱོགས་དོན་དུ་གཉེར་བའི་འབད་པ་འདིས། །རང་མི་མཐུན་ཕྱོགས་བཞི་དང་བླངས་ནས། །མཐར་སྡུག་བསྔལ་རྒྱ་མཚོར་འཇུག་ལ་རེག །ཚུལ་དེས་ན་སྙིང་པོ་མེད་པ་ཡི། །གཟུགས་ཆུ་ཁའི་དབུ་བ་ལྟ་བུ་ལ། །བཟང་འདོད་ཀྱི་བྱི་དོར་བྱེད་པ་དེ། །དོན་མེད་ཀྱི་ངལ་བ་བསྟེན་པར་ཟད། །ཆུའི་ཆུ་བུར་ལྟ་བུའི་ཚོར་བ་ལ། །ད་བདེན་ནོ་སྙམ་དུ་ཞེན་པ་འཁྲུལ། །ཡུལ་བདེན་པ་མེད་ལ་མཚན་འཛིན་གྱི། །བློའི་འདུ་ཤེས་རི་སྐྱེས་གཞོན་ནུ་བཞིན། །དོན་སྨིག་སྒྱུའི་ཆུ་ལ་སྤྱོད་འདོད་ཀྱང་། །སེམས་རེ་བའི་ཡོལ་གོ་ནམ་ཞིག་གང་། །ལས་བྱས་ཀྱང་ཟིན་མེད་འདུ་བྱེད་འདི། །ད་ཙམ་གྱིས་འཇོག་པར་རིགས་ན་ཡང་། །མི་ཤེས་མེད་ཆུ་ཤིང་སྡོང་བོ་ལ། །དོན་སྙིང་པོར་རློམ་བཞིན་གལ་གྱིས་འཇུག །དབང་ཡུལ་གྱི་རྒྱུ་རྐྱེན་ཚོགས་པ་ལས། །སེམས་ཚོགས་དྲུག་སྒྱུ་མ་བཞིན་འཆར་ཡང་། །འདིར་རང་བཞིན་ཡོད་པ་མ་ལགས་པས། །ད་སྟོང་ཉིད་རྟོགས་པའི་ཐབས་བཙལ་རིགས། །གནས་ཡུལ་ཀྱང་དྲི་ཟའི་གྲོང་ཁྱེར་བཞིན། །སྐབས་སྐབས་སུ་ངེས་མེད་འགྱུར་བས་ན། །ཡུལ་གཅིག་ཏུ་བདེ་བར་སྡོད་འདོད་པའི། །བློ་འདི་ཡང་རྟག་འཛིན་རྒན་མོས་བསླུས། །སྤྱིར་ཆོས་ཀུན་ཆུ་ནང་ཟླ་གཟུགས་ལྟར། །སྣང་བཞིན་དུ་བདེན་པར་མ་གྲུབ་པའི། །ཚུལ་འདི་འདྲ་ལགས་ཀྱང་འགྲོ་བ་འདི། །ད་བདེན་མེད་བདེན་པར་བཟུངས་བཟུང་ནས། །སྲིད་འཁོར་བའི་སྡུག་བསྔལ་མྱོང་བའི་ཚུལ། །འདི་བསམ་ན་སྙིང་རྩ་དབང་མེད་འདར། །ཀྱེ་མ་ཧོ་རྗེ་བཙུན་སྤྱན་རས་གཟིགས། །ཀྱེ་མ་ཧོ་འཁོར་བའི་སེམས་ཅན་སྐྱོབས། །མ་འགྲོ་ཀུན་གྲུ་འཛིན་རི་བོ་རུ། །དུས་ད་ལྟ་ཉིད་དུ་འདྲེན་པར་མཛོད། །ཅེས་པའང་བླ་མ་དམ་པ་ཤེས་རབ་རྒྱ་མཚོ་ནས་ད་ལྟའི་དུས་གནས་དང་མཐུན་པའི་ཞལ་གདམ་མགུར་མ་ཞིག་དགོས་ཞེས་ཆེད་དུ་བསྐུལ་བའི་བཞེད་སྐོང་དུ་རྒྱལ་བའི་སྲས་པོ་གཞན་ཕན་མཐས་ཡས་སུ་འབོད་པས་སེམས་ལ་གང་ཤར་འཛེམ་མེད་དུ་བྲིས་ཏེ་ཡེར་བ་ལྷ་རི་སྙིང་པོའི་མགུལ་ནས་སྤྲིངས་པ་དགེ། །།

