Nitartha Digital Library
Tibetan
རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་གསུང་འབུམ།


   
   
   
  expand section
  expand section
  expand section
  collapse section
ཞལ་གདམས་མན་ངག་གི་སྐོར་ཚོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section


 
previousཞལ་གདམས་མན་ངག་གི་སྐོར་ཚོ།next

ཞལ་གདམས་མན་ངག་གི་སྐོར་ཚོ།

སྐྱེས་བུ་དམ་པ་ལ་སྙིང་གཏམ་དུ་གསོལ་བ་མཛའ་བོས་བརྡའ་སྟོན།

༄། །སྐྱེས་བུ་དམ་པ་ལ་སྙིང་གཏམ་དུ་གསོལ་བ་མཛའ་བོས་བརྡའ་སྟོན་ཞེས་བྱ་བ། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །གོ་ས་ཉིད་དང་རིགས་དང་ནི། །མཁྱེན་རབ་དང་ནི་ཐུགས་བརྩེ་བ། །མཐའ་དག་བླ་ནས་བླར་གྱུར་པའི། །དྲན་དབང་གང་ལ་མཆིད་འདི་གསོལ། །བདག་གི་སེམས་གྱི་ཉེར་ལེན་འདིས། །སྒྱུ་མའི་ལུས་དང་ཁྱོད་ལྷན་ཅིག །བཟུངས་པ་གང་ཞིག་དབྱེ་འདོད་ཀྱང་། །འཆིང་བས་བཅིངས་པ་བཞིན་དུ་གྱུར། །འོན་ཏེ་ཆུ་ལ་ལྷན་ཅིག་ཏུ། །གནས་པའི་འོ་མའི་རྣམ་འགྱུར་བཞིན། །སེམས་དེ་ཉིད་དང་གནས་གཅིག་པར། །གྱུར་ཕྱིར་གནོད་པ་ཡང་མི་མངའ། །ཁྱོད་ནི་སྐྱེ་རྒུ་མ་ལུས་པའི། །སྐྱབས་སུ་མངའ་གསོལ་བགྱིས་ལགས་ན། །འགའ་ཞིག་བརྩེ་ཞིང་འགའ་ཞིག་ནི། །སྡང་བའི་ཡུལ་དུ་ག་ལ་རིགས། །གཞན་དག་སྙིང་དང་མགོན་ཁྱོད་ལ། །ཐ་དད་མིན་པར་རབ་བལྟ་ན། །ཁྱོད་ཀྱང་ཐུགས་ལ་ཇི་ལྟ་བར། །དེ་དག་རྣམས་ལ་ཅིས་མི་དགོངས། །བྱིས་པ་རྣམས་ནི་རྨོངས་པ་དང་། །བཞད་གད་མཁན་དང་ཆོ་ལོ་དང་། །བསླུ་བྲིད་རྒྱན་དང་ནོར་ལ་མགུ། །ངང་ཚུལ་དེ་འདྲས་ཁྱོད་ལ་ཅི། །དམ་པ་རྣམས་ཀྱིས་བགྱི་འོས་པའི། །ཆོས་ལུགས་བཟང་པོ་གང་ཡིན་དང་། །མཁྱེན་ལྡན་བརྩེ་བའི་གྲོས་འདུན་ལ། །ཐུགས་ནི་རབ་ཏུ་གཞོལ་མཛོད་ཅིག །གང་ཞིག་རིག་པའི་ཚུལ་དག་ཀྱང་། །ཕལ་ཆེར་ཚེ་འདིའི་ཆེད་འགྱུར་ཞིང་། །འགའ་ཞིག་ཐབས་ཀྱིས་རྣམ་མཁྱེན་གྱི། །རྒྱུར་འགྱུར་བ་ཡང་ཡོད་པ་ཡིན། །དེ་སླད་ཁྱོད་ནི་འགྲོ་ཀུན་གྱི། །ལམ་སྟོན་ཉིད་དུ་བགྱིད་དགོས་ན། །ཕྱི་མའི་དུས་སུ་རང་གཞན་ཀུན། །བསླུ་མི་བགྱིད་པ་དགོས་ཞེས་དགོངས། །ནོར་ལ་འཕགས་པའི་ནོར་བདུན་ལས། །ལྷག་པ་གང་ནའང་ཡོད་མིན་ཞིང་། །གོ་ས་ལ་ནི་གདོད་མ་ཡི། །རྒྱལ་ས་ཉིད་ལས་ལྷག་པ་མེད། །རྒྱན་ལ་བསླབ་གསུམ་ཉིད་མཛེས་ཤིང་། །ཡབ་ཡུམ་མཆོག་ནི་བླ་མ་ཡིན། །ཟས་མཆོག་དེ་ཡི་གདམས་ངག་སྟེ། །དེ་དོན་གྲོགས་ཀྱི་དམ་པར་མཛོད། །མཛེས་པའི་གཟུགས་ལ་ཆགས་པ་དང་། །སྙན་པའི་གྲགས་པ་ལ་དགའ་བ། །འདི་ནི་ཕུང་ཁྲོལ་ཆེན་པོ་སྟེ། །བག་ཟོན་བགྱིད་པའི་ཡུལ་རྣམས་སོ། །རྟག་ཏུ་རང་ལ་བསམ་བགྱིད་ཅིང་། །རང་གི་སྐྱོན་ལ་བརྟགས་པར་བགྱི། །སྐྱོན་དུ་གང་ཞིག་གྱུར་པ་རྣམས། །འབད་པས་མྱུར་དུ་སྤང་བར་མཛོད། །གང་ཞིག་རྒ་ན་འཆི་འགྱུར་བ། །སྐྱེ་བོ་ཅོག་གི་མཚན་ཉིད་དུ། །རང་གི་ངང་གིས་གྲུབ་པ་ནི། །མནལ་ཡུལ་དུའང་བསྐྱུད་མི་འཚལ། །འདི་ལྟའི་མི་རྟག་འགྱུར་བའི་ཆོས། །ཐུགས་ལ་ཇི་བཞིན་ངེས་གྱུར་ན། །སྐད་ཅིག་ཙམ་ཡང་དོན་ཡིན་གྱི། །འཁྲུལ་བའི་ཕྱི་བཞིན་འབྲང་བ་མིན། །དུས་དང་དུས་སུ་དམ་པ་ལ། །ཆོས་ཀྱི་གཏམ་དག་གླེང་བགྱིད་ཅིང་། །དུས་དང་དུས་སུ་རང་ཉིད་ཀྱི། །ཉམས་ལེན་གནད་དུ་ཚུད་མིན་བརྟགས། །སྤང་བར་བགྱི་འོས་གང་ལགས་པ། །དེ་དག་འཕྲལ་དུ་སྤང་བ་དང་། བླང་བར་བགྱི་འོས་དེ་དག་ནི། །དེ་ཉིད་དུ་ནི་བླང་བར་བྱ། །མདོར་ན་ཁྱོད་ལ་སྙིང་བརྩེ་བའི། །གཏམ་ནི་གང་དང་ཡོན་ཏན་གྱི། །རང་བཞིན་གཅིག་ཏུ་མ་གྱུར་པར། །སྨྲ་བར་སྤྲོ་ཡང་ཕ་མཐའ་ཡས། །འོན་ཀྱང་བདག་གི་ཚིག་དག་ལ། །བདག་འདོད་བཞིན་དུ་ཁྱོད་དགོངས་ནས། །ཁྱོད་ཀྱིས་བཞེད་པ་གང་ཡིན་པ། །བདག་གིས་སྐོངས་པའང་གདོན་མི་ཟ། །ཇི་སྟེ་དེ་ལས་གཞན་གྱུར་ན། །གྲགས་པ་གཉེར་བའི་ཁ་གསག་གམ། །བརྗོད་པའི་ཁུར་གྱིས་ནོར་འདྲ་བ། །བདག་ལ་དབང་ཅན་སུ་ཞིག་བགྱིད། །དེ་སླད་ཐུགས་ནི་ཉེ་བར་གཞོལ་བ་ཡིས། །གཏམ་འདི་ཡང་ནས་ཡང་དུ་གསན་མཛོད་དང་། །སྤངས་དང་བླང་བའི་ཕྱོགས་འགའ་རྟོགས་བྱེད་ཀྱི། །རྐྱེན་དུ་འགྱུར་སྲིད་ཡང་ན་གཞན་ཡང་རུང་། །ཇི་ལྟར་བརྩེ་བའི་དབང་གིས་ན། །ཉེས་པ་དག་ཀྱང་དགེ་འགྱུར་གསུངས། །དེ་སླད་བརྗོད་པ་འདི་ཡིས་ཀྱང་། །དམ་པའི་ཡོན་ཏན་གོང་འཕེལ་ཤོག །ཅེས་ཕྲན་གཙང་ཕྱོགས་སུ་ཐེག་ཁར་ཞབས་དྲུང་རིག་འཛིན་ཆེན་པོ་ལ་སྙིང་གཏམ་དུ་གསོལ་བ་བཏབ་པའོ།། །།

རྡོ་རྗེ་བྲག་ཞབས་དྲུང་སྤྲུལ་བའི་སྐུར་གདམས་པ།

༄། །རྡོ་རྗེ་བྲག་ཞབས་དྲུང་སྤྲུལ་བའི་སྐུར་གདམས་པ་བཞུགས་སོ། །ཨོཾ་སྭ་སྟི། དྲག་པོ་ཚངས་སོགས་མཐུ་ཆེན་ཀུན་གྱིས་གང་ཞབས་བསྙེན་པ་བཅོམ་ལྡན་འདས། རིག་བྱེད་ལ་སོགས་སྨྲ་བ་ངན་ཀུན་ཟིལ་གྱིས་གནོན་བགྱིད་དམ་པའི་ཆོས། །རྣམ་བྱང་མཆོག་གི་མྱུ་གུའི་རང་བཞིན་སྲིད་པའི་སྐྱོན་སྤངས་དགེ་འདུན་ཏེ། །བསླུ་མེད་སྐྱབས་གྱུར་དཀོན་མཆོག་གསུམ་དེས་ཁྱོད་ལ་དགེ་ལེགས་མཛད་གྱུར་ཅིག །འདི་ན་སྐྱེ་བོའི་རང་བཞིན་ནི། །ཁ་ཅིག་ཉེས་པ་ཁོ་ན་བསྒྲུབ། །འགའ་ཞིག་བདེ་བ་དོན་གཉེར་ཡང་། །དེ་ཉིད་སྒྲུབ་པའི་ཚུལ་ལ་རྨོངས། །དེས་ན་རིགས་འབྱོར་དྲེགས་ལྡན་ལ། །འདིར་བཤད་དོན་དང་ལྡན་མིན་ཡང་། །རྗེ་ཁྱོད་བདག་ལ་བརྩེ་དགོངས་པ། །གང་ཕྱིར་སྨྲ་བའི་སྤོབས་པ་རྙེད། །དེ་ལྟར་ན་ནི་མཁྱེན་ལྡན་པ། །ཁྱོད་ནི་རྒྱལ་བུ་དོན་གྲུབ་ཀྱི། །རྣམ་པར་ཐར་བ་ལ་དགྱེས་ན། །འདི་ལས་བསླབ་སྟོན་གཞན་ཅི་བགྱིད། །ཇི་ལྟར་སྤྲུལ་གཞི་སྤྲུལ་གཞི་བཞིན། །སྤྲུལ་པ་ཉིད་ཀྱང་སྤྲུལ་སྐུ་བཞིན། །གདན་ས་མཆོག་ནི་ཤཱཀྱ་ཡི། །རྒྱལ་སྲིད་ཉིད་དང་ཕྱོགས་མཚུངས་པའོ། །འོན་ཀྱང་ཐུབ་པ་ཆེན་པོ་འདིས། །ཚུ་རོལ་མཐོང་བའི་སྣང་ངོ་རུ། དཀའ་བ་སྤྱད་སོགས་མཛད་བདེན་ཀྱང་། །འདི་ལ་དགོས་པ་གཞན་ཡང་ཡོད། །དེས་ན་བཟོ་དང་སྒྱུ་རྩལ་ལ། །ཐོག་མར་སྦྱངས་པ་དེ་ཇི་བཞིན། །དམ་པ་ཉིད་ཀྱང་གཞོན་ནུ་ན། །ཐུན་མོང་རིག་གནས་ལ་སྤྱད་འཚལ། །འོན་ཏེ་འདི་ཡིས་གང་བསླབ་པ། །རྣམ་མཁྱེན་ཁོ་ནའི་རྒྱུར་ཡིན་གྱི། །ཁེངས་དང་གྲགས་དང་ཐོས་རྩོད་དག །དོན་དུ་གཉེར་ཙམ་ག་ལ་ཡིན། །དེ་ཕྱིར་ཉིད་ཀྱང་གང་བསླབ་པའི། །གཞུང་ཀུན་འདི་དང་གཏན་གྱི་དོན། །སྒྲུབ་བྱེད་ནང་དོན་རིག་པ་ཡི། །ཡན་ལག་ཉིད་དུ་འགྱུར་བགྱིད་འཚལ། །འདི་ལྟར་གཞོན་ནུ་དོན་གྲུབ་ནི། །གྲོང་ཁྱེར་མཆོག་གི་སྒོ་བཞི་ནས། །གང་ཞིག་རྒ་དང་ན་བ་དང་། །སྐྱེ་དང་འཆི་བའི་ཚུལ་གཟིགས་ཏེ། །ཅི་ཞིག་འདི་ལ་ཅི་འབྱུང་བ། །ཇི་ལྟར་བདག་ལའང་འབྱུང་ངམ་ཅི། །ཅི་ཞིག་འདི་ལས་ཐར་བགྱིད་པའི། །ཐབས་དེ་ཇི་ལྟར་བཙལ་ལམ་ཞེས། །ཉིད་ཀྱི་ཐུགས་ཀྱི་ཀློང་གང་ལ། །ཇི་ལྟར་དགོངས་པ་དེ་ཇི་བཞིན། །མདུན་ན་གནས་པའི་འདུན་པ་ལ། །སྨྲས་ཀྱང་དེ་ཡང་དེ་བཞིན་སྨྲ། །གང་ཚེ་སྲིད་ན་བདེ་མེད་ཅིང་། །སྡུག་བསྔལ་ཉིད་དུ་གཟིགས་པ་དང་། །དེ་རྒྱུ་འགོག་པའི་ཐབས་གང་ལ། །མྱུར་བརྩོན་དགོས་པའང་ལྷན་ཅིག་མཁྱེན། །གང་ཕྱིར་དམ་པ་ཉིད་ནས་ཀྱང་། །སྲིད་འདིའི་ངང་ཚུལ་ལ་དགོངས་ཏེ། །རེ་ཞིག་བྱིས་པའི་རྣམ་འགྱུར་ཀུན། །ཅི་ཡི་ཕྱིར་ན་འདོར་མི་བགྱིད། །ཁྱེད་ལ་བསྙུན་པ་མི་མངའ་ཞིང་། །སྐུ་ཚེའང་གོད་པ་མེད་གྱུར་ཅེས། །བདག་ནི་དེ་ལྟར་ཤིས་བརྗོད་ཀྱི། །མེ་ཏོག་རྟག་ཏུ་འཐོར་ལགས་ཀྱང་། །གང་ཞིག་འགྲོ་བ་མ་ལུས་པའི། །སྲོག་ལ་རྒོལ་བའི་གཤིན་རྗེ་དེར། །གྲོས་འདི་སྔོན་ཆད་བགྱིས་མིན་ན། །འདི་དེ་ཅི་ཞིག་འགྱུར་རམ་ཨང་། །ཐུབ་པ་ཉིད་ནི་རྒ་ན་འཆིའི། །རྣམ་འགྱུར་གཞན་དེ་མཐོང་བའི་མོད། །དེ་ཚུལ་རང་གིས་མྱོང་བ་ལས། །ལྷག་པའི་བརྟུན་པ་བསྐྱེད་ཅེས་ཐོས། །འདི་ལྟར་གྲགས་འཛིན་ས་འཚོ་སོགས། །ཡིད་གཅུག་མཛེས་མ་ཇི་སྙེད་དང་། །ཀུན་དགའ་བོ་དང་མཛེས་དགའ་སོགས། །སྙིང་བརྩེ་གཞོན་ནུའི་གྲོགས་དག་དང་། །ཟས་གཙང་དང་ནི་མིང་ཅན་སོགས། །ཡབ་དང་ཁུ་བོ་བཅས་པའི་ཚོགས། །འདི་ཀུན་ཟས་ཀྱི་ལྷག་རོ་བཞིན། །དོར་ནས་དབེན་ས་བསྙེན་མིན་ནམ། །གཞན་ཡང་འདི་ཡིས་ནོར་བུ་ཡི། །རྒྱན་གྱི་བྱེ་བྲག་ཇི་སྙེད་དང་། །བརྗོད་པས་བྲལ་བའི་རིན་ཐང་གིས། །ལྕི་བ་ཀ་ཤིའི་རས་དག་ཀྱང་། །དགྲའམ་དུག་ལྡན་ཟས་ཇི་བཞིན། །སྤངས་ནས་ཕྱག་དར་ཁྲོད་པ་ཡི། །བརྟུལ་ཞུགས་ཆེད་དུ་དང་བཞེས་ན། །དམ་པ་སུ་ཞིག་སྲིད་འབྱོར་གཉེར། །གང་ཞིག་ཐ་ཆད་སྐྱེ་བོ་ཡང་། །རང་གི་རིགས་ཉིད་འཛིན་བགྱིད་ན། །དམ་པ་རྣམས་ནི་དམ་པ་ཡི། །རྣམ་ཐར་ཁོ་ན་མི་སྐྱོངས་པར། །བླུན་པོ་གཞུང་ལུགས་མི་ཤེས་ཤིང་། །ཟ་ཉལ་ཙམ་ཞིག་ངོ་མཚར་དུ། །བགྱིད་པའི་ལུགས་ངན་ལ་ཞེན་ནས། །རང་ཚུལ་འདོར་བ་ག་ལ་རིགས། །འོན་ཀྱང་གནས་ཡུལ་ཐག་བསྲིངས་པ། །ཁྱོད་ལ་མཛེས་པ་མ་ལགས་ཀྱང་། །འཁོར་གྱི་དབུས་ན་འཁོར་སྐྱོན་དང་། །བྲལ་བ་དངུལ་ཆུའི་དཔེ་བཞིན་མཛོད། །དེ་ལྟ་ནའང་ཙནྡ་ནའི། །ནགས་ཚལ་ལ་བརྟེན་འགལ་དུམ་དང་། །ཉ་རུལ་གྱིས་བགོས་ཀུ་ཤ་ཡི། །དཔེ་འདིས་ཐུབ་པས་ཡུལ་རྐྱེན་བསྟན། །གང་ཕྱིར་རང་གཞན་ལ་ལྟོས་པའི། །ཁྲེལ་དང་ངོ་ཚའི་ནོར་ལྡན་ཞིང་། །བག་ཡོད་ཀྱིས་ནི་གོ་བགོས་པ། །གང་ལ་རྐྱེན་གྱིས་བརྫི་མིན་ཡང་། །ལུས་སམ་ཡང་ན་སེམས་ཀྱང་རུང་། །བྱིས་པའི་ངང་ཚུལ་མ་སྤངས་དང་། །ཆོས་ལ་བརྩོན་འདོད་དང་པོ་བ། །མཐའ་དག་གྲོགས་དབང་ཁོ་ན་ཡིན། །འདི་ལྟར་རྒྱལ་བ་བརྩེ་ལྡན་པས། །ཚོགས་ལམ་གྱི་ནི་དང་པོ་རུ། །དབང་པོའི་སྒོ་རྣམས་བསྡམ་བྱ་ཞེས། །གསུངས་པའི་དགོས་པ་མཁྱེན་པར་མཛོད། །དེ་ཕྱིར་ཁྱོད་ཐུགས་མེ་འདྲ་ན། །ཆུ་དང་འདྲ་བའི་གཉེན་པོ་དང་། །གལ་ཏེ་གཉིས་འཐུང་མྱོས་འདྲ་ན། །ལྕགས་ཀྱུ་དང་འདྲའི་གཉེན་པོ་བརྟེན། །དེ་མེད་ན་ནི་གཡོ་བའི་བློ། །འདི་དེ་ཅིར་འགྱུར་མ་འཚལ་ཕྱིར། །རབ་དཀར་ཆོས་ཚུལ་སྣང་བ་གང་། །འགྲིབ་པར་བགྱིས་ན་ཅི་བྱར་ཡོད། །ཐུབ་པ་ཉིད་ནི་སྲིད་སྤངས་ནས། །གང་ཚེ་དཀའ་བ་སྤྱོད་པ་ན། །དྭངས་མའི་དབང་པོའང་སྐྱེ་བོ་ཡིས། །གཙེས་ཀྱང་མཉམ་བཞག་ལས་མི་གཡོ། །འོན་ཏེ་འདི་ན་གང་བཤད་པ། །ཕལ་ཆེར་ཐོག་མར་གཅེས་པ་དག །ཕྱོགས་སུ་བསྒྲིགས་ནས་གསོལ་བཏབ་ཀྱི། །ལམ་དངོས་ཇི་ལྟར་བསྒྲུབ་བྱ་ལ། །ཆོས་ཀུན་བྱང་ཆུབ་སེམས་གཉིས་སུ། །བསྡུས་ཏེ་དེ་ཡི་བསླབ་བྱ་ཡང་། །ཚུལ་ཁྲིམས་དང་ནི་ཏིང་འཛིན་དང་། །ཤེས་རབ་ཉིད་དུ་དྲིལ་བར་མཛོད། །དེ་ལས་དང་པོ་རྟེན་ཡིན་ཞིང་། །ཕྱི་མ་གཉིས་ནི་བརྟེན་པ་སྟེ། །དེས་ན་རྒྱལ་བསྟན་མ་ལུས་པའི། །གནད་ཀུན་འདི་རུ་འདུ་བ་ལགས། །གང་ལ་དགོངས་ནས་ཐོག་མ་རུ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་ལ། །ཉེས་སྤྱོད་སྡོམ་དང་དགེ་ཆོས་སྡུད། །སེམས་ཅན་དོན་བྱེད་རྣམ་གསུམ་དུ། །རྒྱལ་བས་གསུངས་པ་འདིའི་གོ་རིམ། །ཚོགས་ལམ་དང་ནི་དེ་བཞིན་དུ། །སྦྱོར་དང་མཐོང་ལམ་ཞེས་བགྱིས་པའི། །ལམ་དེ་དག་གི་རྟེན་དུ་ནི། །དེ་དག་རིམ་པ་ཇི་ལྟ་བུར། །གཙོ་བོར་ཉམས་སུ་བླང་བྱ་སྟེ། །ཁྲིམས་ནི་རྒྱུ་དང་མི་རྒྱུ་བའི། །ས་དང་འདྲ་ཞེས་ཐུབ་དབང་གསུངས། །གང་ཞིག་སྣོད་དང་བྲལ་བ་ལ། །བཅུད་ཀྱིས་ཕན་པར་མི་འགྱུར་བཞིན། །ཡོན་ཏན་གཞན་དག་རྒྱ་ཆེ་ཡང་། །ཚུལ་ཁྲིམས་མེད་ན་ཉམས་པར་འགྱུར། །དེ་ཕྱིར་འདི་ཡི་རྣམ་གྲངས་ཀྱང་། །སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་སྔགས་ཀྱི་སྡོམ་པ་སྟེ། །རྣམ་པ་གསུམ་ལ་འདུ་བ་ཡིན། །དེ་དག་སོ་སོའི་རྩ་བ་དང་། །ཡན་ལག་གི་ནི་ལྟུང་བའི་ཁྱད། །དེ་བཞིན་ལྟུང་དང་ལྟུང་མེད་པའི། །མུ་བཞི་དག་ཀྱང་མཁྱེན་པར་མཛོད། །གང་ཚེ་ཚུལ་ཁྲིམས་ལྡན་པ་ན། །གང་ལ་བརྟེན་པའི་ཉམས་ལེན་ཀྱང་། །ཐོས་བསམ་སྒོམ་པ་ལས་བྱུང་བའི། །ཤེས་རབ་གསུམ་གྱིས་གཏན་ལ་ཕོབས། །ཤེས་རབ་མེད་པའི་བསམ་གཏན་དང་། །བསམ་གཏན་མེད་པའི་ཤེས་རབ་ཀྱང་། །ཡང་དག་འདི་ལ་འབྱུང་མིན་ཞེས། །འཕགས་མཆོག་ཀླུ་སྒྲུབ་ཞབས་ཀྱི་གསུངས། །ཇི་ལྟར་མཁའ་ལྡིང་རྒྱལ་པོ་ཡང་། །ཟུང་དང་མི་ལྡན་གཤོག་རྩལ་གྱིས། །ནམ་འཕངས་བཅད་པ་ཡོད་མིན་པའི། །དཔེ་འདིས་དེ་ཉིད་ཉེ་བར་བསྒྲུབས། །འདི་ལྟར་བསྟན་པའི་གཞུང་ལུགས་ལ། །ཐུགས་ནི་ལྷན་ཅིག་ཉིད་གྱུར་ན། །དེ་ཚེ་མན་ངག་གསང་བའི་གནད། །འཚོལ་གང་དོན་ལ་གནས་འགྱུར་ཡིན། །འོན་ཀྱང་འདི་ནི་མཐའ་དྲུག་དང་། །ཚུལ་བཞིས་མངོན་པར་སྒྲིབ་པའི་ཕྱིར་། །གབ་པ་འབྱིན་པའི་མན་ངག་ཀུན། །བླ་མའི་ཞལ་ལ་ཐུག་པར་གསུངས། །དེ་ཡི་ཕྱིར་ན་མ་ནོར་བའི། །ལམ་སྟོན་མཆོག་ཏུ་བསྟེན་པ་ནི། །ལུགས་འདི་སྒྲུབ་པའི་སྲོག་ཟུང་དུ། །ཅི་ནས་ངེས་པ་རྙེད་པ་དགོས། །མདོར་ན་ཆོས་ནི་ཆོས་བཞིན་དུ། །ཉམས་སུ་བླང་བྱ་ཉིད་ཡིན་ཀྱི། །ཆོས་ལྟར་བཅོས་པའི་ཆོས་གཞན་གྱིས། །འདིར་བཤད་འབྲས་བུ་ག་ལ་འཐོབ། །ཇི་ལྟར་ཏིལ་གྱི་ས་བོན་ལས། །སཱ་ལུའི་འབྲས་བུ་འབྱུང་མིན་ཞིང་། །གདོང་ལྔར་བརྫུས་པའི་རྣམ་འགྱུར་གྱིས། །གཞན་དག་གསོད་པར་བགྱིས་མིན་བཞིན། །དེས་ན་གསང་ཆེན་ཐེག་པ་འདིའི། །འཇུག་སྒོ་དབང་དང་དངོས་གཞི་ནི། །བསྐྱེད་དང་རྫོགས་པའི་རིམ་པ་དང་། །མཐུན་གྲོགས་དམ་ཚིག་དག་པ་དགོས། །དེས་ན་ཤཱཀྱའི་སྲས་གང་ཞིག །བྱང་ཆུབ་ཤིང་ལ་བརྟེན་པ་ན། །ནང་ལྟར་སྟུག་པོའི་འོག་མིན་ཏུ། །འོད་ཟེར་ཆེན་པོའི་དབང་མནོས་ཤིང་། །གསང་ཆེན་ཐབས་ཀྱི་ཉེ་ལམ་ལ། །བརྟེན་ནས་མངོན་པར་བྱང་ཆུབ་སྟེ། །འགྲོ་ཀུན་གང་གིས་འདུལ་འགྱུར་བའི། །ཐབས་ཚུལ་ཕྲིན་ལས་གཡེལ་མེད་བཞིན། །དེ་སླད་མཁྱེན་ལྡན་གང་གིས་ཀྱང་། །རང་དོན་སྤང་རྟོགས་མཐར་ཕྱིན་ནས། །འགྲོ་ཀུན་སྲིད་པའི་རྒྱ་མཚོ་ལས། །སྒྲོལ་བའི་དེད་དཔོན་མཛོད་ཅིག་ཅེས། །དེ་ལྟར་བདག་ནི་བརྩེ་བ་དང་། །དད་པས་ཐལ་མོ་སྦྱར་བྱས་ཏེ། །སྙིང་ནས་གསོལ་བ་འདེབས་ལགས་ན། །རེ་འབྲས་གཞན་དུ་མི་བགྱིད་འཚལ། །འདིར་བཤད་གསན་འོས་མཆིས་མིན་ན། །ནན་གྱིས་གསོལ་བས་ཅི་ཞིག་བྱ། །གལ་ཏེ་གསན་དུ་རུང་བ་འགའ། །སྲིད་ཚེ་སླར་ཡང་རིམ་བཞིན་སྤྲོ། །ཁྱོད་ཀྱི་ཐུགས་ནི་པད་ཚལ་དང་། །བདག་གི་བརྗོད་པའང་ཚ་ཟེར་བཞིན། །གྱུར་ན་ཕན་ཚུན་ལྟོས་གྲུབ་ཀྱིས། །མཛའ་བའི་ངང་ཚུལ་སུ་ཞིག་དབྱེ། །ད་ནི་སྲིད་པའི་རང་བཞིན་སྨྲིག་རྒྱུ་ལྟར། །བསླུ་བའི་ཆོས་ཅན་ཁོ་ནར་ངེས་རྙེད་ནས། །དལ་འབྱོར་རིན་ཆེན་སྟོང་ལོག་མི་བགྱིད་པར། །ཐར་དང་རྣམ་མཁྱེན་ལམ་བཟང་བསྒྲུབ་འཚལ་ལོ། །བློ་བཏང་མེད་པའི་ཚེ་ལ་གདེངས་བཅས་ཀྱང་། །དངོས་ཀུན་མི་རྟག་འགྱུར་བའི་ཆོས་ཅན་ཕྱིར། །གློ་བུར་རྐྱེན་གྱིས་ཅིར་འགྱུར་ཆ་མེད་ཅེས། །དགོངས་ནས་གཡེང་བའི་རྒྱུ་རྐྱེན་ཀུན་སྤང་བྱ། །གང་ཞིག་གསོལ་བའི་ཚིག་དོན་ཇི་སྙེད་སྙན་ངག་རྒྱན་གྱིས་མཛེས་མིན་ཡང་། །རབ་དཀར་ལྷག་བསམ་ཟླ་བའི་ངང་ཚུལ་ཐོག་ཐ་བར་དུ་འདོར་མིན་ཕྱིར། །འདི་ལས་བྱུང་བའི་དགེ་ཚོགས་བསིལ་རྒྱུན་ཅུང་ཟད་མཆིས་སྲིད་དེ་ལྟར་ན། །མ་ལུས་འགྲོ་བའི་ཉོན་མོངས་ཚ་གདུང་སྐྱོབ་པའི་སྨན་དུ་ཤོག་ཅིག་གུ། །ཞེས་ཚད་མེད་པའི་ཐུགས་རྗེ་དང་མཁྱེན་རབ་ཀྱི་མངའ་བདག་མ་ལུས་པའི་འགྲོ་བ་ཀུན་གྱི་སྐྱབས་མགོན་དམ་པར་གྱུར་པ་རྡོ་རྗེ་བྲག་ཞབས་དྲུང་རིག་འཛིན་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེའི་ཞལ་སྔ་ནས་གངས་རིའི་མདངས་འཛིན་གྱི་ལྷ་རྫས་དང་རིན་ཆེན་གཉིས་པའི་འཁོར་ལོ་ཟུང་གི་སྐྱེས་དང་བཅས་ཞལ་གདམས་ཤིག་དགོས་ཞེས་བཀའ་རྟགས་གསེར་གྱི་ཅོད་པཎ་གཙུག་ཏུ་ཕེབ་པ་འདོར་མ་ནུས་པར་གྲུབ་པའི་དབང་ཕྱུག་རྫོགས་ཆེན་པ་ཡབ་སྲས་ཀྱི་ཞབས་རྡུལ་ལ་རེག་པའི་མདོ་ཁམས་ཀྱི་བནྡེ་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་འོད་ཟེར་དུ་འབོད་པས་ཐུབ་བསྟན་རྡོ་རྗེ་བྲག་གི་གཟིམ་ཆུང་བསམ་གཏན་ཡང་རྩེ་ནས་ཤར་མར་སྤེལ་བ་མངྒ་ལཾ།། །།

