Nitartha Digital Library
Tibetan
 
previousལྟ་སྒོམ་སྤྱོད་འབྲས་སྟོན་པའི་མགུར་མ།next

ལྟ་སྒོམ་སྤྱོད་འབྲས་སྟོན་པའི་མགུར་མ།

༄། །ལྟ་སྒོམ་སྤྱོད་འབྲས་སྟོན་པའི་མགུར་མ་བཞུགས། །ན་མོ་གུ་རུ། བདེ་ལེགས་སྦྱིན་པའི་བླ་མ་ནི། །བདེ་མཆོག་ཀུན་ཏུ་བཟང་པོ་དང་། །བདེ་ཆེན་ངང་དུ་རོ་མཉམ་ཕྱིར། །བདེ་བར་སྐྱབས་སུ་བརྟེན་བྱས་ནས། །སྐལ་ལྡན་ཁྱོད་ལ་ཉམས་ལེན་ལས། །འཕྲོས་པའི་གདམས་པ་འདི་འཆད་ཀྱི། །དད་གསུམ་སྨིན་པའི་ལོ་འབྲས་ལ། །ལོ་ཏོག་སེར་བ་རྒྱངས་བསྲིངས་མཛོད། །དེ་ཡང་མདོ་རྒྱུད་རྒྱ་མཚོའི་དོན། །སྙིང་པོ་ཧྲིལ་གྱིས་དྲིལ་བྱས་ན། །ལྟ་སྒོམ་སྤྱོད་འབྲས་བཞི་རུ་འདུ། །དེ་ཚུལ་མན་ངག་བཞིན་བཀྲལ་ན། །དང་པོ་ལྟ་བའི་རང་བཞིན་ལ། །ཐེག་པ་དམན་དང་མཆོག་གི་ཁྱད། །ཡོད་ཀྱང་ད་ལྟའི་རིག་པ་ཉིད། །མཐའ་བརྒྱད་སྤྲོས་དང་བྲལ་བ་དེ། །དབུ་མ་ཆེན་པོའི་ལྟ་བ་ཡིན། །དེ་ཡི་ངོ་བོ་དྲི་བྲལ་གང་། །དབྱིངས་དང་ཡེ་ཤེས་ཟུང་འཇུག་ཏུ། །ཡེ་ནས་གནས་པ་དཔེའི་སྒོ་ནས། །རང་ངོ་འཕྲོད་པ་ཕྱག་རྒྱ་ཆེ། །འདི་ནི་རྒྱུད་ཀྱི་དགོངས་པ་སྟེ། །མིང་ལ་བདེ་སྟོང་གཉིས་མེད་པའི། །ཟུང་འཇུག་ཡེ་ཤེས་རྡོ་རྗེ་ཞེས། །ཡོངས་གྲགས་བླ་མའི་ཞལ་ལུང་ལས། །སོ་སོའི་སྐྱེ་བོས་འཁྲུལ་རྟོག་གིས། །བཏགས་པའི་ཕྱག་ཆེན་ཙམ་པོ་མིན། །གང་དེ་ཉམས་སུ་ལེན་པ་དེས། །ཀུན་རྫོབ་ལྷ་ཡི་ཕྱག་རྒྱ་དང་། །དོན་དམ་འདུས་མ་བྱས་པ་གཉིས། །རེས་འཇོག་དྲྭ་བར་མ་འཛུད་ཅིག །ཚུལ་འདི་རྟོགས་པའི་རྣལ་འབྱོར་པས། །ཁྱད་གཞི་གཅིག་ལ་ཁྱད་ཆོས་སུ། །ངེས་གསང་རྫོགས་པ་ཆེན་པོ་ཡི། །ལྟ་བའི་འཇོག་ཚུལ་དབྱེ་མོད་ཀྱང་། དེང་སྐབས་ལ་ལས་རྣམ་གཞག་བཞིན། །ཐུན་མོང་ལྟ་གྲུབ་རྣམ་བཞི་དང་། །ཡོངས་སུ་མ་འབྲེལ་གྲུབ་མཐའ་ཞིག །རང་ལ་ཡོད་པའི་དཔའ་སྐད་དེས། །ཐེག་མཆོག་འདི་ཡི་ཆེ་བ་བསྣུབས། །དེ་ཕྱིར་ཀུན་གཞི་ཚོགས་བརྒྱད་དང་། །བཅས་ལས་རང་བྱུང་ཡེ་ཤེས་ཀྱི། །ཁྱད་པར་བླ་མའི་མན་ངག་གིས། །ཕྱེས་ནས་ཡེ་ཤེས་དམ་པའི་གནད། །སྒོམ་པས་རྒྱུད་ལ་བརྟེན་པའོ། །དེ་ལ་ཐུན་མོང་ཐུན་མིན་གཉིས། །ཐུན་མོང་ཕར་ཕྱིན་ཐེག་པའི་ལུགས། །དྲན་པ་ཉེར་བཞག་ནས་བཟུང་