སྒྲུབ་པའི་གནས་ལ་བསྟོད་པའི་མགུར།

༄། །སྒྲུབ་པའི་གནས་ལ་བསྟོད་པའི་མགུར་བཞུགས། །ན་མོ་གུ་རུ། །དཔལ་རྡོ་རྗེ་འཆང་དངོས་བླ་མ་ཡི། །བྱིན་རླབས་ཀྱི་ན་བུན་འཐིབ་པའི་གནས། །འདི་འདྲ་ལ་སྒོམ་བསྒྲུབ་བྱེད་པ་དེ། །གྲུབ་ཐོབ་ཀྱི་བཤུལ་ལམ་ཅིའི་ཕྱིར་མིན། །ལར་རྟག་འཛིན་ཅན་གྱི་གང་ཟག་ལ། གནས་ཡུལ་གྱི་དཔྱད་འཇོག་མང་ན་ཡང་། །དངོས་གནས་ལ་དེ་འདྲ་བཟུང་བྱ་མིན། །ཕུང་ཁམས་ལ་རྒྱལ་བའི་དཀྱིལ་འཁོར་རྫོགས། །རྟོག་ཚོགས་ཀྱང་ལྷ་ཡི་རོལ་པ་ལ། །གང་སྣང་ཀུན་མཁའ་སྤྱོད་དག་པའི་ཞིང་། །ཚུལ་འདི་འདྲར་གོམས་པའི་རྣལ་འབྱོར་ལ། །གནས་མིན་པའི་ཡུལ་ཞིག་མི་འཚལ་ཡང་། །བྱེ་བྲག་ཏུ་ཧེ་རུ་ཀཿདཔལ་དངོས། །མགོན་དཔའ་བོ་ཡེ་ཤེས་རྡོ་རྗེ་ཡིས། །ཐུགས་ཆོས་ཉིད་རོལ་པའི་ལྷ་ཚོགས་རྣམས། །གནས་འདི་ལ་ཕྱོགས་དང་ཆབ་གཅིག་ཏུ། །དོན་དེ་ལས་མི་གཉིས་རྒྱལ་ཀུན་དལ། །ཆུ་གཏེར་ལས་སྦྲང་ཆར་སིམ་པ་བཞིན། །སྣང་ཡུལ་གྱི་དངོས་པོ་མཐའ་དག་ཀྱང་། །གནས་རང་བཞིན་སྤྲུལ་པའི་ཞིང་ཏུ་གྲུབ། །ལྗོན་ཤིང་གི་འདབ་མ་གཡོ་བ་དང་། །འདབ་ཆགས་ཀྱི་འགྱུར་སྐད་སྣ་ཚོགས་ཀྱང་། །རང་བཞིན་དུ་རྣ་བར་སྙན་པའི་དབྱངས། །ངེས་འབྱུང་ལ་བསྐུལ་བའི་ཆོས་སྒྲར་འགྱུར། །རི་དྭགས་ཀྱི་གར་མཆོད་འབུལ་བ་དང་། །ཉིན་སྣང་དང་མཚན་མོའི་སྐབས་དུ་མར། །དངོས་ཅན་དང་དངོས་མེད་སྐྱེ་འགྲོ་ཡིས། །ཐུན་མོང་གི་གྲུབ་པས་མཚམས་སྦྱར་ནས། །ཆོས་ཉིད་ཀྱི་དོན་དང་འབྲལ་མིན་བཞིན། །བསྙེན་སྒྲུབ་ཀྱི་རྟགས་མཐར་ཕྱིན་པའི་གནས། །འདི་ཀ་ལ་སྒོམ་སྒྲུབ་བྱེད་པ་དེ། །བར་ཆད་ཀྱི་བརྫི་ནུས་མིན་ངེས་ཕྱིར། །མིང་རྡོ་རྗེའི་རྫོང་དམར་ཞེས་སུ་གྲགས། །ཞིང་དེ་དང་རྗེས་འབྲེལ་ནམ་མཁའ་རྫོང་། །ཡང་ཏིང་འཛིན་རྫོང་སོགས་གོང་འོག་རྣམས། །ཆོས་འགྲུབ་པའི་གནས་ལ་སོམ་ཉི་བྲལ། །དོན་དེ་ཕྱིར་ད་ལྟར་བཞུགས་པ་དང་། ཕྱིས་འབྱོན་གྱི་སྒྲུབ་ལ་གཞོལ་འདོད་རྣམས། །འདི་སྣང་གི་ཞེན་པས་མ་འཆིང་བར། །གནས་འདི་རུ་སྒོམས་དང་གྲུབ་པ་བརྙེས། །ཚུལ་དེ་སྐད་རི་སུལ་ཉུལ་བ་པོ། །མིང་གཞན་ཕན་མཐའ་ཡས་ཞེས་འབོད་པའི། །སྤྲང་སྙོམས་ལས་མཁན་དེས་ལྷུག་པར་སྦྱར། །འདིའི་དགེ་བས་འགྲོ་ཀུན་ཡོངས་གྲོལ་ཤོག། དགེའོ།། །།