སྦས་པའི་རྣལ་འབྱོར་བ་སྨན་སྒོམ་ཆོས་དབྱིངས་དཔལ་ལྡན་ལ་གདམས་པ་བདུད་རྩིའི་སྙིང་པོ།

༄། །སྦས་པའི་རྣལ་འབྱོར་བ་སྨན་སྒོམ་ཆོས་དབྱིངས་དཔལ་ལྡན་ལ་གདམས་པ་བདུད་རྩིའི་སྙིང་པོ་ཞེས་བྱ་བ་བཞུགས། །ཤེས་བྱའི་དཀྱིལ་འཁོར་མ་ལུས་ཅིག་ཅར་དུ། །མཁྱེན་པའི་སྤྱན་བཟང་འགྲོ་ལ་གཟིགས་མཛད་པའི། །ཟླ་མེད་སྟོན་པ་གང་དེའི་ཐུགས་གསུང་སྐུའི། །གསང་བ་ཀུན་འཛིན་ཆོས་རྗེ་བླ་མར་འདུད། །ཁྱབ་བདག་རྡོ་རྗེ་འཆང་དེས་གདུལ་བྱའི་འགྲོར། །ཐེག་གསུམ་ཆོས་ཀྱི་འཁོར་ལོ་ཇི་སྙེད་ཅིག །བསྐོར་བ་དེ་ཀུན་སྲིད་ལམ་གཅོད་པ་དང་། །མྱ་ངན་འདས་པའི་ཤུལ་དུ་དགོངས་པ་གཅིག །དེ་ཕྱིར་རྣམ་གྲོལ་དོན་གཉེར་སྐལ་ལྡན་ལ། །ཕན་པའི་ངག་འདི་འཆི་མེད་རྔ་སྒྲ་བཞིན། །རབ་དཀར་ལྷག་བསམ་དག་པས་སྒྲོགས་ལགས་ན། །ལེགས་པར་གསན་ནས་བླང་དོར་མཛད་འཚལ་ལོ། །ཀྱེ་ཧོ་ཡང་ཡང་རྙེད་དཀའི་དལ་རྟེན་ལ། །རང་གཞན་འབྱོར་བའི་རྟེན་འབྲེལ་འགྲིགས་དུས་འདིར། །རྣམ་དག་དད་པས་མཚན་ལྡན་བཤེས་གཉེན་གང་། །ཚུལ་བཞིན་བསྟེན་འདི་ཐོག་མར་གཅེས་པ་ལགས། །དེ་རྗེས་དམ་པའི་ཞལ་གྱི་བདུད་རྩི་གང་། །ཐོས་བསམ་སྒོམ་པས་བཏུང་ལ་མི་སྐྱོ་ཞིང་། །ངང་བས་ཆུ་ལས་འོ་མ་འབྱེད་པ་བཞིན། །ལམ་གནད་བསྡུ་བའི་ཚུལ་ལའང་མཁས་པར་གཅེས། །དེ་ཡང་སྲིད་པ་ཉེས་བརྒྱའི་འཁྲི་ཤིང་དུ། །མཐོང་ནས་དེ་ཡི་རྩ་བ་གཅོད་འདོད་པས། །དང་པོ་གང་ལས་འཁྲུལ་བའི་ས་བོན་ཉིད། །བཙལ་ནས་དེ་ཉིད་འགོག་པའི་ཐབས་ལ་བསམ། །འདི་ལྟར་སྡུག་བསྔལ་བདེན་པའི་ཡན་ལག་བདུན། །ལས་ལམ་གཉིས་ལས་བྱུང་ཞིང་དེའི་རྩ་བ། །ཉོན་མོངས་ལམ་གསུམ་ཉིད་ཡིན་དེ་དག་ཀྱང་། །ས་བོན་ཀུན་རྨོངས་ལྷན་སྐྱེས་ལས་བྱུང་གསུངས། །དེས་ན་འཇིག་རྟེན་ལས་ལས་བྱུང་བ་དང་། །ལས་ཀྱང་ཉོན་མོངས་རྣམས་ལས་བྱུང་ཞེ་ན། །ཉོན་མོངས་དེ་ཡང་སེམས་བྱུང་ཡིན་པའི་ཕྱིར། །འཇིག་རྟེན་སེམས་ལས་བྱུང་ཞེས་ཅིས་མི་སྨྲ། །དེ་ཕྱིར་སྣང་བས་མུན་ཚོགས་འཇོམས་པ་ལྟར། །ཤེས་པས་མི་ཤེས་ས་བོན་དྲུང་འབྱིན་པའི། །ཚུལ་འདིར་དགོངས་ནས་མཁས་པའི་གནས་དྲུག་གི །སྣང་བ་མཆོག་འདི་ཐུབ་ཆེན་ཞལ་ལས་སྤྲོས། །དེ་ཡང་ཕུང་བོ་སྐྱེ་མཆེད་ཁམས་རྟེན་འབྲེལ། །འདི་བཞི་བདེན་དོན་མཐོང་བའི་སྒོར་གསུངས་ཤིང་། །བདེན་པའི་རང་བཞིན་བཞིའམ་གཉིས་ཀྱིས་ནི། །གནས་དང་གནས་མ་ཡིན་པའི་འཇུག་ལྡོག་གསུངས། །གང་ཕྱིར་ཀུན་ཉོན་རྒྱུ་འབྲས་ལས་ལྡོག་པའི། །རྣམ་བྱང་ཕྱོགས་ཀྱི་རྒྱུ་འབྲས་ལ་འཇུག་དེས། །ཆོས་ལྔ་རང་བཞིན་གསུམ་དང་ཚོགས་བརྒྱད་ལ། །བརྟེན་ནས་བདག་མེད་རྣམ་གཉིས་བསྩལ་པར་བྱ། །དེ་ལྟར་ཆོས་ལ་བརྟེན་ནས་ཆོས་ཀྱི་དབྱིངས། །དོན་སྤྱིའི་ཚུལ་དུ་ངེས་པར་གྱུར་པ་ན། །ད་གཟོད་ཆོས་དབྱིངས་མངོན་སུམ་མཐོང་བའི་ལམ། །འོད་གསལ་རྫོགས་པ་ཆེན་པོའི་ཉེ་ལམ་བརྟེན། །དེ་ཡི་ཚུལ་ནི་བག་ཆགས་སྣ་ཚོགས་པའི། །ཀུན་གཞིའི་རུམ་ནས་བདེ་གཤེགས་སྙིང་པོའི་ཞལ། །ངོ་བོ་རང་བཞིན་ཐུགས་རྗེའི་བདག་ཉིད་གང་། །མཇལ་ནས་ལམ་གྱིས་འབྲས་བུར་འབྱིན་འདི་ལགས། །དེ་ལྟར་རང་རིག་ཆོས་སྐུའི་རང་ཞལ་ལ། །གཞི་དང་ལམ་དང་འབྲས་བུའི་གནས་སྐབས་ཀྱི། །ཀ་དག་ལྷུན་གྲུབ་བདེན་པ་དབྱེར་མེད་དུ། །གྲུབ་མཐའ་འཆའ་འདི་ཐེག་མཆོག་སྙིང་པོའི་ལུང་། །འདི་ནི་སེམས་ལས་འདས་པའི་ཡེ་ཤེས་གང་། །ལམ་དུ་བྱེད་པའི་ལུགས་ཡིན་དེ་ཡི་སླད། །སེམས་ལ་ལམ་དུ་བྱེད་པའི་ཐེག་གཞན་དང་། །སྦྱར་བས་འདི་དོན་ནམ་ཡང་མཐོང་བ་མེད། །དེང་སང་ཚུལ་འདིར་རྨོངས་པའི་གང་ཟག་རྣམས། །ཐེག་པ་འོག་མར་བཤད་པ་རྣམས་གྲངས་པའི། །དོན་དམ་དེ་དང་བསྐྲད་པར་བྱ་མིན་པའི། །བདེན་གཉིས་དབྱེར་མེད་གཅིག་ཏུ་འཆད་པ་མཐོང་། །གཞན་དག་སྙིང་པོའི་ཁམས་ཉིད་མེད་ཅེས་དང་། །ཁ་ཅིག་ཡོད་ཀྱང་ངོ་བོས་སྟོང་མིན་སོགས། །རྟག་ཆད་ཕྱོགས་རེར་མཆོག་ཏུ་ཞེན་པ་ཀུན། །ངེས་དོན་སྙིང་པོ་འདི་དང་བྲལ་བས་ནོངས། །དེ་བཞིན་ཆོས་དབྱིངས་བདེ་གཤེགས་སྙིང་པོ་གང་། །རྒྱུད་དུ་བཞག་ལ་འགོག་བྱེད་སྤྲོས་དེ་ཡང་། །ཆོས་ཀྱི་དབྱིངས་ཉིད་མེད་དགག་སྟོང་རྐྱང་དུ། །འདོད་པའི་རང་སྐྱོན་གཞན་ལ་བཀལ་བ་ཡིན། །ལ་ལ་ཚུལ་འདིར་མོས་པ་གཙོར་བྱེད་ཀྱང་། །བདེན་གཉིས་གཅིག་པ་ཡང་ན་གཞན་ཉིད་དུ། །སྨྲ་བའི་སྒྲོ་སྐུར་གཟེབ་ཏུ་ཚུད་དེ་ཡང་། །དགོངས་པ་རྣམ་པར་འགྲེལ་བའི་མདོ་ལས་བཀག །དེ་ཕྱིར་རྣམ་གྲངས་བསལ་བའི་རྣམ་གྲངས་མིན། །གང་ལ་ཐ་དད་མེད་ཕྱིར་གཅིག་པུ་ཞེས། །ཐ་སྙད་ངོར་བཏགས་དེ་དང་ཐ་སྙད་པའི། །གཅིག་པུ་གཅིག་ཏུ་འཁྲུལ་ན་ཧ་ཅང་འཁྲུལ། །ཚུལ་འདིར་དགོངས་ནས་གཙང་བདེ་རྟག་བདག་ལས། །གཙང་བདེ་རྟག་དང་བདག་གི་དམ་པ་ཞེས། །རྣམ་པར་ཕྱེ་དང་རྣམ་གྲངས་བདེན་གཉིས་ལས། བསྒྲང་མིན་མྱང་འདས་བདེན་པ་གཅིག་ཅེས་ཕྱེ། །ཀྱེ་མ་ཧོ་ཐམས་ཅད་མཁྱེན་པའི་སྟོན་པ་གང་། །ཐམས་ཅད་གཟིགས་པའི་སྤྱན་གྱིས་མཛེས་བྱས་ཀྱང་། །གང་གཞུང་གཞན་དུ་སྨྲ་བའི་ཚུར་མཐོང་བ། །འཕགས་པའི་ཡུལ་དང་མཛའ་བ་མིན་འདིས་ནོངས། །དེས་ན་ངོ་བོ་སྟོང་བས་ལྟ་བ་ཀུན། །བཟློག་པའི་དམིགས་མེད་བསམ་བརྗོད་ལས་འདས་ཀྱང་། །རང་བཞིན་གསལ་བས་སྐུ་དང་ཡེ་ཤེས་ཀུན། །བཟུང་བའི་ཁྱད་པར་ཕྱེ་འདི་ཨེ་མ་མཚར། །འདི་ལྟར་རྟོགས་ལ་སྲིད་དང་ཞི་བའི་དབྱིངས། །གཅིག་དང་ཐ་དད་ཉིད་དུ་སྒྲོ་འདོགས་པའི། །མཚང་དེ་དངོས་པོ་རེ་རེའི་སྟེང་དུ་ཡང་། །ཞིག་པའི་མྱོང་རྟོགས་ནང་ནས་སྐྱེ་བ་ཡོད། །དེ་ཕྱིར་ཉམས་མྱོང་བྲལ་བའི་རྟོག་གེ་བས། །ལྟ་སྒོམ་གནད་ལ་བྱིས་བློས་དཔྱད་པ་དང་། །ཐོས་བྲལ་སྒོམ་ཉམས་ཅན་གྱི་གཞུང་བཤད་དག །མཁས་པས་བརྟགས་ན་ཁྲེལ་བའི་གནས་སུ་མཐོང་། །ཚུལ་འདིར་དགོངས་ནས་གཞུང་དང་མན་ངག་དག །ཐོས་བསམ་སྒོམ་པའི་ཤེས་རབ་སོ་སོའི་ཡུལ། །ཡིན་པར་མཁྱེན་བཞིན་གང་ལ་གོམས་པ་ཉིད། །ཚད་མར་འཛིན་འདི་གཟུ་བོར་གནས་པའི་ལུགས། །དེས་ན་ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པའི་མན་ངག་གསང་ཆེན་མྱུར་ལམ་ལ། །བརྟེན་ན་ད་གཟོད་གྲུབ་གཉིས་མངོན་བྱེད་པ། །རྒྱ་བོད་མཁས་གྲུབ་བྱེ་བའི་ཞལ་ལུང་ལགས། །དམ་པས་ལེགས་པར་བཤད་ལ་མི་ཉན་ཞིང་། །རྟོག་གེའི་ཚིག་ཕྲེང་ཚད་མར་འཛིན་པའམ། །ཡང་ན་བླུན་པོའི་ངག་ལ་གཅེས་ནོར་དུ། །འཛིན་པའི་ལུས་ངན་དེ་དག་བརྟག་ནས་སྤོངས། །འདི་ན་རང་ཕྱོགས་སྒྲུབ་དང་གཞན་གྱི་གཞུང་། །འགོག་པའི་ཆགས་སྡང་ལས་ཐལ་མ་མཆིས་ཀྱང་། །དམ་པའི་ཆོས་ཉིད་ཆོས་བཞིན་བརྗོད་པ་ལ། །ཕྱོགས་རེར་ཞེན་པ་རྣམས་ཀྱིས་བཟོད་པར་མཛོད། །ཆོས་ཚུལ་རིན་ཆེན་ལེགས་པར་བཤད་པ་ལས། །བྱུང་བའི་དགེ་བ་དེ་ཡང་མཚན་མོའི་མཁར། །རྒྱུ་བའི་རི་དྭགས་འཛིན་པ་ཇི་བཞིན་དུ། །ལུས་ཅན་འགྲོ་བློའི་ཀུན་ད་དགོད་ཕྱིར་བསྔོ། །བརྗོད་པ་འདི་ལ་སྐལ་བཟང་སྐྱེ་བོ་ཀུན། །གཅིག་ཏུ་དགའ་བའི་ཡིད་ཀྱིས་ཞུགས་པ་ལས། །མ་ནོར་རྒྱལ་བའི་དགོངས་པ་ཇི་བཞིན་དུ། །རྟོགས་ནས་རང་གཞན་དོན་གཉིས་མཐར་ཕྱིན་ཤོག །ཅེས་པ་འདི་ཡང་སྦྱངས་བརྩོན་གྱི་ཡོན་ཏན་ཕུན་སུམ་ཚོགས་པའི་སྨན་སྒོམ་སྦས་པའི་རྣལ་འབྱོར་བ་ཆེན་པོ་ཆོས་དབྱིངས་དཔལ་ལྡན་ནས་རབ་དཀར་ལྷ་རྫས་དང་དྲི་མ་མེད་པའི་རས་ཡུག་དཀར་པོའི་སྐྱེས་བཅས་སྙིང་ལ་བཅང་རྒྱུའི་ཞལ་གདམས་ཞིག་དགོས་ཞེས་དོན་གཉེར་ཆེན་པོས་བསྐུལ་བའི་བཞེད་སྐོང་དུ་མདོ་ཁམས་ཀྱི་བཙུན་པ་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་སུ་འབོད་པས་རྒྱལ་ཀུན་བསྐྱེད་པའི་ཡུམ་ཆེན་རང་བྱུང་མཁའ་འགྲོའི་གདན་ས་བསམ་སྡིངས་བླ་བྲང་ནས་ལེགས་པར་གདམས་པ་དགེའོ།། །།

རྫོགས་ཆེན་དཔོན་སློབ་སྤྲུལ་སྐུར་གདམས་པ་ལུགས་ཟུང་ཀུན་གསལ།

༄། །རྫོགས་ཆེན་དཔོན་སློབ་སྤྲུལ་སྐུར་གདམས་པ་ལུགས་ཟུང་ཀུན་གསལ་ཞེས་བྱ་བ་བཞུགས་སོ། །གང་གིས་ཉེས་སྤྱོད་མཐའ་དག་རྣམ་སྤངས་ཏེ། །དམ་པའི་མཛད་པ་རྒྱ་མཚོའི་མཐར་གཤེགས་ཀྱང་། །ད་དུང་འགྲོ་ལ་བརྩེ་བའི་ཐུགས་བསྐྱེད་དང་། །ཕན་མཛད་གཡེལ་བ་མེད་པའི་མགོན་དེས་སྲུངས། །དམན་རྣམས་དམན་པའི་སྤྱོད་ལ་མགུ་བ་ལྟར། །དམ་པ་དམ་པའི་མཛད་པ་ལ་དགྱེས་ཕྱིར། །གང་ལ་གང་ཞིག་ཕན་པའི་ངག་འདི་ནི། །ལེགས་པར་ལེགས་བཤད་བཞིན་ཏུ་གསོལ་ལ་གསོན། །ནོར་དང་གྲགས་པ་ཆོས་ཀྱི་འབྱོར་བ་རྣམས། །སྐྱེ་བོ་དམན་འབྲིང་མཆོག་གི་བསྒྲུབ་བྱ་རུ། །རིམ་པར་ངེས་ཞེས་མཁས་པ་རྣམས་བཞེད་པ། །འདི་ལས་གང་ཐུགས་ཆོས་ལ་གཞོལ་འཚལ་ལོ། །རྒྱན་དང་ཆོ་ལོ་བཞད་གད་གླུ་བྲོ་སོགས། །དོན་དུ་གཉེར་བ་བྱིས་པའི་སྤྱོད་པར་གྲགས། །དམ་པ་རྣམས་ནི་ན་ཚོད་གཞོན་གྱུར་ཀྱང་། །བྱིས་སྤྱོད་དེ་ལས་རིང་དུ་འགྱུར་ཞེས་ཐོས། །གཉེན་དང་འོག་རྟ་ཆུང་མ་སྒོ་ཁྱི་དང་། །བྲན་སོགས་རང་གི་ཕྱོགས་ལ་ལྷག་བརྩེ་བ། །སྐྱེ་བོ་མིག་རྒྱངས་ཐུང་བའི་བསམ་སྤྱོད་དེ། །འཇིག་རྟེན་ན་ཡང་སྤྱི་སེམས་མེད་པར་གླེང་། །མཛེས་མའི་བཞིན་དང་ཁ་གསག་ཅན་གྱིས་རྒྱུས། །བསླུ་བར་སླ་དང་ངང་རྒྱུད་འགྱུར་སྐྱེན་པ། །དེ་དག་མི་བརྟན་པ་ཡི་སྐྱེ་བོ་སྟེ། །འདི་འདྲས་ལུགས་ཟུང་གང་ཡང་འགྲུབ་པ་དཀའ། །རྟེན་དང་མཐུན་པའི་སྤྱོད་པ་མི་བྱེད་དང་། །རང་ལ་འོས་པའི་འགྲོ་སྡོད་ཚུགས་མི་བརྟན། །སྐབས་དང་མ་འབྲེལ་སྣ་ཚོགས་གཏམ་སྨྲ་བ། །འདི་དག་འཇིག་རྟེན་ན་ཡང་ཁྲེལ་བའི་གནས། །དགོས་པའི་དུས་སུ་སྙིང་སྟོབས་བསྐྱེད་ཀྱང་སླ། །དགོས་པ་དམན་ཡང་ཁྲོས་པས་བཞིན་བསྡུ་ཞིང་། །དོན་ཆུང་ཕྱིར་ཡང་ཕུང་ཁྲོལ་ཆེར་སྐྱེད་པའི། །མི་དེ་རྟག་ཏུ་སྨད་པའི་གནས་སུ་འགྱུར། །བཟང་པོའི་ཡོན་ཏན་འཛིན་པར་མི་བྱེད་ཅིང་། །ངན་པའི་སྐྱོན་ཀུན་མི་འདོད་སྡུད་པ་དང་། །ཕྱི་ནང་ཟང་ཐལ་གསང་བ་མི་ཐུབ་པའི། །སྐྱེ་བོ་དེ་ལ་ཆུ་ཚགས་འདྲ་ཞེས་གསུངས། །འཇིག་རྟེན་དཔང་རྒྱ་གཏམ་དང་མནའ་ཐོ་དང་། །རྒན་རིམ་བཀུར་བའི་ཚུལ་ལ་དན་མེད་ཅིང་། །ཆོས་ཚུལ་དམ་ཚིག་སྡོམ་ལ་དན་མེད་པའི། །མི་དེར་དན་པའི་གནས་ལྔ་མེད་ཅེས་ཟེར། །ཡ་རབས་མ་རབས་ཐ་ཆད་ཞེས་གྲགས་པའི། །སྐྱེ་བོ་རྣམས་ཀྱི་རིམ་པ་གསུམ་འདི་ལས། །ཡ་རབས་དན་གནས་ཀུན་ཚང་མ་རབས་ལ། །འགའ་ཞིག་མེད་ཅིང་ཐ་ཆད་ལ་ཀུན་མེད། །དེ་ལྟའི་ངན་པ་ལྔར་འབྲེལ་ཡན་ལག་དྲུག །གང་རུང་ལྡན་ན་དེ་ཉིད་ཚད་མ་རུ། །བྱས་ནས་གཟུང་འོས་ཡིན་ཀྱང་ཀུན་བྲལ་ལ། །འཇུ་ལུང་སྤང་ཕྱིར་ཟུང་དྲུག་མེད་ཅེས་ཟེར། །ཡ་རབས་བཀུར་ཞིང་མ་རབས་ལ་སྨོད་པའི། །མི་དེ་ཉིད་ཀྱང་ཡ་རབས་ཉིད་ཡིན་ལ། །མ་རབས་བཀུར་ཞིང་ཡ་རབས་ལ་སྡང་བའི། །མི་དེ་རང་ཉིད་ཀྱང་ནི་མ་རབས་ཡིན། །གང་ཕྱིར་ཡ་རབས་ལ་དགྱེས་མཆོག་ཡིན་ཀྱང་། །དམན་པའི་སྤྱོད་ལ་མི་ཞེན་ནའང་ལེགས། །གང་ཞིག་མ་རབས་སྤྱོད་ལ་བསྟོད་བྱེད་པ། །དེ་ནི་དམན་པ་ལས་ཀྱང་ཐ་ཆད་ལགས། །སྡེ་སྣོད་དཔང་པོར་བཞག་ནས་དམ་པའི་ཆོས། །རྣམ་དག་ཡིན་མིན་དཔྱོད་པའི་བློ་ཡོད་ཅིང་། །འཇིག་རྟེན་ལུགས་ཀྱི་བསྟན་ཤེས་རབ་བརྒྱ་བ་དང་། ཤེས་རབ་སྡོང་བུ་སོགས་མཆན། བཅོས་དཔང་བཞག་ནས། མི་ཆོས་དཔྱོད་དེར་གཟུར་གནས་ཡིན་ཞེས་ཟེར། །སྤྱིར་བཏང་གཞན་གྱིས་བརྗོད་པའི་རྗེས་འགྲོ་ཞིང་། །སྨྲས་ཚད་བདེན་ནམ་ཡང་ན་རྫུན་པར་འཛིན། །རང་ལ་དཔྱོད་པའི་བློ་དམན་དམ་པའི་ངག །ཚད་མར་མི་འཛིན་གང་དེ་བླུན་པོའི་སྤྱོད། །གང་ན་གཙོ་བོ་དང་ནི་ཞལ་ང་བ། །རྨོངས་བཞིན་ཁེངས་སེམས་ཆེ་རྣམས་མང་གྱུར་པ། །དེ་ལ་ཚོགས་པ་འཇིགས་པའི་རྒྱུ་གསུམ་ཟེར། །མཁས་མིན་གྲོས་དབང་བསྒྱུར་པའང་དེ་དང་མཚུངས། །ཐུབ་བསྟན་སྤྱི་དང་རྒྱལ་ཁམས་སྤྱི་བདེ་བའི། །ཐབས་ལ་བརྩོན་ཞིང་རང་ཉིད་མི་སྲུང་བའི། །མི་དེ་སྤྱི་མིའི་འོས་ཡིན་རང་ཕྱོགས་ལ། །ལྷག་པར་ཞེན་དེ་མདུན་གྲོས་ལ་མི་དབང་། །མདོར་ན་བཟང་པོ་བཀུར་བྱ་ངན་པ་རྣམས། །ཚར་གཅོད་བྱ་ཞེས་དམ་པས་ལེགས་གསུངས་ཀྱང་། །དེ་ལས་གཞན་དུ་ལོག་པར་སྤྱོད་པ་ཡི། །སྐྱེ་བོ་རྣམས་ལ་གཏམ་འདིས་ཅི་ཞིག་བྱ། །འོན་ཏེ་གང་ཐུགས་བདག་ལ་བརྩེ་ལྡན་པ། །དེ་སླད་ཕན་པའི་ངག་འདི་གསོལ་ལགས་ཀྱང་། །གལ་ཏེ་བླང་དོར་མཛད་པར་མ་གྱུར་ན། །འདིས་ཀྱང་ཉིད་ལ་ཕན་པར་ཅི་ཞིག་འགྱུར། །དེས་ན་སྨན་པའི་ངག་ལ་མི་ཉན་ཞིང་། །སྨན་མི་འཐུང་བས་ནད་པར་ཕན་མེད་པའི། །དཔེ་འདིར་དགོངས་ནས་དམན་སྤྱོད་ཀུན་སྤངས་ཏེ། །ཡ་རབས་དམ་པའི་སྤྱོད་པ་ཀུན་སྒྲུབ་མཛོད། །དེ་ལྟར་མི་ཆོས་གཙང་མའི་ལུགས་མཁྱེན་ན། །ད་གཟོད་དམ་ཆོས་སྒྲུབ་པའི་གཞིར་འགྱུར་བའི། །ཚུལ་འདི་ཐུགས་ལ་ངེས་པར་གྱུར་ནས་སླར། །དམ་པའི་ཆོས་ལ་གཡེལ་མེད་བརྩོན་འཚལ་ལོ། །གང་དེའི་རྩ་བའང་ཚུལ་ཁྲིམས་ཉིད་ལགས་ཤིང་། །དེ་ཡང་ངེས་པར་འབྱུང་བའི་དབང་བྱས་ནས། །ཁྱོད་ཀྱིས་ངན་སོང་གསུམ་སོགས་སྲིད་འདི་ཡི། །སྡུག་བསྔལ་ཉིད་ལ་ཡང་ཡང་དགོངས་པར་རིགས། །འདི་ན་མེ་སྟག་ཕྲ་མོའི་ཚོར་བ་ཡང་། །བཟོད་པ་མིན་ན་དམྱལ་མེ་རབ་འབར་བས། །གང་གི་ལུས་ལ་རྩ་བཞིན་སྲེག་བྱེད་པའི། །ཚོར་འདི་ཇི་ལྟར་བཟོད་སྙམ་བསམ་པར་བྱོས། །དེ་བཞིན་དགུང་ལྟོ་ཙམ་ཞིག་སྤོང་ལ་ཡང་། །བཀྲེས་པར་སེམས་ན་ལོ་ཟླ་ཇི་སྙེད་པར། །ཟས་དང་སྐོམ་གྱི་སྒྲ་ཡང་ཐོས་མིན་པའི། །ཡི་དྭགས་ལུས་འདིའི་གདུང་བ་ཇི་ལྟར་བཟོད། །གཞན་ཡང་ཆོས་ཕྱིར་ངལ་དུབ་ཕྲ་མོ་ཡང་། །བཟོད་པར་དཀའ་ན་ཚེ་གང་བླུན་རྨོངས་དང་། །བཀོལ་སྤྱོད་ལས་ཀྱིས་མནར་བའི་དུད་འགྲོ་ཡི། །གནས་རིགས་ཐོབ་པར་གྱུར་ན་ཅི་བྱར་ཡོད། །ཇི་སྟེ་མཐོ་རིས་ལུས་ཀྱི་དཔལ་འཛིན་ཡང་། །འགྱུར་དང་འདུ་བྱེད་ལ་སོགས་རྣམ་མང་བའི། །སྡུག་བསྔལ་ལྡན་དང་ཆོས་དང་བཤེས་གཉེན་སོགས། །རྣམ་གྲོལ་ལམ་གྱི་རྟེན་འབྲེལ་འགྲིགས་པར་དཀའ། །གལ་ཏེ་རེ་ཞིག་ཕུན་སུམ་ཚོགས་གྱུར་ཀྱང་། །འདུས་བྱས་མཐའ་དག་མི་རྟག་ཉིད་ཕྱིར་དང་། །ཚེ་སྲོག་རླུང་གིས་བཏབ་པའི་མར་མེ་བཞིན། །གཡོ་བའི་ཆོས་ཅན་འདི་ལ་ཡིད་གཏད་ཅི། །གང་དག་སྲིད་པ་མཐོ་དམན་གར་སྐྱེས་ཀྱང་། །འཆི་བའི་དགྲ་ལས་ཐར་བ་འགའ་མེད་ལ། །དེ་ཡང་དེ་རིང་ཙམ་ཡང་མི་འཆི་ཞེས། །ངེས་པར་སྡོད་པའི་དཔང་པོ་འགའ་ཡོད་མིན། །དེ་བཞིན་འགྲེང་དང་འཆག་དང་ཉལ་འདུག་པའི། །སྤྱོད་ལམ་གང་ཚེ་འཆི་བར་མ་ངེས་ཤིང་། །གནས་དང་ཡུལ་སོགས་འདི་རུ་འཆིའོ་ཞེས། །གར་འཆིའི་ཆ་ཡང་བདག་ལ་ཅུང་མ་མཆིས། །དེ་ལྟར་འཆི་བར་གྱུར་བ་གང་གི་ཚེ། །ལོངས་སྤྱོད་འབྱོར་བས་ས་ཆེན་འདི་གང་ཞིང་། གྲགས་སྙན་འཆི་མེད་ལམ་གྱི་རྗེས་སོང་ཡང་། །ཕན་པ་ཅི་འདུག་སྲིད་འགྲོ་གཞན་ལ་གཟིགས། །དེ་ལྟར་ཅིས་ཀྱང་མི་བསྟུངས་ཕྱི་མ་རུ། །འཇུག་པ་འདི་ལས་བཟློག་ཐབས་གང་ཡིན་ཞེས། །ཀུན་འབྱུང་ལས་ཉོན་ས་བོན་ལ་དཔྱད་པས། །སྐྱེ་བའི་རྩ་བ་གཅོད་པར་དགོངས་པ་སྐྱེད། །གང་ཚེ་ས་བོན་རྐྱེན་ཚོགས་དང་ལྡན་ན། །དེ་ཡིས་རང་འབྲས་འབྱིན་ལ་བསླུ་མེད་བཞིན། །གང་གིས་སྐྱེ་བའི་རྩ་བ་མ་ཆོད་པ། །དེ་སྲིད་རྒ་ན་འཆི་ལས་ཐར་མི་སྲིད། །འདི་ལྟར་འདི་ཡོད་ན་ནི་འདི་འབྱུང་ཞིང་། །འདི་མེད་ན་ཡང་འདི་ཉིད་མི་འབྱུང་ཞེས། །ཟབ་མོ་རྟེན་འབྲེལ་འཁོར་ལོའི་འཇུག་ལྡོག་ལ། །ཁྱོད་ཀྱི་ཐུགས་ནི་ཉེ་བར་གཞོལ་མཛོད་ཅིག །སྐྱེ་དང་འཆི་བའི་ཕྲེང་བ་བརྒྱུད་པ་འདིའི། །འཛིན་པའི་ཕྲེང་ཐག་ཆོད་པར་མ་གྱུར་ན། །གང་གི་སྲོག་གྱུར་འདོད་པའི་ཉེས་དམིགས་རྣམས། །ཡང་ཡང་བསམ་འདི་འདི་ཡི་སྨན་གཅིག་ལགས། །འདི་ལྟར་སྲིད་པའི་རྩ་བ་བདག་འཛིན་དང་། །སྲིད་ལས་ནམ་ཡང་ཐར་མེད་འཆིང་བའི་སྒྲོགས། །འདོད་ལ་ཡོན་ཏན་ཉིད་དུ་ཞེན་པ་གང་། །ཡིན་ཞེས་ཐུགས་རྗེ་མངའ་བས་ལེགས་པར་གསུངས། །དེ་སླད་རྙེད་དང་བདེ་དང་གྲགས་བསྟོད་ལ། །བདུད་ཀྱི་འཆིང་བར་ཤེས་པས་དགྲར་བལྟ་ཞིང་། །དབུལ་དང་སྡུག་བསྔལ་མི་སྙན་སྨད་པ་རྣམས། །ངེས་འབྱུང་རྒྱུ་རུ་མཁྱེན་པས་དང་ལེན་མཛོད། །གང་ཚེ་འཇིག་རྟེན་བླང་དོར་ཆོས་བརྒྱད་པོ། །གོ་ལྡོག་ཚུལ་དུ་བསྒོམས་པས་མགོ་སྙོམས་ན། །ད་གཟོད་ཆོས་པའི་གྲས་སུ་འགྲོ་འགྱུར་ཕྱིར། །དེ་ཡི་ལག་ལེན་འདི་ལྟར་སྒྲུབ་འཚལ་ལོ། །རྙེད་པ་གང་བྱུང་མཁོ་བ་རྣམས་ལ་སྦྱིན། །ལུས་སེམས་བདེ་སྐབས་སྙན་པའི་ཆོས་རབ་སྨྲ། །སྙན་སྒྲོགས་ཆོས་ལ་སྤྱོད་པའི་དེ་དོན་སྤྱོད། །བསྟོད་བྱེད་རྣམས་དང་མཐུན་པར་རང་རྒྱུད་གདུལ། །རྙེད་ཀུན་འཕྲོག་ལ་བྱམས་པས་གཏོང་སེམས་བསྐྱེད། །ལུས་སེམས་སྡུག་བསྔལ་སྐྱེད་ལ་སྙིང་རྗེ་བསྒོམ། །མི་སྙན་སྒྲོགས་ལ་དགའ་བས་གང་ཕན་སྒྲུབ། །སྨད་པར་བྲག་ཆ་བཞིན་དུ་བཏང་སྙོམས་བསྟེན། །དེ་ལྟར་ཆོས་བརྒྱད་བླང་དོར་འགོ་སྙོམས་ནས། །བསྡུ་དངོས་བཞི་དང་ཚད་མེད་རྣམ་བཞི་ཡི། །ལམ་དུ་བསྒྱུར་ན་ཚེ་འདིའི་བྱ་བ་ཀུན། །རྣམ་མཁྱེན་སྒྲུབ་པའི་གྲོགས་སུ་འཆར་བ་ཡིན། །མདོར་ན་བདེན་དང་རྒྱལ་ཁ་གཞན་ལ་གཏོང་། །ལེ་ལན་ཕམ་ཁ་ཐམས་ཅད་རང་གིས་འཁུར། །བཞིན་གྱི་དཀར་ནག་མེ་ལོང་ནང་གསལ་ལྟར། །སྐྱོན་ཀུན་རང་གི་སེམས་ལས་བྱུང་ཞེས་བརྟགས། །འདི་ལྟར་བདག་གཅེས་འཛིན་པ་སྡུག་བསྔལ་རྒྱུ། །གཞན་ལ་གཅེས་འཛིན་གཏན་བདེའི་རྒྱུ་ཡིན་ཏེ། །སྲིད་རྩ་བདག་འཛིན་ཡིན་བཞིན་གྲོལ་པའི་རྩ། །གཞན་ཕན་བྱང་ཆུབ་སེམས་བསྐྱེད་ཡིན་ཕྱིར་རོ། །དེས་ན་དེ་ལྟར་ཚེ་འདིའི་བསམ་སྦྱོར་ལ། །སྙིང་ནས་སྙིང་བོ་མེད་པར་ངེས་རྙེད་པས། །ད་ཕན་ད་ལྟ་ཉིད་ནས་ཕྱི་མའི་དོན། །ངེས་པ་ངེས་པར་སྒྲུབ་ལ་འབད་འཚལ་ལོ། །དེ་ཡང་ཉེས་སྤྱོད་སྲུང་བའི་ར་བའམ། །ལེགས་པར་སྤྱོད་པ་རྒྱ་མཚོའི་གཞིར་གྱུར་པ། །རྣམ་དག་ཁྲིམས་ཀྱིས་རང་རྒྱུད་འདུལ་བ་ཉིད། །ཡིན་ན་ཐོག་མར་ཚུལ་ཁྲིམས་དག་པར་སྲུངས། །གང་ཚེ་སྣོད་ཆག་གྱུར་ན་བཅུད་འབོ་བཞིན། །རྟག་ཏུ་ཁྲིམས་སྲུངས་བག་དང་མི་ལྡན་པའི། །མི་དེའི་ཏིང་ངེ་འཛིན་དང་ཤེས་རབ་ཀྱི། །དཔལ་ཀུན་དྲན་ཤེས་ཉམས་པའི་ཕྱི་བཞིན་འཛག །དེ་ཕྱིར་ཉེས་སྤྱོད་ཕྲ་མོ་དག་ལ་ཡང་། །སྙིང་ནས་འཇིགས་པས་སྤོངས་སེམས་མ་བསྟེན་ན། །ཕྱི་མར་ཐར་བའི་ལམ་གེགས་ཆེན་པོ་རུ། །འགྱུར་བའི་ཚུལ་འདི་ལེགས་པར་དགོངས་མཛོད་ཅིག །གང་དག་ལས་འབྲས་གནད་ལ་རྨོངས་གྱུར་པ། །དེ་ལ་ལྟ་སྒོམ་དང་ནི་བཟླས་བརྗོད་སོགས། །དགེ་གཞན་ལྡན་པར་རློམ་ཡང་ཕན་མེད་པར། །ཀུན་རྨོངས་ངན་སོང་གནས་སུ་རྣམ་པར་རྒྱུ། །འདི་ན་གོ་ས་དང་ནི་རིགས་འབྱོར་དང་། །བསླབ་ཤེས་ཡོན་ཏན་མང་བོའི་ཁུར་འཛིན་ཡང་། །ཉེས་ལྟུང་མཚོན་གྱིས་སེམས་ལ་སྣད་བྱས་པའི། །མི་དེར་ཐར་ལམ་སྲོག་འཚོ་རེ་བ་ཟད། །གང་ཕྱིར་སྙིང་ནས་ཚུལ་ཁྲིམས་བསྲུང་བྱ་ཞིང་། །གལ་ཏེ་ཉེས་ལྟུང་ཕྲ་མོ་བྱུང་ན་ཡང་། །དེ་མ་ཐག་ཏུ་གསོ་སྦྱོང་ཐབས་ལ་འབད། །དེ་ཡིས་རང་རྒྱུད་རྣམ་པར་དག་པར་འགྱུར། །འདི་ལྟར་ཁྲིམས་ཀྱི་ས་གཞིར་ཐོས་བསམ་གྱི། །ཤེས་རབ་ཟབ་མོའི་ས་བོན་ལེགས་བཏབས་ཏེ། །ཏིང་འཛིན་རླན་གྱིས་བསྐྱེད་ན་ད་གཟོད་འདིར། །འཕགས་ལམ་སྙེ་མ་སྦོམ་པོ་གཡུར་དུ་ཟ། །ཁྱོད་ཀྱིས་ངེས་པར་མི་རྟག་འགྱུར་བའི་ཚུལ། །གང་ལ་དགོངས་ནས་ཚེ་འདིའི་ལོངས་སྤྱོད་ལ། །ཞེན་པ་སྤངས་ཏེ་བསླབ་གསུམ་རིན་ཆེན་གྱི། །རྒྱལ་མཚན་བཟུང་ན་ཕྱོགས་རྣམས་ཀུན་ལས་རྒྱལ། །དམ་པ་བསྟེན་ཅིང་དམ་པའི་ཡོན་ཏན་ལོངས། །མཁས་དང་འགྲོགས་ཤིང་མཁས་པར་སློབ་མཛོད་ཅིག །བརྩེ་ངག་གསོན་ཅིག་བརྩེ་བས་འགྲོ་ཀུན་སྐྱོངས། །དེས་ན་དགེ་ལེགས་རྒྱ་མཚོ་དེས་སྲུང་འགྱུར། །མང་མང་གསོལ་བས་ཅི་བྱ་འདིར་གསོན་ཅིག །ཡང་ཡང་སྙན་ཚ་ཞུས་ཀྱང་སྙན་གཙེར་འགྱུར། །ངེས་ངེས་བླང་དོར་མཛད་ན་བླ་མེད་ཀྱི། །ལེགས་ལེགས་དཔལ་ཀུན་འདིས་ཀྱང་ཡོངས་སུ་སྡུད། །ཆེན་པོའི་གོ་སར་འགྱིང་ལ་ནོར་མཆོག་དང་། །དམན་པའི་དབུལ་ཕོངས་རྣམས་ལ་ཟས་གོས་བཞིན། །ཆོས་འདོད་རྣམས་ལ་ཆོས་ཀྱི་སྐྱེས་ཆེན་འདི། །ལེགས་པར་བྱིན་པས་འགྲོ་ཀུན་འཚོ་བར་ཤོག །ཅེས་གྲུབ་པའི་ས་འཐོར་གཤེགས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔོན་སློབ་ནམ་མཁའ་འོད་གསལ་གྱི་སྐྱེ་སྲིད་བཞི་བ་མཁྱེན་རབ་དང་ཐུགས་རྗེ་ལྡན་པའི་ཞབས་དྲུང་རིན་པོ་ཆེ་དཀོན་མཆོག་བསྟན་པའི་ཉི་མ་ནས་ལུགས་ཟུང་བསླབ་སྟོན་གྱི་ཞལ་གདམས་ཤིག་དགོས་ཞེས་གནང་རྟེན་དང་བཅས་སྤྱི་བོར་བརྩལ་བའི་བཞེད་སྐོང་དུ་ཆོས་སྨྲ་བའི་བཙུན་པ་རྒྱལ་སྲས་གཞན་ཕན་མཐའ་ཡས་སུ་འབོད་པས་ཤར་མར་སྤེལ་བ་དགེ། །།