སྟེ། །བྱང་ཆུབ་ཕྱོགས་ཆོས་སོ་བདུན་པོ། །རིམ་བཞིན་རྒྱུད་ལ་བརྟེན་པ་དང་། །ཐུན་མིན་བསྐྱེད་རྫོགས་རྣམ་པ་གཉིས། །ཕར་ཕྱིར་དྲུག་དང་བསླབ་གསུམ་གྱིས། །བསྡུས་པ་མདོ་དང་ཚུལ་མཐུན་བཞིན། །བྱེ་བྲག་ཐབས་ཤེས་ཁྱད་པར་ཅན། །གང་གིས་དབྱེ་བའི་ལམ་བཟང་ནི། །བརྩོན་པས་རྒྱུད་ལ་བསྟེན་བྱ་ཞིང་། །དེ་ལས་ཐེག་པའི་རྒྱལ་པོ་ཡི། །ཐབས་མཆོག་འོད་གསལ་ཐོད་རྒལ་ལམ། །ཁྲེག་ཆོད་ཉིད་ལས་མི་གཞན་པར། །ཤེས་ནས་ཉམས་སུ་ལེན་པ་གལ། །མཉམ་བཞག་དེ་ལྟར་གནས་པ་ལས། །རྗེས་ཐོབ་སྤྱོད་པའི་སྐྱོང་ཚུལ་ནི། །སོ་བྱང་སྔགས་ཀྱི་དམ་སྡོམ་རྣམས། །མདོ་དང་རྒྱུད་ནས་གསུངས་པ་བཞིན། །བླང་དོར་གནས་ལ་བརྩོན་པ་དང་། །ཁྱད་པར་ཕྱག་རྒྱ་སྒྱུ་མ་ཡི། །དག་པ་དྲན་པའི་ངང་ཉིད་ནས། །སྣང་སྲིད་ལྷག་པ་ཏིང་འཛིན་གྱི། །དཀྱིལ་འཁོར་ཆེན་པོར་རྫོགས་པ་ལ། །དེ་བཞིན་ལམ་ཁྱེར་བགྱིད་པ་ལས། །ནམ་ཡང་འདའ་བར་མ་བྱེད་ཅིག །ཚུལ་འདིའི་ཐབས་དང་མི་ལྡན་བཞིན། །འདོད་ཡོན་ལྔ་ལ་སྤྱོད་པ་ནི། །གསང་བ་ཉིད་ལས་གཞན་འགྱུར་ཕྱིར། །དེ་འདྲ་ཁ་ལྟ་ཙམ་པོ་ལ། །ཡིད་བརྟན་རུང་བ་མ་ཡིན་ནོ། །འདི་ལྟར་ལྟ་སྒོམ་སྤྱོད་པའི་གནད། །ཅི་བཞིན་ཉམས་སུ་བླང་གྱུར་ན། །འབྲས་བུ་ཀུན་གྱི་མཐར་ཐུག་པ། །ལྷུན་གྲུབ་དག་པ་གཉིས་ལྡན་དེ། །ཚེ་འདིར་མངོན་དུ་གྱུར་པའོ། །དེ་ཡི་རང་བཞིན་རྣམ་དག་ནི། །འབྲས་ཆོས་ཉེར་ལྔའི་བདག་ཉིད་དེ། །ལམ་རྟགས་རྣམས་ཀྱང་དེར་མཚུངས་ན། །ལམ་གྱུར་འབྲས་བུ་རིག་འཛིན་བཞིའི། །གོ་འཕང་བགྲོད་ཚུལ་ཤེས་པར་གྱིས། །དེ་ལྟར་མདོ་རྒྱུད་རྒྱ་མཚོའི་དོན། །ལྟ་སྒོམ་སྤྱོད་འབྲས་བཞི་བོ་ཡི། །གནད་རྣམས་འདི་རུ་གདམས་ཟིན་གྱིས། །ཉམས་སུ་ལོངས་ཤིག་རིག་པ་འཛིན། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཡང་། །ཐུགས་ཀྱི་དཔལ་བེའུར་བསྐྱིལ་བྱས་ནས། །འགྲོ་ལ་སྦྱིན་མཛད་བླ་མ་དེའི། །མཐུ་བྱིན་འདི་ན་བརྗིད་གྱུར་ཅིག། ཅེས་པའང་རིགས་སྔགས་འཆང་བ་བདུད་འདུལ་རྡོ་རྗེའི་ངོར་ཐེག་པ་མཆོག་ལ་མོས་པ་ཐོབ་པའི་རྣལ་འབྱོར་པ་གཞན་ཕན་མཐའ་ཡས་འོད་ཟེར་གྱིས་གདམས་པའོ།། །།


previousལྟ་སྒོམ་སྤྱོད་འབྲས་སྟོན་པའི་མགུར་མ།next