བདེ་སྐྱིད་རི་ཁྲོད་མའི་མགུར།

༄། །བདེ་སྐྱིད་རི་ཁྲོད་མའི་མགུར་བཞུགས། །ན་མོ་གུ་རུ་བྷྱཿ བྱིན་རླབས་ཅན་གྱི་བླ་མ་དང་། །དངོས་གྲུབས་སྕོལ་བའི་ཡི་དམ་ལྷ། །བར་ཆད་ཀུན་སེལ་མཁའ་འགྲོའི་ཚོགས། །རྩ་བ་གསུམ་ལ་སྐྱབས་ཞུའོ། །བདག་གིས་སྔོན་ཆད་ཁྱེད་རྣམས་ལ། །སྐྱབས་ཞུས་པས་ན་ཚེ་འདི་རུ། །བདེ་སྐྱིད་རི་ཁྲོད་ཟིན་པ་བྱུང་། །ད་དུང་བྱང་ཆུབ་བར་དུ་སྐྱོངས། །ཡང་ཅིག་རྡོ་རྗེའི་མཆེད་རྣམས་གསོན། །བདག་ཅག་སྐལ་བ་མི་དམན་ཏེ། །སྐྱེ་སྔོན་ཚོགས་གཉིས་བསགས་པའི་མཐུས། །ད་ལྟ་མི་ལུས་ཐོབ་པས་བདེ། །བདེ་སྐྱིད་ལྷན་ཅིག་འཛོམས་ནས་གདའ། །ད་ནི་རི་ཁྲོད་བརྟེན་ན་ལེགས། །ལུས་བརྟེན་དེ་ཡང་དལ་འབྱོར་གྱི། །ཁྱད་ཆོས་དུ་མ་ཚོགས་པས་བདེ། །བདེ་སྐྱིད་ལྷན་ཅིག་འཛོམས་ནས་གདའ། །ད་ནི་རི་ཁྲོད་བརྟེན་ན་ལེགས། །ཁྱད་པར་མཚན་ལྡན་དགེ་བའི་གཤེས། །དམ་པའི་ཞབས་པད་ཟིན་པས་བདེ། །བདེ་སྐྱིད་ལྷན་ཅིག་འཛོམས་ནས་གདའ། །ད་ནི་རི་ཁྲོད་བརྟེན་ན་ལེགས། བླ་མ་དེ་ཡང་བསྟེན་ལོ་ཙམ། །མ་ཡིན་གདམས་ངག་ཐོབ་པས་བདེ། བདེ་སྐྱེད་ལྷན་ཅིག་འཛོམས་ནས་གདའ། །ད་ནི་རི་ཁྲོད་བརྟེན་ན་ལེགས། །གདམས་ངག་ལ་ཡང་མང་མོད་དེ། །ད་རེས་ཟབ་ལམ་གནང་བས་བདེ། །བདེ་སྐྱིད་ལྷན་ཅིག་འཛོམས་ནས་དགའ། །ད་ནི་རི་ཁྲོད་བརྟེན་ན་ལེགས། །ཟབ་ལམ་མཁའ་འགྲོའི་སྙིང་ཁྲག་ལ། །བྱིན་རླབས་སྤྲིན་ཕུང་འཁྲིགས་པས་བདེ། །བདེ་སྐྱིད་ལྷན་ཅིག་འཛོམས་ནས་གདའ། །ད་ནི་རི་ཁྲོད་བརྟེན་ན་ལེགས། །བྱིན་རླབས་ཅན་གྱི་དམ་ཆོས་ལས། །དངོས་གྲུབ་ཆར་རྒྱུན་བབས་པས་བདེ། བདེ་སྐྱིད་ལྷན་ཅིག་འཛོམས་ནས་གདའ། །ད་ནི་རི་ཁྲོད་བརྟེན་ན་ལེགས། །དངོས་གྲུབ་གཏེར་གྱུར་མན་ངག་ལ། །བརྟེན་ནས་འབྲས་མཆོག་སྨིན་པས་བདེ། །བདེ་སྐྱིད་ལྷན་ཅིག་འཛོགས་ནས་གདའ། །ད་ནི་རི་ཁྲོད་བརྟེན་ན་ལེགས། །ཟག་མེད་མཆོག་གི་འབྲས་སྨིན་ན། སྲིད་པའི་སྡུག་བསྔལ་སྤང་བས་བདེ། །བདེ་སྐྱིད་ལྷན་ཅིག་འཛོམས་ནས་གདའ། །ད་ནི་རི་ཁྲོད་བརྟེན་ན་ལེགས། །རང་ཉིད་སྲིད་ལས་རྣམ་གྲོལ་ན། །གཞན་དོན་ངང་གིས་འགྲུབ་པས་བདེ། །བདེ་སྐྱིད་ལྷན་ཅིག་འཛོམས་ནས་གདའ། །ད་ནི་རི་ཁྲོད་བརྟེན་ན་ལེགས། །དོན་གཉིས་བདེ་བླག་འགྲུབ་པ་ནི། །རྒྱལ་ཀུན་གཤེགས་ཤུལ་ཡིན་པས་བདེ། །བདེ་སྐྱིད་ལྷན་ཅིག་འཛོམས་ནས་གདའ། །ད་ནི་རི་ཁྲོད་བརྟེན་ན་ལེགས། །ཡང་ཅིག་གསོན་དང་མཆེད་ལྕམ་རྣམས། །རྡོ་རྗེའི་ཕུང་པོའི་གྲོང་ཁྱེར་ལ། །གནས་པའི་རྩ་ཁམས་བུམ་དབང་གིས། །སྦྱངས་བ་ཞིང་སྣང་ཏ་ལ་ལ། །རི་ཁྲོད་དགོན་པ་ཉམས་དགའ་བ། །ཕྱི་ན་མི་གདའ་ནང་ན་གདའ། །དེ་བཞིན་གཡོ་བ་རླུང་ཡིན་ཏེ།།རླུང་ཁམས་གསང་བའི་དབང་གིས་སྦྱངས། །ད་ནི་གྲགས་སྟོང་སྔགས་ཀྱི་སྒྲ། །རྒྱུན་མི་འཆད་པར་འུ་རུ་རུ། །རི་ཁྲོད་དགོན་པ་ཉམས་དགའ་བ། །ཕྱི་ན་མི་གདའ་ནང་ན་གདའ། །གང་ལ་བཀོད་པ་བྱང་སེམས་ཡིན། །ཁམས་དེ་གསུམ་པའི་དབང་གིས་སྦྱངས། །ད་ནི་འཁྲུལ་བའི་རྟོགས་ཚོགས་ཀུན། །ཡེ་ཤེས་ཆེན་པོར་ཡ་ལ་ལ། །རི་ཁྲོད་དགོན་པ་ཉམས་དགའ་བ། །ཕྱི་ན་མི་གདའ་ནང་ན་གདའ། །ཀུན་རྫོབ་ཀྱི་ནི་ཁམས་དག་ལ། །བརྟེན་པ་དོན་དམ་སེམས་ཡིན་ཏེ། །གང་ཞིག་ཚིག་དབང་རིན་པོ་ཆེས། །སྦྱངས་པས་བདེ་སྟོང་ཝལ་ལེ་ཝལ། །རི་ཁྲོད་དགོན་པ་ཉམས་དགའ་བ། །ཕྱི་ན་མི་གདའ་ནང་ན་གདའ། །ཚུལ་འདི་མཉམ་མེད་ཆོས་ཀྱི་རྗེ། །བླ་མའི་བཀའ་དྲིན་ཁོ་ན་ཡིན། །སྐུ་དྲིན་གཞལ་བར་བཀའ་མོད་དེ། །བརྗེད་པ་གསོ་བའི་གླུ་ཆུང་འདི། །རི་ཁྲོད་དགོན་པ་ལ་བརྟེན་ནས། །སྒྲུབ་པའི་མཆོད་པ་འབུལ་ཕྱིར་བྲིས། །ཞེས་པའང་མཉམ་མེད་ཆོས་ཀྱི་རྗེ་པདྨ་མངྒ་ལ་ཤྲཱི་བྟ་ཧྲའི་ཞལ་སྔ་ནས། བླ་མ་དགོངས་འདུས་ཀྱི་སྨོན་གྲོལ་ཀྱི་གདམས་པ་གནང་སྐབས་དམ་པ་གང་ནས་བདེ་སྐྱིད་རི་ཁྲོད་མའི་མགུར་ཞིག་གྱིས་ཞེས་ཞལ་རྩེད་གནང་བ་ལ་བརྟེན་ནས། བཙུན་པ་གཞན་ཕན་པས་ཤར་མར་སྤེལ་བ་མངྒ་ལཾ། །དགེའོ།། །།