གྲུབ་ཆེན་སྤྲུལ་བའི་སྐུར་གདམས་པའི་ཡི་གེ་དམ་པ་དགྱེས་བསྐྱེད།

༄། །གྲུབ་ཆེན་སྤྲུལ་བའི་སྐུར་གདམས་པའི་ཡི་གེ་དམ་པ་དགྱེས་བསྐྱེད་ཅེས་བྱ་བ་བཞུགས་སོ། །བླ་མ་དང་དབྱེར་མ་མཆིས་པའི་སྟོན་པ་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །གདོང་བཞི་པ་དང་པད་དཀར་མིག །དཔལ་མགྲིན་མཆོག་སྦྱིན་བརྒྱ་བ་སོགས། །ལྷ་དབང་མིར་བཅས་སྐྱེ་དགུ་ཡིས། །རབ་བསྔགས་ཐུབ་པ་མཆོག་དེས་སྲུངས། །ཐ་གྲུ་ནོར་བུས་དཀྲིགས་པ་ཡི། །རྙེད་པ་ལས་ཀྱང་ཆེས་ལྷག་པའི། །གང་དཔལ་ལྕི་བའི་རིན་ཅན་གྱིས། །གུས་ལྡན་ཐོས་འཛིན་དོག་པོར་བགྱིས། །སྐབས་གསུམ་པ་དང་དབང་པོའི་དགྲ། །སུས་ཀྱང་སྔོན་ཆད་ཐོབ་མིན་པའི། །བདུད་རྩི་མཆོག་དེ་མངོན་བྱེད་ལ། །ཁྱོད་ཐུགས་དགྱེས་པའི་ཚུལ་འདི་རྨད། །ཨེ་མ་མི་ཡི་རྙེད་པ་ལ། །ཡ་མཚན་ཉིད་དུ་མི་བགྱིད་པར། །སྲིད་བདེ་སྒྱུ་མའི་བསླུ་བྲིད་ལ། །ཞེན་རྣམས་ལུས་མེད་འཆིང་བའི་དབང་། །དེ་ལྟ་ནའང་མཁྱེན་པའི་མཛོད། །གང་ལ་སྔར་མེད་ལེགས་བཤད་སྐྱེས། །འདི་ན་འབུལ་འོས་མ་མཆིས་ཀྱང་། །བསྐུལ་བ་ཉིད་ཕྱིར་བརྗོད་འདིར་གསོན། །གང་ཞིག་དམྱལ་གནས་དུད་འགྲོ་དང་། །ཡི་དྭགས་འདུ་ཤེས་མེད་པའི་ལྷ། །རང་རང་ལས་ཀྱིས་ཁོམས་མིན་པའི། །གནས་དེ་རྣམས་སུ་མ་སྐྱེས་ཤིང་། །མཐའ་འཁོབ་ལོག་ལྟ་འཛིན་པ་དང་། །དབང་པོ་དང་ནི་ཐུབ་པ་ཡི། །སྣང་བྲལ་དག་ལས་འདས་པའི་ལུས། །ངོ་བོའི་དལ་བ་ཉིད་བརྙེས་ཀྱང་། །ད་དུང་རང་གཞན་འབྱོར་བ་ཡི། །རྟེན་འབྲེལ་སྒྲིགས་ལ་ཐུགས་གཞོལ་ཞེས། །བདག་ནི་དེ་ལྟར་གསོལ་འདེབས་ཀྱི། །བརྩེ་བར་དགོངས་སླད་དང་བཞེས་མཛོད། །གལ་ཏེ་དད་པའི་ནོར་མེད་དམ། །དགེ་བའི་བཤེས་བྲལ་དེ་སྲིད་དུ། །དལ་འབྱོར་ཡན་ལག་གཞན་ཚོགས་ཀྱང་། །དོན་བྱེད་ནུས་པ་སྲིད་མཐའ་ཙམ། །དེ་སླད་ཐོག་མར་རང་རྒྱུད་ལ། །ལེགས་པར་བརྟགས་ནས་སྣོད་རུང་དུ། །བགྱིས་མ་ལགས་ན་བཅུད་བླུགས་ཀྱང་། །དུག་ལྡན་ཟས་བཞིན་སྨན་མི་འགྱུར། །ཇི་སྟེ་དད་བརྩོན་ཤེས་རབ་ཀྱི། །དཔལ་ཀུན་རང་ཉིད་འཛིན་ན་ཡང་། །དགེ་ལས་གཞན་པའི་བཤེས་བསྟེན་ན། །ལྟར་སྣང་ཆོས་ཀྱིས་དལ་རྟེན་འདའ། །གང་ཕྱིར་བརྟགས་པ་སྔོན་སོང་བའི། །བསླུ་མེད་ས་མཁན་རྙེད་གྱུར་པ། །དེ་ཚེ་བསྟེན་པའི་ཚུལ་མཐའ་དག །མདོ་རྒྱུད་ནས་བཤད་བཞིན་དུ་མཛོད། །འདིར་ནི་རུས་སམ་རིགས་དང་ནི། །དེ་བཞིན་འབྱོར་དང་སྐུའི་རྒྱུད་ཀྱིས། །ཐུགས་ཉིད་ཁེངས་དང་མ་གུས་པ། །ནམ་ཡང་བགྱིད་པར་མ་འཚལ་ཏེ། །ཐུབ་པའི་དབང་པོ་ལས་ལྷག་པའི། །སྤྲུལ་སྐུ་འཇིག་རྟེན་གསུམ་ན་མེད། །དེས་ཀྱང་བཤེས་གཉེན་བསྟེན་པ་ནས། །གུས་སོགས་གཞུང་བཞིན་གནང་ཕྱིར་རོ། །དེ་ལྟར་དད་དང་དགེ་བའི་བཤེས། །མཐུན་པར་སྒྲུབ་འདི་རང་གཞན་གྱི། །འབྱོར་བ་དང་པོའི་རྟེན་འབྲེལ་ཉིད། །ཡིན་ཕྱིར་ལེགས་པར་སྒྲིག་པ་གནད། །དེ་རྗེས་ལས་མཐའ་མ་ལོག་པའི། །ཁྱད་པར་ཡང་དག་ལྟ་བ་ལ། །ངེས་པར་དྲངས་ནས་ཀུན་བཟང་གི །སྤྱོད་པ་ལྔ་ཡིས་དུས་འདའ་མཛོད། །དེ་ནས་ཡུལ་དབུས་མ་སྐྱེས་ཤིང་། །བསྟན་པ་གནས་པའི་ཕན་ཚུན་གྱི། །རྟེན་འབྲེལ་བསྟན་པའི་སྒོར་འཇུག་བྱེད། །རྗེས་དྲན་དྲུག་དང་སྐྱབས་འགྲོས་སྒྲིགས། །གང་ཞིག་ཚུལ་གནས་དབང་པོ་ཀུན། །ཚང་བ་རྒྱལ་བས་ཆོས་གསུངས་པར། །འཕྲད་འབྲས་ཐོས་བསམ་སྒོམ་པ་ལ། །ཉིན་མཚན་གཡེལ་མེད་འབད་པ་ལགས། །དེ་ལྟར་ལེགས་ཚོགས་དུ་མ་དང་། །ལྡན་པའི་མི་ལུས་རྙེད་པའི་ཚེ། །སངས་རྒྱས་འཇིག་རྟེན་ཉི་མ་ཡི། །ཡོན་ཏན་ཆེད་དུ་དྲན་པར་བྱ། །དེ་དྲན་གྱུར་ནས་ཐར་བ་ལ། །ངེས་འབྱུང་བསམ་པ་རབ་བརྟན་པས། །བདེན་པ་བཞི་ཡི་འཇུག་ལྡོག་ལ། །དམིགས་པའི་ཚད་མེད་རྣམ་བཞི་སྒོམས། །འདི་ལྟར་བྱས་ཤིང་བསགས་པའི་ཆོས། །མཐའ་དག་སྐད་ཅིག་གིས་འཕོ་བའི། །ཕྲ་བའི་མི་རྟག་ལ་བསམ་ན། །སྲིད་འདི་འགལ་མེའི་འཁོར་ལོར་མཚུངས། །གང་ཕྱིར་རྣམ་གསུམ་སྡུག་བསྔལ་གྱིས། །ཇི་རིགས་གདུང་བར་མ་བྱས་པའི། །འགྲོ་བ་དེ་ནི་ཁམས་གསུམ་འདིར། །འགའ་ཡང་ཡོད་པ་མ་ཡིན་ན། །མི་རྟག་སྟོང་དང་བདག་མེད་པའི། །ཚུལ་རྣམས་ལེགས་པར་དགོངས་མཛད་དེ། །གང་ཞིག་ནད་དང་འབྲས་དག་གི །འབྱུང་གནས་སྐྱེ་རྩ་གཅོད་མཛོད་ཅིག །གང་གི་སྐྱེ་བའི་མྱུ་གུ་ཉིད། །སྐྱེད་བྱེད་ཀུན་འབྱུང་ལས་ཉོན་གྱི། །ས་བོན་ཉིད་དང་ལྷན་སྐྱེས་པའི། །མ་རིག་བདག་རྟོག་ལས་བྱུང་ན། །ཁྱོད་ཀྱིས་བདག་མེད་རྟོགས་པའི་བློས། །སྲིད་རྩ་གཅོད་པའི་དགོངས་པ་གང། །ནམ་ཡང་བསྐྱུད་པར་མ་མཛད་ཅེས། །དེ་ལྟར་བདག་ནི་ཐལ་མོ་སྦྱོར། །ཉོན་མོངས་ས་བོན་ཇི་སྙེད་པའི། །བྲལ་བ་འགོག་བདེན་རྫས་ཡིན་ཞེས། །ཐོས་སྒྲོགས་གཞུང་ལས་གང་བཤད་པ། །དེང་འདིར་ཆོས་དབྱིངས་ཞི་བ་ཉིད། །གང་ཞིག་གང་གིས་རྣལ་འབྱོར་ནི། །མངོན་སུམ་ཉིད་ཀྱིས་མངོན་བྱས་པ། །དེ་ལྟར་དེ་ལྟར་འཕགས་པའི་ས། །གོང་མ་ལས་ཀྱང་གོང་མར་བགྲོད། །དེ་འདྲའི་ཆོས་དབྱིངས་སྤྲོས་བྲལ་གྱི། །ས་ཉིད་ཡོངས་སུ་སྦྱོང་བ་ནི། །འཕགས་པའི་ལམ་བདེན་ཉིད་ཡིན་ཞིང་། །དེ་ཡི་ངོ་བོའང་བསླབ་གསུམ་ཉིད། །འདི་ལྟར་སྟོན་པ་བླ་མེད་དེས། །འཕགས་ལམ་ཡན་ལག་བརྒྱད་ལ་སོགས། །རྣམ་བྱང་ཕྱོགས་ཀྱི་ཆོས་སོ་བདུན། །མཐའ་དག་བསྡུས་འདིར་གསུངས་ཕྱིར་རོ། །དེས་ན་སྡུག་བསྔལ་ལ་སོགས་པའི། །བདེན་གཞན་གསུམ་ཡང་ལམ་བདེན་གྱི། །ཤེས་དང་སྤངས་དང་ཐོབ་བྱ་བའི། །དམིགས་པ་རིམ་བཞིན་མཁྱེན་མཛད་ནས། །ད་གདོད་དེ་དག་གོ་རིམ་བཞིན། །བྱམས་དང་སྙིང་རྗེ་དགའ་བ་དང་། །བཏང་སྙོམས་རྣམས་ཀྱི་དམིགས་པ་ནི། །མཁྱེན་པས་རིམ་བཞིན་བློ་སྦྱངས་འཚལ། །འདི་ལྟའི་ཚད་མེད་སྦྱོར་བ་དང་། །ཚོགས་བསགས་པ་དང་ཁྱད་པར་གྱི། །སྐྱབས་འགྲོའི་སྦྱོར་བ་ལས་སྐྱེས་པའི། །བྱང་ཆུབ་སེམས་གཉིས་བསྐྱེད་པར་བྱ། །གང་འདི་རྣམ་པ་ཀུན་མཁྱེན་པའི། །ལམ་གྱི་གཙོ་བོ་ཉིད་ཡིན་ཕྱིར། །དེ་ཡི་ཡན་ལག་བསླབ་གསུམ་ཡང་། །འདི་ཉིད་དག་བྱེད་ལས་གཞན་མིན། །དེས་ན་ཐུན་མོང་སྡེ་སྣོད་དང་། །ཐུན་མིན་སྔགས་རྒྱུད་ལས་བཤད་པའི། །སྡོམ་དང་ཞི་ལྷག་རིམ་གཉིས་ཀྱི། །རྣམ་བཞག་མཐའ་དག་འདིར་འདུ་ཞིང་། །བྱོན་དང་འབྱོན་གྱུར་རྒྱལ་ཀུན་གྱི། །བགྲོད་པ་གཅིག་པུའི་ལམ་ཡིན་ཕྱིར། །རྒྱལ་སྲས་ཐུ་བོ་མཆོག་རྣམས་ཀྱང་། །གཅིག་ཏུ་བརྩོན་པས་རང་གིར་མཛད། །དེས་ན་བདག་གཞན་མཉམ་བརྗེ་ཡི། །རིམ་པས་སྨོན་འཇུག་སེམས་སྦྱངས་ནས། །མྱུར་ལམ་སྔགས་ཀྱི་མན་ངག་ལ། །བརྟེན་ནས་ཉམས་སུ་ལེན་པ་དང་། ཁྱད་པར་དོན་དམ་བྱང་ཆུབ་སེམས་། །སྒོམ་པའི་རིམ་པ་སེམས་ཕྱོགས་ཀྱི། །ཏནྟྲ་རྣམས་སུ་ཐུབ་དབང་གིས། །ཇི་ལྟར་གསུངས་བཞིན་བསྒོམ་པར་བྱ། །འདི་ཡི་ངེས་པའང་སེམས་ཀྱིས་གསང་། རང་བཞིན་གྱིས་ནི་འོད་གསལ་བ། །གང་ལ་སྣང་སྟོང་ཕྱོགས་གཉིས་ཀྱིས། །ཀ་དག་ལྷུན་གྲུབ་ཅེས་བརྗོད་ཡིན། །དེར་ཡང་ཆོས་ཅན་ཆོས་ཉིད་དང་། །ཟུང་དུ་འཇུག་པའི་དབྱེ་བ་ཡིས། །ངོ་བོ་རང་བཞིན་ཐུགས་རྗེ་ཞེས། །གཞི་གནས་ཡེ་ཤེས་གསུམ་དང་ནི། །དེ་དག་རེ་རེར་ངོ་བོ་དང་། །གདངས་དང་རྩལ་ལས་རྣམ་དབྱེ་བའི། །སྐུ་གསུམ་ངོ་སྤྲོད་དེར་ཡང་ནི། །གཞི་ལམ་འབྲས་དུས་གསུམ་གྱིས་དབྱེ། །དེ་སླད་ཡེ་གཞི་ཆོས་ཀྱི་དབྱིངས། །སྤྲོས་དང་བྲལ་བའི་ཀ་དག་ཡིན། །སྤྱི་གཞི་རྟེན་འབྱུང་སྒྱུ་མ་ལ། །གཞི་སྣང་ཆེན་པོར་ངོ་སྤྲོད་མཛད། །གང་ལ་རྣལ་འབྱོར་སྤྱོད་གཞུང་ལས། །ངོ་བོ་ཉིད་རྣམས་འབྱེད་པ་དང་། །སྡུག་དང་མི་སྡུག་རྣམ་འབྱེད་པའི། །རྟེན་ཅིང་འབྲེལ་འབྱུང་གཉིས་སུ་གསུངས། །ཚུལ་འདི་ལེགས་པར་ཤེས་གྱུར་ན། །ཕར་ཕྱིན་ཐེག་པའི་ཟབ་གནད་ཀུན། །ངེས་གསང་ཐེག་པ་འདིར་འདུ་ཞིང་། །ནང་འགལ་སྤྲོས་པ་ཀུན་ཆོད་གྱུར། །དེ་བཞིན་ཀུན་བརྟགས་གཞན་དབང་དང་། ཡོངས་སུ་གྲུབ་པར་གང་བརྗོད་པའི། །མཚན་ཉིད་གསུམ་གྱི་རྣམ་བཞག་དེར། །ཕན་ཚུན་སྦྱར་བས་དོན་འདི་རྟོགས། །གང་ཕྱིར་དབུ་མའི་གཞུང་ལས་ཀྱང་། །ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མིན་ཞེས། །དེ་ཡི་སྒྲུབ་པའང་གསུངས་པར་མཛད། །འདི་ལས་མཚན་ཉིད་གསུམ་གྱི་གནད། །མཐའ་དག་རྒྱལ་ཚབ་མི་ཕམ་པས། །ལེགས་པར་བཤད་དང་མཐུན་པ་རུ། །གསུངས་ལས་རྣམ་གཞག་ལོག་པ་མེད། །དེ་ཡང་རྒྱལ་བའི་ཡུམ་ཉིད་ལས། །གཟུགས་སོགས་ཆོས་རྣམས་མཐའ་དག་ལ། །ཆོས་ཉིད་དང་ནི་ཀུན་བརྟགས་དང་། །རྣམ་པར་བརྟགས་པ་གསུམ་གསུམ་དུ། །དབྱེ་བའི་དོན་འདི་ཉིད་ཡིན་ཕྱིར། །ཡུམ་དོན་ཚད་མར་འཛིན་རྣམས་ཀྱང་། །ཐ་སྙད་རྣམ་གཞག་འདི་ལས་གཞན། །བྱས་ན་དོན་ལས་རིང་བར་འགྱུར། །འོན་ཏེ་བདེན་པའི་རྣམ་གཞག་ལ། །ཕྱི་མ་ཉིད་ནི་ཕྱི་མ་དང་། །གཞན་གཉིས་གཞན་དུ་བཞག་པ་ཡིན། །སྐབས་འདིའི་ཚུལ་ལ་ཕལ་ཆེར་རྩོད། །དེ་ཕྱིར་དབུ་མ་པ་རྣམས་ལ། །ཀུན་རྫོབ་འཇོག་ཚུལ་མཚུངས་མིན་ལས། །དོན་དང་བདེན་པ་སྤྲོས་བྲལ་དུ། །འཆད་ལ་རྣམ་དབྱེ་ཡོད་མ་ཡིན། །གལ་ཏེ་དོན་དམ་སྤྲོས་བྲལ་ལས། །གཞན་ཡོད་ན་ནི་ལྟོས་བཞག་ཕྱིར། །གཅིག་དེ་དབུ་མ་ཉིད་ཡིན་པ། །དེ་ཚེ་གཞན་དེ་མཐར་ལྟར་འགྱུར། །མདོར་ན་ཐུབ་པའི་གསུང་རབས་ཀུན། །སྔ་མའི་སྦས་དོན་ཕྱི་མ་ཡིས། །གསལ་བར་བཤད་པ་ཉིད་ཡིན་པས། །ཐེག་པ་མཐོ་དམན་ཇི་སྙེད་ཀྱང་། །གཞུང་དང་མན་ངག་སྦས་དོན་གྱི། །རྣམ་པར་གཞག་ལས་གཞན་མེད་ཕྱིར། །དངོས་བསྟན་དོན་ལ་ཁྱད་ཆེ་ཡང་། །མཐར་ཐུག་དོན་ལ་ཁྱད་ཡོད་མིན། །དེ་སླད་འཕགས་ཡུལ་མཁས་པའི་གཞུང་། །ལ་ལར་ཁྱད་ཆེར་གསུངས་པ་དང་། །གཞན་དུ་ཁྱད་པར་མེད་བཤད་པ། །ཀུན་གྱི་དགོངས་གཞི་འདི་ཡིན་ཡང་། །གངས་རིའི་ལྗོངས་འདིར་དེ་འདྲ་བའི། །རྣམ་དབྱེ་ལེགས་པར་མ་ཕྱེད་བཞིན། །རང་ཕྱོགས་བསྒྲུབ་ཅིང་གཞན་གྱི་ཕྱོགས། །དགག་ལ་ཁྱད་ཆོས་ཡིན་པར་རློམ། །དེ་བཞིན་བདེན་དང་གྲུབ་མཐའ་དང་། །སྔགས་ཀྱི་རིམ་གཉིས་དབྱེ་བསྡུ་སོགས། །ལེགས་པར་ཁོང་དུ་མ་ཆུད་བཞིན། །དགག་སྒྲུབ་བགྱིས་པ་དུ་མ་མཐོང་། །དེས་ན་ཚིག་ལ་མི་རྟོན་པར། །དོན་ལ་རྟོན་པའི་མན་ངག་གིས། །ཐུབ་གསུངས་མཐའ་དག་འགལ་མེད་དུ། །སྒྲུབ་པའི་ཚུལ་འདི་མཁྱེན་པར་མཛོད། །དྲན་དབང་སྲིད་པའི་ཕུན་ཚོགས་ཀུན། །རྨི་ལམ་སྒྱུ་འདྲ་ཡིན་ཞེ་ན། །དེ་ལས་ཁྱོད་ལ་དགའ་བ་ཅི། །ཕན་པའི་ངག་འདིར་གསན་པར་རིགས། །གང་ཞིག་སྙན་པར་གསོལ་བ་ལ། །སྙན་པ་བཞིན་དུ་ཁྱོད་དགོངས་ན། །དེས་ན་དགེ་བའི་གཞི་དག་གིས། །དགེ་ལེགས་བཞིན་དུ་ཁྱོད་ལ་འཁྱུད། །མང་དུ་གསོལ་བས་ཅི་ཞིག་བྱ། །འགྲོ་ཀུན་མགོན་ཁྱོད་ལ་དད་པ། །དེ་བཞིན་ཁྱོད་ཀྱིས་འགྲོ་བ་ཀུན། །སྲིད་པའི་མཚོ་ལས་སྒྲོལ་བར་མཛོད། །དེ་ལྟར་ཞུ་བོའང་དགེ་བ་དེས། །ཡིད་ཅན་རྣམས་དང་ལྷན་ཅིག་ཏུ། །འགྲོ་འདི་ཇི་སྲིད་གནས་ཀྱི་བར། །འཇམ་དབྱངས་བླ་མ་མཉེས་སྒྲུབ་ཤོག །དེ་ལྟར་ལེགས་པར་སྤྲིང་བའི་ཡི་གེ་དམ་པ་དགྱེས་བསྐྱེད་ཅེས་བྱ་བ་འདི་ཡང་གྲུབ་དབང་འཁོར་ལོའི་མགོན་པོ་མཚན་བརྗོད་པར་དཀའ་བ་རིག་འཛིན་བྱང་ཆུབ་རྡོ་རྗེའི་ཞབས་ཀྱི་རྡུལ་ལ་སྤྱི་བོས་རེག་ཅིང་། གང་གི་གསུངས་ལས་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་ཞེས་བྱ་བའི་མིང་གི་ཅོད་པཎ་གཙུག་ཏུ་འཆིང་བར་མཛད་པའི་བཀའ་དྲིན་གྱིས་ཐེག་པ་ཆེན་པོའི་ལམ་ལ་བག་ཆགས་ཀྱི་སྣང་བ་ཅུང་ཟད་སད་པའི་མདོ་ཁམས་ཀྱི་བཙུན་པ་ཐུབ་པའི་རིང་ལུགས་ལ་མོས་པ་དེས། སྐྱབས་མགོན་གང་གི་ཡང་སྲིད་རིན་པོ་ཆེ་ཉིད་ནས་ཞལ་གདམས་ཤིག་དགོས་ཞེས་ཡང་ཡང་ཕེབས་པའི་ཞལ་ལུང་མི་ལྡོག་ཙམ་དོན་ཧྲིལ་བོར་དྲིལ་ནས་གསོལ་བ་བཏབས་པ་དགེ། །།

རང་སློབ་དམ་པ་པདྨ་བཛྲ་ལ་གདམས་པ།

༄། །རང་སློབ་དམ་པ་པདྨ་བཛྲ་ལ་གདམས་པ་བཞུགས་སོ། །རྗེ་འགྲོ་བའི་མགོན་པོ་རྡོ་རྗེ་འཆང་། །གྲུབ་དབང་བླ་མའི་ཞབས་ལ་འདུད། །བདག་ཅག་བརྒྱུད་འཛིན་སློབ་བུ་ལ། །བྱིན་གྱིས་རློབས་པར་མཛད་དུ་གསོལ། །བུ་ཆུང་ནས་བསྐྱངས་པའི་སྐལ་བ་ཅན། །དད་བརྩོན་ཤེས་རབ་ཀུན་ལྡན་པའི། །སྙིང་གི་དྭངས་མ་གང་དེ་ལ། །སྙིང་གཏམ་ཚིག་གསུམ་སྨྲ་ལ་གསོན། །བུ་ཐེག་པ་མས་ནས་འཛེགས་པ་དང་། །སྡོམ་གསུམ་མིག་ལྟར་བསྲུང་བ་དང་། །བསླབ་གསུམ་ལམ་གྱི་ལུས་ཉིད་དུ། །སྔ་ནས་བཤད་བཞིན་མཁྱེན་པར་མཛོད། །བུ་དེ་རྗེས་མི་རྟག་སྡུག་བསྔལ་སོགས། །བདེན་བཞིའི་འཇུག་ལྡོག་ལ་བསམ་ནས། །ངེས་འབྱུང་བྱང་ཆུབ་སེམས་བསྐྱེད་པའི། །ཐབས་ལ་ནན་ཏན་བགྱིད་འཚལ་ལོ། །བུ་སྙིང་ནས་གཞན་དོན་གཉེར་བ་དང་། །རང་འདོད་ཞེན་འཁྲིས་མེད་པ་ན། །སྒོ་གསུམ་བྱ་བ་ཅི་སྤྱད་ཀྱང་། །བྱང་ཆུབ་ལམ་དུ་འགྱུར་བ་ཡིན། །བུ་ཁྱད་པར་སྙིང་རྗེའི་གཞན་དབང་གིས། །འགྲོ་ལ་ཕན་ཕྱིར་ཚེ་འདི་རུ། །རྡོ་རྗེ་འཆང་དབང་སྒྲུབ་འདོད་པ། །དེ་ཚེ་རྡོ་རྗེའི་ཐེག་ལ་འཇུག །བུ་གསང་སྔགས་རྒྱུད་སྡེ་གྲངས་མང་ཡང་། །བླ་མེད་ཡོ་གའི་ཏནྟྲ་འདིའི། །ལམ་དང་འཇུག་སྒོ་ཅི་རིགས་སུ། །མ་འདུས་མེད་ཅེས་མཁས་རྣམས་གླེང་། །བུ་བསྐལ་བ་ཞིང་གི་རྡུལ་སྙེད་དུ། །རང་རྒྱུད་སྦྱོངས་པ་སྔོན་སོང་བའི། །ཤེས་རབ་ཅན་གྱི་སྤྱོད་ཡུལ་དུ། །གྱུར་པའི་ཆོས་འདི་ཉམས་སུ་ལོངས། །བུ་སྔོན་དུས་གྲུབ་པ་མཆོག་བརྙེས་པའི། །རབ་དགྱེས་བདེ་བའི་དངོས་གྲུབ་དང་། །དཔལ་ལྡན་སེང་གེ་འོད་ལ་སོགས། །འཕགས་པའི་ཡུལ་དུ་ཆེས་མང་བྱོན། །བུ་དེ་བཞིན་གངས་རིའི་ལྗོངས་འདིར་ཡང་། །གྲུབ་མཆོག་རྗེ་འབངས་ཉེར་ལྔ་དང་། །དཔལ་ཆེན་ཟུར་པ་མེས་དབོན་སོགས། །བསྟན་པའི་འདི་ལས་བདུད་རྩི་བརྙེས། །བུ་ཆོས་ཁུང་རྡོ་རྗེ་འཆང་ལ་ཐུག །ཆོས་རྒྱུད་དབང་བཞིའི་ཆུ་བོ་རྫོགས། །སྒྲུབ་པའི་བྱིན་རླབས་མ་ཡལ་བའི། །ཆོས་ལ་ཅིའི་ཕྱིར་བརྩོན་མི་མཛད། །བུ་ཁྱད་པར་འོད་གསལ་དྭངས་མའི་སྐུར། །གྲུབ་པའི་ཟུང་འཇུག་རྡོ་རྗེ་འཆང་། །ཨོ་རྒྱན་སངས་རྒྱས་གཉིས་པ་དེ། །སྐྱབས་ཀུན་འདུས་པའི་ངོ་བོར་མཛོད། །བུ་ལྷ་དང་བླ་མ་དབྱེར་མེད་པ། །དཔལ་ཆེན་ཧེ་རུ་ཀ་ཉིད་དང་། །ཕྲིན་ལས་ཁྲོས་པ་ཀཱི་ལ་ཡ། །ཉིད་དང་དབྱེར་མེད་སྒྲུབ་མཛོད་ཅིག །བུ་བསྐྱེད་རིམ་གསལ་བའི་ཏིང་འཛིན་ལ། །གཞི་འབྲས་སྦྲེལ་བའི་དག་དྲན་དང་། །དངོས་སྣང་ལྡོག་པ་གལ་ཆེ་བས། །མཚན་མའི་རྣམ་རྟོག་ཅི་ཐུལ་མཛོད། །བུ་ཇི་ལྟར་ཏིལ་ལས་ཏིལ་མར་བཞིན། །བསྐྱེད་པའི་རིམ་པ་མ་བརྟན་པར། །རྫོགས་པའི་རྣལ་འབྱོར་མི་སྨིན་པས། །ལམ་འདི་ངེས་རྫོགས་ཚུལ་གྱིས་བསྒོམས། །བུ་རིམ་པ་དང་པོར་ངེས་རྙེད་ནས། །རྩ་རླུང་ཐིག་ལེའི་རང་བཞིན་འདི། །སྐུ་གསུམ་བསླབ་གསུམ་དཀོན་མཆོག་ཏུ། །རྟོགས་པས་སྐྱབས་སུ་ཉེ་བར་བསྟེན། །བུ་གནས་པ་རྩ་ཡི་དཀྱིལ་འཁོར་འདི། །སྤྲུལ་སྐུའི་གཞི་དང་བདེ་གསལ་གྱི། །ཞི་ལྷག་ཆོས་ཀྱི་རྟེན་གྱུར་པ། །ཚུལ་ཁྲིམས་དང་ནི་དགེ་འདུན་ལགས། །བུ་རྩ་ཡིག་རླུང་གི་དཀྱིལ་འཁོར་འདི། །ལོངས་སྐུའི་གཞི་དང་གསལ་སྟོང་གི །ཏིང་འཛིན་བསླབ་པས་བསྡུས་པ་ཡི། །བྱེ་བྲག་རྟོགས་པའི་ཆོས་སུ་བཤད། །བུ་ཐིག་ལེ་བྱང་ཆུབ་སེམས་དཀྱིལ་ནི། །ཆོས་ཀྱི་སྐུ་ཡི་སྒྲུབ་གཞི་དང་། །འོད་གསལ་ཤེས་རབ་བསླབ་པ་ཡི། །རང་བཞིན་སངས་རྒྱས་ཉིད་ཡིན་ནོ། །བུ་གཉུག་མའི་རྩ་རླུང་ཐིག་ལེ་འདིའི། །ངོ་བོ་ལུང་མ་བསྟན་ཡིན་ཡང་། །རྐྱེན་གྱིས་འཁོར་འདས་གཉིས་བྱེད་པ། །དེ་ཕྱིར་ཐབས་གྱིས་ཟིན་པ་གཅེས། །བུ་རྟེན་གྱི་གཟུང་འཛིན་རོ་རྐྱང་གི །རླུང་རྟོག་དབུ་མར་ཞུགས་པ་དང་། །ལྷན་ཅིག་བརྟེན་པའི་གཟུང་འཛིན་གྱི། །རོ་རྐྱང་སྤྲོས་བྲལ་དབུ་མར་འཇུག །བུ་དོན་འདི་རྟོགས་ནས་ལས་བྱེད་པའི། །འཁོར་ལོ་གཉིས་ལ་གནད་བསྣུན་པས། །ཡེ་ཤེས་དག་པའི་ཙནྚ་ལིས། །ཁམས་གསུམ་མཚན་མའི་བུད་ཤིང་ཟ། །བུ་དེ་ཚེ་སྒྱུ་མའི་སྐུ་འགྲུབ་ཅིང་། །དཔེ་དང་དོན་གྱི་འོད་གསལ་དག །རིམ་བཞིན་མངོན་དུ་བྱས་ནས་སུ། །ཟུང་འཇུག་སློབ་དང་མི་སློབ་འགྲུབ། །བུ་ལམ་ལྔའི་རིག་འཛིན་བཞིའི་གྲུབ་མཐའ། །རིམ་བཞིན་སྙོགས་པར་མཛད་ནས་སུ། །མཐར་ཐུག་སྐུ་གསུམ་ཡན་ལག་བདུན། །རྫོགས་པའི་ཁ་སྦྱོར་མངོན་བྱེད་མཛོད། །བུ་ཚེ་འདིར་རྡོ་རྗེ་འཆང་གྲུབ་ནས། །གང་འདུལ་ཕྲིན་ལས་རྣམ་པ་བཞིས། །མ་རྣམས་སྲིད་མཚོ་ལས་སྒྲོལ་པའི། །བླ་མེད་ཐུགས་མཆོག་སྐྱེད་མཛོད་ཅིག །བུ་ཐུན་མོང་ཐེག་པས་རྒྱུད་སྦྱངས་ནས། །ཐུན་མིན་འོད་གསལ་སྙིང་པོ་ཡི། །ཐེག་པས་ཟུང་འཇུག་ལ་སྦྱོར་བའི། །ཚུལ་འདི་སྔོན་བྱོན་མཁས་པའི་ལུགས། །བུ་རྒྱ་བོད་རིག་འཛིན་རྒྱ་མཚོ་ཡི། །ཐུགས་བཅུད་གྲུབ་བརྙེས་བླ་མ་ལས། །ཇི་ལྟར་ཐོས་བཞིན་གདམས་པ་འདི། །དབེན་པར་རྩེ་གཅིག་སྒྲུབ་མཛོད་ཅིག །བུ་ཚེ་རབས་དུ་མར་ལེགས་སྨོན་གྱིས། །འབྲེལ་བའི་བློ་ལྡན་གང་དེ་ལ། །ཆོས་དང་མཐུན་པའི་གདམས་ངག་འདི། །སྨས་པ་རང་གཞན་དོན་འགྲུབ་ཤོག །ཅེས་པ་འདི་ཡང་སྔོན་གོམས་རྣམ་པར་དཀར་བའི་འབྲས་བུ་དུས་སུ་སྨིན་པའི་རང་སློབ་དམ་པ་བུ་པདྨ་བཛྲ་ལ་བཙུན་པ་གཞན་ཕན་མཐའ་ཡས་པས་ལེགས་པར་གདམས་པ་དགེ། །།

རྒྱ་རོང་དབོན་སྤྲུལ་རིན་པོ་ཆེར་གདམས་པ།

༄། །རྒྱ་རོང་དབོན་སྤྲུལ་རིན་པོ་ཆེར་གདམས་པ་བཞུགས། །རྗེ་ཀུན་ཏུ་བཟང་པོའི་རང་ཞལ་ནི། །གཞན་འགྲོ་དོན་ཕན་བདེའི་མཆོག་སྩོལ་པའི། །ཡང་སེམས་དཔའ་ཆེན་པོའི་ཚུལ་བཟུང་བ། །སྐྱབས་འཁོར་ལོའི་མགོན་དེས་དགེ་ལེགས་སྩོལ། །དེང་གསོན་དང་མཆོག་གཟིགས་སྤྲུལ་པའི་སྐུ། །བདག་ཕྱོགས་མེད་ཉུལ་པའི་མུ་ཏོ་བ། །རྗེ་གང་དང་མ་འདྲིས་མཛའ་བཤེས་སུ། །འཕྲལ་འགྱུར་འདི་སྔོན་སྨོན་དག་པའི་འབྲས། །དོན་དེ་ཕྱིར་འཕྲོས་དོན་འདི་གསོལ་ན། །ཐུགས་ཟག་མེད་དབྱིངས་ལ་བསྟིམ་འཚལ་ལོ། །ཚེ་འདི་སྣང་ཐམས་ཅད་བདེན་མེད་དུ། །སྐྱབས་རྒྱལ་བ་ཀུན་གྱིས་གསུངས་པ་བཞིན། །སྙིང་ཐག་པའི་ངེས་ཤེས་འདྲོངས་པ་འདི། །ཡོངས་གདམས་ངག་བརྒྱ་ཡིས་དོ་ཟླ་མིན། །ཚུལ་དེ་ཕྱིར་དམ་པ་གང་གིས་ཀྱང་། །ཐུགས་ངེས་འབྱུང་དྲག་པོས་བསྐུལ་པར་འཚལ། །ཡང་དམ་ཆོས་རིན་ཆེན་མ་ལུས་པའི། གནད་བྱང་ཆུབ་སེམས་འདིར་འདུ་བའི་ཕྱིར། །གཞི་ཚད་མེད་བཞི་ཡིས་བློ་སྦྱོང་བཞིན། །ལམ་ཕྱིན་དྲུག་གནད་ལ་གོམས་པར་མཛོད། །གཞུང་དེ་ཡང་རིམ་གཉིས་མན་ངག་གིས། །ཚུལ་ཅི་བཞིན་ཟིན་པ་མ་ཡིན་ན། །དུས་བསྐལ་པ་རིང་ཞིག་མ་འདས་པར། །འབྲས་རྣམ་མཁྱེན་མཆོག་ལ་རེག་པ་དཀའ། །འགགས་དེ་ཕྱིར་མི་ཚེ་ཧྲིལ་པོ་འདི། །ལམ་ཟབ་མོའི་སྒྲུབ་པ་ཁོ་ནར་སྐྱོལ། །འཕྲལ་ལྟར་སྣང་ཙམ་གྱི་ཆོས་ཚུལ་ཕལ། །རེ་ཞིག་ཏུ་ལེགས་ལེགས་ལྟར་སྣང་ཡང་། །སྐབས་ཤིག་ན་འགྱོད་པའི་དུས་ཤིག་མཆི། །དེ་ཙ་ན་རེ་ཞིག་འཕྱི་བ་ལགས། །དོན་དེ་ཕྱིར་གྲོས་ཀྱི་ཐོག་མ་དེ། །དུས་ད་ནས་མཛད་ན་ལེགས་སམ་སྙམ། །ལར་བསྟན་དང་འགྲོ་དོན་རྣམ་དག་ནི། །རང་འདོད་དང་བྲལ་བ་ཤིན་ཏུ་དཀའ། །གྲྭ་འཁོར་ཡང་ཕལ་ཆེར་ཐར་བའི་བདུད། །གནད་དེས་ན་ཆོས་ཤིག་ཁོ་ན་གཙོ། །ཡང་ཅི་སྟེ་ལྟར་སྣང་ཙམ་མིན་པའི། །བསྟན་འགྲོ་ལ་ཕན་པ་སྲིད་གྱུར་ན། །ཟོལ་ཟོག་དང་བྲལ་བའི་ཀུན་སློང་གིས། །ངལ་དུབ་སོགས་སྤངས་ནས་བསྒྲུབ་འཚལ་ལོ། །ལར་རང་གིས་རང་ཉིད་མི་ཕངས་ན། །གཞན་ཕ་མ་ཡིན་ཡང་ཅི་བྱར་ཡོད། །དོན་དེ་ཕྱིར་སྲིད་འདི་མི་རྟག་ཅེས། །ལྕགས་རང་གིས་རང་ལ་འདེབས་པར་བྱ། །སྐྱབས་གཅིག་ཆོག་རྒྱལ་པོ་བླ་མ་ལ། །ཟོལ་མེད་ཀྱི་གསོལ་བ་འདེབས་ཤེས་ན། །བྱིན་རླབས་ཀྱི་ཕ་ཕོག་བུ་ལ་འབྱུང་། །འདི་སོམ་ཉིའི་དྲྭ་བར་བགྱིད་མི་འཚལ། །ཁོང་ཆོས་མཛད་དམ་པ་མ་ལུས་ལ། །ཕྱོགས་མེད་ཀྱི་དག་སྣང་སྦྱངས་གྱུར་ན། །གང་སྣང་ཀུན་ལྷ་ཡི་འཁོར་ལོ་རུ། །རིང་མི་འགྱང་འགྲུབ་པར་གདོན་མི་ཟ། །མདོར་དྲིལ་ན་སྐུ་ཚེ་འདི་ཉིད་ལ། །ཐོས་བསམ་གྱིས་གཞུང་ལུགས་མཐར་སོན་ནས། །སྒོམ་སྒྲུབ་ཀྱིས་མཆོག་གི་རིག་འཛིན་གང་། །འགྲུབ་པ་ཞིག་རེ་བཞིན་བསྒྲུབ་འཚལ་ལོ། །གཞན་ཚེ་འདིར་བཀྲག་མདངས་འགྲན་བྱེད་པའི། །བླ་གཟུགས་ཕལ་བདུད་ཀྱི་བཤེས་གཉེན་ཡིན། །ཚུལ་དེ་འདྲ་རྗེ་ལ་མི་འཚལ་ཡང་། །འཕྲོས་ཞར་བྱུང་ཚུལ་དུ་སྨྲས་པ་ལགས། །ང་སྤྲང་བོ་ས་ཕྱོགས་གཞན་དག་ཏུ། །གནས་ངེས་མེད་བརྒྱུད་ནས་སོང་བའི་རྗེས། །རྗེ་གང་ལ་སོམ་ཉིའི་གནས་ཞིག་འབྱུང་། །དུས་དེ་ཚེ་འན་བུ་དགོངས་འཚལ་ལོ། །འདི་གཞན་ལ་སྨྲ་དོན་དབེན་པའི་ཕྱིར། །རེ་ཞིག་ཏུ་ཐུགས་ལ་གབ་པར་འཚལ། །ཚུལ་དེ་སྐད་བརྩེ་བའི་ཞུ་མཆིད་འདི། །རྗེ་བླ་མ་བཟང་པོས་བསྐྱངས་པའི་བུ། །སྤྲང་གཞན་ཕན་མཐའ་ཡས་འོད་ཟེར་གྱིས། །སྙིང་དམར་པོ་བཏོན་ནས་ཕུལ་བ་ལགས། །རྒྱ་རོང་དབོན་སྤྲུལ་རིན་པོ་ཆེ་ལ་རྒྱལ་སྲས་གཞན་ཕན་པས་སྙིང་ནས་གདམས་པའོ། །མངྒ་ལཾ།། །།

