Nitartha Digital Library
Tibetan
 
previousཡུལ་དྲུག་ཕྱག་རྒྱར་རྟོགས་པའི་གླུ་ཆུང་།next

ཡུལ་དྲུག་ཕྱག་རྒྱར་རྟོགས་པའི་གླུ་ཆུང་།

༄། །ཡུལ་དྲུག་ཕྱག་རྒྱར་རྟོགས་པའི་གླུ་ཆུང་། །ཨེ་མ་ཧོ། །དག་ཆེན་ཡེ་ཤེས་འཁོར་ལོའི་ཕྱག་རྒྱ་ཡིས། །མ་དག་འཁོར་བའི་ཆོས་ལ་རྒྱས་བཏབ་པས། །དངོས་ཀུན་བདེ་བ་ཆེན་པོའི་ཡེ་ཤེས་སུ། །མཉམ་རྫོགས་གཉུག་མའི་གཤིས་དང་རོ་གཅིག་གྱུར། །དེ་ཚེ་གང་སྣང་ཐབས་ཀྱི་རོལ་པ་རུ། །རང་བཞིན་ཉིད་དུ་རང་ལས་ཤར་བ་ལ། །གཞན་བྱུང་དགའ་བདེ་ཙམ་ལས་ཆེས་ལྷག་པའི། །བདེ་སྟོང་གནད་འདི་སྤྲང་བོའི་ཉམས་སུ་མྱོང་། །མིག་སྣང་རྣམ་པར་དག་པའི་ཁང་བཟང་ནས། །གཟུགས་ཀྱི་རྡོ་རྗེ་ལྷ་མོ་མེ་ལོང་མར། །དེར་ལྟོས་ཐབས་ཀྱི་སེམས་དཔས་འཁྱུད་པ་ལས། །གཟུགས་འཛིན་རང་སར་གྲོལ་པ་ཉམས་རེ་དགའ། །བདེ་སྟོང་མལ་ནས་རྙེད་པ་བག་རེ་བྲོ། །རྣ་བའི་དབང་པོ་གསལ་བའི་གྲོང་ཁྱེར་ནས། །བཟང་ངན་སྒྲ་ཡི་དེ་ཉིད་ལུས་ཕྲ་མར། །རིག་རྩལ་དཔའ་བོའི་ཞལ་རས་འཛུམ་མ་ལས། །འཁྱུད་བདེ་ཉམས་སུ་མྱོང་བ་ཉམས་རེ་དགའ། །རང་གྲོལ་གནད་དང་ལྡན་པ་བག་རེ་དྲོ། །དྲི་འཛིན་ཀུན་ཏུ་འཇུག་པའི་གན་དྷོ་ལར། །སེམས་ཀྱི་བུ་ཆུང་རང་གར་ཡན་པ་དང་། །ཞིམ་མིན་ཡུལ་གྱི་དགའ་མ་འཕྲད་པ་ལས། །རོལ་པའི་ཉེར་ལེན་བྱུང་བ་ཉམས་རེ་དགའ། །ཡེ་ཤེས་རང་ལས་རྙེད་པ་བག་རེ་དྲོ། །ལྕེ་དབང་སྣ་ཚོགས་རྒྱུ་བའི་དགའ་ཚལ་ནས། །དེ་ཡི་ཉེར་ལེན་བྱེད་པོ་རྐང་དྲུག་པས། །མངར་མིན་མནྡྷ་ར་བའི་མཆུ་སྒྲོས་ལ། །མྱངས་པའི་དེ་ཉིད་མཐོང་བ་ཉམས་རེ་དགའ། །བདེ་ཆེན་ཆོས་སྐུར་བྲོལ་བ་བག་རེ་དྲོ། །སྣང་བ་རྣམ་དག་ཀུན་བྱེད་རྒྱལ་པོའི་གྲོང་། །གང་ན་རིག་པའི་རྡོ་རྗེ་ཐབས་ཀྱི་སྐུ། །སྣང་ཡུལ་ཆོས་དབྱིངས་ཡུམ་དང་མཉམ་སྦྱོར་ནས། །རང་གྲོལ་ལྟ་བའི་གླུ་ལེན་ཉམས་རེ་དགའ། །སྒྱུ་མའི་ཞབས་བྲོ་བརྡུང་བ་བག་རེ་དྲོ། །ཕྱི་ནང་ཆོས་ཀུན་རྨི་ལམ་སྣང་བ་བཞིན། །སད་པའི་གནས་སྐབས་སྔོན་ཆད་མ་བྱུང་བ། །ད་རེས་བག་ཆགས་གཉིད་དང་བྲལ་བ་དེས། །རང་མཚང་མཐོང་བའི་ཚུལ་འདི་ཉམས་རེ་དགའ། །མཛེས་མ་ནང་ནས་རྙེད་པ་བག་རེ་དྲོ། །སྤྲང་བོས་ཉལ་བོ་བྱེད་ན་དེ་ལྟར་བྱེད། །བན་ཆུང་རྩེན་མོ་རྩེ་ན་དེ་ལྟར་རྩེ། །སྔགས་སྨྱོན་ཕྱག་རྒྱ་བསྟེན་ན་དེ་ལྟར་བསྟེན། །བརྒྱགས་ཕྲུག་གླུ་ཆུང་ལེན་ན་དེ་ལྟར་ལེན། །འོན་ཏེ་ན་ཆུང་བཞིན་དང་གང་ལེགས་གཟུགས། །གཅེས་ཕྲུག་གསུས་པ་བགྲང་དང་འདྲའམ་སོམ། །འདོད་ཆེན་ཆང་ནག་གཉེར་དང་མཚུངས་སམ་ལྟོས། །ཆགས་པའི་གླུ་དང་གྲོས་ཀ་མཐུན་ནམ་དཔྱོད། །དེ་སྐད་ལས་ཀྱི་ཕྱག་རྒྱ་བསྟེན་པའི་ཚུལ། །ཡུལ་དྲུག་ཕྱག་རྒྱར་རྟོགས་པའི་གླུ་ཆུང་འདི། །ཕྱག་རྒྱའི་ཚུལ་མཐོང་རིག་པའི་རྡོ་རྗེ་ཡིས། །ཕྱག་རྒྱ་དོན་གཉེར་རྣམས་ལ་སྨྲས་པ་ལགས། །དགེའོ།། །།


previousཡུལ་དྲུག་ཕྱག་རྒྱར་རྟོགས་པའི་གླུ་ཆུང་།next