ཁང་དམར་དགོན་དུ་ཚེས་བཅུའི་དུས་སྐབས་སུ་མགུར།

༄། །ཁང་དམར་དགོན་དུ་ཚེས་བཅུའི་དུས་སྐབས་སུ་མགུར་དུ་བཞེས་པ་བཞུགས། །གནས་འོག་མིན་ཞིང་གི་མགོན་པོ་མཆོག །དཔལ་བཅོམ་ལྡན་རྣམ་པར་སྣང་མཛད་དེ། །ཁོང་ཚུ་རོལ་མཐོང་བའི་བློ་ངོ་རུ། །སྐུའི་རྣམ་འགྱུར་མ་ངེས་ཅིར་ཡང་སྣང་། །ངས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །ཆོས་འདི་ཀུན་བདེན་གྲུབ་མ་ཡིན་ཞིང་། །གཞི་ཕུང་བོའི་སྟེང་ན་བདག་མེད་པའི། །གནད་འདི་ཡིས་གང་སྐུའི་གསང་བ་མཐོང་། །འདི་ཇི་ལྟར་ཞེ་ན་བདག་གཞན་གྱི། །མུ་བཞི་ལས་སྐྱེ་བ་འགོགས་ཕྱིར་དང་། །རྒྱུར་འབྲས་བུ་ཡོད་མེད་མུ་བཞི་ཡང་། །འདིར་སྐྱེ་བ་འཐད་པ་མིན་ཕྱིར་དང་། །ཆོས་རང་གི་ངོ་བོ་གཅིག་པའམ། །དུ་མ་ལ་སྐྱེ་བ་མ་གྲུབ་ཕྱིར། །སྐྱེ་མེད་ལ་འགགས་པ་མ་མཆིས་པའི། །གནད་འདི་ཡིས་རྟག་ཆད་མཐའ་གཉིས་བསལ། །དོན་དེ་སླད་དངོས་ལས་སྟོང་གཞན་མིན། །སྟོང་ལས་ཀྱང་དངོས་པོ་གཞན་མིན་ཕྱིར། །ཆོས་ཐམས་ཅད་རང་བཞིན་གྱིས་སྟོངས་ཤིང་། །སྟོང་ཉིད་ལ་བརྟེན་ནས་གདགས་ཞེས་སྨྲ། །གནད་གང་ཕྱིར་གཅིག་དང་དུ་བྲལ་གྱི། །གནས་ལུགས་དེ་བདེན་པ་དབྱེར་མེད་ལགས། །འདི་མཐའ་བརྒྱད་སྤྲོས་བྲལ་ཉིད་ཡིན་ཕྱིར། །སྣང་སྟོང་ལ་ཐོབ་ཤོར་ག་ལ་ཡོད། །ཚུལ་དེ་ལྟའི་ཕྱི་ནང་ཆོས་ཀུན་གྱི། །ངོ་བོ་ལ་མི་སྟོང་འགའ་མེད་ཅིང་། །སྟོང་ཉིད་ལ་མ་དག་མེད་ཅེ་ན། །དོན་བདེན་གཉིས་དབྱེར་མེད་ཀྱི་གཏན་ཚིག་འདིས། །གཞི་ཆོས་སྐུ་སྤྲོས་དང་བྲལ་བ་ཡི། །རྟེན་ཆོས་ཅན་གཟུགས་ཀྱི་སྐུ་རུ་གོ །སྐུ་སྣང་སྟོང་ཟུང་དུ་འཇུག་པ་དེ། །མགོན་ཐུབ་དབང་རྣམ་པར་སྣང་མཛད་ལགས། །ཁྱེད་གང་དུ་བཞུགས་པའི་ཞིང་ཁམས་འདི། །གནས་འོག་མིན་ཡུམ་ལྔའི་མཁའི་ཀློང་ཡིན། །ངས་སྣང་བ་ལྷ་སྐུར་མཐོང་བ་དེས། །འཁོར་འདས་དབྱེར་མེད་ཀྱི་རང་མཚང་རིག །དེ་སེམས་ཉིད་སྟོང་བའི་འོད་གསལ་དང་། །ཟུང་དུ་འཇུག་པའི་ལམ་གནད་ཟིན། །ད་གཞུང་མང་མཁྱེན་པའི་མཁས་བཙུན་དང་། །ལོ་མང་པོར་བསྒོམས་པའི་རྟོག་ལྡན་སོགས། །གྲོགས་ཆོས་མཛད་མཐའ་དག་ཚོགས་ན་ཡང་། །རིམ་གཉིས་ཀྱི་ལམ་འདིར་སོམ་ཉི་མེད། །རྟེན་དལ་འབྱོར་ཐོབ་པའི་ལག་རྗེས་དང་། །ཕ་བླ་མས་བསྐྱངས་པའི་འབྲས་བུ་དང་། །གནས་དབེན་པ་བསྟེན་པའི་ཉམས་མྱོང་ལགས། །འདི་དོན་མེད་ཁ་ཕོ་མ་ལགས་ཏེ། །ཞིང་ངོ་མཚར་གུ་རུའི་སྒྲུབ་གནས་སུ། །མ་མཁའ་འགྲོ་འདུ་བའི་དུས་གཉན་ལ། །ལམ་རྟོགས་པའི་བོགས་འདོན་བྱ་ཕྱིར་སྨྲས། །དེས་དགེ་བས་བདག་སོགས་འགྲོ་བ་ཀུན། །གཞི་གདོད་མའི་རང་ཞལ་མཇལ་བྱེད་པའི། །ལམ་རྟེན་འབྲེལ་རྟོགས་པའི་ཐབས་བཟང་དང་། །ཡོངས་མཇལ་ནས་ཚེ་འདིར་གྲོལ་པར་ཤོག །ཅེས་པའང་གུ་རུའི་སྒྲུབ་གནས་ཁང་དམར་དགོན་དུ་ཚེས་བཅུའི་དུས་མཆོད་ཕུལ་བའི་ཚོགས་གྲལ་དུ་སྤྲུལ་པའི་སྐུ་མཆོག་འཇིགས་མེད་རྡོ་རྗེ་ནས་འགུར་མ་ཞིག་བྲི་དགོས་ཞེས་ཕེབས་པའི་བཞེད་སྐོང་དུ། རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་སུ་འབོད་པས་སྤེལ་བའོ། །དགེའོ། །