རྗེ་བཙུན་མ་ཡེ་ཤེས་སྒྲོལ་མ་ལ་གདམས་པ།

༄། །རྗེ་བཙུན་མ་ཡེ་ཤེས་སྒྲོལ་མ་ལ་གདམས་པ་བཞུགས་སོ། །གཞི་ལྷན་སྐྱེས་གཉུག་མའི་རང་ཞལ་གང་། །ཐབས་ཟབ་མོས་སྟོན་པའི་དྲིན་ཅན་རྗེ། །ཕ་བླ་མ་མཆོག་དེར་ཕྱག་འཚལ་ནས། །འདིར་རྒྱལ་སྲས་ལམ་འདི་འཆད་ལ་གསོན། །རྟེན་དལ་བ་ལན་ཅིག་ཐོབ་ལགས་ཀྱང་། །ད་འབྱོར་བའི་རྟེན་འབྲེལ་མ་བསྒྲིགས་ན། །སླར་ནམ་འཆི་ངེས་པ་མ་མཆིས་པས། །ཁྱེད་བློ་སྣ་འུབ་ཀྱིས་བསྟུང་ན་ལེགས། །སང་དེ་བྱེད་དེ་རྗེས་འདི་བྱེད་ཅེས། །ཚེ་འདི་དོན་སྒྲུབ་པའི་གྲོས་འདུན་ཀུན། །དཔེ་སྨིག་སྒྱུས་བསླུས་པའི་རི་དྭགས་བཞིན། །རང་ངལ་བའི་རྒྱུ་ལས་འབྲས་གཞན་ཅི། །དོན་དེ་སླད་རྣམ་དག་དད་པ་ཡིས། །མགོན་དགེ་བའི་བཤེས་གཉེན་བསྟེན་པ་དང་། །གྲོགས་ཚངས་པར་སྤྱོད་པའི་རྗེས་བསླབ་སྟེ། །ལམ་ཡང་དག་ལྟ་ལ་ངེས་རྙེད་འཚལ། །ཡང་ཆོས་ལྡན་ཡུལ་དབུས་ལ་སྐྱེས་པའི། །དོན་བསྟན་པ་གནས་པའི་སྒོར་ཞུགས་ཏེ། །ལུས་དབང་པོ་ཚང་འབྲས་དམ་ཆོས་ཀྱི། །གནད་ཐོས་བསམ་སྒོམ་པས་ཉམས་ལེན་གལ། །རྟེན་མི་ལུས་རིན་ཆེན་རྙེད་པ་འདི། །འབྲས་དམན་པར་སྦྱོར་བ་མི་རིགས་པས། །ཁྱོད་མཁའ་མཉམ་འགྲོ་སླད་སངས་རྒྱས་ཉིད། །ཡོངས་སྒྲུབ་འདོད་བྱང་ཆུབ་སེམས་གཉིས་སྐྱེད། །དེ་སོ་སོར་བཤད་ན་ཀུན་རྫོབ་ཀྱི། །སེམས་སྙིང་རྗེའི་རྩ་བ་ལས་སྐྱེ་བ། །འདིར་བདག་གཞན་མཉམ་དང་བརྗེ་བ་ཡིས། །བློ་ལེགས་པར་སྦྱོང་བ་ཤིན་ཏུ་གཅེས། །དོན་དམ་པའི་བྱང་ཆུབ་སེམས་སྒོམ་པའི། །ཚུལ་འདི་ལ་རྣམས་གྲངས་མང་ལགས་ཀྱང་། །དེ་རྫོགས་པ་ཆེན་པོའི་ཏནྟྲ་ལས། །གནད་ཇི་ལྟར་གསུང་བཞིན་འཆད་པ་ལ། །གཞི་ཤེས་བྱའི་ཆོས་ཀུན་སྒོ་གསུམ་དུ། །ཡོངས་བསྡུས་ནས་བདག་ལྟའི་དམིགས་པ་རུ། །དེ་གང་གཙོ་བརྟགས་མཐར་དེ་ཉིད་དང་། །བདག་གཅིག་གམ་ཐ་དད་ལེགས་བརྟགས་ཚེ། །ཡུལ་ལུས་སོགས་ཉིད་ལས་དོན་གཞན་པའི། །བདག་ངོ་བོ་ཉིད་ཀྱིས་མ་གྲུབ་ཅིང་། །གཞི་སྒོ་གསུམ་ཉིད་ཀྱང་རང་ལྟོས་ཀྱི། །ཆ་སོ་སོར་ཕྱེ་བས་མ་རྙེད་ཚེ། །ཆོས་འདི་ཀུན་འཁྲུལ་བའི་སེམས་ཉིད་ལ། །རང་གདགས་པའི་རྒྱུ་རྐྱེན་ལ་བརྟེན་ནས། །དཔེ་སྒྱུ་མ་ལྟ་བུར་སྣང་བ་ལས། །དོན་བདེན་གྲུབ་མེད་པར་ངེས་རྙེད་མཐར། །གང་འཁྲུལ་བའི་སེམས་དེ་ཉིད་ཀྱང་ནི། །རྒྱུ་གང་ལས་བྱུང་ཞིང་གང་དུ་གནས། །མཐར་གར་འགྲོ་ལེགས་པར་བརྟགས་པ་ན། །དེར་སྐྱེ་འགགས་གནས་དམིགས་མེད་པར་རྟོགས། །སྐབས་དེ་ཚེ་ཆོས་དབྱིངས་སྐྱེ་མེད་ལས། །གདངས་འགགས་མེད་རང་རིག་འོད་གསལ་བ། །དེ་ལྷན་ཅིག་སྐྱེས་པའི་ཆོས་སྐུ་རུ། །ཐབས་ཟབ་མོས་ངོ་སྤྲོད་བགྱིད་པ་གནད། །དོན་གཟུང་འཛིན་གཉིས་མེད་ཡེ་ཤེས་གང་། །ཚུལ་ཇི་བཞིན་རྟོགས་ནས་མཉམ་བཞག་ཏུ། །དཔེ་ཆུ་རླབས་རྒྱ་མཚོར་ཐིམ་པ་བཞིན། །རྩེ་གཅིག་པའི་ཉམས་ལེན་ལ་བརྩོན་ཅིང་། །དེའི་རྗེས་ལས་ཐོབ་པར་གང་སྣང་ཀུན། །བློས་ཆེད་དུ་དགག་སྒྲུབ་མི་བྱེད་པར། །སྔར་སྟོང་ཉིད་ངེས་པའི་རྩིས་ཟིན་བཞིན། །ཐབས་སྤྱོད་པའི་རིམ་པ་དག་ལ་འཇུག །མདོར་ཐུབ་བསྟན་སྡེ་སྣོད་རིན་ཆེན་གསུམ། །དེའི་བརྗོད་དོན་བསླབ་གསུམ་ལ་འདུ་ཞིང་། །དེ་ཉིད་ཀྱང་བྱང་ཆུབ་སེམས་སྒོམ་པའི། །ལམ་འདི་ལས་གཞན་དུ་མེད་པས་ན། །ཁྱེད་ཚུལ་གནས་ཐོས་བསམ་སྒོམ་རིམ་པས། །སེམས་བླ་ན་མེད་པའི་བྱང་ཆུབ་ཏུ། །ཡོངས་སྐྱེད་པའི་ཐབས་ལ་བརྩོན་བྱས་ནས། །མཐར་མི་གནས་མྱང་འདས་མངོན་བྱེད་མཛོད། །ཅེས་པའང་ཉག་རོང་རི་ནང་རྗེ་བཙུན་མ་ཡེ་ཤེས་སྒྲོལ་མ་ལ་བཙུན་པ་གཞན་ཕན་མཐའ་ཡས་པས་གདམས་པ་དགེ། །།

འབྲོག་ལུང་ཆོས་མཛད་ལ་གདམས་པའི་རྩ་འགྲེལ།

༄། །འབྲོག་ལུང་ཆོས་མཛད་ལ་གདམས་པའི་རྩ་འགྲེལ་བཞུགས་སོ། །ན་མོ་གུ་རུ། མཚན་བརྗོད་པར་དཀའ་བའི་རྫོགས་ཆེན་པ། །སྐྱབས་གནས་གཅིག་ཆོག་རིན་པོ་ཆེ། །རྗེ་ཁྱེད་ཞབས་པདྨོ་ལ་བཏུད་པའི། །འབངས་རྣམས་བདུད་བཞིའི་འཇིགས་ལས་སྐྱོབས། །ཞེས་མཆོད་པར་བརྗོད་དེ། དེ་ཡང་བླ་མ་ལ་ཕྱག་འཚལ་ལོ་ཞེས་པའི་སྒྲ་སྔོན་དུ་བཏང་ནས། གང་ལ་ན་ཡུལ་གཉན་པའི་རྒྱུ་མཚན་གྱིས་མཚན་ཙམ་ཡང་དག་ཏུ་བརྗོད་པར་དཀའ་བ་རྒྱལ་བའི་བསྟན་པ་སྤྱི་དང་བྱེ་བྲག་རྫོགས་པ་ཆེན་པོའི་བསྟན་པའི་བདག་པོར་གྱུར་པ། རང་ངོས་ནས་སྐྱབས་གནས་གཅིག་ཆོག་སྟེ། སྐྱབས་ཀུན་འདུས་པའི་ངོ་བོར་གྱུར་པའི་བླ་མ་རིན་པོ་ཆེ་དེ་ལའོ། །ཞེས་མཆོད་པར་བརྗོད་ནས་དེ་ལྟར་ཅིའི་ཕྱིར་ཕྱག་འཚལ་ན། རྗེ་ཁྱེད་ཀྱི་ཞབས་ཀྱི་པདྨོ་ལ་ཉེ་བར་འདུད་པའི་འབངས་བདག་ཅག་རྣམས་ལྷའི་བུའི་བདུད་དང་། ཉོན་མོངས་པའི་བདུད་དང་། ཕུང་བོའི་བདུད་དང་། འཆི་བདག་གི་བདུད་དེ། བདུད་བཞིའི་འཇིགས་པ་ལས་སྐྱབས་པའི་ཆེད་དུའོ། །ཞེས་པའོ། །དེ་ནས་བུ་གསོན་དང་དད་དམ་གཏོང་ཕོད་པ། སྙིང་ནོར་ཉིད་དུ་མཛད་པ་གང་། མགོན་ཐུབ་པའི་གསུང་གི་བདུད་རྩི་འདི། ཡིད་ལ་འབྲལ་མེད་བཅིང་མཛོད་དང་། ཞེས་བརྩམ་པར་དམ་བཅས་པ་སྟེ། དེ་ཡང་བུ་ཞེས་ཉེ་བའི་ཚིག་གིས་བོས་ནས་རེ་ཞིག་མ་ཡེངས་པར་གསོན་དང་ཞེས་སྨྲོས་ཏེ། གང་ལ་ན་དང་འདོད་ཡིད་ཆེས་ཀྱི་དད་པ་གསུམ་དང་ལྡན་པ། བླ་མ་དང་མཆེད་ཀྱི་དམ་ཚིག་ལ་མིག་གི་འབྲས་བུ་བཞིན་ལྟ་བ། ནོར་རྫས་ལ་ཆགས་སེམས་མེད་པར་རྣམ་དཀར་གྱི་ཕྱོགས་ཁོ་ནར་གཏོང་ཕོད་པ་སྟེ། དེ་ལྟ་བུའི་ཡོན་ཏན་ལ་སྙིང་གི་ནོར་བུ་ཉིད་དུ་མཛད་པའི་ཆོས་མཛད་དམ་པ་གང་ལའོ། །ཅི་ཞིག་གསན་པའི་ཕྱིར་བསྐུལ་ན། མགོན་ཐུབ་པའི་དབང་པོའི་གསུང་གི་ཟབ་གནད་ཀྱི་བཅུད་བསྡུས་པའི་གདམས་ངག་གི་བདུད་རྩི་ཁོ་བོས་འཆད་པར་འགྱུར་བ་འདི་ཉིད་ཡིད་ལ་འབྲལ་མེད་དུ་བཅིང་ནས་ཉམས་སུ་ལེན་པར་མཛོད་དང་འདི་ཕྱི་ཀུན་ཏུ་དགེ་བར་འགྱུར་ཞེས་སྟོན་པའི་ཆེད་དུའོ། །དེ་ལྟར་ཉན་པར་བསྐུལ་ནས་གདམས་དག་དངོས་འཆད་པ་ལ། དེང་སང་གི་དུས་ཀྱི་སྐྱེ་བོ་རྣམས་ནི། སྐྱབས་མ་ཡིན་པ་ལ་སྐྱབས་སུ་བཟུང་ནས་ཚེ་འདིར་བདེ་ཐབས་དང་ཆེ་ཐབས་ཁོ་ན་ལྷུར་ལེན་ཞིང་། གནས་སྐབས་ཀྱི་ལོངས་སྤྱོད་སྣ་ཚོགས་འཚོལ་བ་དང་། དགྲ་འདུལ་གཉན་སྐྱོང། ཚོང་འབུན་སོ་ནམ། སྡེ་རིས་དང་མཁར་གྲོགས་གོས་རྒྱན་སོགས་ཀྱི་ཆེ་འགྲན་ཁོ་ནས་དུས་འདའ་ཞིང་དེ་དག་འགྲུབ་པའི་རིམ་གྲོར། གཡང་སྒྲུབ་དང་། དབང་སྡུད། ཚེ་སྒྲུབ་ལ་སོགས་འཇིན་རྟེན་འདིའི་རྐྱེན་སེལ་སྣ་ཚོགས་ཤིག་དོན་དུ་གཉེར་ཞིང་རང་ལའང་དེ་དག་ཅི་རིགས་བསྐུལ་བར་བྱེད་པ་མཐོང་ནས། དེ་ལྟར་སྒྲུབ་པ་དེ་ཡང་འཇིག་རྟེན་པ་རྣམས་ལ་འོས་པ་ཞིག་ནའང་ཆོས་པ་རྣམས་ཀྱང་དེའི་རྗེས་སུ་འབྲངས་ན་ཧ་ཅང་ཡང་མི་རིགས་པ་ཞིག་གོ་སྙམ་དུ་སེམས་ནས། རེ་ཞིག་ཆོས་པ་རྣམས་ཀྱིས་དགྲ་འདུལ་གཉེན་སྐྱོང་སོ་ནམ་ལ་སོགས་པ་བྱེད་པའི་ཚུལ་ནི་འདི་ལྟ་བུ་ཞིག་གོ་ཞེས་སྟོན་པའི་ཆེད་དུ་སྨྲས་པ། སྐྱབས་བླ་མ་ཡིད་བཞིན་ནོར་བུ་དེ། མ་རིག་མུན་སེལ་སྒྲོན་མེ་ཡིན། སྡུག་བསྔལ་ནད་སེལ་སྨན་མཆོག་སྟེ། ཐར་བའི་ལམ་སྐས་ཆེན་པོ་ལགས། ཞེས་བརྗོད་དེ། དེ་ཡང་ཐར་བ་དོན་དུ་གཉེར་བའི་སྐྱེ་བོ་དག་གིས་ཐོག་མ་ཁོ་ནར་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་བླ་མ་ཡིད་བཞིན་ནོར་བུ་ལྟ་བུ་དེ་མཉེས་པ་གསུམ་གྱི་སྒོ་ནས་ལེགས་པར་བསྟེན་དགོས་ཏེ། དམ་པ་དེ་ནི་མི་ཤེས་པ་མཐའ་དག་སློབ་ཅིང་། མ་རིག་པ་སྟོན་པར་བྱེད་པའི་མུན་སེལ་གྱི་སྒྲོན་མེ་ལྟ་བུ་ཡིན་ལ། སྡུག་བསྔལ་མཐའ་དག་གི་རྩ་བ་ལས་དང་ཉོན་མོངས་པའི་ནད་སེལ་བར་བྱེད་པའི་སྨན་པ་མཆོག་ཀྱང་ཡིན་ཏེ། འཇིག་རྟེན་པའི་སྨན་པས་ལས་ཉོན་གྱི་ནད་སེལ་བར་བྱེད་མི་ནུས་པའི་ཕྱིར་རོ། །དེ་བཞིན་དུ་འཇིག་རྟེན་པའི་ཐེམ་སྐས་ཀྱིས་བསྒྲོད་མི་ནུས་པའི་ས་ཐར་བའི་གོ་འཕང་བསྒྲོད་པར་བྱེད་པའི་ལམ་སྐས་ཆེན་པོའང་བླ་མ་ཡིན་ཏེ་གང་ལ་མ་བསྟེན་པར་ཐར་བའི་ལམ་བསྒྲོད་མི་ནུས་པའི་ཕྱིར་རོ། །གཞན་ཡང་། རྗེ་གང་ལ་འགྱུར་མེད་མོས་གུས་དེ། །ཡོན་ཏན་ཀུན་གྱི་གཞི་རྟེན་ཡིན། །ལོག་རྟོག་འཇོམས་པའི་དཔའ་བོ་སྟེ། །བདུད་སྡེ་འཐག་པའི་མཚོན་ཆ་ལགས། །འདི་ལྟར་རྗེ་བཙུན་བླ་མ་གང་ལ་གཞན་གྱིས་སྨད་པ་དང་རང་གིས་མཛད་སྤྱོད་ཉེས་པ་སོགས་རྐྱེན་གང་གིས་ཀྱང་འགྱུར་བ་མེད་པའི་མོས་གུས་རྩེ་གཅིག་པ་དེ་ནི་འཕྲལ་ཕུག་གི་ཡོན་ཏན་ཀུན་གྱི་གཞི་རྟེན་ཡིན་ཏེ་དད་པ་དང་མོས་གུས་མེད་པ་ལ་ལེགས་པའི་ཡོན་ཏན་གང་ཡང་མི་སྐྱེ་བའི་ཕྱིར་རོ། །མོས་གུས་ཡོད་ན་ལོག་རྟོག་གང་གིས་ཀྱང་བརྫི་བར་མི་ནུས་པར་མ་ཟད། རྟོག་ངན་ནམ་སྐྱེས་ཀྱི་གྲངས་ལ་ང་ལྟ་བུའི་ལས་ངན། སངས་རྒྱས་འདི་ལྟ་བུ་ལའང་ལོག་རྟོག་སྐྱེ་བཞིན་འདུག་གོ་སྙམ་དུ་གཉེན་པོ་ནུས་ལྡན་གྱི་སྤང་བྱ་མྱུར་ཏུ་འཇོམས་པར་བྱེད་པའི་དཔའ་བོ་སྟེ། དེས་ན་བདུད་སྡེ་མཐའ་དག་ཕྱེ་མར་འཐག་པའི་མཚོན་ཆའང་དག་སྣང་དང་མོས་གུས་ཉིད་ལགས་སོ། །དེ་བཞིན་དུ། ཆོས་བྱང་ཆུབ་སེམས་བསྐྱེད་རིན་པོ་ཆེ། །རྒྱལ་བའི་གསུང་གི་མཛོད་ཁང་ཡིན། །སྡིག་ཁམས་བསྒྱུར་པའི་རྩི་ཆེན་ཏེ། །དགེ་རྣམ་སྤེལ་བའི་ཞིང་སའང་ལགས་སོ། །དེ་ཡང་དགེ་བའི་ཆོས་ཐམས་ཅད་ཀྱི་རྩ་བའམ། །རྣམ་པར་གྲོལ་བའི་ལམ་ཐམས་ཅད་ཀྱི་གཙོ་བོ་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཉིད་ཡིན་ཞིང་། །དམིགས་པ་གཉིས་ཀྱིས་རབ་ཏུ་ཕྱེ་བའི་སེམས་རིན་པོ་ཆེ་དེ་ནི། །དུས་གསུམ་གྱི་རྒྱལ་བ་མ་ལུས་པའི་གསུང་གི་མཛོད་ཁང་སྟེ་གསུང་གི་གསང་བ་ཐམས་ཅད་གང་ལས་འབྱུང་བའི་ཁུངས་དང་གང་དུ་འདུ་བའི་སྣོད་ཉིད་ཡིན་པ་ཤེས་པར་བྱའོ། །དེར་མ་ཟད་སྡིག་པའི་ཁམས་མཐའ་དག་སྐད་གཅིག་གིས་དགེ་བར་བསྒྱུར་བའི་རྩི་ཆེན་པོའང་ཡིན་ཏེ། །དུས་གསུམ་གྱི་དགེ་བ་རྣམས་མི་ཟད་ཅིང་གོང་ནས་གོང་དུ་སྤེལ་བའི་ཞིང་སའང་ལགས་པས་ན་འདི་ཉིད་བསྐྱེད་པའི་ཐབས་ལ་ནན་ཏན་བྱེད་པ་ནི་ལམ་མ་འཁྲུལ་པའོ། །གཞན་ཡང་། དགྲ་འཇིག་རྟེན་ཆོས་བརྒྱད་འགོ་སྙོམས་འདི། །དམག་རྣམས་ཀུན་གྱི་རྒྱལ་པོ་ཡིན། །གཡང་སྒྲུབ་རྣམས་ཀྱི་གཙོ་བོ་སྟེ། །རྒྱལ་ཁ་ཐོབ་པའི་དྲག་ཤོས་ལགས། །དེ་ལ་ཐར་བའི་ལམ་གྱི་དགྲར་གྱུར་པ་ནི་འཇིག་རྟེན་ཆོས་བརྒྱད་འདོར་ལེན་བྱེད་པ་ཉིད་དེ། །དེ་ཡང་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་ཉིད་རྒྱུ་མཚན་དུ་བྱས་ནས་བདེ་བའི་ཚོར་བ་དོན་དུ་གཉེར་ཏེ། །དེའི་རྒྱུ་འདོད་པའི་ལོངས་སྤྱོད་རྙེད་པ་དང་། དེའི་རྒྱུ་གཏམ་སྙན་གྲགས་པ་དང་། དེའི་རྒྱུ་གཞན་གྱིས་བསྟོད་པ་རྣམས་ལྷུར་ལེན་ཅིང་། གཞན་གྱིས་སྨད་ན་མི་སྙན་པ་གྲགས་པ་དང་། དེ་ལ་བརྟེན་ནས་འདོད་ཡོན་མི་རྙེད་ཅིང་། དེ་མ་རྙེད་པས་ཚོར་བ་སྡུག་བསྔལ་མྱོང་བར་འགྱུར་བའི་རིམ་པ་འདི་ལ་དགྲར་བལྟས་ནས་འདོར་བར་བྱེད་པ་སྟེ། འདི་ལྟ་བུའི་འདོར་ལེན་གྱིས་མི་ཚེ་སྐྱེལ་བར་བྱེད་པ་ནི་འཇིག་རྟེན་བྱིས་པ་རྣམས་ཀྱིས་ཆོས་ཉིད་དེ། དེས་ན་བཞི་ཚན་གཉིས་པོ་དེ་ལ་ཆེད་དུ་འདོར་ལེན་མི་བྱེད་པར་འགོ་སྙོམས་གང་ཐུབ་བྱེད་པ་འདི་ནི་ཆོས་པ་རྣམས་ཀྱི་ཚུལ་ལུགས་བཟང་པོ་སྟེ། ཉོན་མོངས་པའི་དགྲ་ལ་འཐབ་པའི་དམག་རྣམས་ཀུན་གྱི་ནང་ནས་རྒྱལ་པོ་ལྟ་བུ་ཡིན་ཏེ། འདིས་ཉོན་མོངས་པ་སུན་ཕྱུངས་པ་ཙམ་གཉེན་པོ་གཞན་གྱིས་མི་ནུས་པའི་ཕྱིར་རོ། །གཡང་སྒྲུབ་རྣམས་ཀྱི་ནང་ནས་གཙོ་བོའང་ཡིན་ཏེ། ཕྱྭ་གཡང་སྒྲུབ་པའི་དོན་དབུལ་བ་སེལ་ཞིང་འབྱོར་བ་རྒྱས་པའི་དོན་དུ་ཡིན་ན། འདིར་རེ་ཞིག་འཇིག་རྟེན་ཆོས་བརྒྱད་འགོ་སྙོམས་པས་ནི་ཆོག་ཤེས་འཐོབ་པར་འགྱུར་ཞིང་། དེ་ཐོབ་ན་ནོར་གྱི་འབྱོར་བ་ཐམས་ཅད་ཀྱི་ནང་ནས་མཆོག་ཡིན་པར་གསུངས་པའི་ཕྱིར་རོ། །རྒྱལ་ཁ་ཐོབ་པ་རྣམས་ཀྱི་ནང་ནས་དྲག་ཤོས་ཀྱང་ལགས་ཏེ། འཇིག་རྟེན་ཚོར་བ་བདེ་བ་གཉེར་ཞིང་སྡུག་བསྔལ་སྤང་བའི་ཆེད་དུ་རྩོད་པར་བྱེད་ཅིང་། དེའི་ཕྱིར་རང་གི་ལུས་སྲོག་དང་ནོར་གྱི་དངོས་པོ་མང་དུ་ཟད་པར་བྱས་ཀྱང་ད་དུང་རྒྱལ་བར་བརྩི་ན། འདིར་བདེ་སྡུག་འགོ་སྙོམས་པས་དུས་ནམ་ཡང་ནོར་རྫས་གཏོང་བ་ལ་སོགས་པའི་ངལ་བ་བསྐྱེད་པའི་རྩོད་པ་བྱེད་མི་དགོས་པ་ཉིད་ཀྱིས་རྟག་ཏུ་རྒྱལ་བར་གྱུར་པ་ཉིད་དོ། །དེ་བཞིན་དུ། གཉེན་ཕར་ཕྱིན་དྲུག་ལ་འདུད་པ་འདི། །འཁྱོང་ན་གཏན་དུ་ཕན་པ་ཡིན། །འཁུ་ལྡོག་ཀོ་ལོང་མི་མང་ཞིང་། །འགྲོག་ན་བདེ་བའི་གྲོགས་གཅིག་ལགས། །འདི་ལྟར་རྣམ་པར་གྲོལ་པའི་ལམ་གྱི་གྲོགས་སམ་གཉེན་དུ་གྱུར་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཁོ་ན་ཡིན་ཏེ། དེ་ཡང་སྦྱིན་པ་དང་།ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རེ་རེ་ལའང་དྲུག་དྲུག་གམ། གསུམ་གསུམ་དུ་ཕྱེ་བ་འདི་རྣམས་ལ་གུས་ཤིང་འདུད་པའི་སྒོ་ནས་ཚུལ་བཞིན་དུ་སྒྲུབ་པར་བྱེད་པ་འདི་ནི་འཇིག་རྟེན་པའི་གཉེན་འདུན་སྐྱོང་བ་ལས་ཆེས་ཁྱད་པར་དུ་འཕགས་ཏེ། གཉེན་འདུན་ཕལ་པ་དེ་དག་ནི་གཅིག་ཏུ་འཁྱོངས་པར་དཀའ་ལ། གཉིས་སུ་འཁྱོངས་ནའང་། འཕྲལ་ཕུག་ཏུ་ཕན་པ་ཆུང་ཞིང་། ཅུང་ཟད་རེས་འཁུ་ལྡོག་ཀོ་ལོང་མང་བ་སོགས་ཀྱིས་འགྲོགས་ན་མི་བདེ་བ་ཡིན་པ་ལས། ཕ་རོལ་ཏུ་ཕྱིན་པ་འདི་དག་ནི་རང་ཉམས་སུ་ལོངས་ཤིང་འཁྱོངས་ན་འདི་ཕྱིའི་ཚེ་རབས་གཏན་དུ་ཕན་པ་ཡིན་ལ། འཁུ་ལྡོག་དང་ཀོ་ལོང་མི་མང་ཞིང་ཅི་ཙམ་འགྲོགས་ནའང་ལྷག་པར་བདེ་བའི་གྲོགས་གཅིག་ལགས་སོ། །གཞན་ཡང་། ཡུལ་ཆོས་ཉིད་གཉུག་མའི་ཐང་ཆེན་དེ། །ཡེ་ཤེས་རིག་པའི་སྤྲོ་ཁང་ཡིན། །རྒྱལ་རྣམས་འཇུག་ཡུལ་གླིང་ཁ་སྟེ། །ཉམས་རྟོགས་པདྨའི་འཁྲུངས་ས་ལགས། །འདིར་མཐར་ཐུག་རྟོགས་པའི་རིག་ཤེས་ཀྱི་ཡུལ་ཆོས་རྣམས་ཀྱི་ཆོས་ཉིད་དུས་རེས་འགའ་བ་མ་ཡིན་པའི་གཉུག་མའི་ཐང་ཆེན་པོ་དེ་ནི། རང་གི་ཡུལ་ཅན་ཡེ་ཤེས་རིག་པའི་འཇུག་ཡུལ་དུ་ཇི་བདེར་གྱུར་པའི་སྤྲོ་ཁང་ཡང་ཡིན་ལ། མཐར་ཐུག་དུས་གསུམ་གྱི་རྒྱལ་བ་རྣམས་འཇུག་པའི་ཡུལ་དུ་འགྱུར་བའི་གླིང་ཁའང་ཡིན་ཏེ། ལམ་ཞུགས་སློབ་པ་རྣམས་ཀྱི་ཉམས་དང་རྟོགས་པའི་པདྨ་གང་དུ་འཁྲུངས་སའང་ལགས་སོ། །དེ་བཞིན་དུ། གཞི་ཀ་དག་སྤྲོས་དང་བྲལ་བ་དེ། །ཐུབ་པ་ཆེན་པོའི་ཕ་གཞིས་ཡིན། །རྒྱལ་སྲས་ཀུན་གྱིས་སྙོགས་ས་སྟེ། །རྟེན་འབྱུང་ནོར་བུའི་བང་མཛོད་ལགས། །འདིར་ཀ་དག་ལ་སྤྱིར་བཏང་ཐོག་མ་གཞི་ཡི་ཀ་དག གནས་སྐབས་ལམ་གྱི་ཀ་དག མཐར་ཐུག་འབྲས་བུའི་ཀ་དག་སྟེ་གསུམ་དུ་བཞག་པ་ཡང་། རྟེན་ཆོས་ལྷུན་གྲུབ་ཀྱི་ངོས་ནས་བཞག་པ་ལས་ཀ་དག་རང་དོན་ཁྱད་པར་མེད་ཕྱིར། གྲོལ་ས་ཐོག་མ་གང་ཡིན་པའོ། །ཞེས་ཀྱང་གསུངས་ཏེ་ཀ་དག་དེའི་ངོ་བོ་ནི་སྤྲོ་བའི་མཐའ་བཞིའམ་བརྒྱད་དང་བྲལ་བ་ཞིག་གོ །དེ་ནི་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་ཐུབ་པ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་ལས་འཁྲུངས་པའི་ཡུམ་མམ། གང་དུ་འཁྲུངས་བའི་ཕ་གཞིས་ཀྱང་ཡིན་ལ། རྒྱལ་སྲས་བྱང་ཆུབ་སེམས་དཔག་ཀུན་གྱིས་རྟོགས་པར་བྱ་བའི་དམིགས་པའམ་སྙོགས་པའང་ཡིན་ཏེ། དངོས་པོའི་མཐའ་རྟེན་ཅིང་འབྲེལ་བར་འབྱུང་བའི་ནོར་བུའི་བང་མཛོད་ཆེན་པོར་ལྷུན་གྱིས་གྲུབ་པའང་ལགས་སོ། །གཞན་ཡང་། ནོར་བསགས་ན་འཕེལ་བའི་ཐོས་བསམ་སྒོམ། ཚེ་རབས་གཏན་གྱི་ཚོང་ཟོང་ཡིན། །བསོད་ནམས་བརྒྱགས་ཕྱེའི་འབྱུང་ཁུངས་ཏེ། །ཡོན་ཏན་གོས་རྒྱན་གཡོག་བྱེད་ལགས། །འཇིག་རྟེན་པའི་ནོར་རྣམས་ནི་བསགས་ཀྱང་འཕེལ་བའི་ཁྱབ་པ་མ་མཆིས་མོད། ནོར་གྱི་མཆོག་ཐོས་བསམ་སྒོམ་པའི་ནོར་འདི་ནི་ཅི་ཙམ་བསགས་བཞིན་འཕེལ་ལ་ཟད་མི་ཤེས་པར་ཚེ་རབས་གཏན་དུ་རྗེས་སུ་འབྲང་བའི་ཚོང་ཟོང་ཆེན་པོ་ཡིན་ཞིང་སྐྱེ་བ་ཀུན་ཏུ་བསོད་ནམས་ཀྱི་བརྒྱགས་ཕྱེའི་འབྱུང་ཁུངས་ཀྱང་ཡིན་ཏེ། ཡོན་ཏན་གྱིས་གོས་རྒྱན་གཡོག་པར་བྱེད་པའང་ལགས་སོ། །དེ་ཡང་ཐོས་བསམ་སྒོམ་པའི་ཡོན་ཏན་གྱིས། ཉེས་པ་ལས་སྐྱོབས་པ་ཙམ་གོས་ཕལ་བས་སྐྱོབ་པར་མི་བྱེད་ལ། ཐོས་བསམ་སྒོམ་པས་མཛེས་པར་བྱས་པ་ཙམ་རྒྱན་ཕལ་བས་མི་བྱེད་པའི་ཕྱིར་རོ། །གཞན་ཡང་། རང་བདེ་སྡུག་ལས་མཐུར་ཤེས་པ་དེ། སྐུ་རིམ་ནང་ནས་ཟབ་ཤོས་ཡིན། །ཡང་དག་ལྟ་བའི་མེ་ལོང་སྟེ། །འཇིག་ལྟ་གཞིག་བའི་ཐོ་བའང་ལགས། །འདི་ལྟར་འཇིག་རྟེན་ནི་ལས་ལས་བྱུང་ཞིང་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་ཉིད་ཀྱི་ཕྱིར་རང་གི་བདེ་སྡུག་མཐར་དག་ཀྱང་ཚེ་རབས་སྔ་མའི་ལས་ཀྱི་མཐུ་ཁོ་ན་ལས་བྱུང་བ་སྟེ། དེས་ན་རྒྱུ་མཚན་འདི་ཤེས་ཤིང་ཡིད་ཆེས་པར་གྱུར་པ་དེ་ནི་སྐུ་རིམ་ཐམས་ཅད་ཀྱི་ནང་ནས་ཟབ་ཤོས་ཡིན་ཏེ། འཇིག་རྟེན་པའི་སྐུ་རིམ་ནི་གཙོ་བོ་ལུས་སེམས་ལ་གནོད་པའི་སྡུག་བསྔལ་གྱི་ཟུག་རྔུ་སེལ་བར་བྱེད་པའི་ཆེད་ཉིད་ཡིན་ན། བདེ་སྡུག་མཐའ་དག་ལས་ཀྱི་མཐུར་ཤེས་ཤིང་སྡུག་བསྔལ་གང་བྱུང་ཡང་འདི་ནི་སྐྱེ་བ་སྔ་མའི་ལས་མི་དགེ་བ་བསགས་པའི་འབྲས་བུ་སྟེ། ད་ལན་བླ་མ་དཀོན་མཆོག་གི་ཐུགས་རྗེས་ལས་དོན་དེ་དག་འཛད་པའི་ཐབས་སུ་གནང་བ་ང་རེ་དགའ། ལས་ངན་དེ་དག་མྱུར་དུ་འཛད་པར་ཤོག་ཅིག སེམས་ཅན་གཞན་གྱི་སྡུག་བསྔལ་ཡང་བདག་ལ་སྨིན་ནས་དེ་དག་སྡུག་བསྔལ་དང་བྲལ་བར་ཤོག་ཅིག་སྙམ་དུ་ལམ་འཁྱེར་བྱེད་ནུས་པ་དེའི་ལུས་སེམས་ལ་སྡུག་བསྔལ་གྱི་ཟུར་རྔུ་རང་རྒྱུད་ལ་ནམ་ཡང་མྱོང་བར་མི་འགྱུར་པའི་ཕྱིར་རོ། །དེར་མ་ཟད་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ག་དར་བྱེད་པའི་མེ་ལོང་ཡང་ཡིན་ཏེ། བདེ་སྡུག་གང་མཐོང་ཡང་འདི་ནི་ལས་དང་ལས་ཀྱི་འབྲས་བུ་མི་བསླུ་བའི་བདེན་པ་མངོན་དུ་གྱུར་པ་སྟེ། ད་ནི་རྣམ་སྨིན་ལ་བླང་དོར་བྱ་རྒྱུ་ཅི་ཞིག་ཡོད་སྙམ་དུ་སེམས་པ་དང་། འཇིག་རྟེན་འདི་དག་རང་བཞིན་ནམ་ངོ་བོ་ཉིད་ཀྱིས་གྲུབ་པའམ། བྱེད་པོས་བྱས་པ་ལ་སོགས་པ་ནི་མ་ཡིན་ནོ་སྙམ་དུ་ཡིད་ཆེས་པ་དང་། བདག་ལྟ་ལྔ་དང་བདག་གིར་ལྟ་བ་བཅོ་ལྔ་སྟེ་འཇིག་ཚོགས་ལྟ་བ་ཉི་ཤུའི་དམིགས་པ་རྣམས་རང་བཞིན་མེད་པར་གཞིག་ཅིང་སུན་འབྱིན་པར་བྱེད་པའི་ཐོ་བའང་ལགས་སོ། །དེ་ལྟར་གདམས་ངག་རྒྱས་པར་བཤད་ནས་དེ་དག་གི་དོན་སླར་ཡང་བསྡུས་ཏེ་སྟོན་པའི་ཕྱིར། །དོན་དེ་སླད་འཇིག་རྟེན་བྱ་བ་ཀུན། །ཆམ་གྱིས་བཞག་ནས་དབེན་པ་རུ། །ཁྱེད་ཆོས་ཀྱི་རྒྱལ་སྲིད་སྐྱོང་མཛོད་དང་། །འདི་ཕྱིའི་བདེ་བ་ཀུན་འགྲུབ་འགྱུར། །དེ་ཡང་གོང་དུ་སྨྲོས་པའི་དོན་དེ་དག་གི་སླད་དུ་སྟེ། རྒྱུ་མཚན་དེ་དག་གི་ཕྱིར་ད་ནི་འཇིག་རྟེན་ཚེ་འདི་སྒྲུབ་པའི་བྱ་བ་ཀུན་བླང་དོར་མེད་པ་ཆམ་གྱིས་བཞག་ནས་སྔོན་གྱི་དྲང་སྲོང་ཆེན་པོ་རྣམས་ཀྱི་ཞི་བ་བརྙེས་པའི་གནས་དབེན་པའི་རི་ཁྲོད་མཚན་ཉིད་ཚང་བ་ཞིག་ཏུ་ཕྱིན་ཏེ། དམ་པའི་བསྟི་གནས་དེ་རུ་ཁྱེད་རྣམས་གཡེང་མེད་པར་བཞུགས་ནས་ཡང་དག་པའི་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་དེ་ཉིད་འཛིན་བསྲུང་སྤེལ་གསུམ་གྱི་སྒོ་ནས་སྐྱོང་བར་མཛོད་ཅིག་དང་། དེས་ཁྱེད་ཀྱི་འདི་ཕྱིའི་བདེ་བ་ཀུན་འགྲུབ་པར་འགྱུར་རོ། །དེ་བཞིན་དུ། ཚེ་གཏན་འདུན་སྒྲུབ་ཕྱིར་ཆོས་སྲུང་དགོས། །ཆོས་ཕྱིར་ལུས་སྲོག་བསྲུང་མཛོད་ཅིག །ལུས་སྲོག་བཅས་བསྲུང་སླད་འཚོ་བ་ཡང་། །མཐའ་གཉིས་སྤང་བ་བརྟེན་མཛོད་ཅིག །འདི་ལྟར་ཚེ་གཏན་གྱི་འདུན་མ་སྒྲུབ་པ་ལ་དམ་པའི་ཆོས་སྲུང་དགོས་ཏེ། རྣམ་པར་དཀར་བའི་ཆོས་མ་གཏོགས་ཐབས་གཞན་གྱིས་གཏན་འདུན་སྒྲུབ་མི་ནུས་པའི་ཕྱིར་རོ། །ཆོས་ཀྱི་ཕྱིར་ལུས་སྲོག་བསྲུང་དགོས་ཏེ་དེ་མ་བསྲུང་ན་ཆོས་སྒྲུབ་པའི་རྟེན་མེད་པར་འགྱུར་བས་ན་བསྲུང་བར་མཛོད་ཅིག་ཅེས་བསྐུལ་བའོ། །ལུས་སྲོག་དང་བཅས་པ་དེ་དག་བསྲུང་བ་ཡང་འཚོ་བ་ལ་རག་ལས་པ་ཉིད་དེ། དེའི་སླད་དུ་འཚོ་བ་ཡང་། འདོད་པ་བསོད་སྙོམས་ཀྱི་མཐའ་དང་། ངལ་ཞིང་དུབ་པའི་མཐའ་སྟེ། མཐའ་དེ་གཉིས་སྤངས་པའི་འཚོ་བ་རྣམ་པར་དག་པ་བརྟེན་པར་མཛོད་ཅིག དེ་བཞིན་དུ། རང་བདེ་ཕྱིར་གཞན་བདེ་སྒྲུབ་པ་དང་། སྡུག་བསྔལ་སྤོང་ཕྱིར་གཞན་གནོད་སྤོང་། དེས་རང་གཞན་དོན་གཉིས་ལྷུན་གྲུབ་ནས། །མཐར་ཐུག་ཀུན་མཁྱེན་སྐུ་ཐོབ་ཤོག འདི་ལྟར་འཇིག་རྟེན་གྱི་བདེ་བ་ཇི་སྙེད་པ་ནི་གཞན་ལ་བདེ་བ་བསྐྱེད་པའི་འབྲས་བུ་ཡིན་ལ། སྡུག་བསྔལ་ཇི་སྙེད་པའང་གཞན་ལ་གནོད་པ་བྱས་པའི་འབྲས་བུ་ཡིན་པའི་ཕྱིར། རང་བདེ་བར་འདོད་ན་དེའི་ཕྱིར་དུ་གཞན་བདེ་བའི་ཐབས་སྒྲུབ་པ་ལ་བརྩོན་པ་དང་། རང་གི་སྡུག་བསྔལ་སྤོང་བར་འདོད་ན་དེའི་ཕྱིར་གཞན་ལ་གནོད་པའི་རྒྱུ་རྐྱེན་མཐའ་དག་སྤོང་བར་མཛོད་ཅིག་དང་། དེས་ཁྱེད་ཀྱི་རང་དང་གཞན་གྱི་དོན་གཉིས་ཀ་འབད་པ་མེད་པར་ལྷུན་གྱིས་གྲུབ་ནས་མཐར་ཐུག་ཤེས་བྱའི་ཆོས་ཀུན་མ་ལུས་པར་མཁྱེན་པའི་རྒྱལ་བ་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཆེན་པོ་གང་དེའི་གོ་འཕང་མངོན་དུ་ཐོབ་པར་འགྱུར་བས་ན་དེ་ཉིད་མྱུར་དུ་འཐོབ་པར་ཤོག་ཅིག་ཅེས་སྨོན་ཚིག་ཏུ་སྦྱར་བའོ། །ཞེས་པའང་དད་དམ་གཏོང་བའི་ནོར་གྱིས་ཕྱུག་པ་རང་སློབ་འབྲོག་ལུང་ཆོས་མཛད་ཀུན་བཟང་དགོས་འདོད་ལ་རྩ་བ་ཚིགས་བཅད་ཀྱི་སྒོ་ནས་སྔར་གདམས་ཟིན་པར་སླར་ཡང་ཚིག་འགྲེལ་ཞིག་དགོས་ཞེས་ནན་ཏན་ཆེན་པོས་ཇི་ལྟར་བསྐུལ་བའི་བཞེད་སྐོང་དུ་མདོ་ཁམས་ཀྱི་བཙུན་པ་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་སུ་འབོད་པས་ཡེར་བ་ལྷ་རི་ནས་སྦྱར་བའི་ཡི་གེ་བ་ནི་རང་སློབ་ལྷོ་བྲག་བླ་མ་ཐེག་མཆོག་བསྟན་འཛིན་ནོ། །དགེའོ། །

ཨོ་རྒྱན་སྨིན་གྲོལ་གླིང་གི་གྲྭ་རིགས་འགྱུར་མེད་པདྨ་ལ་གདམས་པ།

༄། །ཨོ་རྒྱན་སྨིན་གྲོལ་གླིང་གི་གྲྭ་རིགས་འགྱུར་མེད་པདྨ་ལ་གདམས་པ། །གཏན་གྱི་སྐྱབས་གྱུར་དཀོན་མཆོག་རྣམས་གསུམ་ལ། །ཟོལ་མེད་སྒོ་གསུམ་གུས་པས་ཕྱག་འཚལ་ནས། །གང་ལ་ཕན་པའི་གཏམ་འདི་སྨྲ་བ་ལ། །དྭངས་བའི་ཡིད་ཀྱིས་རབ་ཏུ་གསན་འཚལ་ལོ། །སྐལ་ལྡན་རྣམས་ཀྱིས་ཆོས་ཚུལ་རིན་ཆེན་ལ། །ཐོག་མར་འཇུག་སྒོ་ངེས་འབྱུང་ཉིད་ཡིན་ཕྱིར། །སྲིད་པའི་ངང་ཚུལ་གང་ལ་བསམས་བྱས་ཏེ། །སྐྱོ་བའི་སེམས་ཀྱིས་སྤོང་སེམས་བསྐྱེད་པར་བྱ། །དེ་ལྟ་ནའང་སྲིད་མཚོ་ལས་སྒྲོལ་བའི། །གྲུ་ཆེན་དལ་འབྱོར་ཡང་དག་རྙེད་དུས་འདིར། །བཤེས་གཉེན་དམ་པའི་ས་མཁན་མ་བསྟེན་ན། །གཞན་དུ་སྒྲོལ་ནུས་མཐུ་ལྡན་འགའ་ཡོད་མིན། །དེ་ཕྱིར་ཉིན་དང་མཚན་དུ་མི་གཡེལ་བར། །དམ་པ་དགྱེས་པའི་ཐབས་ལ་འབད་བྱས་ནས། །དེ་ཡི་ཞལ་གྱི་བདུད་རྩི་ཀུན་བླངས་ཏེ། །ཟབ་དོན་བསྒྲུབ་ལ་གཡེལ་མེད་བརྩོན་འཚལ་ལོ། །དེ་ཡང་ཇི་སྙེད་རྒྱལ་བས་གསུངས་པའི་ཆོས། །མ་ལུས་བྱང་ཆུབ་སེམས་སུ་འདུ་བའི་ཕྱིར། །མཁའ་ཁྱབ་འགྲོ་ལ་དམིགས་པའི་ལྷག་བསམ་གྱིས། །བྱང་ཆུབ་སེམས་ནི་དམ་པ་བསྐྱེད་པར་བགྱིས། །གང་ལ་སྨོན་དང་འཇུག་པས་དབྱེ་བ་ཡི། །བསླབ་བྱ་ཚད་མེད་བཞི་དང་ཕར་ཕྱིན་དྲུག །རྒྱལ་སྲས་ཀུན་གྱི་ལག་ལེན་ལ་གནས་ཕྱིར། །ཚུལ་དེར་གཡེལ་མེད་ནན་དུ་བརྩོན་པར་བྱ། །ཀུན་རྫོབ་བྱང་ཆུབ་སེམས་དེར་ཉེར་གོམས་ནས། །དེ་ཡིས་གང་ཞིག་གཏན་ལ་དབབ་བྱ་བ། །དོན་དམ་བྱང་ཆུབ་སེམས་ཉིད་རྟོགས་ལུགས་གང་། ཤེས་རབ་རྣམ་གསུམ་ཆེད་དུ་བསྒྲུབ་བྱ་སྟེ། །གང་ཞིག་གཟུགས་ཀྱི་རྣམ་པར་དབྱེ་བ་ལ། །མིག་དང་ལྡན་པ་ངེས་པར་དགོས་པ་བཞིན། །འདིར་ཡང་ཆོས་རྣམས་ཀུན་གྱི་གནས་ལུགས་གང་། །གཏན་ལ་འབེབས་བྱེད་ཤེས་རབ་ཟབ་མོ་ཡིན། །དེ་སླད་དེ་ཡིས་གང་ཞིག་རྟོགས་པ་ཡང་། །བདེན་པ་གཉིས་ཀྱི་ཚུལ་གྱིས་ཤེས་བྱ་སྟེ། །དོན་དམ་པ་ནི་སྤྲོས་པ་ཀུན་བྲལ་ལ། །ཀུན་རྫོབ་རྟེན་འབྲེལ་སྒྱུ་མར་མཁྱེན་པར་མཛོད། །མདོར་ན་ཕར་ཕྱིན་ཐེག་པའི་གཞུང་དོན་ལ། །ལེགས་པར་གོམས་ནས་དེ་ཡི་མན་ངག་ནི། །གསང་ཆེན་ཐེག་པར་ངེས་པ་རྙེད་བྱས་ཏེ། །དེ་དོན་བསྐྱེད་རྫོགས་གཉིས་ལ་ནན་ཏན་འཚལ། །དེ་ལྟར་བསྟན་པ་ཐམས་ཅད་འགལ་མེད་དུ། །རྟོགས་ནས་གནད་ཀུན་གཅིག་ཏུ་བསྡུས་བྱས་ཏེ། །རྫོགས་པ་ཆེན་པོའི་ཚུལ་གྱིས་ཉམས་ལེན་པ། །འདི་ཀོ་རྒྱལ་དབང་པདྨའི་ཞལ་ལུང་ཡིན། །དེས་ན་ལམ་འདིའི་གོ་རིམ་མ་ནོར་བཞིན། །སྒོ་གསུམ་རྣམ་དཀར་ཇི་སྙེད་བསྒྲུབས་པ་ཀུན། །དམ་པ་གསུམ་གྱི་རྩི་དང་མ་བྲལ་བའི། །ཐེག་ཆེན་ལམ་བཟང་ཁོ་ནར་བསྒྱུར་པར་མཛོད། །འདི་ལྟར་བདག་གིས་གང་ཞིག་གདམས་པའི་མཐུས། །ཁྱོད་བློ་རྒྱལ་སྲས་ལམ་ལ་རབ་ཞུགས་ནས། །མ་གྱུར་འགྲོ་ཀུན་རྣམ་གྲོལ་མཆོག་གི་སར། །འགོད་མཛད་སྤྱན་རས་གཟིགས་དབང་དང་མཚུངས་ཤོག། ཅེས་པའང་ཨོ་རྒྱན་སྨིན་གྲོལ་གླིང་གི་གྲྭ་རིགས་འགྱུར་མེད་པདྨ་ནས་བསྐུལ་བ་བཞིན། སྔ་འགྱུར་གྱི་ལུགས་བཟང་འཛིན་པར་རློམས་པའི་མདོ་ཁམས་ཀྱི་བནྡེ་རྒྱལ་བའི་སྲས་པོའི་མིང་གི་ཅོད་པཎ་འཆང་བ་གཞན་ཕན་མཐའ་ཡས་འོད་ཟེར་དུ་འབོད་པས་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་སྒྲུབ་གནས་མཆིམས་ཕུའི་བྲག་དམར་རི་མོ་ཕུག་ནས་ཤར་མར་སྤེལ་བ་མངྒ་ལཾ།། །།

མཆིམས་ཕུའི་སྒོམ་བརྩོན་པ་ཚུལ་ཁྲིམས་རྣམ་དག་ལ་གདམས་པ།

༄། །མཆིམས་ཕུའི་སྒོམ་བརྩོན་པ་ཚུལ་ཁྲིམས་རྣམ་དག་ལ་གདམས་པ། །ན་མོ་རཏྣ་ཏྲ་ཡ་ཡཱ། དཔག་མེད་མཁྱེན་བརྩེའི་གཏེར་གྱུར་བཅོམ་ལྡན་འདས། །ཚད་མེད་རིགས་པའི་འཇུག་སྒོ་དམ་པའི་ཆོས། །རིས་མེད་འགྲོ་ལ་སྨན་མཛད་འཕགས་པའི་ཚོགས། །བསླུ་མེད་སྐྱབས་གྱུར་དཀོན་མཆོག་རྣམ་གསུམ་མཆོད། །དེང་འདིར་ཚད་མར་གྱུར་པ་ཐུབ་དབང་གི །ཞལ་གསུངས་ཚད་མའི་རྗེས་སུ་བདག་འབྲང་ནས། །ཕན་པའི་གཏམ་འགའ་ཕྲེང་བར་སྤེལ་བ་ལ། །དད་གསུམ་སྒེག་མོའི་བཞིན་རས་ག་དར་གྱིས། །ཇི་ལྟར་འབར་བའི་མེ་མདག་ལ་གནས་པས། །བསིལ་བའི་བདེ་བ་དོན་དུ་གཉེར་བ་བཞིན། །སྲིད་པའི་ངང་ཚུལ་འདི་ལ་རབ་སྐྱོ་བས། །དེ་རིང་ཉིད་ནས་ཐར་གླིང་སྙེགས་འཚལ་ལོ། །རིང་དུ་མི་གནས་ཚེ་སྲོག་ཟིལ་བ་ནི། །འཆི་བདག་ཚ་ཟེར་དགྲ་དང་མྱུར་འཕྲད་ཅེས། །དེ་ལྟར་ཡལ་བར་འགྱུར་བའི་ཆོས་ཅན་ལ། །བསམ་ནས་སྙོམས་ལས་སྤངས་ཏེ་སྒྲུབ་ལ་འབུངས། །དམ་ཆོས་རིན་ཆེན་ཆུ་གཏེར་རྗེས་སོང་ཞིང་། །ལམ་སྟོན་ཉི་མའང་རྟག་པར་འཆར་དུས་འདིར། །བརྩོན་པས་བྱང་ཆུབ་ནོར་མཆོག་མ་བླངས་ན། །དལ་འབྱོར་གྲུ་ཆེན་ཞིག་ཚེ་ཅི་བྱར་ཡོད། །གང་ཞིག་ནན་གྱིས་སྒྲུབ་པའི་ཁུར་བླངས་ནས། །ལྟོ་གོས་ཙམ་ཞིག་ལེགས་པོར་གྲུབ་པ་ཡང་། །འཇིག་རྟེན་འདི་ན་དཔའ་བར་སྨྲ་བྱེད་ན། །གཏན་བདེ་ཞི་བའི་རྒྱལ་སྲིད་ཅིས་མི་སྒྲུབ། །དེང་དུས་སྐྱེ་བོ་ཕལ་ཆེར་སྡིག་ལ་དགའ། །འགའ་ཞིག་དམ་ཆོས་འདོད་ཀྱང་ཚུལ་དེར་རྨོངས། །དེ་འདྲའི་བྱིས་པའི་ངང་ཚུལ་དེ་དག་གིས། །རྣམ་མཁྱེན་ལམ་ལ་རྒྱབ་ཀྱིས་ཕྱོགས་པར་གྱུར། །དེ་ཕྱིར་སྙིང་ནས་ཐར་བ་དོན་གཉེར་ན། །ཐོག་མར་ཐོས་དང་བསམ་པ་ལས་བྱུང་བའི། །ཤེས་རབ་མིག་བུས་ལམ་དང་ལམ་མིན་གང་། །མཐོང་ནས་ཡང་དག་ལམ་ལ་འཇུག་པར་འཚལ། །ལམ་དེ་ཉིད་ཀྱང་གདུལ་བྱའི་བློ་རྟོག་གི །རྗེས་སུ་སོང་ཕྱིར་ཕ་མཐའ་མི་མངོན་ཡང་། །རེ་ཞིག་ལམ་གཙོ་ཙམ་ཞིག་བསྡུ་བ་ལ། །ངེས་པ་གོ་རིམ་བཞིན་དུ་འདྲོངས་འཚལ་ལོ། །དེ་ཡང་རང་ཅག་རྨོངས་པའི་རང་བཞིན་ལ། །བླང་དོར་གནས་ཀུན་ཇི་བཞིན་འདོམས་པ་པོ། །མཚན་ལྡན་དམ་པའི་བཤེས་གཉེན་ཁོ་ན་རུ། །ངེས་ཕྱིར་ཐོག་མར་ལམ་སྟོན་བཙལ་བར་བྱ། །མ་ནོར་ལམ་སྟོན་ཉིད་དང་འཕྲད་གྱུར་ནས། །མཉམ་འགྲོགས་བདུད་ཀྱི་དབང་དུ་མི་བཏང་བར། །མཉེས་པ་གསུམ་གྱིས་ལེགས་པར་བསྟེན་བྱས་ཏེ། །དམ་པའི་ཞལ་གྱི་བདུད་རྩི་ལོན་པར་བྱ། །གདམས་ངག་ལོན་ནས་ལེ་ལོར་མི་བཞག་པར། །ཉིན་མཚན་ཀུན་ཏུ་སྲིད་པའི་སྡུག་བསྔལ་ལ། །བསམ་སྟེ་ངེས་འབྱུང་དྲག་པོས་རྒྱུད་བསྐུལ་ནས། །དད་དང་བརྩོན་པའི་གོ་ཆ་བགོ་བར་བྱ། །བཅོས་མིན་དད་བརྩོན་རྒྱུད་ལ་སྐྱེས་པ་ན། །རང་དོན་ཞི་བདེའི་བསམ་པ་རྒྱངས་བསྲིངས་ཏེ། །མ་རྒན་འགྲོ་ཀུན་སྲིད་མཚོར་དུབ་པ་ལ། །དམིགས་ནས་སེམས་བསྐྱེད་ནན་དུ་བསྒོམ་པར་བྱ། །དེ་ཡང་ཐོག་མར་སྨོན་སེམས་ལ་གོམས་ནས། །འཇུག་པའི་བསླབ་བྱ་ཕ་རོལ་ཕྱིན་དྲུག་ཀྱང་། །བསླབ་པ་གསུམ་དུ་བསྡུས་ནས་རང་རྒྱུད་ལ། །སྦྱོར་བའི་ཐབས་དེར་སྙིང་ནས་འབད་པར་བྱ། །གང་ཞིག་ཚུལ་ཁྲིམས་བསླབ་པའི་ཡོལ་གོ་དང་། །ལྡན་ན་ལྟ་སྒོམ་ཡོན་ཏན་ཀུན་འཛིན་ལ། །དེ་མེད་འདི་དག་ཡང་ནི་མི་སྲིད་ཕྱིར། །ཐོག་མར་ཁྲིམས་ཀྱིས་རང་རྒྱུད་སྡོམ་པར་བྱ། །ཁྲིམས་ལྡན་གྱུར་ནས་ཕྱི་ནང་གྲུབ་མཐའི་ཁྱད། །རྣམ་དག་ཤེས་རབ་བསླབ་པས་ལེགས་ཕྱེས་ནས། །རང་གི་ལྟ་བར་ངེས་པ་རྙེད་པ་གང་། །བརྟན་ཕྱིར་ཞི་ལྷག་ཏིང་འཛིན་བསྒོམས་པར་བྱ། །ཇི་ལྟར་གཙུབས་ཤིང་ལས་བྱུང་མེ་བཞིན་དུ། །ཉམས་ལེན་དེ་ཡང་རེས་འཇོག་ཙམ་ཞིག་གིས། །དོན་དུ་གཉེར་བྱའི་འབྲས་བུ་འབྱིན་དཀའ་སྟེ། །དེས་ན་རྒྱུན་མི་ཆད་པར་བརྩོན་པར་བྱ། །ཟབ་མོའི་ལམ་འདིའི་གཞུང་ལུགས་ཀུན་རྟོགས་ཚེ། །རྒྱལ་སྲས་རྣམས་ཀྱི་གསང་བའི་མན་ངག་ནི། །བསྐྱེད་དང་རྫོགས་པའི་རིམ་པ་ཞེས་བྱ་བ། །དེ་ཡང་ལམ་གྱི་གྲོགས་སུ་བརྟེན་པར་བྱ། །མདོར་ན་མདོ་སྔགས་ཆོས་ཚུལ་མ་ལུས་པ། །རྣམ་མཁྱེན་ཐོབ་པའི་ཐབས་སུ་དོན་གཅིག་ཕྱིར། །གཞུང་དང་མན་ངག་ཙམ་གྱི་ཁྱད་པར་ལས། །བརྗོད་དོན་ཐ་དད་མིན་པའང་ཤེས་པར་བྱ། །དེ་ལྟར་སྲས་བཅས་རྒྱལ་ཀུན་གཤེགས་པའི་ཤུལ། །ཇི་བཞིན་བདག་གི་བརྗོད་པ་འདི་བཞིན་དུ། །བརྩོན་ལ་ཁྱོད་བློ་བསྐྱུང་པར་མ་གྱུར་པ། །དེ་སྲིད་ཕན་བདེའི་འབྲས་བཟང་གཡུར་དུ་ཟ། །དགེ་བ་ལྷག་བསམ་ཟླ་བའི་ངང་ཚུལ་ཅན། །འདི་ཡིས་སྲིད་པའི་ཚ་གདུངས་སེལ་བ་དང་། །གང་ཞིག་རྨོངས་པའི་མུན་པར་འཕྱན་རྣམས་ལའང་། །བློ་གྲོས་ཀུ་མུད་འཛུམ་པའི་སྣང་བར་ཤོག །ཅེས་པའང་མཆིམས་ཕུའི་སྒོམ་ཆེན་པ་གཞན་ཕན་ཚུལ་ཁྲིམས་རྣམ་དག་ནས་བསྐུལ་བ་བཞིན་མདོ་ཁམས་ཀྱི་བནྡེ་ཆོས་སྨྲ་བ་རྒྱལ་བའི་སྲས་པོའི་མིང་གི་ཅོད་པཎ་འཆང་བ་གཞན་ཕན་མཐའ་ཡས་འོད་ཟེར་དུ་འབོད་པས་དཔལ་གྱི་བསམ་ཡས་མཆིམས་ཕུའི་ཡང་དབེན་གུར་དཀར་ཕུག་ནས་ཤར་མར་སྤེལ་བ་མངྒ་ལཾ།། །།

མཆིམས་ཕུའི་སྐུ་གཉེར་པ་གཞན་ཕན་བློ་གྲོས་ལ་གདམས་པ།

༄། །མཆིམས་ཕུའི་སྐུ་གཉེར་པ་གཞན་ཕན་བློ་གྲོས་ལ་གདམས་པ། །ན་མོ་གུ་རུ་བྷྱ༔ ཟབ་ཞི་སྤྲོས་དང་བྲལ་བ་གདོད་མའི་དབྱིངས། །གང་ལ་ཕན་བདེའི་འོད་ཟེར་འབུམ་སྤྲོ་བས། །གདུལ་བྱའི་བློ་མུན་ཅིག་ཅར་སེལ་མཛད་པ། །ཐུབ་དབང་ཉི་མ་མཆོག་དེར་གུས་བཏུད་ནས། །དེང་འདིར་རྒྱལ་བས་ཆོས་ཀུན་སྒྱུ་མ་དང་། །རྨི་ལམ་ཇི་བཞིན་བདེན་པར་མ་གྲུབ་ཅེས། །གང་ཞིག་གསུངས་པའི་དོན་དེ་ལས་འཕྲོས་པའི། །གཏམ་འགའ་བདག་གིས་ལེགས་པར་བརྗོད་པར་བྱ། །འདི་ལྟར་སྣོད་ཀྱི་འཇིག་རྟེན་ལ་བསམ་ན། །མཁའ་ལ་བརྟེན་པའི་རླུང་དང་ཆུ་གཏེར་ལ། །ས་དང་ལྷུན་པོ་ལྕགས་རིའི་མུ་ཁྱུད་བཅས། །བརྟེན་ཀྱང་ནམ་ཞིག་མེ་དང་ཆུས་འཇིག་སྟེ། །གང་ཞིག་སྲ་ཞིང་བརྟན་པར་སྣང་འདི་ཡང་། །མི་རྟག་ཕྱིར་ན་བདག་སྲོག་ཆུ་སྦུར་དང་། །འཇའ་ཚོན་ཇི་བཞིན་གློ་བུར་ཡལ་འགྱུར་བའི། །ཆོས་ཅན་འདི་ལ་སྨོས་ཀྱང་ཅི་ཞིག་འཚལ། །གནས་སྐབས་དུས་བཞིའི་འགྱུར་ལ་བསམ་ནའང་། པདྨ་ཀུ་མུད་ཏ་དང་ཨུཏྤལའི། །སྐྱེད་ཚལ་དབྱར་དུས་རྣམ་པར་བཀྲ་བ་ཡང་། །ནམ་བཞུགས་རྗེས་ཤུལ་ཙམ་ཡང་མངོན་མིན་ཏེ། །ཚུལ་དེ་ཇི་བཞིན་ལང་ཚོ་རབ་སྨིན་པའི། །བཞིན་རས་ག་དར་བགྱིད་བཞིན་རྒྱན་གོས་ཀྱིས། །མཛེས་པར་ཀླུབས་ཀྱང་འཆི་བདག་སྐྱེས་དེ་ཡིས། །སྨད་པའི་གནས་སུ་བགྱིད་ཅེས་བསམ་པར་བྱ། །མཛེས་པའི་རྣམ་འགྱུར་དབང་པོའི་གཞུ་འདྲ་སྟེ། །སྙན་པའི་གྲགས་པའང་བྲག་ཅའི་རྗེས་འགྲོ་ཞིང་། །སྟོབས་འབྱོར་དག་ཀྱང་སྒྱུ་མའི་རྟ་གླང་དང་། །མཚུངས་ཕྱིར་སྲིད་འདིར་བདེན་པ་འགའ་ཡང་མེད། །ཤིན་ཏུ་བརྟགས་ན་རགས་པའི་དངོས་འདི་ཀུན། ཕྲ་རབ་རྡུལ་གྱི་ཕུང་བོ་ལས་གྲུབ་ཅིང་། །རྡུལ་ཀྱང་ཕྱོགས་ཀྱི་ཆ་ཤས་མི་མངོན་ཕྱིར། །དེ་དེར་འཛིན་པའི་མཚན་གཞི་སྟོར་པར་འགྱུར། དེ་ལྟར་ན་ནི་བདག་ཏུ་འཛིན་པ་ཀུན། །འཁྲུལ་བས་བསླད་ཕྱིར་བདེན་པར་མ་གྲུབ་ཕྱིར། །རྟེན་འབྲེལ་ཉིད་ཕྱིར་སྣང་ཙམ་འགོག་མིན་ཕྱིར། །སྒྱུ་མ་རྨི་ལམ་འདྲ་ཞེས་རྟོགས་པར་བྱ། །དེ་བཞིན་ནང་བཅུད་འགྲོ་བའི་སྐྱེ་འཇིག་གི །སྣང་ཚུལ་འདི་ལའང་ལེགས་པར་བསམ་བྱ་སྟེ། །སྐྱེས་བུའི་རྒྱུད་ཀྱིས་བསྡུས་པར་རིག་ཟིན་ནས། །འཆི་བའི་ཆོས་ཅན་ཞེས་ཀྱང་བསམ་པར་བྱ། །གང་ཞིག་སྟོབས་བཅུ་མངའ་བའི་ཐུབ་དབང་ཡང་། །འགྲོ་འདིའི་སྣང་ངོར་གཤེགས་པའི་ཚུལ་བསྟན་ཅིང་། །ཚངས་དང་དབང་ཕྱུག་སྲིད་པའི་གཙོ་རྣམས་ཀྱང་། །འཆི་འགྱུར་བཤུལ་ལམ་གང་དུ་འཇུག་བཞིན་ན། །ལེགས་པར་རྣལ་དུ་གནས་པའི་བློ་གྲོས་ཀྱིས། །རང་གཞན་རྒྱུད་ལ་ཡང་ཡང་བསམ་བྱས་ཚེ། །འདི་ན་སྟོབས་ཆུང་གྱི་ནར་གནས་པ་དག །སྡོད་པའི་དབང་པོ་སུ་ཞིག་མཆིས་པ་ལགས། །གང་ན་འགྲོ་བ་ཀུན་གྱི་ལམ་ཆེན་འདིར། །ཞུགས་པར་མ་གྱུར་འགྲོ་འགའ་ཚད་མ་རུ། །མཆིས་ན་དེ་ཚོ་ཁྱེད་ཅག་བག་ཡངས་སུ། །གནས་པར་རིགས་ཀྱི་གཞན་དུ་དེ་ལྟར་མིན། །རྒྱས་པའི་སྟོབས་དང་འཇིགས་པའི་ཁྲོ་གཉེར་དང་། །དཔའ་བའི་ཤུགས་དང་མྱུར་པའི་རྩལ་དང་ནི། །བསགས་པའི་ནོར་དང་བྱམས་པའི་གཉེན་གྲོགས་སོགས། །གང་གིས་ཀྱང་ནི་དེ་ཚེ་བཟློག་མིན་ཏེ། །འཇིགས་འཇིགས་སྟོབས་ལྡན་རྣམས་ཀྱང་འཆི་འགྱུར་ཞིང་། །དཔའ་རྩལ་ལྡན་པས་ཀྱང་ནི་མི་ཐར་ལ། །ནོར་དང་གཉེན་གྲོགས་ཀུན་ཀྱང་སླར་ཡང་ནི། །སྲིད་འདིར་འཆིང་བའི་རྒྱུ་རྐྱེན་འབའ་ཞིག་ལགས། །སྔོན་ཆད་གོ་འཕང་ཆེན་པོར་དབང་བསྒྱུར་ཅིང་། མཁས་དང་རིགས་བཙུན་འབྱོར་བར་གྲགས་རྣམས་ཀྱང་། །ལ་ལ་རྒུད་ཅིང་འགའ་ཞིག་ཕྱོགས་སུ་འཐོར། །ཕལ་ཆེན་མིང་ཤུལ་ཙམ་དུ་གྱུར་ལ་ལྟོས། །བདག་ཅག་རྣམས་ཀྱང་ལོ་འགའ་འཚོ་འདུན་གྱིས། །དགྲ་འདུལ་གཉེན་སྐྱོང་ཚོང་བུན་སོ་ནམ་སོགས། །བྱེད་བཞིན་ནའང་གློ་བུར་འཆི་བདག་གིས། །ལས་ཀུན་འཕྲོ་ཅན་བགྱིས་ན་ཅི་བྱར་ཡོད། །གལ་ཏེ་བདག་གི་ལས་འདི་མ་རྫོགས་པར། །ཁྱོད་ཉིད་སྡོད་ཅེས་གཏམ་གྱིས་བཟློག་ནུས་ན། །དེས་ན་ཁྱོད་ཀྱང་རྣམ་གཡེང་བགྱིད་རིགས་ཀྱི། །འཆི་བདག་སྡོད་པའི་ཐབས་འགའ་མཆིས་སྲིད་དམ། ཀྱེ་མ་དེ་འདྲའི་ཐབས་ཡོད་མ་ལགས་ཏེ། །ཚངས་སོགས་ལྷ་ཡི་བདེ་དགར་རོལ་ནས་ཀྱང་། །མི་བཟད་དམྱལ་མེས་བསྲེགས་པར་འགྱུར་བ་དང་། །འཁོར་ལོས་སྒྱུར་ཡང་སྲིད་འདིར་ཡང་བྲན་འགྱུར། །ཉི་མ་ཟླ་བའི་དབང་པོར་གྱུར་ནས་ཀྱང་། །ཤིན་ཏུ་མུན་ཆེན་འཐིབ་པོར་ལྷུང་འགྱུར་ཞིང་། །དཔའ་ཆེན་གཞན་སྲོག་གཅོད་པས་འཚེ་བ་ཡང་། །ཉམས་ཆུང་སྲིན་བུར་འགྱུར་སྲིད་ཚུལ་འདིར་སོམས། །ཇི་ལྟར་དངོས་པོ་དང་ནི་དེ་ཡི་བརྙན། །འདི་ལ་ཁྱད་པར་ཡོད་པ་མ་ལགས་ཏེ། །ཟིལ་བ་ཇི་བཞིན་ཆུ་ཡི་སྦུ་བ་བཞིན། །གློ་བུར་ཡལ་བར་འགྱུར་བའི་ཆོས་ཅན་ལགས། །བྲག་ཅ་ཇི་བཞིན་ཆུ་ནང་ཟླ་བ་བཞིན། །རྒྱུ་རྐྱེན་ཚོགས་པའི་མཐུ་ལས་སྣང་ཙམ་ལགས། །སྨིག་རྒྱུ་ཇི་བཞིན་མཁར་སྣང་དབང་གཞུ་བཞིན། །སྣང་ཙམ་ཉིད་ནས་རང་བཞིན་མེད་པ་ལགས། །དེ་ལྟར་ཀུན་རྫོབ་ཆོས་ཀུན་མི་རྟག་ཅིང་། །རང་བཞིན་མེད་པ་སྒྱུ་མར་ཤེས་པ་དང་། །དེ་ཡི་གནས་ལུགས་སྤྲོས་པ་ཀུན་བྲལ་བ། །དོན་དམ་བདེན་པ་ཉིད་དུ་རྟོགས་པར་མཛོད། །མདོར་ན་བདག་འཛིན་དབྱིངས་སུ་མ་ནུབ་པར། །རྟེན་འབྲེལ་སྒྱུ་མའི་ཚུལ་འདི་བསླུ་མེད་ཕྱིར། །ལས་འབྲས་བླང་དོར་བགྱིད་ལ་མ་བརྩོན་ན། །སྲིད་པའི་དུཿཁ་ཉམས་སུ་མྱོང་བར་འགྱུར། །ཁྱད་པར་དཀོན་མཆོག་དཀོར་དང་མཆོད་རྫས་སོགས། །ཡོན་ཏན་གཙོ་ལྡན་ཞེས་གྲགས་དེ་བཞིན་དུ། །གཞི་ལས་བྱུང་དང་རྟག་སེམས་མངོན་ཞེན་དང་། །གཉེན་པོ་མེད་རྣམས་ཀུན་དཀྲིས་ཆེན་པོར་གྲགས། །དེ་ཕྱིར་འདི་འདྲའི་སྡིག་པའི་ལས་དག་ལ། །ཞིབ་ཏུ་དཔྱད་ནས་དོགས་ཟོན་མ་བགྱིས་ན། །ཕྱི་ཚུལ་ཆོས་ལྟར་བཅོས་པའི་ངན་གཡོ་དེས། །ཕྱི་མའི་དུས་སུ་རང་ཉིད་བསླུ་བར་འགྱུར། །དེ་སྐད་གང་ཞིག་གདམས་པ་འདི་དག་ཀྱང་། །ཁྱོད་བློ་ཆོས་ལ་བསྐུལ་ཕྱིར་སྨྲས་པའི་ཕྱིར། །སྤྲོ་བའི་སེམས་ཀྱིས་བླང་དོར་མཛོད་ཅིག་ཅེས། །དེ་སྐད་ཡང་དང་ཡང་དུ་གསོལ་བ་ལགས། །འདི་ལྟར་བརྩོན་པ་ལས་བྱུང་དགེ་བ་ནི། །ཇི་སྟེ་འགའ་ཞིག་བདག་གིས་བསགས་ཡོད་ན། །དེ་གང་ཉལ་འགྲོའི་རྒྱུན་བཞིན་བྱང་ཆུབ་བར། །ནམ་ཡང་རྒྱུན་མི་ཆད་པར་ཤོག་ཅིག་གུ། །ཞེས་པའང་མཆིམས་ཕུའི་སྐུ་གཉེར་བ་གཞན་ཕན་བློ་གྲོས་བཟང་པོ་ནས་མི་རྟག་རྒྱུད་བསྐུལ་གྱི་ཞལ་གདམས་ཤིག་དགོས་ཞེས་བསྐུལ་བཞིན། སྔ་འགྱུར་གྱི་ལོ་པཎ་སྐྱེས་ཆེན་རྣམས་ཀྱི་གཞུང་སྲོལ་འཛིན་པ་པོར་རློམས་པའི་མདོ་ཁམས་ཀྱི་བནྡེ་ཆོས་སྨྲ་བ་རྒྱལ་བའི་སྲས་པོའི་མིང་གི་ཅོད་པཎ་འཆང་བ་གཞན་ཕན་མཐའ་ཡས་འོད་ཟེར་དུ་འབོད་པས་བྲག་དམར་རི་མོ་ཕུག་ནས་ཤར་མར་སྤེལ་བ་མངྒ་ལཾ།། །།