གནས་ལུགས་ལ་ཡིད་ཆེས་ཀྱི་གླུ།

༄། །གནས་ལུགས་ལ་ཡིད་ཆེས་ཀྱི་གླུ། །ཕ་དངོས་པོའི་ཆོས་ལ་མ་འཇིགས་པར། །དོན་དམ་རྟོགས་པའི་ང་རོ་ཅན། །མི་ཡི་སེང་གེ་བྱང་ཆུབ་གླིང་། །བུ་ངའི་རྟོགས་པ་ག་དར་མཛོད། །ཡང་དངོས་པོའི་ཆོས་ལ་ཕར་བལྟས་པས། །དངོས་པོ་བཏགས་པའི་ལམ་དུ་ཟད། །སྟོང་ངོར་བཅོས་མེད་ཀློད་པའི་ཚེ། །སྐུ་གསུམ་ལྷུན་གྲུབ་ཡིད་ཅིག་ཆེས། །སྣ་ཚོགས་སྣང་བར་ཕར་བལྟས་པས། །རང་རྩལ་འཁྲུལ་བའི་ལམ་དུ་ཟད། །མི་གནས་རང་སར་བཞག་པའི་ཚེ། །རོ་ཅིག་གནད་ལ་ཡིད་ཅིག་ཆེས། །འཁོར་བའི་གནས་ལ་ཕར་བལྟས་པས། །ཨ་འཐས་ཞེན་པས་བཅིང་བར་ཟད། །སྣང་བར་དེར་འཛིན་སྤངས་པའི་ཚེ། །སྡུག་བསྔལ་བྲལ་བར་ཡིད་ཅིག་ཆེས། །མྱ་ངན་འདས་ལ་ཕར་བལྟས་ཚེ། །གདུལ་བྱའི་སྣང་བ་ཙམ་དུ་ཟད། །གཤིས་ལུགས་བརྗོད་མེད་མཚང་བརྟོལ་ཚེ། །སྒྲུབ་བྱ་བྲལ་བར་ཡིད་ཅིག་ཆེས། །བདེ་སྡུག་རྟོགས་པར་ཕར་བལྟས་ཚེ། །དེ་དེར་བཟུང་བ་ཙམ་དུ་ཟད། །གཟུང་འཛིན་རྩ་བ་བཅད་པའི་ཚེ། །རང་སར་དག་པར་ཡིད་ཅིག་ཆེས། །ཕྱི་ཡི་ཡུལ་ལ་ཕར་བལྟས་ཚེ། །ཡུལ་ལ་ཡུལ་ཞེས་དམིགས་སུ་མེད། །དམིགས་མེད་དོན་ལ་གནས་པའི་ཚེ། །འཁྲུལ་བ་སྤང་བར་ཡིད་ཅིག་ཆེས། །ནང་གི་སེམས་ལ་ཕར་བལྟས་ཚེ། །གཞི་མེད་རྩ་བྲལ་སྟོང་བ་ཉིད། །བཟོ་མེད་ལྷུག་པར་བཞག་པའི་ཚེ། །ཞེན་པ་སྤང་བར་ཡིད་ཅིག་ཆེས། །བར་གྱི་ལུས་ལ་ཕར་བལྟས་ཚེ། །མེད་སྣང་སྟོང་གཟུགས་གྲུབ་པ་ཙམ། །གཞི་གྲོལ་རིག་པར་གདེང་ཐོབ་ཚེ། །བདེ་སྡུག་སྤང་བར་ཡིད་ཅིག་ཆེས། །ཡིད་ཆེས་རྟོགས་པའི་ཡིན་ལུགས་ཡང་། །རྣལ་འབྱོར་གང་ཤར་བཞིན་དུ་བྲིས། །དགེའོ། །དགེའོ། །དགེའོ།། །།