དྭགས་པོ་དགེ་སློང་ཐུབ་བསྟན་ཡོངས་འཛིན་ལ་གདམས་པ།

༄། །དྭགས་པོ་དགེ་སློང་ཐུབ་བསྟན་ཡོངས་འཛིན་ལ་གདམས་པ་བཞུགས་སོ། །ན་མོ་སརྦ་བུདྡྷ་བོ་དྷི་ས་ཏྭ་བྷྱཿ མཁྱེན་པ་མཆོག་དང་བརྩེ་ཆེན་ཐུགས་རྗེ་ནི། །མཁའ་དང་ཉི་མའི་རྗེས་སུ་རབ་སོང་ཡང་། །མཐུ་སྟོབས་འདི་ལ་མེ་ཆར་དྲག་པོས་ཀྱང་། །ནམ་ཡང་འགྲན་པར་བཟོད་མིན་ཆོས་ཀྱི་རྗེ། །དམ་པ་མཆོག་དང་སྣང་བ་འདི། །ཐ་དད་ཉིད་དུ་མ་མཆིས་པར། །རྟོགས་གང་དངོས་པོའི་གནས་ལུགས་སུ། །མཐོང་བའི་ཕྱིར་ན་གཏམ་འདི་སྤྲོ། །རྒྱལ་བ་མཆོག་གི་དོན་གཟིགས་པས། །གདུལ་བྱའི་བློ་ཡི་རྗེས་འགྲོ་བར། །ལམ་གྱི་རྣམ་གཞག་ཇི་སྙད་ཅིག །བསྟན་ཀུན་རགས་པར་མདོར་བསྡུ་ན། །བསྟན་པ་ཀུན་གྱི་གཞི་མ་ནི། །མཚན་ཉིད་ཐེག་པར་ངེས་རྙེད་ནས། །དེ་དོན་བྱང་ཆུབ་སེམས་གཉིས་སུ། །དྲིལ་ཏེ་ཉམས་སུ་ལེན་པར་བྱ། །གང་ཞིག་སེམས་དེ་སྒོམ་པ་ལ། །སྔོན་དུ་གཅེས་པའི་ཆོས་གསུམ་སྟེ། །སྐྱབས་སུ་འགྲོ་དང་ཚོགས་བསགས་དང་། །ཚད་མེད་བཞི་ཡིས་བློ་སྦྱོང་ངོ་། །ཐོག་མར་སྐྱབས་སུ་འགྲོ་བར་ཡང་། །སྲིད་པའི་ཕུན་ཚོགས་དུག་བཞིན་ཏུ། །མཐོང་བའི་ཞེན་ལོག་སྐྱེས་པ་དང་། །ལྷན་ཅིག་ཆོས་ལ་དད་པ་དགོས། །དེ་ཡང་དཀོན་མཆོག་རྣམ་གསུམ་གྱི། །ཐུན་མོང་མིན་པའི་ཡོན་ཏན་ལ། །ངེས་པ་གཏིང་ནས་རྙེད་པ་ཡིས། །ཅི་མཛད་ཁྱེད་རང་མཁྱེན་ཞེས་བྱ། །ཚོགས་ཀྱི་སྒོ་ནི་ཇི་སྙེད་ཀུན། །ཡན་ལག་བདུན་པར་འདུ་བའི་ཕྱིར། །ཇི་ལྟར་ཐུབ་དབང་མགོན་པོ་ཡིས། །བསྟན་པའི་གོ་རིམ་ལ་འཇུག་བྱ། །གང་ཞིག་ལག་པའི་ཀུ་མུད་ཟུམས་པ་དང་། །ལྷན་ཅིག་དང་བརྒྱའི་ཉིན་བྱེད་དབང་པོ་ཡིས། །ལོག་རྟོག་མུན་པ་མཐའ་དག་གཏན་སྤངས་ནས། །ཕྱག་འཚལ་པདྨོ་བགྲང་ཡས་འཛུམ་པར་བྱ། །རིན་ཆེན་མེ་ཏོག་ལ་སོགས་མཆོད་པའི་ཚོགས། །ཇི་སྙེད་ཚར་དུ་དངར་བའི་དགའ་ཚལ་ལ། །གཅིག་ཏུ་རྒྱུ་བའི་ཡིད་ཀྱི་བུང་བ་ནི། །དང་བས་སྤེལ་ཚིག་མགྲིན་རྔ་བརྡུང་བར་བྱ། །ཉེས་ལྟུང་བུད་ཤིང་སྟོབས་བཞི་དང་ལྡན་པའི། །བཤགས་པའི་ཞུགས་ཀྱིས་སྦྱངས་དང་ཆབ་གཅིག་པར། །རང་གཞན་དགེ་ཚོགས་དྲོ་བའི་རེག་བྱ་ལ། །དགའ་བས་རྗེས་སུ་ཡི་རང་བསྒོམ་པར་བྱ། །མགོན་པོ་རྣམས་ལ་ཆོས་ཀྱི་འཁོར་ལོ་ནི། །རྒྱ་ཆེན་རྒྱུན་ཏུ་བསྐོར་བར་བསྐུལ་བ་དང་། །འགྲོ་འདི་ཇི་སྲིད་བར་དུ་མྱ་ངན་ལས། །འདའ་བ་མེད་པའི་གདན་ཁྲིར་བཞུགས་གསོལ་འདེབས། །དེ་ལྟར་ཇི་སྙེད་བསགས་པའི་ཚོགས་ཆེན་ཀྱང་། །ཚེ་འདིའི་ལོངས་སྤྱོད་དོན་དུ་གཉེར་མིན་པར། །བསོད་ནམས་འབའ་ཞིག་སྒྲུབ་པའི་ཚོང་ཟོང་དུ། །བགྱིས་ན་མཚན་དཔེའི་འབྲས་བཟང་གཡུར་དུ་ཟ། །ཚོགས་དེ་རྣམས་ཀྱང་མདོར་བསྡུ་ན། །རེ་ཞིག་འཁོར་གསུམ་རྣམ་དག་པའི། །དངོས་གཞིའི་ཡན་ལག་གསུམ་པོ་རུ། །འདུ་བ་ཞི་བ་ལྷ་ཡིས་བཤད། །གང་ཞིག་བདེ་བར་སྦྱོར་འདོད་ཀྱི། །བྱམས་པ་དེ་བཞིན་སྡུག་བསྔལ་དང་། །འབྲལ་བར་འདོད་པའི་སྙིང་རྗེའི་བློ། །བདེ་དང་མི་འབྲལ་དགའ་བ་སྟེ། །ཚད་མེད་པ་ཡི་ཆོས་གསུམ་པོ། །དེ་དག་གང་ལ་སྒོམ་ཡུལ་ཀྱང་། །ཉེ་རིང་ཆགས་སྡང་མ་ཡིན་པར། །བཏང་སྙོམས་ཉིད་ཀྱང་ཚད་མེད་བགྱིད། །དེ་ལྟར་སྟོབས་གསུམ་ལས་སྐྱེས་པའི། །བྱང་ཆུབ་སེམས་ནི་རིན་པོ་ཆེ། །བསྲུང་དང་གང་ཞིག་སྤེལ་བའི་ཕྱིར། །བསླབ་པ་ལ་ནི་བརྩོན་པར་བྱ། །ཚུལ་དེ་ཉིད་ཀྱང་མདོར་བསྡུ་ན། །སྔོན་དུ་འགྲོ་བ་སྨོན་པ་དང་། །སྦྱོར་བས་ཁྱབ་པ་འཇུག་སེམས་ཏེ། །རྣམ་པ་གཉིས་སུ་ཡང་དག་འདུ། །གང་ཞིག་འགྲོ་བར་འདོད་པ་དང་། །འགྲོ་བ་ཇི་བཞིན་བཤད་པ་ཡང་། རྒྱུ་དང་འབྲས་བུར་དམ་བཅའ་བའི། །དབྱེ་བ་གཉིས་ཀྱིས་བསྡུས་པ་ཡིན། །འདིར་ནི་སྨོན་པའི་བསླབ་བྱ་ལའང་། །བདག་གཞན་མཉམ་དང་བརྗེ་བ་དང་། །དེ་བཞིན་བདག་ལས་གཞན་གཅེས་པའི། །དབྱེ་བ་གསུམ་དུ་བཞག་པ་ཡང་། །ཇི་ལྟར་སྦྱོར་བར་བཤད་པ་ཡི། །ཚད་མེད་བཞི་ནི་གཅིག་བཞིན་དུ། །ཀུན་ཀྱང་གནས་ཏེ་དེ་ཚུལ་དང་། །ལྡན་པའི་སྒོ་ནས་བསྒོམ་པར་བྱ། །འཇུག་པ་ཡི་ནི་བསླབ་པ་ཡང་། །ཕ་རོལ་ཕྱིན་པ་རྣམ་དྲུག་ཏུ། །རྒྱལ་བས་གསུངས་པ་གང་དག་དེ། །རེ་ཞིག་བསླབ་པ་གསུམ་དུ་བསྡུ། །དེ་ཡང་ཉེས་སྤྱོད་སྡོམ་པ་དང་། །དགེ་ཆོས་སྡུད་དང་སེམས་ཅན་གྱི། །དོན་བྱེད་ཅེས་བྱའི་ཚུལ་ཁྲིམས་ནི། །རིམ་པ་ཇི་བཞིན་ཐོག་མར་གཅེས། །གང་ལ་བརྟེན་པ་གཞན་གཉིས་ལས། །ཏིང་ངེ་འཛིན་གྱི་བསླབ་པ་ནི། །རེ་ཞིག་ཞི་གནས་བཙལ་བ་ལས། །ལྷག་མཐོང་སྐྱེ་ཞེས་བཤད་པར་བྱ། །འོན་ཀྱང་ཞི་ལྷག་ཟུང་འཇུག་ཉིད། །སེམས་ཀྱི་བསླབ་པར་འདིར་བསྟན་གྱི། །གང་ཞིག་ལྷག་མཐོང་རྟོགས་བྱེད་པའི། །ཤེས་རབ་ཉིད་ནི་གསུམ་པའོ། །དེ་ཕྱིར་ཐོས་བསམ་ལས་བྱུང་ཤེས་རབ་ཀྱིས། །གང་ཞིག་རྟོགས་དོན་སྒོམ་པས་ཉམས་བླངས་མཐུས། །དོན་དམ་པ་ཡི་བྱང་ཆུབ་སེམས་ཉིད་དེ། །མཐོང་བར་འགྱུར་ཞེས་འདི་ན་བདག་སྨྲའོ། །རྒྱལ་བའི་གཞུང་ལམ་མཆོག་ཏུ་རྟོགས་དཀའ་གང་ཞིག་སྒྲུབ་པའི་གྲོགས་ཉིད་དུ། །གཞུང་དེའི་མན་ངག་གསང་ཆེན་ཞེས་གྲགས་བླ་ན་མེད་པའི་ཐེག་པ་དེར། །ཐ་དད་མིན་པའི་ངེས་པ་རྙེད་ནས་འཇུག་དང་ཞུགས་པའི་ཡོན་ཏན་གྱིས། །ས་དང་ལམ་གྱི་བགྲོད་པ་ཇི་སྙེད་མཐར་ཕྱིན་ཉིད་དུ་བགྱིད་པར་མཛོད། །འདི་ཡི་ལམ་ནི་ཟག་བཅས་དང་། །ཟག་པ་མེད་པས་བསྡུས་པ་སྟེ། །སྔ་མའི་ཕྱོགས་ནི་ཚོགས་དང་ནི། །སྦྱོར་བས་བསྡུས་པ་རྣམ་པ་ལྔ། །ཕྱི་མའི་ཕྱོགས་ལ་མཐོང་སྒོམ་གྱིས། །བསྡུས་པའི་རིག་འཛིན་རྣམ་བཞིའོ། །རེ་ཞིག་ཕྱོགས་སྔ་སྨྲོས་པ་ལ། །ལྟ་བར་ངེས་རྙེད་གཞིར་བྱས་ནས། །སྟོང་དང་སྙིང་རྗེ་སྒྱུ་མ་དང་། །ཕྱག་རྒྱ་གཅིག་སྤྲོས་རྣམ་པ་བཞི། །ཚོགས་ཀྱི་ལམ་དུ་ཤེས་བྱ་སྟེ། །འདི་དག་ཟག་ལྡོག་གཉིས་ལྡན་ནོ། །གང་ལ་ངེས་པ་རྙེད་པ་ན། །ཚོགས་ཀྱི་སྒྲུབ་པས་མཐོང་ལམ་ལ། །སྦྱོར་ཕྱིར་སྦྱོར་བའི་ལམ་ཡིན་ཏེ། །འདི་ནི་ཟག་བཅས་ལྡོག་པ་མེད། །དེས་ན་ཐོག་མར་ཚོགས་ལམ་གྱི། །རྣལ་འབྱོར་བཞི་ལ་གོམས་བརྟན་ནས། །རིམ་གྱིས་གོང་མའི་ལམ་དག་ལ། །འཇུག་པའི་གོ་རིམ་མ་ནོར་གནད། །མདོར་ན་གསང་ཆེན་ཐེག་པ་འདིའི། །འཇུག་སྒོ་དབང་དུ་ཤེས་བྱས་ནས། །དབང་དོན་ལྟ་བ་རྟོགས་པ་དང་། །མཐུན་གྲོགས་དམ་ཚིག་དག་པ་གནད། །དངོས་གཞི་བསྐྱེད་རྫོགས་རྣམ་གཉིས་ཀྱིས། །མཆོག་ཐུན་དངོས་གྲུབ་བསྒྲུབ་པ་སྟེ། །གང་ཚེ་ཕྲིན་ལས་རྣམ་བཞི་ཡིས། །གཞན་དོན་ཁོ་ན་གཉེར་བའོ། །ཇི་ལྟར་བཤད་པའི་ཚུལ་བཞིན་དང་། །གཞུང་ལུགས་སྡེ་སྣོད་རྣམ་གསུམ་གྱི། །མན་ངག་གསང་ཆེན་ཐེག་པ་རུ། །ཤེས་ནས་ཟུང་འཇུག་ཉམས་བླངས་ཏེ། །ཚོགས་ལམ་ཆུང་འབྲིང་ཆེ་གསུམ་དུ། །དྲན་པ་ཉེར་བཞག་ལ་སོགས་དོན། །རྣལ་འབྱོར་བཞི་ཡིས་བགྲོད་པའི་མཐར། །ངེས་འབྱེད་ཡན་ལག་རྣམ་བཞི་ལ། །ཆ་ཤས་དབྱེ་བས་བཅུ་གཉིས་པོར། །ཚོགས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས། །དད་པ་ལ་སོགས་དབང་པོ་དང་། །སྟོབས་ལྔ་མངོན་དུ་བྱས་ནས་སུ། །ཆོས་མཆོག་ཆེན་པོས་མཆོག་ལ་སྦྱོར། །དེ་ཡང་སྐད་ཅིག་བཅུ་དྲུག་ལ། །བཟོད་སོགས་བཞི་བཞི་དུས་གཅིག་ཏུ། །སྐྱེ་བའི་རིམ་པས་སར་གནས་ཤིང་། །མཐོང་ལམ་ནས་བཟུང་ས་བཅུ་པོར། །རང་སའི་སྦྱོར་དང་བར་ཆད་མེད། །ཁྱད་པར་ལམ་དང་རྣམ་གྲོལ་བཞིས། །ཐག་བསྲིངས་གཉེན་པོ་ལ་སོགས་བྱེད། །དེ་ལྟར་བདེན་མཐོང་དང་པོ་དང་། །སྒོམ་ལམ་ཆུང་འབྲིང་ཆེ་གསུམ་དུ། །མཐོང་སྒོམ་སྤང་བྱ་ཀུན་སྤངས་ཏེ། །ས་བཅུ་རིམ་གྱིས་བགྲོད་པའི་མཐར། །འོད་གསལ་རྫོགས་པ་ཆེན་པོ་ཡི། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །རྒྱུན་མཐའི་བར་ཆད་མེད་ལམ་གང་། །བགྲོད་ན་མངོན་པར་འཚང་རྒྱའོ། །དེ་ཕྱིར་བརྩོན་པ་དྲག་པོ་ཡིས། །ཆོས་མཆོག་ཆེན་པོ་སྒྲུབ་མཛོད་དང་། །སླད་ནས་ཟག་པ་མེད་པའི་ལམ། །བགྲོད་ལ་དཀའ་ཚེགས་ཡོད་པ་མིན། །འདི་ན་རྒྱལ་དང་རྒྱལ་སྲས་ཀྱི། །ལེགས་བཤད་དྲི་མེད་ལས་འོང་བའི། །ཆ་ཤས་ཙམ་ཞིག་བསྡུས་པའི་མཐུས། །འགྲོ་ཀུན་སྲིད་ལས་དབུགས་དབྱུང་ཤོག །ཅེས་པའང་རང་ཉིད་ཀྱི་སློབ་བུ་རྣམ་དཔྱོད་མཆོག་ཏུ་ཡངས་པ་དྭགས་པོའི་དགེ་སློང་ཐུབ་བསྟན་ཡོངས་འཛིན་ནས་བཀྲ་ཤིས་པའི་ལྷ་རྫས་དང་རིན་ཆེན་གཉིས་པའི་སྐྱེས་བཅས་མདོ་སྔགས་ཀྱི་དོན་ཀུན་ཚང་བའི་ཞལ་གདམས་ཞིག་དགོས་ཞེས་ཕེབས་ངོར་རྒྱལ་བའི་སྲས་པོའི་མིང་གི་ཅོད་པཎ་འཆང་བ་གཞན་ཕན་མཐའ་ཡས་འོད་ཟེར་དུ་འབོད་པས་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ནས་སྤེལ་བ་མངྒ་ལཾ།། །།

བསམ་ཡས་སྒྲུབ་བརྩོན་གཞན་ཕན་བཤེས་གཉེན་ལ་གདམས་པ།

༄། །བསམ་ཡས་སྒྲུབ་བརྩོན་གཞན་ཕན་བཤེས་གཉེན་ལ་གདམས་པ། །ན་མོ་གུ་རུ་བྷྱཿ སྤང་རྟོགས་ཡོན་ཏན་ཆ་ཤས་རབ་རྫོགས་ཤིང་། །འགྲོ་བློའི་ཀུ་མུད་སྐྱོང་བའི་གཉེན་གཅིག་པུ། །བརྩེ་ཆེན་འོད་དཀར་ཀུན་ནས་འཕྲོ་བ་ཅན། །ཐུབ་མཆོག་ཟླ་བའི་དབང་པོར་ཕྱག་འཚལ་ནས། །གདུལ་བྱ་རྗེས་འཛིན་གཏམ་འདི་སྨྲ་བ་ལ། །སྐལ་ལྡན་དད་བའི་ཡིད་ཀྱིས་ཉན་མཛོད་དང་། །སྲིད་པའི་འཕྲང་ལས་བདེ་བར་དབུགས་འབྱིན་པའི། །ལམ་སྟོན་སྣང་བ་མཆོག་ཅིག་སྦྱིན་པ་ལགས། །གང་ན་གཏན་བདེ་ཐར་གླིང་སྙེགས་འདོད་པའི། །སྐྱེ་བོ་དེ་དག་སྲིད་པའི་ངང་ཚུལ་ལ། །ཐོག་མར་རབ་ཏུ་སྐྱོ་བས་ཡིད་བསྐྱོད་ནས། །རྣམ་དག་ངེས་པར་འབྱུང་བས་རང་བསྐུལ་འཚལ། །གལ་ཏེ་དལ་འབྱོར་རིན་ཆེན་རྙེད་དཀའ་དང་། །རྙེད་པ་འཇིག་པར་སླ་བའི་ཆོས་ཅན་ལ། །ཡང་ནས་ཡང་དུ་བསམས་ཏེ་རང་ཉིད་ཀྱིས། །བརྩོན་པའི་གོ་ཆ་བགོ་བར་མ་བྱས་ན། །བདག་དང་མཛའ་གྱུར་ལེ་ལོར་བགྱིད་དེས་ནི། །སེར་བ་ཇི་བཞིན་དགེ་བའི་འབྲས་འཇོམས་ཤིང་། མྱོས་བྱེད་དང་མཚུངས་ཁྲེལ་བག་མེད་བགྱིད་དེས། །མེ་བཞིན་ཐར་བའི་ལྗོན་ཤིང་བསྲེགས་པར་བྱེད། །དུག་དང་འདྲ་སྟེ་གཏན་སྲོག་གཅོད་བྱེད་ཅིང་། །དགྲ་ཆེན་དང་མཚུངས་རྣམ་དཀར་ལས་ལ་རྒོལ། །དེ་ཕྱིར་དམ་ཆོས་སྒྲུབ་པའི་བདུད་ཉིད་དུ། །ལེ་ལོར་བགྱིད་ལས་མཐུ་ཆེན་གཞན་ཡོད་མིན། །གང་ལ་དམིགས་ནས་བསྐལ་མང་རྙེད་དཀའ་བའི། །དལ་འབྱོར་རིན་ཆེན་མཆོག་གཅིག་ཐོབ་པ་འདི། །སོས་དལ་ཉིད་དུ་རྒ་བར་མི་བགྱིད་པར། །ཉིན་མཚན་ཀུན་ཏུ་ཆོས་ལ་འབད་འཚལ་ལོ། །ལན་གཅིག་རྙེད་པའི་དལ་བ་མཆོག་འདི་ཡང་། །ཆུ་སྦུར་ཇི་ལྟའི་སྲོག་ལ་ཉེར་བརྟེན་ཕྱིར། །དེ་རིང་ཙམ་ཡང་བདེ་བར་གནས་འགྱུར་བའི། །དཔང་པོ་འགའ་ཞིག་འདི་ན་མངོན་གྱུར་མེད། །དེ་ཕྱིར་རྣམ་དཀར་དགེ་ལ་བརྩོན་བགྱིད་ཅིང་། །སྡིག་པའི་ལས་ཀུན་འབད་དེ་མ་སྤངས་ན། །ཕྱི་མའི་དུས་སུ་ལས་ཀྱི་འབྲས་བུ་ཀུན། །རང་ཉིད་གཅིག་པུས་མྱོང་འགྱུར་བསླུ་མེད་ལགས། །ད་ལྟ་ཚ་གྲང་ཕྲན་བུའང་བཟོད་མིན་ཞིང་། །ཉིན་གཅིག་ལྟོ་ཡང་བསྐྱུང་པར་ནུས་མིན་ན། །ཕྱི་མའི་དུས་སུ་དམྱལ་སོགས་འབར་བའི་ཀློང་། །རྒྱུན་མི་ཆད་པར་བསྟེན་པ་བཟོད་ནུས་སམ། །གནས་འདིའི་ངང་ཚུལ་ཤིན་ཏུ་ཡིད་སྐྱོ་བའི། །རྣམ་གྲངས་འགའ་ཞིག་འདིར་ཡང་བརྗོད་བྱས་ན། །སྡིག་ཆེན་དེ་དག་མདག་མེར་རབ་འབར་བའི། །ཀློང་ན་ཀུན་ཏུ་གནས་པར་གྱུར་པ་ལས། །ཁ་ཅིག་རང་ཉིད་སྔོན་གོམས་བག་ཆགས་ཀྱིས། །གང་མཐོང་མཐའ་དག་གསོད་པའི་དགྲར་བཟུང་ནས། །ལག་ན་མཚོན་ཆ་མི་བཟད་རྣོན་པོ་དག །ཐོགས་པས་ཕན་ཚུན་གསོད་ཅིང་ཡང་སོས་འགྱུར། །ཁ་ཅིག་ལུས་ལ་ཐིག་ནག་གྲངས་མེད་དག །བཏབས་པའི་ཤུལ་དུ་དམྱལ་སྲུང་འཇིགས་རུང་བ། །དུ་མས་སོག་ལེ་རྣོན་པོ་རབ་འབར་བས། །གཤོག་བཞིན་སླར་ཡང་འབྱར་ཞིང་སླར་ཡང་གཤོག །དེ་བཞིན་ཁ་ཅིག་ལྕགས་ཀྱི་ལྷུན་པོ་དག །དུད་འགྲོའི་མགོ་བརྙན་དུ་མར་རབ་མཐོང་ནས། །དེ་དག་འཐབ་པའི་བར་དུ་རང་གི་ལུས། །ཕྱེ་མར་འཐགས་ཤིང་སླར་ཡང་སོས་བཞིན་འཐབ། །ཁ་ཅིག་ལྕགས་ཁྱིམ་འབར་བར་བསྲེགས་ཆེས་བས། །ངུ་འབོད་རྒྱུན་མི་ཆད་པར་འདོན་བགྱིད་ཅིང་། ཁ་ཅིག་ཁྲོ་ཆུར་འཚོད་ཅིང་ལྕགས་ཀྱི་ཁྱིམ། །ཉིས་རིམ་འབར་བས་རབ་བསྲེགས་ཆེས་ཆེར་དུ། །ཁ་ཅིག་མདུང་ཐུང་འབར་བས་ཕན་ཚུན་དུ། །འབིགས་ཤིང་ཁ་ནས་ཞུན་ཆུ་སྡུད་བཞིན་འཐུང་། ཁ་ཅིག་གསལ་ཤིང་འབར་བ་རྩེ་གསུམ་པས། །ལུས་གཞུང་འབིགས་ཤིང་ཕྱི་ནས་ལྕགས་སྲེག་དཀྲི། །དེ་བཞིན་ཁ་ཅིག་མེ་ཡི་ཕུང་བོ་དང་། །རང་ལུས་ཐ་དད་ཉིད་དུ་མི་མངོན་པར། །བསྲེགས་ཤིང་སླར་ཡང་གོང་དུ་སྨོས་རྣམས་ཀྱང་། །མྱོང་བར་འགྱུར་ཕྱིར་མྱ་ངན་གསར་བས་ཉེན། །གཞན་དག་མདག་མེའི་འོབ་དང་སྤུ་གྲིའི་ཐང་། །རལ་གྲིའི་ཚལ་དང་རོ་མྱག་འདམ་ཚུད་ཅིང་། །འགའ་ཞིག་ཤལ་མ་ལི་ཡི་སྡོང་བོ་ལ། །འཛེགས་ཤིང་ཁྭ་དང་བྱ་རྒོད་མིག་ལ་འདྲུ། །དེ་བཞིན་གཞན་དུ་གྲང་བའི་དམྱལ་བ་དག །གཞི་དང་ཁོར་ཡུག་གངས་རི་འབའ་ཞིག་ལ། །སྣང་བ་ཅུང་ཟད་ཙམ་ཡང་མངོན་མིན་པར། །གཅེར་བུར་གནས་པའི་ལུས་ལ་ལྷག་རྦུད་པས། །ཆུ་བུར་དང་ནི་ཆུ་བུར་རྡོལ་བ་དང་། །ཨ་ཆུ་ཀྱི་ཧུད་འདོན་དང་སོ་འཐམ་དང་། ཨུཏྤལ་དང་ནི་པདྨ་པད་ཆེན་བཞིན། །ལུས་ཀུན་གས་པའི་རྨ་ལ་སྲིན་བུས་ཟ། །གཞན་ཡང་འགལ་དུམ་བཅད་དང་སྒོ་འཕར་སོགས། །ཀུན་ལ་ཉེ་བར་ལེན་པའི་ཉི་ཚེ་བ། །དེ་སོགས་རྣམ་པར་སྔང་བའི་ལས་ཀྱི་འབྲས། །དཔག་མེད་མྱོང་འགྱུར་ཚུལ་འདིར་བསམ་པར་རིགས། །ཡི་དྭགས་རྣམས་ལའང་ཕྱིན་ཅི་ལོག་བཞི་དང་། ལོ་ཟླ་དུ་མར་བཟའ་བཏུང་མི་རྙེད་ཅིང་། ཅུང་ཟད་རྙེད་ཀྱང་མེ་ལྕེར་འབར་བ་སོགས། །བྱིངས་ན་གནས་པའི་སྡུག་བསྔལ་དཔག་ཡས་ལ། །མཁའ་རྒྱུ་རྣམས་ནི་གནད་གཅོད་སྡུག་བསྔལ་གྱིས། །རྟག་ཏུ་གདུངས་ཤིང་འབྱོར་བ་མི་བརྟན་དང་། གཞན་དབང་ཉིད་དང་གནོད་པའི་བསམ་སྦྱོར་གྱིས། །ཕྱི་མའི་སྡུག་བསྔལ་ཉེ་བར་ལེན་སོགས་འབྱུང་། །དུད་འགྲོ་ན་ཡང་བཀོལ་སྤྱོད་གླེན་རྨོངས་དང་། །ཕན་ཚུན་འཚེ་དང་མུན་པར་ཚུད་པ་སོགས། །ཤིན་ཏུ་ཡི་མུག་ལས་ཀྱིས་མནར་གྱུར་པའི། །ཚུལ་འདིར་བསམ་བཞིན་རྨོངས་དང་འདོད་ཞེན་སྤོང་། །མདོར་ན་སྲིད་པ་མཐོ་དམན་གར་སྐྱེས་ཀྱང་། །བདེ་བར་བསྟི་བའི་གནས་འགའ་མེད་དོ་ཞེས། །བརྩེ་ཆེན་རྒྱལ་བ་ཉིད་ཀྱིས་ལེགས་གསུངས་ན། །ཁྱོད་བློ་ཀུན་ནས་རྣམ་པར་གཡེང་མི་འཚལ། །དེ་ལྟར་སྡུག་བསྔལ་བདེན་པའི་ཆོས་གང་ལ། །ངེས་པ་གཏིང་ནས་རྙེད་པར་གྱུར་པའི་ཚེ། །དེ་རྒྱུ་ཀུན་འབྱུང་ལས་དང་ཉོན་མོངས་པ། །སྤོང་བའི་ཐབས་ལ་ནན་ཏན་བགྱིད་འཚལ་ལོ ། དེ་ཡང་བསླབ་གསུམ་གྱིས་བསྡུས་ལམ་རིམ་ལ། །སྦྱངས་འབྲས་འགོག་བདེན་མངོན་དུ་བྱ་དགོས་ཕྱིར། །དེ་ཉིད་ཇི་ལྟར་ཉམས་སུ་བླང་བའི་ཚུལ། །མདོ་ཙམ་སླར་ཡང་འདིར་ནི་གསལ་བར་བྱ། །གང་ཞིག་ཐོག་མར་ཚུལ་ཁྲིམས་བསླབ་པ་ཡིས། །རང་རྒྱུད་སྡོམ་པའི་ཐབས་ལ་མ་འབད་ན། །ཡོན་ཏན་ཀུན་གྱི་གཞི་རྟེན་མེད་འགྱུར་ཕྱིར། །བསྒྲིམས་ཏེ་བླང་དོར་གནས་ལ་སློབ་པར་བྱ། །རྣམ་དག་ཚུལ་ཁྲིམས་བསླབ་པས་རྒྱུད་བསྡམས་ནས། །ཏིང་འཛིན་ཟབ་མོ་སྒོམ་པ་གལ་ཆེ་ཕྱིར། །བསྐྱེད་དང་རྫོགས་པའི་རིམ་པ་ཟུང་འཇུག་ལ། །ཉིན་མཚན་ཀུན་ཏུ་གཡེལ་མེད་འབད་པར་བྱ། །ཏིང་འཛིན་དེ་ཡང་རྣམ་དག་ལྟ་བ་ཡིས། །མ་ཟིན་དེ་སྲིད་སྲིད་པའི་རྒྱུར་གོལ་ཕྱིར། །མཐའ་བརྒྱད་སྤྲོས་དང་བྲལ་བའི་རང་རིག་གང་། །རྟོགས་ཕྱིར་ཤེས་རབ་རྣམ་གསུམ་བསྒྲུབ་པར་གྱིས། །དེ་ལྟར་བསླབ་པ་གསུམ་གྱི་གོ་རིམ་ལ། །ཁྱོད་བློ་རྨོངས་པ་མེད་པར་འཇུག་བྱས་ན། །ཀུན་མཁྱེན་སྐུ་བཞིའི་བདག་ཉིད་གང་དེ་ཡི། །གོ་འཕང་བདེ་བླག་ཉིད་དུ་འཐོབ་པར་འགྱུར། །མདོར་ན་ཆོས་ཀུན་བདེན་པ་རྣམ་གཉིས་སུ། །ཤེས་ནས་དོན་དམ་ལྟ་བ་རྟོགས་པ་བཞིན། །ཀུན་རྫོབ་རྒྱུ་འབྲས་བླང་དོར་བགྱིད་པ་ལ། །བརྩོན་འདི་རྒྱལ་དབང་པདྨའི་རིང་ལུགས་ཡིན། །དེ་ལྟར་བདག་གིས་གང་ཞིག་གདམས་པ་ཀུན། །རྒྱལ་དང་དེ་སྲས་འཕགས་པའི་ཞལ་ལུང་ལས། །ཕྱོགས་ཞེན་བློ་ཡིས་བཅོས་པ་འགའ་མེད་ཕྱིར། །ཐར་འདོད་ཀུན་གྱིས་ཉམས་སུ་བླང་བར་འོས། །ཚུལ་འདིར་བརྩོན་པའི་དགེ་ཚོགས་དལ་འགྲོའི་རྒྱུན། །མནོག་ཆུང་སྲིད་བདེའི་རྫིང་བུར་མི་འཁྱིལ་བར། །རྒྱལ་ཀུན་མཛད་བཟང་ཆུ་ཀླུང་ཆེན་པོ་དང་། །དབྱེར་མེད་སྐུ་བཞིའི་རྒྱ་མཚོར་གཞོལ་བར་ཤོག །ཅེས་པའང་བསམ་ཡས་སྐུ་གཉེར་སྒྲུབ་བརྩོན་པ་གཞན་ཕན་བཤེས་གཉེན་ནས་ཞལ་གདམས་ཤིག་དགོས་ཞེས་ཕེབས་བཞིན་སྔ་འགྱུར་གྱི་རིང་ལུགས་འཛིན་པའི་མདོ་ཁམས་ཀྱི་བནྡེ་རྒྱལ་བའི་སྲས་པོའི་མིང་གི་ཅོད་པཎ་འཆང་བ་གཞན་ཕན་མཐའ་ཡས་འོད་ཟེར་དུ་འབོད་པས་དཔལ་གྱི་བསམ་ཡས་དང་ཉེ་བའི་རི་ངོགས་དབེན་པ་ནས་ཤར་མར་སྤེལ་བ་མངྒ་ལཾ།། །།

རྗེ་དབོན་ཚུལ་ཁྲིམས་ཆོས་འཕེལ་ལ་གདམས་པ།

༄། །རྗེ་དབོན་ཚུལ་ཁྲིམས་ཆོས་འཕེལ་ལ་གདམས་པ། །སྐྱབས་རྒྱལ་ཀུན་འདུས་པའི་ངོ་བོ་ཉིད། །ཕ་མཚུངས་བྲལ་འཁོར་ལོའི་མགོན་པོར་འདུད། །སེམས་གཉུག་མའི་རང་ཞལ་རྗེན་པ་རུ། །དུས་ད་ལྟ་རྟོགས་པར་བྱིན་གྱིས་རློབས། །ཁྱེད་གསོན་དང་བློ་ལྡན་སྐལ་བ་ཅན། །ཆོས་རྣམ་དག་སྒྲུབ་འདོད་ངོ་མཚར་ཡང་། །ལམ་འཇུག་པའི་གོ་རིམ་ནོར་གྱུར་ན། །འབྲས་ཉམས་རྟོགས་སྐྱེ་བ་དཀའ་ལགས་པས། །དུས་དང་པོ་དལ་འབྱོར་རྙེད་དཀའ་སོགས། །བློ་སྦྱོང་བའི་ཐབས་ལ་ལེགས་འབད་ནས། །སྲིད་འཁོར་བའི་བླང་དོར་ཆོས་བརྒྱད་པོ། །དེ་མགོ་སྙོམས་བྱེད་པ་ཤིན་ཏུ་གཅེས། །ཡུལ་འདོད་ཡོན་བདུད་ཀྱི་འཆིང་བ་ལ། །ཡིད་གཏད་ན་གྲོལ་པ་མི་འཐོབ་པས། །ཁྱེད་ཆགས་སྡང་ཡུལ་ལ་ཡན་པའི་སེམས། །དེ་འདྲ་བའི་ལྕགས་ཀྱུས་རྒྱུན་དུ་ཟུངས། །གཞི་ཕུང་བོ་སྐྱེ་མཆེད་ཁམས་རྣམས་ཀུན། །རྟེན་སྒོ་གསུམ་ཉིད་དུ་བསྡུ་བྱས་ནས། །དེ་ང་བདག་དམིགས་པར་གང་གཙོ་ཞེས། །ཆ་ཕྲ་མོར་ཕྱེ་ནས་སོ་སོར་བརྟགས། །སྐབས་དེ་ཚེ་གཙོ་བོར་གང་རྟོགས་པའི། །ཡུལ་དེ་དང་དེ་བདག་གཅིག་གམ་གཞན། །འདི་ལེགས་པར་བརྟག་ཚེ་གཙོ་དེ་ལས། །བདག་གུད་ན་མེད་པར་རྟོགས་པ་ན། གཟོད་གཙོ་བོ་ཉིད་ཀྱང་རྡུལ་ཕྲན་དང་། །དུས་སྐད་ཅིག་ཆ་ཤས་ཀྱིས་་དབྱེ་བས། །དེར་གདགས་གཞི་བདེན་གྲུབ་མེད་ངེས་པའི། །མཚང་ལེགས་པར་རྟོགས་པ་ཤིན་ཏུ་གལ། །ཚུལ་དེ་ལྟས་ཕྱི་ནང་ཆོས་འདི་ཀུན། །དོན་བདེན་མེད་སྒྱུ་མ་ལྟར་མཐོང་ཚེ། །དབྱིངས་སྤྲོས་བྲལ་བདེན་པ་དབྱེར་མེད་པ། །དེ་དག་མཉམ་ཆོས་སྐུར་རྟོགས་བྱས་ནས། །སླར་ཏིང་འཛིན་རིམ་བཞིན་སྒོམ་པའི་ཚུལ། །རྒྱུད་ཟབ་མོ་ལས་བྱུང་དབང་བཞི་ཡི། །ལམ་བསྐྱེད་རྫོགས་གོ་རིམ་མ་འཆོལ་བར། །རྒྱུ་ས་བོན་ལས་སྐྱེས་འབྲས་བཞིན་སྐྱེད། །དེའི་མཐུན་གྲོགས་དམ་ཚིག་སྦྱོང་བ་སྟེ། །འདི་ལེགས་པར་སྲུང་ལ་མ་འབད་ན། །སྣོད་བུག་རྡོལ་ཅན་དུ་བཅུད་བླུག་བཞིན། །ལམ་བསྒོམ་པའི་འབྲས་ཀུན་མེད་པར་བྱེད། །དོན་དེ་ཕྱིར་ཚུལ་ཁྲིམས་ཞིང་ས་ལ། ཐོས་བསམ་གྱི་ས་བོན་ལེགས་བཏབ་ནས། །ཏིང་འཛིན་གྱི་ཆུ་ལུད་བསྐྱེད་བྱས་ན། །ལྷག་མཐོང་གི་འབྲས་བཟང་གཡུར་དུ་ཟ། །དེས་ཆོས་ཉིད་བདེན་པ་མངོན་མཐོང་ནས། །འཕགས་ལམ་ཀུན་རིམ་གྱིས་བསྒྲོད་ལགས་པས། །ཁྱེད་བསླབ་གསུམ་ནོར་བུའི་ཐེམ་སྐས་འདིར། །ཡོངས་འཛེགས་ནས་རྣམ་མཁྱེར་མངོན་བྱེད་མཛོད། །ཅེས་པའང་རྗེ་དབོན་ཚུལ་ཁྲིམས་ཆོས་འཕེལ་ནས་ཇི་ལྟར་བསྐུལ་དོན་ལྟར་བཙུན་པ་གཞན་ཕན་མཐའ་ཡས་པས་གདམས་པ་དགེ། །།

ཐུབ་བསྟན་རྡོ་རྗེ་བྲག་ཏུ་སུམ་ལྡན་རྡོ་རྗེ་འཛིན་པ་ཨོ་རྒྱན་འགྲོ་འདུལ་ལ་གདམས།

༄། །ཐུབ་བསྟན་རྡོ་རྗེ་བྲག་ཏུ་སུམ་ལྡན་རྡོ་རྗེ་འཛིན་པ་ཨོ་རྒྱན་འགྲོ་འདུལ་ལ་གདམས་པ་བཞུགས། །དངོས་ཀུན་ལྷན་སྐྱེས་བདེ་ཆེན་ཆོས་ཀྱི་སྐུར། །མངོན་པར་བྱང་ཆུབ་དང་པོའི་སངས་རྒྱས་དང་། །དབྱེར་མེད་གཟུགས་སྐུའི་སྒྱུ་འཕྲུལ་དཔལ་ཆེན་པོ། །ཁྱབ་བདག་བླ་མ་མཆོག་གིས་དགེ་ལེགས་སྩོལ། །འདི་ན་ཐོས་ཆུང་གྱི་ནར་གནས་པ་ལ། །ཉམས་ལེན་གནད་ཀྱི་མན་ངག་དགོས་སོ་ཞེས། །ཝ་སྐྱེས་རྒྱལ་པོར་བཀུར་བའི་རྗེས་འགྲོའི་ངག །བསྐུལ་བའི་ལན་དུ་མཆིད་འདི་གསོལ་བར་བགྱི། །ངོས་ཅག་ཐེག་པ་མཆོག་གི་གྲུབ་མཐའ་ལ། །དམ་བཅའ་བགྱིད་མཛོད་འོན་ཏེ་དེ་ལྟ་ན། །འཕགས་པའི་ཡུལ་དུ་གྲགས་པའི་ལྟ་གྲུབ་བཞིའི། །རྣམ་བཞག་ཇི་སྙེད་སོ་སོར་འབྱེད་པ་དགོས། །གང་ཕྱིར་གྲུབ་མཐའི་ལྟ་བའི་སྐྱོན་ཡོན་ཀུན། །མ་རྟོགས་དེ་སྲིད་རང་ལུགས་འཐད་ལྡན་དུ། །འཇོག་པའི་གཏན་ཚིག་རྙེད་པ་མ་ཡིན་ན། །ཅི་ཙམ་བསྒོམས་ཀྱང་གེགས་དང་གོལ་སར་ཕྱིན། །གང་ཚེ་ལྟ་བར་ངེས་པ་རྙེད་པ་ན། །སླད་ནས་ཞི་ལྷག་གིས་བསྡུས་བསྐྱེད་རྫོགས་ཀྱི། །སྒོམ་དང་འབྲེལ་ནས་ཉམས་སུ་བླང་བའི་མཐུས། །ས་ལམ་ཡོན་ཏན་གོང་དུ་འཕེལ་བ་ཡིན། །དེ་ཡི་ཚུལ་ལ་གཞལ་བྱ་འཁོར་འདས་དང་། །ལམ་གྱིས་བསྡུས་པའི་ཐ་སྙད་ཇི་སྙེད་ཀུན། །རྣམ་དག་ཐོས་བསམ་སྒོམ་པ་ལས་བྱུང་བའི། །ཤེས་རབ་གསུམ་གྱིས་རིམ་བཞིན་བསྒྲུབ་པར་འཚལ། །གང་གིས་བསྒྲུབ་པའི་གྲུབ་དོན་སྤྲོས་བྲལ་གྱི། །གནས་ལུགས་དོན་དམ་བདེན་པའི་རང་བཞིན་ལས། །ལྷུན་གྲུབ་འོད་གསལ་རྟེན་འབྱུང་སྒྱུ་མ་རུ། །ཤར་བའི་ཚུལ་དེ་གཉིས་མེད་མཁྱེན་པར་མཛོད། །གང་ཚེ་རིགས་པས་གྲུབ་པའི་སྟོང་ཉིད་དང་། །ཉམས་མྱོང་སྒོམ་པ་ལས་བྱུང་ལྷན་སྐྱེས་ལ། །འདམ་ག་མི་དགོས་ཆུ་ལ་ཆུ་བཞག་བཞིན། །རྟོགས་འདིས་ཡིད་དཔྱོད་གྲུབ་མཐའ་ཕལ་ཆེར་འཇིག །དེ་ཕྱིར་མཉམ་བཞག་ཟུང་འཇུག་ཡེ་ཤེས་དང་། །རྗེས་ཐོབ་ཅིར་སྣང་སྒྱུ་མའི་དཔེ་བརྒྱད་དུ། །ལམ་བྱེད་བགྱིད་འདིས་ཟག་བཅས་དགེ་ཚོགས་ཀུན། །ཟག་མེད་ཆོས་ཀྱི་དབྱིངས་སུ་སྦ་བར་མཛོད། །དེ་སྐད་ལྟ་སྒོམ་ལས་འཕྲོས་ངག་འདི་ནི། །གྲུབ་རིགས་རྒྱལ་སྲས་དུ་མའི་ཞབས་ཀྱི་རྡུལ། །གཙུག་ཏུ་འཛིན་པའི་བཙུན་ཆུང་གཞན་ཕན་གྱིས། །རྡོ་རྗེ་འཛིན་པ་གང་ལ་སྤྲིང་བ་ལགས། །དགེ་བ་འདི་ཡིས་ལུས་ཅན་མཐའ་དག་ཀུན། །སྲིད་པའི་འཆིང་བ་དམ་པོ་ལས་གྲོལ་ཏེ། །མྱུར་དུ་གསང་འཛིན་རྡོ་རྗེའི་གོ་འཕང་གང་། །བདེ་བླག་ཉིད་དུ་འགྲུབ་པར་ཤོག་ཅིག་གུ། །ཅེས་པའང་སུམ་ལྡན་རྡོ་རྗེ་འཛིན་པ་ཨོ་རྒྱན་འགྲོ་འདུལ་ནས་ལྷ་རྫས་དང་རིན་ཆེན་གཉིས་པའི་འཁོར་ལོ་ཟུང་དང་བཅས་བཤུལ་ལམ་རིང་མོ་ནས་བསྐུལ་བཞིན་རྒྱལ་སྲས་གཞན་ཕན་མཐའ་ཡས་པས་ཐུབ་བསྟན་རྡོ་རྗེ་བྲག་ནས་ཤར་མར་སྤེལ་བ་མངྒ་ལཾ།། །།

མཆིམས་ཕུ་ནས་ཞལ་སློབ་པདྨ་འཕེལ་རྒྱས་ལ་གདམས་པ།

༄། །མཆིམས་ཕུ་ནས་ཞལ་སློབ་པདྨ་འཕེལ་རྒྱས་ལ་གདམས་པ། །མཁས་གྲུབ་བླ་མའི་ཞབས་ལ་གུས་བཏུད་ནས། །གང་ལ་ཕན་པའི་གཏམ་འདི་བདག་གིས་སྨྲ། །སྲིད་པའི་རང་བཞིན་མེ་འོབ་ལྟ་བུ་ལ། །སྐྱོ་བའི་སེམས་ཀྱིས་ཐར་བ་སྒྲུབས་ཤིག་བུ། །ལས་འབྲས་བསླུ་བ་མེད་པའི་རང་བཞིན་ལ། །བསམ་ནས་དགེ་སྡིག་བླང་དོར་མཛོད་ཅིག་བུ། །དལ་འབྱོར་རིན་ཆེན་རྙེད་པར་དཀའ་བ་ལ། །སྙིང་པོ་ལྷ་ཆོས་རྣམ་དག་སྒྲུབས་ཤིག་བུ། །འདུས་བྱས་ཐམས་ཅད་མི་རྟག་འགྱུར་བ་ལ། །བསམ་ནས་བློ་སྣ་འུབ་ཀྱིས་སྟུངས་ཤིག་བུ། །བསླུ་མེད་འདྲེན་པ་དཀོན་མཆོག་རྣམ་གསུམ་ལ། །ཁ་ཞེ་མེད་པའི་མོས་གུས་མཛོད་ཅིག་བུ། །གཉེན་དང་དགའ་གྲོགས་མཛའ་བཤེས་ཐམས་ཅད་ལ། །ཆོས་བཤོལ་བདུད་དུ་ཤེས་པར་གྱིས་ཤིག་བུ། །ཚོང་དང་སོ་ནམ་འདུ་འཛིའི་ལས་དག་ལ། །དོན་ཆུང་གཡེང་བའི་ཁོལ་བོར་སོམས་ཤིག་བུ། །ནམ་ཡང་འཛད་པ་མེད་པའི་ལོང་གཏམ་ལ། །སྐྱོ་བ་བསྐྱེད་ནས་ངག་བཅད་མཛོད་ཅིག་བུ། །ཅི་ཙམ་བསྐྱངས་ཀྱང་མགུ་བའི་དུས་མེད་པའི། །བྱིས་པའི་གྲོགས་དག་རིང་དུ་སྤོངས་ཤིག་བུ། །རྣམ་དག་དམ་པའི་ཆོས་ལ་བསྐུལ་བྱེད་པའི། །དགེ་བའི་བཤེས་དང་དགེ་གྲོགས་བསྟེན་ཅིག་བུ། །དམ་པ་ཀུན་གྱིས་གྲུབ་པ་བརྙེས་པའི་ས། །དབེན་པའི་གནས་སུ་རྟག་པར་སྡོད་ཅིག་བུ། །ཆང་དང་བུད་མེད་ཉིན་གཉིད་ཐ་མ་སོགས། །ཆོས་ཀྱི་ཆོམ་རྐུན་ཐམས་ཅད་སྤོངས་ཤིག་བུ། །དོན་མེད་མི་ཆེན་འབྱོར་ལྡན་ངོ་འཛིན་སོགས། །ལོག་འཚོ་ཀུན་ལ་བག་ཟོན་གྱིས་ཤིག་བུ། །རང་ལ་ལུང་རྟོགས་ཡོན་ཏན་དམན་བཞིན་དུ། །མཁས་དང་གྲུབ་རློམ་ང་རྒྱལ་སྤོངས་ཤིག་བུ། །ལོ་འགར་མཚམས་སྒྲུབ་བྱས་པའི་ཞེ་ཡུས་ཀྱིས། །དམ་པ་གཞན་ལ་སྐུར་འདེབས་མ་བྱེད་བུ། །རྟག་ཏུ་རང་གི་སྐྱོན་ལ་ལེགས་བསམ་ནས། །མཆོག་དམན་ཀུན་ལ་དག་སྣང་སྦྱོངས་ཤིག་བུ། །དམ་པའི་ཆོས་ལ་ཅི་ཙམ་བརྩོན་པའི་འབྲས། །རང་རྒྱུད་གདུལ་ཐབས་ཁོ་ནར་གཞོལ་ཤིག་བུ། །རྐྱེན་ངན་གདོན་སོགས་འཚེ་བ་ཅི་བྱུང་ཡང་། །སྡིག་སྒྲིབ་འཛད་པའི་ཐབས་སུ་སོམས་ཤིག་བུ། །ཚེ་འདིའི་སྟོབས་འབྱོར་སྙན་གྲགས་ལ་སོགས་ཀུན། །རྨི་ལམ་ཇི་བཞིན་བདེན་མེད་ཤེས་མཛོད་བུ། །གནས་སྐབས་གཞན་གྱིས་དད་གུས་བྱེད་རློམ་ཡང་། ཕལ་ཆེར་བསླུ་བྱེད་ཡིན་པ་རྟོགས་དགོས་བུ། །མཚམས་སྒྲུབ་དུས་སུའང་ལྟོ་རྒྱབ་འབྱོར་ཆེས་པ། །རྣམ་དག་ཆོས་ཀྱི་གེགས་སུ་ཤེས་དགོས་བུ། །གྲོང་དང་དགོན་པ་གང་དུ་གནས་ན་ཡང་། །ཟས་གོས་སྲོག་འཚོ་ཙམ་ལ་བརྟེན་དགོས་བུ། །ཧ་ཅང་ཀུན་ལས་ལྷག་པར་བྱེད་འདོད་ན། །དེ་ཚེ་བདུད་ཀྱིས་བསླུས་པར་ཤེས་དགོས་བུ། །ཆོས་དང་བླ་མར་ཐེ་ཚོམ་སྐྱེས་པའི་ཚེ། །དེ་རང་བདུད་ཀྱི་འཇུག་སྒོར་རྟོགས་དགོས་བུ། །སྡིག་པའི་གྲོགས་པོས་བློ་སྣ་སྒྱུར་བ་ན། །མི་ལྡོག་དད་པའི་སྲོག་མཁར་བརྟན་དགོས་བུ། །རང་བཞན་བྱ་བ་གང་ལ་འཇུག་ན་ཡང་། །དྲན་ཤེས་སོ་བ་སྔོན་དུ་གཏོང་དགོས་བུ། །དད་ལྡན་ཟས་དང་གཤིན་པོའི་རྫས་དག་ཀྱང་། །ས་ལམ་རྟོགས་པ་སྒྲིབ་པའི་བདུད་ཡིན་བུ། །ཇི་སྟེ་ཟས་ནོར་འགའ་ཞིག་འབྱོར་ན་ཡང་། །མཆོད་སྦྱིན་ཁོ་ནའི་རྒྱུ་རུ་མཛོད་ཅིག་བུ། །མདོར་ན་ཆོས་ཀུན་བྱང་ཆུབ་སེམས་གཉིས་སུ། །དྲིལ་ནས་དེ་དོན་ཉམས་སུ་ལོངས་ཤིག་བུ། །རྣམ་དག་ཚུལ་ཁྲིམས་བསླབ་པས་གཞི་བཟུངས་ནས། །ལྟ་སྒོམ་ཟུང་དུ་འཇུག་པར་མཛོད་ཅིག་བུ། །སྒོ་གསུམ་རྣམ་དཀར་གང་ལ་འཇུག་ན་ཡང་། །ཐམས་ཅད་གཞན་ཕན་ཁོ་ནས་སྒྲུབས་ཤིག་བུ། །གང་ཤེས་ཆོས་ཀུན་ཉམས་སུ་མ་བླངས་ན། །ཤེས་ཤེས་མང་བོས་ཕན་པར་མི་འདུག་བུ། །དེ་ལྟར་མརྗོད་དོན་རྒྱལ་བའི་མཚན་གྱི་གྲངས། །ཁྱོད་ལ་གདམས་བཞིན་ཉམས་སུ་ལོངས་ཤིག་ཀྱེ། །དགེ་བ་འདི་ཡིས་བདག་དང་འགྲོ་བ་ཀུན། །གསང་ཆེན་སྙིང་པོའི་དེ་ཉིད་རབ་རྟོགས་ནས། །ནགས་ཚལ་པདྨས་བརྒྱན་པའི་གྷནྡྷོ་ལར། །བག་ཡངས་ཉིད་དུ་གནས་པར་ཤོག་ཅིག་གུ། །ཞེས་པའང་རང་སློབ་པདྨ་འཕེལ་རྒྱས་ནས་བསྐུལ་བཞིན་མདོ་ཁམས་ཀྱི་བནྡེ་ཆོས་སྨྲ་བ་རྒྱལ་བའི་སྲས་པོའི་མིང་གི་ཅོད་པཎ་འཆང་བ་གཞན་ཕན་མཐའ་ཡས་འོད་ཟེར་དུ་འབོད་པས་མཆིམས་ཕུའི་བྲག་དམར་རི་མོ་ཕུག་ནས་ཤར་མར་སྤེལ་བ་མངྒ་ལཾ།། །།

ཡེར་བ་རིའི་མགུལ་ནས་དགེ་སློང་ཀུན་དགའ་ཚུལ་ཁྲིམས་ལ་གདམས་པ།

༄། །ཡེར་བ་རིའི་མགུལ་ནས་དགེ་སློང་ཀུན་དགའ་ཚུལ་ཁྲིམས་ལ་གདམས་པ། །ན་མོ་ཤྲཱི་མ་ཧཱ་གུ་རུ་བྷྱ༔ གང་ཡང་རྣམ་པར་གྲོལ་པའི་ལམ་བཟང་དུ། །དཀྲི་ལ་ནམ་ཡང་གཡེལ་བར་མི་མཛད་པའི། །བརྩེ་ཆེན་རྒྱལ་བ་ཞེས་བྱའི་གྲགས་དཀར་ཅན། །མགོན་པོ་དེ་ཡི་ཞབས་ལ་ཕྱག་འཚལ་ནས། །གང་གི་དྲིན་གྱིས་ཉེ་བར་རྟོགས་པ་ཡིས། །ལམ་དང་ལམ་མིན་འདི་ཞེས་འབྱེད་པ་གང་། །གང་ལ་ཕན་ཕྱིར་སླར་ཡང་འདིར་སྨྲ་ན། །བློ་ཁྱོད་སྙོམ་ལས་མ་བགྱིད་སློབ་བུ་གང་། །ཐར་བ་འགྲོ་ལ་ལམ་སྟོན་བླ་མ་དགོས། །ལམ་གྱི་གནད་དུ་ཐོས་བསམ་སྒོམ་པ་དགོས། །སྒོམ་པའི་སྔོན་དུ་རྣམ་དག་ལྟ་བ་དགོས། །གཡང་སར་འགྲོ་ལ་ཅི་ནས་མིག་ལྡན་དགོས། །བསྟེན་བྱའི་བླ་མ་མཚན་ཉིད་མི་ལྡན་ན། །འཇིགས་པའི་སྐྱབས་སུ་ཆོམ་རྐུན་བསྟེན་དང་འདྲ། །བསྒྲུབ་བྱའི་སློབ་བུར་དད་དམ་མི་ལྡན་ན། །སྙིང་ནོར་དགྲ་ཡི་ལག་ཏུ་སྤྲད་དང་འདྲ། །དེ་བས་ཐོག་མར་བཤེས་གཉེན་བསྟེན་པ་ལ། །མདོ་རྒྱུད་ཀུན་ནས་བཤད་པའི་མཚན་ཉིད་དག །ཚངས་པའི་བླ་མ་རིང་དུ་བཙལ་བྱ་སྟེ། །དེ་རྙེད་གྱུར་ནས་མིག་འབྲས་བཞིན་དུ་བསྟེན། །དམ་པའི་ཞལ་གྱི་བདུད་རྩི་མཐའ་དག་ཀྱང་། །ཐོབ་ལོའི་རྣམ་གྲངས་བགྲང་བ་ཙམ་མིན་པར། །གང་ཞིག་ཐོས་པའི་ཚིག་དང་དོན་ཉིད་ལ། ཡང་ནས་ཡང་དུ་བསམ་པར་བགྱིད་པ་གནད། །དེ་ཡང་ཐོག་མར་སྲིད་པའི་ངང་ཚུལ་ལ། །སྐྱོ་བའི་ངེས་འབྱུང་གཏིང་ནས་མ་སྐྱེས་པར། །ཆོས་ཚུལ་སྣང་བ་མ་ལུས་སྒྲུབ་པོ་ལོ། །འདི་ཀུན་ཐར་བའི་ལམ་དུ་འགྲོ་བ་མིན། དེ་ཕྱིར་སྲིད་ལ་སྐྱོ་བའི་ངེས་འབྱུང་དང་། །ཐར་དང་བཤེས་གཉེན་ལ་གུས་དད་པ་ཡིས། །སྐྱབས་དང་ལམ་དང་འབྲས་བུའི་མཆོག་གང་དུ། །དཀོན་མཆོག་རིན་ཆེན་ཉིད་དེ་བཟུང་བར་བྱ། །འདི་དང་ཚོགས་བསགས་པ་དང་ཚད་མེད་བཞིས། །བློ་སྦྱོང་སྔོན་དུ་འགྲོ་བའི་བྱང་ཆུབ་སེམས། །གང་ལ་ཀུན་རྫོབ་དོན་དམ་གྱིས་དབྱེ་བ། །འདི་ནི་རྒྱལ་སྲས་ལམ་གྱི་རྩ་བར་ཟུངས། །གང་གི་བསླབ་བྱའང་ཕ་རོལ་ཕྱིན་པ་དྲུག །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་བསླབ་གསུམ་དུ། །བསྡུ་མོད་འོན་ཏེ་ཐོས་པ་ལས་བྱུང་བའི། །ཤེས་རབ་འདི་ནི་ཀུན་གྱི་སྔོན་དུ་གཅེས། །གང་ལ་བརྟེན་ནས་དངོས་པོའི་གནས་ལུགས་ཀུན། །དོན་སྤྱིའི་ཚུལ་དུ་རྟོགས་པའི་ལྟ་བ་ཉིད། །བརྟེན་གོམས་བགྱིད་ཕྱིར་བརྩོན་པ་དྲག་པོ་ཡིས། །བསྐྱེད་དང་རྫོགས་པའི་རིམ་པ་གཉིས་ལ་སློབ། །ནམ་ཞིག་སྒོམ་པ་ལས་བྱུང་ཤེས་རབ་ཀྱིས། །གནས་ལུགས་མངོན་སུམ་ཉིད་དུ་མཐོང་བ་ལ། །ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཅེས། །གྲགས་མོད་འདི་ནི་མཐོང་བའི་ལམ་ཉིད་དོ། །གང་ཚེ་ཟག་མེད་ཡེ་ཤེས་མངོན་བརྙེས་ཕྱིར། །སྲིད་ལ་མི་འཇིགས་གནས་ཡིན་དེ་བས་ན། །གོ་འཕང་མཆོག་དེ་མངོན་དུ་མ་བགྱིས་པར། །ཉིན་མཚན་ཀུན་ཏུ་བརྩོན་པས་བསྒྲུབ་འཚལ་ལོ། །ལྷ་དང་མི་སོགས་འཇིག་རྟེན་ཀུན་གྱི་དད་པའི་བློ་གྲོས་པདྨོ་ནི། །གཙོ་བོའི་སེམས་ཀྱི་རྫིང་བུ་མཆོག་ལ་རྟག་ཏུ་གནས་པ་དེ་དག་ཀུན། །ཅིག་ཅར་རྒོད་པའི་སྣང་བ་མཆོག་སྦྱིན་ཐུགས་རྗེ་བྱམས་པའི་འོད་ཟེར་ཅན། །དཀོན་མཆོག་རིན་ཆེན་ཉི་མའི་དམ་པ་དུས་རྣམས་ཀུན་ཏུ་འབར་གྱུར་ཅིག །དགེ་བ་འདི་ནི་ཟླ་བ་ལས། །རབ་དཀར་བསོད་ནམས་ཕུང་པོ་ཡིན། །འདི་ཡི་གྲགས་པ་དཀར་པོ་ཡང་། །སྲིད་འདིའི་སྣང་བྱེད་ཁོ་ནར་ཤོག །ཅེས་པའང་བརྟན་མཁས་བཙུན་པའི་ཡོན་ཏན་མངོན་པར་མཐོ་བའི་དགེ་སློང་རྡོ་རྗེ་འཛིན་པ་ཀུན་དགའ་ཚུལ་ཁྲིམས་ཀྱིས་བཞེད་པ་སྐོང་ཕྱིར། རྒྱལ་བའི་སྲས་པོའི་མིང་གི་ཅོན་པཎ་འཆང་བ་གཞན་ཕན་མཐའ་ཡས་འོད་ཟེར་དུ་འབོད་པས་རྒྱས་དབང་པདྨའི་ཡོན་ཏན་གྱི་དབེན་གནས་ལྷ་རི་ཡེར་བའི་མགུལ་ནས་ཤར་མར་སྤེལ་བ་མངྒ་ལཾ།། །།

རུ་དམ་ཡང་དབེན་ནས་དམ་ཆོས་ལྷུན་གྲུབ་ལ་གདམས་པ།

༄། །རུ་དམ་ཡང་དབེན་ནས་དམ་ཆོས་ལྷུན་གྲུབ་ལ་གདམས་པ། །འགྲོ་བའི་བླ་མ་རྐང་གཉིས་ཀུན་གྱི་གཙོ། །སྲིད་ཞིར་མི་གནས་ཡེ་ཤེས་རྒྱ་མཚོའི་སྐུ། །ཐུབ་དབང་ཤཱཀྱ་སེང་གེའི་ཞབས་སེན་གྱི། །པད་དཀར་བདེ་ཆེན་འཁོར་ལོར་རོལ་གྱུར་ཅིག །དེང་འདིར་གསོན་དང་རྗེས་འཇུག་སློབ་མའི་ཚོགས། །འཇིག་རྟེན་འཁོར་བ་སྒྱུ་མའི་རང་བཞིན་ལ། །གང་ནས་བསམ་ཡང་བློ་གཏད་མི་འདུག་པའི། །གནས་ཚུལ་འདི་ལ་སླར་ཡང་གསལ་ཞིག་འདེབས། །ཀྱེ་ཧོ། མདག་མེའི་འོབས་དང་ནི། །རལ་གྲིའི་ཚལ་ལ་དགའ་ཚལ་དུ། །བལྟ་བ་ཇི་བཞིན་འགྲོ་བ་འདི། །ཕལ་ཆེར་བདུད་ཀྱིས་བསླུས་པར་གྱུར། །འདི་ལྟར་སྐྱེས་པ་མཐའ་དག་ནི། །འཆི་བའི་ཆོས་ལས་མ་འདས་ཤིང་། །དེ་བཞིན་འབྱོར་དང་འདུས་པ་ཡང་། །རྒུད་དང་འབྲེལ་བའི་ཆོས་ཅན་ནོ། །སྲིད་ན་འགའ་ཞིག་བདེར་གནས་ཤིང་། །འགའ་ཞིག་རྟག་པའི་སྐབས་མེད་དེ། །བདེ་བ་ཉིད་ཀྱང་སྡུག་བསྔལ་རྒྱུ། །འདུས་བྱས་ཉིད་ཕྱིར་མི་རྟག་པའོ། །དུས་ཀྱི་འཕོ་འགྱུར་གྱིས་མི་རྟག །ཀུན་རྫོབ་ཉིད་ཕྱིར་མི་རྟག་སྟེ། །རྡུལ་ཕྲན་དང་ནི་སྐད་ཅིག་ཏུ། །བསིལ་བས་ཀྱང་ནི་རྟག་པ་འགོག །དེ་ཕྱིར་མཐོ་དམན་གནས་རིས་ནི། །གང་ནའང་བདེ་བར་གནས་པ་དེ། །དུག་ལྡན་བཟའ་བས་འཚོ་བ་བཞིན། །སྡུག་བསྔལ་འབའ་ཞིག་མྱོང་བར་ཟད། །འདི་ན་ཤ་དང་རུས་པ་དང་། །ཚིལ་བུའི་བཀྲག་མདངས་བསྐྱེད་པ་ནི། །དམྱལ་བ་ཁོ་ན་རང་ཉིད་ཀྱིས། །རང་ལ་བརྩོན་པས་འབད་པ་སྟེ། །གང་ཕྱིར་སྡིག་ཆེན་རྒྱུར་བྱས་པར། །སྡུག་བསྔལ་མྱོང་ཞེས་ཐུབ་པས་གསུངས། །དེས་ན་སྡུག་གིས་མ་བསྒྲུབ་པའི། །འབྱོར་བ་སྲིད་ན་མི་གནས་ཕྱིར། །ལས་འདི་ཀུན་གྱི་མཚངས་མཐོང་ན། །ཚེ་གང་སྐྱིད་དུ་རེ་བ་ཡི། །སྟོབས་དང་སྙན་གྲགས་ལ་སོགས་པ། །ཞུན་ཆུ་ཁོལ་མར་འཐུང་བར་ངེས། །གང་ཚེ་འཁོར་བའི་བྱ་བ་འདི། །མི་རྟག་སྒྱུ་མའི་མཐོང་བའམ། །བདེན་པས་སྟོང་བར་ཐག་ཆོད་ཚེ། །ཆོས་བརྒྱད་ལ་ནི་ཅིའི་ཕྱིར་ཞེན། །གལ་ཏེ་དངོས་ལ་བདེན་པ་རུ། །ཞེན་ཀྱང་སྡུག་བསྔལ་འབའ་ཞིག་པའི། །རྒྱུ་འབྲས་ཉིད་ལ་ཡིད་ཆེས་ན། །དེས་ཀྱང་སྲིད་རྩ་ཕྲ་མོར་བགྱིད། །འོན་ཀྱང་ཐོག་མེད་ནས་གོམས་པས། །བག་ཆགས་འདི་ནི་ཆེས་བརྟས་ཕྱིར། །ཐབས་ཀྱི་ཚུལ་དུ་དག་ལ་ཡང་། །བརྩོན་པས་འཇུག་པ་གལ་ཆེའོ། །ཇི་ལྟར་བྲམ་ཟེ་མེ་སྦྱིན་དང་། །རྣལ་འབྱོར་སྤྱོད་པས་རང་གི་ལུས། །ཀེང་རུས་དང་ནི་མི་གཙང་བར། །བསྒོམས་པའི་རྒྱུ་མཚན་ཇི་བཞིན་ནོ། །ཁྱོད་ལ་ཕན་པར་སྨྲ་བ་ནི། །འདི་ན་སུ་ཞིག་མཆིས་པ་དེ། །ལམ་སྟོན་དགེ་བའི་བཤེས་གཉེན་ཡིན། །གཞན་ནི་ཕལ་ཆེར་ལོག་ལམ་སྟོན། །འདི་ལྟར་སྲོག་ལ་བདེ་བྱེད་པའི། །གཡོ་ཅན་སྐྱེ་བོ་དག་གིས་ཀྱང་། །ཟོལ་གྱི་རྣམ་འགྱུར་སྟོན་པ་ལ། །ཅི་ནས་ཞིབ་པར་སྨྲ་འམ། །དེ་བཞིན་འདི་ན་ཐར་ལམ་གྱི། །གེགས་འགྱུར་སུ་ཞིག་སྨྲ་བ་དེ། །བདུད་ཀྱི་གཏམ་དུ་ཤེས་བྱས་ནས། །རང་རྒྱུད་གཉེན་པོས་བཅོས་པར་བྱ། །ད་ནི་བསྟན་པ་རིན་ཆེན་གང་། །ཕལ་ཆེར་སྙིགས་པའི་སྐྱེ་བོས་བསླད། །རང་གི་ཚེ་ཡང་སྙིགས་མ་རུ། །གྱུར་པའི་ཚུལ་འདིར་མི་སྐྱོ་འམ། །གལ་ཏེ་ཁྱོད་ལ་རྣམ་མཁྱེན་གྱི། །ལམ་བཟང་སྒྲུབ་པའི་བློ་ཡོད་ཅིང་། །སྲིད་འདིའི་རང་མཚངས་མཐོང་གྱུར་ན། །དེ་ནས་ཆོས་ལ་བརྩོན་པ་རིགས། །ཅི་སྟེ་ཐོག་མར་འཇིག་རྟེན་གྱི། །བྱ་བ་འགའ་ཞིག་བརྩོན་བྱས་ནས། །སླད་ནས་ཆོས་ལ་འཇུག་གོ་ཞེས། །ཁྱོད་ལ་དེ་བློ་ཞུགས་གྱུར་ན། །དེ་ཚེ་བདུད་ཀྱི་མཚོན་ཆ་ནི། །སྙིང་ལ་ཉལ་བ་འབའ་ཞིག་སྟེ། །འདི་ལྟར་གཤིན་རྗེའི་སྐྱེས་བུ་ཡིས། །བྱ་བའི་མཇུག་ལ་མི་སྡོད་ཕྱིར། །ཀྱེ་མ་འགྲོ་བའི་བྱ་སྤྱོད་ནི། །ཕལ་ཆེར་གདོན་གྱིས་བརླམས་པའམ། །ཡང་ན་རང་གཞན་ཀུན་ཕུང་བའི། །གཡང་ལ་མཐོང་བཞིན་སྙེགས་པར་ཟད། །དེ་ཕྱིར་ཚེ་འདིའི་དོན་གཉེར་ན། །ཕྱི་མའི་དོན་ཆེན་སྤང་འགྱུར་ཕྱིར། །གལ་ཏེ་ཆོས་ཤིག་ངེས་སྒྲུབ་ན། རྣམ་གཡེང་ཙམ་གྱིས་འཇོག་པར་འཚལ། །ཁྱོད་ལ་འདུ་འཛིའི་བྱ་བ་དང་། །དམ་པའི་ཆོས་ཚུལ་ཟུང་འཇུག་ཏུ། །ཉམས་སུ་ལེན་པའི་ཚུལ་གང་ཞིག །སྨྲ་བ་དེ་ནི་གཤེད་མ་ཉིད། །འདི་ལྟར་རྒྱལ་བ་ཕན་བཞེད་པས། །དབེན་པ་ལ་ནི་ཡིད་གཞོལ་བའི། །ཚུལ་དེ་རྒྱ་ཆེར་གསུངས་པའི་དོན། །འདུ་འཛིས་གཡེང་བ་ཁོ་ནར་དགོངས། །དེ་ཕྱིར་ཐར་བའི་སྲོག་རྩ་ནི། །རྒྱལ་བའི་བཀའ་འདི་ལ་ལྟོས་ན། །དེ་ལས་དོན་གཞན་སྨྲ་བྱེད་པའི། །སྐྱེ་བོ་དེ་འདིར་ངེས་པའི་ཕྱིར། །གང་ལ་དམིགས་ནས་ཁྱོད་ཉིད་ཀྱང་། རྟོན་པ་བཞི་ལ་ཡིད་གཏད་དེ། །ཆོས་དང་ཆོས་མིན་འབྱེད་བྱེད་པའི། །ཤེས་རབ་རྣམ་པར་དག་པ་སྒྲུབས། །དེ་ཡང་ཐོས་པ་མང་བསགས་པའི། །དོན་ལ་བསམ་པས་ལེགས་དཔྱད་ནས། །བསམ་དོན་སྒོམ་པས་ཉམས་ལེན་པ། །འདི་ནི་དམ་པའི་རྣམ་ཐར་ཡིན། ཆོས་ཚུལ་བཟང་པོ་ཇི་སྙེད་ཅིག །སྲས་བཅས་རྒྱལ་བས་གསུངས་པའང་། །བློ་ཆུང་དག་གིས་ཕྱོགས་གཅིག་ཏུ། །གཅོད་ཀྱང་འདི་དོན་ཐ་དད་མིན། །གང་ཞིག་ཅེ་ན་དམ་པའི་དོན། །ཆོས་ཉིད་བྱང་ཆུབ་སེམས་ཀྱི་དངོས། །རྫོགས་པ་ཆེན་པོར་གྲགས་པའི་གཤིས། །མཐའ་བརྒྱད་སྤྲོས་བྲལ་ཉིད་རྟོགས་ཕྱིར། །འདི་དོན་རྟོགས་པའི་ཐབས་ལ་ནི། །སྨོན་དང་འཇུག་པའི་བསླབ་བྱ་ལས། །ལྷག་པ་གུད་ན་མི་དམིགས་ཕྱིར། །གང་ལ་བརྩོན་པ་མི་གཡེལ་འཚལ། །དེ་ཡང་ཐབས་ལས་ཐབས་བྱུང་བ། །གསང་ཆེན་བླ་ན་མེད་པ་ཡི། །བསྐྱེད་རྫོགས་གཉིས་ལ་བརྩོན་བཞིན་དུ། །ཡེ་ཤེས་ཟབ་མོའི་རང་གནད་བཙལ། །ཚུལ་འདི་དག་ཀྱང་གདུལ་བྱ་ཡི། །བློ་ལ་ལྟོས་ནས་དེར་སྣང་ལས། །བརྗོད་དོན་བྱང་ཆུབ་སེམས་གཉིས་ཀྱི། །གཞུང་དང་སྦས་དོན་ལས་གཞན་མིན། །དེ་ཕྱིར་འདི་ན་གང་བཤད་པ། །ཡིད་ཀྱི་ནོར་བུར་བསྟེན་བྱས་ནི། །མཐའ་ཐུག་འབྲས་བུ་གྲུབ་གཉིས་ཀྱི། །གཏེར་ཁ་མངོན་དུ་འབྱིན་པར་ངེས། །དེ་ལྟར་འགྲོ་ལ་ཕན་པའི་གཏམ་གང་ཞིག །སྐལ་ལྡན་ཡིད་ཀྱི་འཁྲི་ཤིང་དམ་པ་རུ། །དམིགས་ནས་བདག་གིས་སྨྲས་པ་འདི་ཡིས་མཐུས། །འགྲོ་ཀུན་ཆོས་ལ་བརྩོན་པའི་མཐུ་ཐོབ་ཤོག །དད་བརྩོན་ལྡན་པ་དམ་ཆོས་ལྷུན་གྲུབ་ཀྱི་ངོར། །རྒྱལ་སྲས་གཞན་ཕན་པས་རུ་དམ་ཡང་དབེན་ནས་གདམས་པ་མངྒ་ལཾ།། །།

བསམ་ཡས་རྟ་མགྲིན་གླིང་ནས་སློབ་བུ་གཞན་ཕན་ཉི་མར་གདམས་པ།

༄། །བསམ་ཡས་རྟ་མགྲིན་གླིང་ནས་སློབ་བུ་གཞན་ཕན་ཉི་མར་གདམས་པ། །ན་མོ་གུ་རུ་བྷྱཿ སྲས་བཅས་རྒྱལ་བ་ཀུན་གྱི་གསང་གསུམ་ལ། །དབང་བསྒྱུར་ཆོས་རྗེ་བླ་མར་ཕྱག་འཚལ་ནས། །དད་དམ་ལྡན་པའི་སློབ་བུར་ཕན་པའི་གཏམ། །འགའ་ཞིག་འདིར་ནི་སླར་ཡང་གསལ་བར་བྱ། །ཀྱེ་ཧོ་རིང་མོ་ཞིག་ནས་འབད་པའི་འབྲས། །དལ་འབྱོར་རིན་ཆེན་ལན་ཅིག་རྙེད་པ་འདི། །ད་རེས་སྟོང་ལོག་བགྱིས་ན་ཚེ་གཏན་གྱི། །འདུན་མ་ནོར་བར་འགྱུར་ཞེས་བསམ་པར་བྱ། །སྐྱེས་པ་མཐའ་དག་འཆི་བའི་ཆོས་ཅན་དང་། བསགས་པ་མཐའ་དག་འཛད་པའི་ཆོས་ཅན་ཏེ། །འབྱོར་བ་མཐའ་དག་རྒུད་པའི་ཆོས་ཅན་དང་། །འདུས་པ་མཐའ་དག་འབྲལ་ཞེས་བསམ་པར་བྱ། །རང་ལ་ཕན་པ་བུ་ཚ་གཉེན་མིན་ཏེ། །ནོར་དང་ཁེ་དྲག་དག་ཀྱང་ཕན་མི་འགྱུར། །གང་ཚེ་ཚོགས་གཉིས་བསགས་པ་འབའ་ཞིག་དེ། །སྐྱབས་དང་དཔུང་གཉེན་ཡིན་ཞེས་བསམ་པར་བྱ། །བདག་ལ་རེ་བ་ཕལ་ཆེར་གཞན་འགྱུར་ཞིང་། །སྡང་བའི་ཕྱོགས་ཀྱང་སྐབས་འགར་ཕན་སྲིད་ན། །འདི་ན་དགྲ་དང་གཉེན་དུ་བཟུང་བྱས་པ། །མཐའ་དག་རང་སེམས་འཁྲུལ་ཞེས་བསམ་པར་བྱ། །ཇི་སྲིད་བདག་འཛིན་དབྱིངས་སུ་མ་ནུབ་བར། །རྟེན་འབྱུང་རྒྱུ་དང་འབྲས་བུ་བསླུ་མེད་ཕྱིར། །རྣམ་པར་གནག་པའི་ལས་ཀུན་རབ་སྤངས་ནས། །དགེ་བ་གོམས་འདྲིས་དགོས་ཞེས་བསམ་པར་བྱ། །སྡིག་པའི་ལས་ཀྱིས་གཏན་དུ་སྡུག་བགྱིད་ཅིང་། །དམྱལ་སོགས་མེ་ཆེན་སྲོག་ལ་སྦར་བྱེད་ན། །མྱོང་འགྱུར་འབྲས་བུར་དམིགས་ནས་རྒྱུ་འགོག་པའི། །ཐབས་འདི་ཡང་ནས་ཡང་དུ་བསམ་པར་བྱ། །གང་ཚེ་ཐར་བའི་ལམ་བཟང་སྟོན་པ་དང་། །འདོད་རྒུ་སྦྱིན་པའི་རིན་ཆེན་བུམ་བཟང་ནི། །མཚན་ལྡན་དམ་པའི་བཤེས་གཉེན་ཁོ་ན་རུ། །ཤེས་ནས་དེ་བསྟེན་ཚུལ་ལ་བསམ་པར་བྱ། །དམ་པས་གནང་བའི་ཞལ་གྱི་གདམས་ངག་ཀྱང་། །ཚིག་བརྗོད་སྤྲོས་པ་ཙམ་ཞིག་མ་ལགས་པར། །གནད་ཀུན་རང་རྒྱུད་འདུལ་བའི་ཐབས་ཁོ་ནར། །ངེས་པའི་ཚུལ་འདི་ཡང་ཡང་བསམ་པར་བྱ། །འདི་དང་ཕྱི་མའི་གནས་སྐབས་གང་དུ་ཡང་། །བསླུ་མེད་སྐྱབས་གནས་དཀོན་མཆོག་གསུམ་པོ་རུ། །ངེས་ཕྱིར་ཁ་ཙམ་མིན་པའི་མོས་གུས་ཀྱིས། །སྐྱིད་སྡུག་ཁོང་ལ་བཅོལ་ཞེས་བསམ་པར་བྱ། །བདག་བདེ་གཉེར་ལས་གཏན་བདེ་མི་འགྲུབ་ཅིང་། །མི་རྣམས་དྲིན་མི་གཟོ་བར་མི་རིགས་ལ། །གཞན་བདེ་གཉེར་ན་རང་བདེ་ཤུགས་འབྱུང་དུ། །འགྲུབ་པའི་ཚུལ་འདི་ངེས་ཞེས་བསམ་པར་བྱ། །འགྲོ་ལ་ཕན་པའི་ལྷག་བསམ་གོ་བགོས་ཏེ། །རྒྱལ་སྲས་སྤྱོད་ལ་འཇུག་པའི་ཚུལ་ཀུན་ཀྱང་། །བསླབ་གསུམ་གྱིས་བསྡུས་ཕ་རོལ་ཕྱིན་དྲུག་གི །གཞུང་འདི་ཁོ་ནར་འདུག་ཅེས་བསམ་པར་བྱ། །དེ་ཡི་མན་ངག་བསྐྱེད་རྫོགས་རིམ་གཉིས་ཀྱིས། །བསྡུས་པའི་སྔགས་རྒྱུད་རྒྱ་མཚོར་ངེས་རྙེད་ནས། །ད་ལྟ་ཤི་ཡང་བློ་ལྷག་མི་དགོས་པའི། །བརྟན་གོམས་ཚེ་འདིར་བགྱིས་ཞེས་བསམ་པར་བྱ། །མདོར་ན་དམ་པའི་གདམས་ངག་མ་ལུས་པ། །གཅིག་ཏུ་དྲིལ་ནས་ཉམས་ལེན་ལ་བརྩོན་ཏེ། །སང་བྱ་གནང་བྱའི་གྲོས་འདུན་ཇི་སྙེད་ཀུན། །ཅོག་གེ་བཞག་ན་འདུན་མ་འགྲུབ་པ་ལགས། །དེ་ལྟར་ལྷག་བསམ་དྲི་བཞོན་གྱིས་ཁུར་བའི། །དགེ་ཚོགས་བསུང་ཞིམ་ཀུན་ནས་སྤྲོ་བ་ཅན། །རྒྱལ་གསུངས་པད་ཚལ་ལས་འོང་ཇི་བཞིན་ཏུ། །བདག་གིས་སྦྱར་མཐུས་འགྲོ་དབང་ཚིམ་པར་ཤོག། ཅེས་པའང་ཆོས་འཁོར་ཆེན་པོ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་ལྷོ་སྒོ་རྟ་མགྲིན་གླིང་ནས་རྒྱལ་སྲས་གཞན་ཕན་མཐའ་ཡས་པས་རང་སློབ་གཞན་ཕན་ཉི་མ་ལ་གདམས་པ་མངྒ་ལཾ།། །།

ཀོང་ང་ཕོད་ཕོ་བྲང་དུ་ཨོ་རྒྱན་ཐེག་མཆོག་ལ་གདམས་པ།

༄། །ཀོང་ང་ཕོད་ཕོ་བྲང་དུ་ཨོ་རྒྱན་ཐེག་མཆོག་ལ་གདམས་པ། །ན་མོ་མ་ཧཱ་གུ་རུ་བྷྱཿ བྱིན་རླབས་སྤྲིན་ཕུང་འཁྲིགས་ལས་དངོས་གྲུབ་ཀྱི། །ཆར་རྒྱུན་སྙིང་གི་ཐ་བར་འབེབ་མཛད་པའི། །ལྷ་དང་བླ་མ་དབྱེར་མེད་རྡོ་རྗེ་འཆང་། །གསོལ་བ་འདེབས་སོ་བུ་ལ་བརྩེ་བས་སྐྱོངས། །ཀྱེ་ཧོ་གྲོགས་དག་སྒྱུ་མའི་རང་བཞིན་གྱི། །འཁོར་བའི་ཆོས་འདིར་སྙིང་པོ་འགའ་མེད་པས། །སེམས་ཤིག་ཡོད་ན་དབེན་པའི་རི་ཁྲོད་དུ། །ད་ནི་ཟབ་མོའི་ལམ་མཆོག་སྒོམ་རེ་རན། །ད་ལྟ་ཉིད་ནས་བརྩོན་པ་མ་བསྐྱེད་ན། །ཐར་ལམ་ཉི་མ་ནུབ་རིའི་རྩེར་ཉེ་ཞིང་། །འཆི་བདག་གྲིབ་སོ་སྒོ་རྩར་སླེབ་པའི་ཚེ། །འཁོར་བའི་དགའ་བདེར་སྙིང་པོ་ཅི་འདུག་སོམས། །མཛེས་པའི་བྱད་གཟུགས་འོད་གསལ་ལྷར་འགྲན་ཞིང་། སྙན་པའི་གྲགས་པ་ནམ་མཁའི་རྗེས་སོང་ཡང་། །སང་ཙམ་བདག་ལ་ཕན་པ་འགའ་མེད་ཅིང་། །བདག་རྗེས་འབྲང་བའང་འགའ་ཞིག་ཡོད་དམ་ཅི། །སྲིད་པའི་ལོངས་སྤྱོད་ཕལ་ཆེར་དུག་བཞིན་དུ། །རང་སྲོག་གཅོད་པའི་མཚོན་ཆ་འབའ་ཞིག་པར། །མ་ཤེས་སྐྱེ་བོ་འཁྲུལ་བའི་བསླུ་བྲིད་དེས། །བདག་གི་བློ་ཡང་འཁྱོགས་པའི་ལམ་དུ་ཁྲིད། །འདི་ན་འགྲོ་ཀུན་ཆོས་མིན་ཆོས་ལྟར་དུ། །བཅོས་པའི་གཟུགས་ལ་ངོ་མཚར་བགྱིད་པའི་ཚུལ། །བསམས་ཚེ་དཀོན་མཆོག་རིན་ཆེན་རྣམ་གསུམ་ལས། །སྐྱབས་གནས་གཞན་ན་མེད་པའི་ཁོ་ཐག་ཆོད། །དེ་ཕྱིར་སྡུག་ཀྱང་ཞུམ་པར་མི་བགྱིད་ཅིང་། སྐྱིད་ཀྱང་ཁེངས་དང་རྒྱག་པའི་རྣམ་འགྱུར་ཀུན། །སྤངས་ནས་བློ་གཏད་དཀོན་མཆོག་ཁོང་རང་ལ། །བཅོལ་ན་འདི་ཕྱིའི་དོན་ཀུན་འགྲུབ་པར་འགྱུར། །མདོར་ན་རང་རྒྱུད་གདུལ་ཐབས་ལས་ལྷག་པའི། །ཆོས་དེ་གང་ལའང་མེད་པ་མཁྱེན་མཛོད་ལ། །རྟག་ཏུ་དྲན་དང་ཤེས་བཞིན་བག་ཡོད་པས། །ཉོན་མོངས་འབུར་འཇོམས་གྱིས་དང་སྐལ་བ་ཅན། །དེ་སྐད་ཆོས་ལ་བསྐུལ་བའི་ངག་འདི་ནི། །རྒྱལ་སྲས་དམ་པའི་རྣམ་ཐར་ཆེས་ཕྲ་ཡང་། །ནེ་ཙོའི་གཏམ་བཞིན་སྨྲ་བ་གཞན་ཕན་པས། །ཨོ་རྒྱན་ཐེག་མཆོག་རྣམ་རྒྱལ་གང་ལ་གདམས། །དགེ་བ་འདི་ཡིས་ལུས་ཅན་ཇི་སྙེད་ཀུན། །སྲིད་པའི་ནགས་ཚལ་འཁྲུགས་ལས་ཡིད་དབྱུང་ནས། །གཏན་བདེ་ཞི་བ་པད་མའི་དགའ་ཚལ་ལ། །གཅིག་ཏུ་སྤྲོ་བའི་ངེས་འབྱུང་སྐྱེ་བར་ཤོག །ཅེས་པའང་ཀོང་ང་ཕོད་ཕོ་བྲང་ནས་རྒྱལ་སྲས་གཞན་ཕན་མཐའ་ཡས་པས་གདམས་པའོ།། །།