མི་རྟག་པ་སྟོན་པའི་གླུ།

༄། །མི་རྟག་པ་སྟོན་པའི་གླུ། །སྐྱབས་རྡོ་རྗེ་འཆང་དངོས་བླ་མར་འདུད། །ཁྱེད་གསོན་དང་འདིར་འཚོགས་དད་ལྡན་རྣམས། །ཚེ་ཡུན་ཐུང་གཅིག་ལ་འཇིག་རྟེན་གྱི། །ལས་མཐའ་དག་སྒྲུབ་པས་མི་ལང་གིས། །ད་བློ་སྣ་འུབ་ཀྱིས་བསྟུང་མཛོད་ལ། །སང་འགྲོ་བའི་ལམ་བརྒྱག་སྟ་གོན་གྱིས། །ལས་འདི་ལ་ཧུར་ཐག་མ་བཏང་ན། །ཁོང་འཆི་བདག་མགྲོན་པོ་སླེབ་ལ་ཉེ། །བློ་ནང་དུ་ཁུག་དང་ཤེས་ལྡན་རྣམས། རང་མ་ལས་སྐྱེས་ནས་དེ་རིང་ཕན། །སྲིད་འདི་གའི་ཆེ་ཐབས་མང་བསྒྲུབས་ཀྱང་། །ད་ཕྱི་མར་ཕན་ངེས་ཅི་འདུག་སོམས། དེ་མེད་ན་དོན་ཆུང་གཡེང་བའི་ཕྱིར། །ཚེ་གཏན་གྱི་འདུན་མ་ཀུན་བརླགས་པ། །འདི་རྨོངས་སྤྱོད་ཉིད་ལས་མ་འདས་ན། །དེང་ཅང་ཤེས་ཡིན་སྙམ་ཇི་ལྟར་བགྱིད། །ཡང་དམ་ཆོས་སྒྲུབ་ལོ་བྱས་ཀུན་ཀྱང་། །སྐབས་ཕལ་ཆེར་འཇིག་རྟེན་གྲགས་པའི་ཆེད། །ལན་རེ་འགར་མ་བརྟགས་རྨོངས་ཞེན་བློས། །བསྒྲུབ་དེས་ན་དགོས་ཚེ་ཅི་འགྱུར་ཨང་། །ཁྱེད་འཆི་བའི་ལམ་ལ་མི་འཇུག་པར། །ཤུལ་གཞན་ནས་འགྲོ་ས་མཐོང་ངོམ་ཅི། །དེ་ཅིའི་ཕྱིར་ཞེ་ན་ཕན་ཚུན་ནས། །མི་རྒན་གཞོན་མ་ངེས་འཆི་མཐོང་ཡང་། །རང་བ་སྤུ་ཙམ་ཡང་མི་གཡོ་བར། །ཁོང་ཤི་བའི་གོས་སོགས་ཉེར་སྤྱད་རིགས། །དེ་རང་ཉིད་གཏན་གྱི་འཚོ་ཆས་སུ། །གཡོ་དུ་མས་ཉོ་ཚགས་ལ་བརྩོན་ཕྱིར། །སང་འཆི་ཚེ་ནོར་རྫས་ཀུན་བོར་ནས། །རང་གཅིག་པུར་ནར་གྱིས་འགྲོ་བ་ལས། །ལོངས་སྤྱོད་པའི་དངོས་པོ་ཀུན་ཁུར་ཏེ། །སྟོབས་བསྐྱེད་ནས་འགྲོ་བ་མ་མཐོང་མོད། །ཁྱེད་ན་ཚོད་ཡོལ་བས་གཏུགས་ནའང་། །དུས་ད་དུང་མཁར་གྱི་ཆེ་འགྲན་དང་། །གཉེན་ཉེ་དུ་སྐྱོང་བའི་ཕྱི་ཚིས་དང་། །ནོར་བསོགས་བྲུན་གཉེར་འདི་ཇི་ལྟར་ཡིན། །ད་འོན་ཀྱང་སྔོན་ཆད་འཆི་བའི་ཆོས། །འདི་མ་དྲན་ཁོ་ནས་ལན་པ་ལ། །ཡང་བསམས་ཤིང་བསམས་ན་དུས་རྟག་ཏུ། །འཆི་ངེས་པའི་བློ་འདི་དུ་རེ་གྱིས། །དེ་ཡིན་ཀྱང་ནམ་འཆི་ཆ་མེད་ཅེས། །བློའི་སྣ་ཐག་བསྟུང་བར་མ་བྱས་ན། །སང་འདི་བྱ་འདི་རྗེས་འདི་འབྱུང་གི །རང་དེ་ལ་མི་ཚེ་རིལ་གྱིས་འཛད། །དོན་དེ་ཕྱིར་ཟས་ཀྱི་ཟ་འཕྲོའམ། །གོས་གྱོན་པའི་འཕྲོ་ཚུན་ཙམ་བཞག་ནས། །ཆོས་ཁོ་ནར་ཉིན་མཚན་བར་མེད་བརྩོན། །དེས་ཁྱེད་ཅག་འདི་ཕྱི་ཀུན་ཏུ་བདེ། །ཚུལ་དེ་སྐད་རྒྱལ་སྲས་གཞན་ཕན་པས། །སེམས་བརྩེ་བས་གདམས་པ་འདི་ཡིས་མཐུས། །མ་འགྲོ་ཀུན་བླང་དོར་ཚུལ་མཐུན་དུ། །བྱས་ནས་སུ་རྣམ་མཁྱེན་མཆོག་ཐོབ་ཤོག། སརྦ་མངྒ་ལཾ། །ཤྲཱི་བྷ་བནྟུ་སིདྡྷི་ཕ་ལ་ཧཱུྃ། །

དོ་ཧ་ཚིགས་བཅད་མ།

༄། །དོ་ཧ་ཚིགས་བཅད་མ་བཞུགས། །ཀྱེ་ཧོ་བལྟར་མེད་ཡེ་ཡིན་ཆེན་པོ། །གུད་དུ་མ་བཟུང་ཕྱལ་ཡས་ཡངས་པ། །དམིགས་གཏད་ཆོས་མེད་ཧ་སངས་རྒྱ་ཡན། །ཁྱབ་བརྡལ་གཉུག་མའི་ངང་དུ་འདུག་གོ །ཅིས་ཀྱང་གདག་གཞི་ཟད་པའི་རང་བཞིན། །སྤྲང་ཆུང་སྨྱོན་པའི་སེམས་ལ་ཤར་བ། །མ་བཅོས་བཅོས་པའི་ཡུལ་ལས་འདས་བཞིན། །ཚིག་མེད་ཚིག་ཏུ་ཤར་འདི་བྲིས་སོ།། །།

ནམ་མཁའ་རྡོ་རྗེའི་ཚིག

༄། །ནམ་མཁའ་རྡོ་རྗེའི་ཚིག་བཞུགས་སོ། །ཧོ་ཧོ། ནམ་མཁའ་ལྟ་བུའི་ཀློང་ནས། །ནམ་མཁའི་རྣལ་འབྱོར་ང་ཡིས། །ནམ་མཁའ་རྡོ་རྗེའི་ཚིག་འདི། །ནམ་མཁའི་ཀློང་དུ་ཤོར་སོང་། །འཁོར་འདས་ཆོས་ཀུན་ནམ་མཁའ། །ནམ་མཁའ་ཉིད་ཀྱང་ནམ་མཁའ། །མཁའ་དབྱིངས་ནམ་མཁའ་ཆེན་པོར། །ནམ་མཁའི་མདུད་པ་མཆིས་སམ། །ནམ་མཁའི་སྒོ་མོ་དམ་མམ། །ནམ་མཁའི་ལྡེ་མིག་མེད་དམ། །མཁའ་ཡི་མདུད་པ་བཀྲོལ་ན། །སྒོ་མོ་རང་གྲོལ་འགྲོ་བའི། །ལྡེ་མིག་ནམ་མཁའ་རང་ཉིད་། །རང་གི་མལ་ནས་རྙེད་ན། །ལྷ་མཆོག་ནམ་མཁའི་ནམ་མཁའ། །ནམ་མཁའ་འཕོ་མེད་ཆེན་པོ། །ཞལ་ཕྱག་འཛིན་པ་བྱ་ལམ། །གཞོམ་གཞིག་བྲལ་བའི་རྡོ་རྗེ། །སྐྱེས་དང་འགག་པའི་བློ་བྲལ། །ཟུང་འཇུག་རྫོགས་པ་ཆེན་པོ། །ས་ལམ་གཞི་རྫོགས་ལྷུན་འགྲུབ། །རོ་མཉམ་གུ་ཡངས་དམིགས་མེད། །སྤྲིན་ཚོགས་དབྱིངས་སུ་དེངས་པ། །ཕྱལ་ཡས་རེ་དོགས་ཀུན་ཟད། །ཟད་པའི་ཐ་སྙད་བྲལ་བཞིན། །བྲལ་བའི་བློ་ཡང་དབེན་པ། །དགེ་དང་སྡིག་ཀུན་དབྱིངས་དག །ནམ་མཁར་ཆུ་ཐིགས་ཅིག་ཆགས། །སྤྲིན་ཚོགས་དཀར་ནག་གང་གིས། །ནམ་མཁའ་བསྒྱུར་ནུས་མ་ཡིན། །འདི་འདྲ་ནམ་མཁའི་རང་བཞིན། །ནམ་མཁའ་རང་སྒྲར་གྲགས་ནས། །ནམ་མཁའ་རང་དང་ཐིམ་སོང་། །བརྡ་ཐིམ།། །།


previousརྟོགས་ཉམས་གསུང་མགུར་གྱི་སྐོར་ཚོ།next