ལྷུན་གྲུབ་རྩེ་བ་ཀུན་བཟང་ཡེ་ཤེས་རྒྱལ་མཚན་ལ་གདམས་པ།

༄། །ལྷུན་གྲུབ་རྩེ་བ་ཀུན་བཟང་ཡེ་ཤེས་རྒྱལ་མཚན་ལ་གདམས་པ། །ན་མོ་སརྦ་གུ་རུ་བྷྱཿ ཡང་དག་ལམ་གྱི་དེ་ཉིད་ནི། །སྟོན་མཛད་དགེ་བའི་བཤེས་གཉེན་ཏེ། །སངས་རྒྱས་ཀུན་དང་མི་གཉིས་པའི། །རྡོ་རྗེ་འཆང་དེར་ཕྱག་འཚལ་ནས། །ལམ་གྱི་རྣམ་གཞག་མདོར་བསྡུས་པ། །གང་ཡིན་དེ་ནི་འདིར་བཤད་ན། །དཔྱད་གསུམ་དག་པས་ལེགས་བསྒྲུབས་ཏེ། །བདག་གིར་བགྱི་བ་ཉིད་དུ་མཛོད། །གང་ཞིག་ཐར་བ་དོན་གཉེར་བ། །དེ་ཡི་ཐོག་མར་བསྟེན་བྱ་ནི། །ལམ་སྟོན་བླ་མར་ངེས་རྙེད་པས། །དེ་བསྟེན་ཚུལ་ལ་འབད་འཚལ་ལོ། །ཇི་ལྟར་ལོང་བའི་དམིགས་བུ་དང་། །རྒྱ་མཚོར་འཇུག་པའི་དེད་དཔོན་བཞིན། །སྲིད་མཚོར་དུབ་ལས་དབུག་འབྱིན་པ། །འདི་ལས་གཞན་དུ་མ་མཐོང་སྟེ། །དུས་གསུམ་འགྲོ་ལ་བརྩེར་ལྡན་པ། །རྫོགས་པའི་སངས་རྒྱས་ཉིད་ཡིན་ཀྱང་། །དེ་ཡི་ཡེ་ཤེས་ཆོས་སྐུ་ནི། །སངས་རྒྱས་ཉིད་ཀྱི་སྤྱོད་ཡུལ་ཙམ། །གདུལ་བྱར་སྣང་བ་གཟུགས་སྐུ་སྟེ། །གང་ལས་ལོངས་སྤྱོད་རྫོགས་སྐུ་ནི། །དག་པའི་འཁོར་ལ་སྣང་བ་ལས། །སོ་སོ་སྐྱེ་བོའི་སྤྱོད་ཡུལ་མིན། །དེས་ན་བདག་ཅག་རྣམས་ཀྱི་ངོར། །སངས་རྒྱས་སྤྲུལ་པའི་སྐུ་གང་དེ། །དགེ་བའི་བཤེས་སུ་སྣང་འདི་ལས། །གཞན་དུ་མེད་སྙམ་སྤྲོ་དགའ་བསྐྱེད། །དེ་ལྟར་བླ་མ་སངས་རྒྱས་སུ། །མཐོང་བའི་མོས་གུས་རྩེ་གཅིག་གིས། །ཅི་མཛད་ལེགས་པར་མཐོང་བ་དང་། །ཅི་གསུངས་གདམས་པར་ཤེས་པ་གནད། གང་ཚེ་བཅོས་མིན་ཡིད་ཆེས་ཀྱི། །དད་པ་རྒྱུད་ལ་སྐྱེས་པ་ན། །འདི་ལྟར་སྣང་བའི་ཆོས་རྣམས་ཀུན། །བླ་མའི་རྣལ་རོལ་ཁོ་ནར་འཆར། །མདོར་ན་དྲང་དོན་བརྡའི་བླ་མར། །ལུང་གི་ཆོས་རྣམས་ཞུ་བ་དང་། ལུང་དོན་རྟོགས་པའི་ཆོས་ཀྱི་གནད། །རང་རིག་བླ་མར་མཁྱེན་པར་མཛོད། །ནམ་ཞིག་ཕྱི་ནང་ཆོས་ཀུན་གྱི། །དེ་བཞིན་ཉིད་དང་བླ་མའི་ཞལ། །རང་རིག་ངོ་བོ་དབྱེར་མེད་པར། །རྟོགས་པའི་དུས་དེར་བྱིན་རླབས་འཇུག །དེ་ལྟར་སྣང་བ་ལྷ་དང་ནི། །བླ་མའི་དཀྱིལ་འཁོར་ཁོ་ན་རུ། །རྟོགས་པའི་ཉམས་མྱོང་ལམ་བྱེད་པར། །བུམ་པའི་དབང་གི་དམ་ཚིག་འདུ། །དེ་བཞིན་གྲགས་པ་གསུང་དང་ནི། །དྲན་རྟོག་ཐུགས་ཀྱི་ལམ་བྱེད་ལ། །གསང་དབང་དང་ནི་ཤེར་དབང་གི །དམ་ཚིག་གནད་རྣམས་འདུ་བ་དང་། །དེ་ཀུན་རྣམ་པར་མི་རྟོག་པའི། །ཡེ་ཤེས་ཉིད་དུ་ལ་བཟླ་བའི། །གནད་འདིར་ཚིག་དབང་རིན་པོ་ཆེའི། །དམ་ཚིག་མ་ལུས་འདུ་བ་ལགས། །དེས་ན་བླ་མའི་མོས་གུས་ཀྱི། །སྣང་བ་གཅིག་པུའི་ལམ་ཁྱེར་འདིར། །ལམ་གནད་མཐའ་དག་འདུ་བའི་ཚུལ། །མཁྱེན་ནས་ཉམས་སུ་ལེན་པར་མཛོད། །དེ་ལྟར་ལུང་དང་མི་འགལ་ཞིང་། །མྱོང་བས་གྲུབ་པའི་གདམས་པ་འདི། །སྦ་གསང་མེད་པར་རྗེ་གང་ལ། །ཕུལ་བས་འགྲོ་ཁམས་ཡོངས་གྲོལ་ཤོག །ཅེས་པའང་རིག་འཛིན་བདེ་གྲོལ་བ་ཆེན་པོའི་གདུང་སྲས་དམ་པའི་ཚུལ་དགུས་ལེགས་པར་བརྒྱན་པ་རྗེ་ལྷུན་གྲུབ་རྩེ་བ་ཀུན་བཟང་ཡེ་ཤེས་རྒྱལ་མཚན་ནས་བཀའ་སྩལ་གཙུག་ཏུ་ཇི་ལྟར་ཕེབས་བཞིན་མདོ་ཁམས་པ་རྒྱལ་སྲས་གཞན་ཕན་མཐའ་ཡས་པས་ཤར་མར་སྤེལ་བ་མངྒ་ལཾ།། །།

དགེ་རྒྱལ་སྨོན་ལམ་ལ་གདམས་པ།

༄། །དགེ་རྒྱལ་སྨོན་ལམ་ལ་གདམས་པ། །བླ་མ་ལ་ཕྱག་འཚལ་ལོ། །ཐར་འདོད་རྣམས་ཀྱིས་དམ་ཆོས་སྒྲུབ་པའི་རྟེན། །སྐྱོན་མེད་དལ་རྟེན་ཐོབ་ནས་རང་གཞན་གྱི། །འབྱོར་བའི་རྟེན་འབྲེལ་ལེགས་པར་སྒྲིག་པ་དང་། །མི་རྟག་འཆི་བ་རྗེས་སུ་དྲན་པར་བྱ། །དེ་ཡང་རྣམ་གྲོལ་ལམ་གྱི་གཞིར་གྱུར་ཅིང་། །སྲིད་པའི་འཇིགས་ལས་སྒྲོལ་བྱེད་སྐྱབས་གསུམ་ལ། །སྙིང་ནས་བློ་གཏད་བྱེད་པ་ཉིད་ཡིན་ཕྱིར། །སྐྱབས་འགྲོའི་གནད་ལ་གོམས་པ་ཐོག་མར་གཅེས། །དེ་རྗེས་མ་རྣམས་སྲིད་པའི་སྡུག་བསྔལ་གྱིས། །གདུང་ལ་སྙིང་རྗེ་ཆེན་པོས་གཞི་བཟུངས་ནས། །སྨོན་འཇུག་བྱང་ཆུབ་སེམས་གཉིས་རིམ་བསྐྱེད་དེ། །བསླབ་གསུམ་ནོར་བུའི་མཛོད་ཁང་ལ་འཇུག་བྱ། །དེ་ཡང་ཐོག་མར་རྣམ་དག་ཚུལ་ཁྲིམས་ཀྱིས། །རང་རྒྱུད་བསྡམས་པ་མིན་ན་ཏིང་འཛིན་དང་། །ཤེས་རབ་ཉིད་ཀྱང་དོན་དུ་མི་འགྱུར་བས། །དང་པོ་ཚུལ་ཁྲིམས་བསྲུང་ལ་ནན་ཏན་མཛོད། །དེ་ནས་ཐོས་བསམ་སྒོམ་ལ་རིམ་བཞིན་དུ། །བསླབ་ནས་ས་བཅུ་ལམ་ལྔའི་དཔལ་ཡོན་ཀུན། །ཇི་བཞིན་ཐོབ་མཐར་རྣམ་མཁྱེན་མཆོག་གི་ས། །མངོན་དུ་བྱེད་ཕྱིར་འབད་པས་སྒྲུབ་འཚལ་ལོ། །ཞེས་པའང་དགེ་རྒྱལ་སྨོན་ལམ་ལ་བཙུན་པ་གཞན་ཕན་པས་གདམས་པ་དགེའོ། །བཀྲ་ཤིས།། །།

རྫ་རྒྱལ་ལྕོགས་སྒར་དུ་སྒྲུབ་བརྩོན་མང་དགེ་པདྨ་ལ་གདམས་པ།

༄། །རྫ་རྒྱལ་ལྕོགས་སྒར་དུ་སྒྲུབ་བརྩོན་མང་དགེ་པདྨ་ལ་གདམས་པ། །བསླབ་གསུམ་ནོར་བུས་ལེགས་པར་གཏམས་པའི་གཞིར། །ཐུགས་རྗེ་མཆོག་གི་རླབས་ཕྲེང་གཡོ་བ་ཅན། མཉམ་མེད་ཆོས་ཀྱི་རྒྱ་མཚོ་ལ་བཏུད་ནས། །ལེགས་པར་བཤད་པའི་རིན་ཆེན་འདི་སྤེལ་ལོ། །གང་ཞིག་དལ་བའི་རྟེན་ལ་རང་འབྱོར་གྱིས། །ཁྱད་པར་ལྔ་ལྡན་ཐོབ་དེས་དད་པའི་ཤུགས། །ཉམས་མེད་བསྐྱེད་ནས་གཞན་འབྱོར་མཆོག་གསུམ་ལ། །བརྟེན་པའི་རྟེན་འབྲེལ་དགེ་བའི་བཤེས་ལས་སྒྲིགས། །དེ་ཡང་ཀུན་སློང་སྨོན་སེམས་ཀྱིས་ཟིན་པའི། །མཆོག་ཏུ་དགེ་བའི་ཀུན་སྤྱོད་ལ་གནས་ཤིང་། །ནད་པས་སྨན་པ་ཇི་ལྟར་བསྟེན་པ་བཞིན། །ཡོངས་འཛིན་དམ་པའི་གསུང་ངག་སྒྲུབ་འཚལ་ལོ། །བླ་མའི་གདམས་ངག་དེ་ཡང་གང་ཞེ་ན། །སྲིད་དང་ཞི་བའི་མཐའ་ལ་མི་གནས་པའི། །མྱ་ངན་འདས་མཆོག་གཉེར་བའི་བྱང་ཆུབ་སེམས། །གང་དེ་བསྐྱེད་པའི་ཐབས་ཀྱི་སྦྱོར་བ་ལགས། །དེ་ཡང་མི་རྟག་སྡུག་བསྔལ་ལ་སོགས་པ། །རིམ་པར་བསམ་པས་སྲིད་མཐའ་ཞེན་པ་དགག །དེ་རྗེས་མ་རྣམས་སྡུག་བསྔལ་བསལ་འདོད་པའི། །ཤུགས་དྲག་སྙིང་རྗེས་ཞི་མཐར་ཞེན་པ་སྤངས། །དེ་ལྟར་སྟོང་ཉིད་སྙིང་རྗེ་དབྱེར་མེད་པས། །ལེགས་པར་ཟིན་པའི་ལམ་གྱི་ཡན་ལག་ཀྱང་། །ཐེག་པའི་དབང་གིས་རྣམ་གྲངས་མང་ན་ཡང་། །སྙིང་བོར་དྲིལ་བ་བསླབ་པ་རིན་ཆེན་གསུམ། །འདི་ལྟར་ཡང་དག་དགེ་བའི་ཁྲིམས་ཀྱི་གཞིར། །ཐོས་དང་བསམ་པའི་ས་བོན་ལེགས་བཏབ་སྟེ། །ཏིང་འཛིན་ཟབ་མོའི་རླན་གྱིས་བསྐྱེད་བྱས་ན། །ཤེས་རབ་མཆོག་གི་འབྲས་བཟང་གཡུར་དུ་ཟ། །གང་ཚེ་བསམ་གཏན་སས་བསྡུས་ངེས་འབྱེད་ཀྱི། །ཡན་ལག་རྫོགས་པར་གྱུར་ལས་མི་རྟོགས་པའི། །ཡེ་ཤེས་དང་པོ་མཐོང་ནས་རིམ་བཞིན་དུ། །ས་བཅུ་བསྒྲོད་མཐར་རྣམ་མཁྱེན་མཆོག་ལ་རེག །དེ་སླད་ལམ་གྱི་གོ་རིམ་བསྡུས་པ་འདིར། །བརྟག་ཅིང་དཔྱད་ནས་བླང་དོར་མ་ནོར་བར། །ཐོག་མའི་འཇུག་སྒོ་གང་ཡིན་ངེས་བྱས་ཏེ། །བརྩོན་པས་བྱང་ཆུབ་བསྒྲུབ་ལ་འབད་འཚལ་ལོ། །འདི་ལྟར་ཐེག་ཆེན་ལམ་གྱི་ངོ་བོ་ཉིད། །ཕར་ཕྱིན་དྲུག་དང་ཟིན་བྱེད་དམ་པ་གསུམ། །ཐོག་མའི་སྦྱོར་བ་ངེས་འབྱུང་དང་བཅས་པ། །ལེགས་པར་བསྐྱེད་པའི་ཚུལ་ཀུན་བསྡུས་པ་ཡིན། །གང་ཕྱིར་གཞན་ལ་སྡང་དང་རང་ཕྱོགས་ལ། །ཞེན་པས་མ་ཡིན་ཕན་པར་གདམས་འདི་ཡིས། །ཁྱོད་ཐུགས་དགེ་བའི་ས་བོན་ལེགས་བསྐྱེད་ནས། །དོན་གཉིས་འགྲུབ་པའི་འབྲས་བཟང་ལ་སྤྱོད་ཤོག །ཅེས་པའང་སྒྲུབ་བརྩོན་མང་དགེ་པདྨའི་བཞེད་སྐོང་དུ་བཙུན་པ་གཞན་ཕན་པས་བླ་མའི་གདན་ས་རྫ་རྒྱལ་ལྕོགས་སྒར་དུ་སྤེལ་བ་དགེ། །།

ཁྲོམ་ཟ་བླ་མ་ཆོས་སྐྱོང་ལ་གདམས་པ།

༄། །ཁྲོམ་ཟ་བླ་མ་ཆོས་སྐྱོང་ལ་གདམས་པ། །ན་མོ་གུ་ར་ཝེ། སྲིད་དང་མྱ་ངན་འདས་པའི་ཆོས། །རྣམ་པ་འགལ་ཡང་དབྱིངས་གཅིག་ཏུ། །བསྡུམ་མཛད་གཉུག་མའི་ཡེ་ཤེས་ལ། །ལྟ་བ་མཇལ་བའི་ཕྱག་གིས་འདུད། །སྤྲོས་དང་བྲལ་བའི་དབུ་མ་དང་། །དཔེ་ལས་རྟོགས་པའི་ཕྱག་རྒྱ་ཆེ། །ཡོངས་རྫོགས་རྫོགས་པ་ཆེན་པོ་ཞེས། །གྲགས་ཀྱང་འདི་ཀུན་དོན་གཞན་མིན། །དེ་ཡང་ཇི་ལྟ་བུ་ཞེ་ན། །བརྟག་དཔྱད་དང་བཅས་སྤྲོས་བྲལ་ཏེ། །སྤྲོས་བྲལ་སྨྲས་ཀྱང་དབུ་མ་མིན། །ཅིའི་ཕྱིར་སྤྲོས་པ་འགོག་བྱེད་པའི། །བློ་དེ་མཐའ་ལས་མ་འདས་ཕྱིར། །དེས་ན་བློ་ལས་འདས་པའི་གཤིས། །ཆོས་ཉིད་བདེན་པ་མཐོང་བ་ལ། །སྤྲོས་བྲལ་དབུ་མའི་ལྟ་བ་ཞེས། །འཕགས་བོད་མཁས་གྲུབ་ཡོངས་ལ་གྲགས། །དེ་བཞིན་ཕྱག་རྒྱ་ཆེན་པོ་ཡང་། །སེམས་ཀྱི་དྲན་འཛིན་ཕྲ་མོ་ལ། །དམིགས་པའི་ཏིང་འཛིན་མ་ཡིན་ཏེ། །ཅིའི་ཕྱིར་དེ་འདྲའི་སེམས་འཛིན་རྒྱས། །ཆོས་རྣམས་ཀུན་ལ་མ་ཐེབས་ཕྱིར། །གུད་དུ་བཅད་པའི་ཕྱག་ཆེན་དེ། །གང་ཟག་བློ་སྐྱོན་ཡིན་ཞེས་སྨྲ། །དེ་ཕྱིར་དཔེ་ཡི་ཡེ་ཤེས་ཞེས། །ཟབ་མོའི་དབང་ལས་བྱུང་བ་དེ། །བློས་བྱས་མ་ཡིན་བློ་འདས་ཡིན། །བློ་ལས་འདས་པའི་ཆོས་ཉིད་ནི། །མཐའ་དང་དབུས་ལ་མི་གནས་ཕྱིར། །དེ་རྒྱས་མ་ཐེབས་ཆོས་འགའ་ཞིག །གང་ནའང་ཡོད་པ་མ་ཡིན་ནོ། །དེས་ན་གཉུག་མའི་ཡེ་ཤེས་ལ། །ཕྱག་རྒྱ་ཆེན་པོ་ཞེས་སུ་གྲགས། །འོན་ཀྱང་དེ་ཉིད་གཅིག་ཅར་དུ། །རྟོགས་པའི་ཐབས་ནི་གསང་སྔགས་ཀྱི། །རྒྱུད་སྡེ་རྣམས་ན་གསལ་བ་ལས། །མདོ་ནས་མངོན་དུ་གསུངས་པ་མེད། །འོ་ན་ཐབས་དེ་གང་ཞེ་ན། །བདེ་བ་ཆེན་པོ་ཉིད་ཡིན་ཕྱིར། །ཐབས་དེས་དྲངས་པའི་ཡེ་ཤེས་ལའང་། །བདེ་ཆེན་ཡེ་ཤེས་ཕྱག་རྒྱ་ཆེ། །ཞེས་གྲགས་འདི་ནི་བླ་མེད་ཀྱི། །རྒྱུད་སྡེའི་དགོངས་པ་འཁྲུལ་མེད་ཡིན། །དེ་ཕྱིར་མདོ་ལས་གསང་སྔགས་ཀྱི། །ཁྱད་ཆོས་མེད་ཀྱང་མི་དགོས་སོ། །དེ་བཞིན་ཨ་ཏི་ཡོ་ག་ཡི། །བརྗོད་བྱ་རྫོགས་པ་ཆེན་པོ་ཡང་། །ཁྱད་གཞི་དབུ་ཕྱག་ལྟ་བ་ལས། །ཁྱད་ཆོས་ཀུན་གཞི་སེམས་གསུམ་དང་། །བཅས་ལས་རང་བྱུང་ཡེ་ཤེས་ཀྱི། །རང་གནད་འབྱེད་འདིར་ངེས་པའི་ཕྱིར། །འཁྲུལ་བའི་ཆ་དང་འདྲེས་མ་གྱུར། །འོན་ཀྱང་དགོངས་གཞི་གཅིག་ཉིད་ལའང་། །གང་ཟག་དབང་པོའི་བྱེ་བྲག་གིས། །དགོངས་པ་ལེན་ལུགས་མང་བྱུང་ཕྱིར། །དེང་སང་གངས་རིའི་ལྗོངས་འདི་ན། །བློས་བྱས་གྲུབ་མཐའ་མང་ཞིག་དར། །དེ་དག་ལ་ལ་འདི་སྐད་དུ། །མེད་དགག་སྟོང་ཉིད་དབུ་མ་དང་། །མི་སྟོང་དོན་དམ་རྟག་པ་ཞེས། །སྨྲ་བ་འདི་ཀུན་རང་སྐྱོན་ཏེ། །མེད་པ་དབུ་མ་ཉིད་ཡིན་ན། །མེད་པའི་མཐའ་ལ་ཁྱོད་གནས་ཕྱིར། །དབུ་མ་ཉིད་དུ་རུང་མ་ཡིན། །དེ་བཞིན་རྟག་པ་དོན་དམ་ན། །རྟག་མཐའ་ཁྱོད་ཀྱིས་མ་བསལ་ཕྱིར། །དོན་གྱི་དམ་པར་འོས་སམ་ཅི། །གལ་ཏེ་རྟག་ཆད་ལྟ་བ་ཡང་། །ཡང་དག་ལྟ་བ་ཉིད་ཡིན་ན། །མུ་སྟེགས་རྣམས་ཀྱང་གྲོལ་པར་འགྱུར། །དེ་ལྟ་ནའང་གཞན་མིན་ཕྱིར། །འོན་ཀྱང་གཞུང་ལས་འདི་འདྲ་བའི། །རྣམ་གཞག་བཤད་པ་ཡོད་ནའང་། །དེ་ནི་མཐའ་གཉིས་བསལ་ཕྱིར་དང་། ཆོས་ཉིད་བདེན་པ་མཐོང་ཕྱིར་དང་། །བློ་ལས་འདས་པ་རྟོགས་ཕྱིར་དུ། །གསུངས་པ་ཡིན་གྱི་རྒྱལ་བསྟན་ཉིད། །དཀྲུགས་བའི་ཆེད་དུ་བསྟན་པ་མིན། །གལ་ཏེ་བདག་གི་འདོད་པ་ནི། །ཆོས་ཉིད་དེ་ལ་དམིགས་ཤེ་ན། །འོ་ན་རྩོད་པ་བྱེད་ཅི་དགོས། །ཆོས་ཉིད་རྫོགས་པ་ཆེན་པོ་སྟེ། །ཅིའི་ཕྱིར་དེ་ཡི་ཀློང་ཉིད་དུ། །མ་རྫོགས་པ་ནི་འགའ་མེད་ཕྱིར། །དེས་ན་བློས་བྱས་གྲུབ་མཐའ་ཀུན། །འདི་ཡི་ལམ་སྟེགས་ཉིད་ཡིན་ཕྱིར། །ཐེག་པའི་མཐོ་དམན་བསམ་མི་ཁྱབ། །བློ་འདས་རྒྱལ་བའི་དགོངས་པ་ནི། །འདི་ཉིད་གཅིག་པུར་ངེས་པའི་ཕྱིར། དེ་ཡི་ངོས་ན་རྣམ་དབྱེ་མེད། །དེ་ཕྱིར་ཆོས་རྣམས་མ་ལུས་པའི། །དགོངས་གནད་གཅིག་ཏུ་དྲིལ་ཤེས་མཛོད། །དེ་ཡི་དགེ་བའང་འགྲོ་ལ་བསྔོ། །ཅེས་པའང་ཁྲོམ་ཟ་བླ་མ་དམ་པ་ཆོས་སྐྱོང་ལ་གྲུབ་དབང་རྫོགས་ཆེན་པ་ཡབ་སྲས་ཀྱི་བཀའ་འབངས་རྒྱལ་བའི་སྲས་པོའི་མིང་གི་ཅོད་པཎ་འཆང་བ་གཞན་ཕན་མཐའ་ཡས་འོད་ཟེར་གྱིས་གདམས་པའོ།། །།

གཡག་ཟེ་བ་འཇམ་དཔལ་ལུང་རྟོགས་ལ་གདམས་པ།

༄། །གཡག་ཟེ་བ་འཇམ་དཔལ་ལུང་རྟོགས་ལ་གདམས་པ་བཞུགས་སོ། །ཕ་བླ་མ་མཆོག་ལ་ཕྱག་འཚལ་ལོ། །བུའི་བློ་སྣ་ཆོས་འགྱུར་བྱིན་གྱིས་རློབས། །ཁྱོད་ཚེ་འདིའི་བདེ་འབྱོར་སྙན་གྲགས་ལ། །ད་སྙིང་པོ་མེད་པའི་མཚང་རིག་ནས། །དུས་དེ་རིང་ཕན་ཆད་ཕྱི་མའི་དོན། །དེ་སྒྲུབ་ལ་གཡེལ་མེད་བརྩོན་པ་དང་། །དགོས་རླབས་ཆེན་བྱང་ཆུབ་སེམས་གཉིས་པོ། །འདི་སྐྱེད་པའི་ཐབས་ལ་ནན་ཏན་མཛོད། །ཆོས་བདག་མེད་རྟོགས་པའི་ཤེས་རབ་ཀྱིས། །དོན་དམ་པའི་བྱང་སེམས་མ་བསྐྱེད་ན། །སྲིད་འཁོར་བའི་རྩ་བ་མི་ཆོད་པས། །ཁྱེད་དང་པོར་བདག་མེད་བཙལ་བར་གྱིས། །དེའི་རྗེས་སུ་མ་རྣམས་སྡུག་བསྔལ་ལ། །ཡོངས་བསམ་ནས་སྙིང་རྗེ་མ་བསྐྱེད་ན། །མཐར་རྣམ་མཁྱེན་འབྲས་བུ་མི་འཐོབ་པས། །ཐབས་སྙིང་རྗེའི་རྩ་བ་བརྟན་པོར་མཛོད། །ཚུལ་དེ་ལྟར་སྟོང་ཉིད་སྙིང་རྗེ་དང་། །ཡང་འབེལ་བའི་ཟུང་འཇུག་ཉམས་བླངས་ན། །མཐར་སྐུ་གཉིས་འབྲས་བཟང་གཡུར་ཟ་བས། །ཁྱེད་དོན་གཉིས་སྒྲུབ་ལ་བརྩོན་འཚལ་ལོ། །ཞེས་པའང་གཡག་ཟེ་བ་འཇམ་དཔལ་ལུང་རྟོགས་ལ་བཙུན་པ་གཞན་ཕན་མཐའ་ཡས་པས་གདམས་པ་དགེ། །།

སློབ་བུ་འཇམ་དཔལ་ཡོངས་འདུས་ལ་གདམས་པ།

༄། །སློབ་བུ་འཇམ་དཔལ་ཡོངས་འདུས་ལ་གདམས་པ། །ཚེ་འདིར་སངས་རྒྱས་མི་འཐོབ་པས། །སྨིན་བྱེད་དབང་བཞིའི་འཇུག་རིམ་གྱི། །རྗེས་སུ་འགྲོ་ལྡོག་བྱེད་པའི་ལམ། །གྲོལ་བྱེད་བསྐྱེད་རྫོགས་ཡན་ལག་བཞི། །གོ་རིམ་བཞིན་དུ་སྒོམ་འཚལ་ལོ། །བསྐྱེད་པ་ཡི་ནི་རིམ་པ་འདིས། །དངོས་པོའི་མཚན་རྟོག་ཀུན་སྡོམ་ཞིང་། དེ་རྗེས་རྫོགས་པའི་རིམ་པ་ཉིད། །བསྒོམས་པས་ལྷན་སྐྱེས་ཡེ་ཤེས་འདྲེན། །རང་ལ་གནས་པའི་འོད་གསལ་གྱི། །སེམས་ཉིད་མངོན་དུ་གྱུར་པ་ན། །ད་གཟོད་གཉུག་མའི་ངང་ཉིད་ལས། །གཡོ་མེད་མཉམ་པར་འགྲོགས་པ་ཡིན། །དེ་ཉིད་གོམས་པས་ཟག་བཅས་ཀྱི། །ཕུང་པོའི་འཆིང་བ་ཀུན་གྲོལ་ནས། །གདོད་མའི་གཞི་ལ་ཚེ་འདི་རུ། །བཙན་ས་མངོན་དུ་ཟིན་པར་འགྱུར། །དེ་ཕྱིར་འདུ་འཛིའི་གཡེང་བ་ཀུན། །སྤངས་ནས་དབེན་པའི་རི་ཁྲོད་དུ། །དམ་པ་གོང་མའི་རྣམ་ཐར་བཞིན། །ཉིན་མཚན་ཀུན་ཏུ་བརྩོན་འཚལ་ལོ། །ཞེས་པའང་དད་དམ་ལྡན་པའི་སློབ་བུ་འཇམ་དཔལ་ཡོངས་འདུས་ལ་བཙུན་པ་གཞན་ཕན་མཐའ་ཡས་པས་གདམས་པ་དགེ། མངྒ་ལམ། །

འབར་ཆུང་ནམ་མཁའ་ལྷུན་གྲུབ་ལ་གདམས་པ།

༄། །འབར་ཆུང་ནམ་མཁའ་ལྷུན་གྲུབ་ལ་གདམས་པ་བཞུགས། །བླ་མ་ལ་ཕྱག་འཚལ་ལོ། །ཕ་དྲན་པ་ཙམ་གྱིས་སྲིད་ཞིའི་གདུང་། །ཅིག་ཆར་ཉིད་དུ་སེལ་མཛད་པའི། །མགོན་རྡོ་རྗེ་འཆང་དེར་གུས་བཏུད་ནས། །ཕན་པའི་ངག་འདི་བརྗོད་ལ་གསོན། །སྲིད་འཁོར་བ་མེ་འོབས་ལྟ་བུ་ལ། །སྙིང་ནས་འཇིགས་སེམས་མ་སྐྱེད་ན། །རྒྱུ་ལས་ཉོན་འགོག་འདོད་མི་སྐྱེ་བས། །འཁོར་བའི་སྡུག་བསྔལ་དང་པོ་སྒོམས། །དེས་སྲིད་ལ་སྐྱོ་བ་སྐྱེས་པ་ན། །འཇིག་རྟེན་བདེ་སྡུག་ལས་འབྲས་ཉིད། །ཡིན་ངེས་པ་རྒྱལ་བས་གསུངས་པའི་ཕྱིར། །ལས་ཀྱི་རྩ་བ་ཉོན་མོངས་སྤོངས། །རྒྱུ་ཉོན་མོངས་འགགས་པར་མ་གྱུར་པ། །དེ་སྲིད་དུ་སྡུག་བསྔལ་ཀུན་འབྱུང་བས། །དེ་འགོག་པའི་ཞི་བ་དོན་གཉེར་བའི། །ངེས་འབྱུང་བསམ་པ་ཤུགས་དྲག་སྐྱེད། །གནས་ཐར་བ་ཞི་བའི་གོ་འཕང་གང་། །སྙིང་ནས་དོན་དུ་གཉེར་བ་ལ། །ལམ་བསླབ་གསུམ་རྗེས་སུ་སྒྲུབ་པ་ལས། །ཟབ་པའི་གདམས་ངག་གཞན་མེད་དོ། །ཚུལ་དེ་ལྟར་བདེན་བཞིའི་འཇུག་ལྡོག་ལ། །གཡེལ་བ་མེད་པར་བརྩོན་གྱུར་ན། ཁྱེད་ཚེ་འདིར་ཐར་བ་ཐོབ་ངེས་པས། །མི་ལུས་དོན་མེད་མ་བྱེད་ཨང་། །ཞེས་པའང་འབར་ཆུང་ནམ་མཁའ་ལྷུན་གྲུབ་ལ་བཙུན་པ་གཞན་ཕན་མཐའ་ཡས་པས་གདམས་པ་དགེ། །།

སློབ་བུ་འཇམ་དཔལ་གསང་འདུས་ལ་གནང་བའི་གསོལ་འདེབས་ཞལ་གདམས།

༄། །སློབ་བུ་འཇམ་དཔལ་གསང་འདུས་ལ་གནང་བའི་གསོལ་འདེབས་ཞལ་གདམས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བདག་ཉིད་བླ་མ་རིན་པོ་ཆེ། །བཟོད་མེད་གདུང་བས་གསོལ་བ་འདེབས། །ཐུགས་རྗེས་སྤྱན་གྱིས་གཟིགས་མཛོད་ཅིག །བདག་གིས་དམ་ཆོས་སྒྲུབ་པ་ལ། །བར་ཆད་བདུད་བཞིས་མི་བརྫི་ཞིང་། །དེ་རིང་ཉིད་ནས་ཐར་ལམ་གྱི། །རྟེན་འབྲེལ་འགྲིགས་པར་བྱིན་གྱིས་རློབས། །འདོད་ཡོན་བདུད་ཀྱི་བསླུ་བྲིད་ལ། །ཞེན་པ་གཏིང་ནས་ལོག་པ་དང་། །བླ་མ་མཆོག་དང་གདམས་ངག་ལ། །ཐེ་ཚོམ་མེད་པར་བྱིན་གྱིས་རློབས། །སྲིད་པ་ཉེས་བརྒྱའི་འཁྲི་ཤིང་ལ། །དུག་སྡོང་བཞིན་དུ་ལྟ་བ་དང་། །ལས་འབྲས་བསླུ་བ་མེད་པ་ལ། །ངེས་ཤེས་སྐྱེ་བར་བྱིན་གྱིས་རློབས། །དལ་འབྱོར་ཐར་བའི་གྲུ་བོ་ལ། །ཡིད་བཞིན་ནོར་ལྟར་སེམས་པ་དང་། །མི་རྟག་གཤིན་རྗེའི་སྡང་མིག་ལ། །འཇིགས་སེམས་སྐྱེ་བར་བྱིན་གྱིས་རློབས། །ཐེག་པ་མཆོག་གི་ངེས་འབྱུང་ལ། །དམིགས་པའི་བསྲུང་སྡོམ་དག་པ་དང་། །ཉེས་སྤྱོད་ཕྲ་མོ་དག་ལ་ཡང་། །བཤགས་བསྡོམས་ནུས་པར་བྱིན་གྱིས་རློབས། །དམིགས་མེད་སྙིང་རྗེའི་ཆུ་བོ་ཡིས། །བདག་ཡིད་རྟག་ཏུ་བརླན་པ་དང་། །རྣམ་དག་དགེ་བའི་དམིགས་པ་ལ། །འཇུག་པ་བརྟན་པར་བྱིན་གྱིས་རློབས། །ང་དང་བདག་ཏུ་ལྟ་བའི་དམིགས། །གཞི་མེད་ཉིད་དུ་རྟོགས་པ་དང་། །ཆོས་ལ་རང་བཞིན་མ་གྲུབ་པའི། །སྟོང་ཉིད་རྟོགས་པར་བྱིན་གྱིས་རློབས། །སྣང་སྟོང་ཟུང་འཇུག་འོད་གསལ་གྱི། །ཡེ་ཤེས་ནང་ནས་འཆར་བ་དང་། །རིག་སྟོང་བློ་འདས་རྫོགས་ཆེན་གྱི། །རང་ཞལ་མཇལ་བར་བྱིན་གྱིས་རློབས། །ལྟ་བ་ཡིན་ལུགས་ཤེས་པའི་དོན། །སྒོམ་པས་ཡེངས་མེད་སྐྱོངས་པ་དང་། །སྤྱོད་པས་རྟོགས་པའི་བོགས་བཏོན་ཏེ། །བརྟན་པ་ཐོབ་པར་བྱིན་གྱིས་རློབས། །རགས་པའི་སྒོ་གསུམ་རང་དག་ནས། །དྭངས་མའི་སྐུ་གསུམ་མངོན་གྱུར་ཏེ། །གདོད་མའི་གཞི་ལ་ཆོས་སྐུ་ཡི། །བཙན་ས་ཟིན་པར་བྱིན་གྱིས་རློབས། །དེ་ལྟར་ཆོས་དབྱིངས་ཡེ་ཤེས་ཀྱི། །ཉི་མཁའ་རྣམ་པར་དག་པ་ལས། །ཐུགས་རྗེའི་འོད་ཟེར་རབ་བཀྱེ་བས། །འགྲོ་བློའི་པད་ཚལ་ཀུན་སྐྱོང་ཤོག །ཅེས་པའང་རང་ཉིད་ཀྱི་སློབ་བུ་དད་དམ་དང་ལྡན་པ་འཇམ་དཔལ་གསང་འདུས་ནས་གསོལ་འདེབས་ཞལ་གདམས་ཤིག་དགོས་ཞེས་བསྐུལ་དོན་ལྟར་བཙུན་པ་གཞན་ཕན་མཐའ་ཡས་པས་གདམས་པ་དགེ། །།

སྒྲུབ་བརྩོན་མ་ཡེ་ཤེས་དབང་མོ་ལ་གདམས་པ།

༄། །སྒྲུབ་བརྩོན་མ་ཡེ་ཤེས་དབང་མོ་ལ་གདམས་པ། །ན་མོ་གུ་རུ་བྷྱཿ དཔལ་ལྡན་བླ་མ་མཁྱེན་པའི་གཏེར་གྱུར་པར། །གུས་པས་བཏུད་ནས་ཕན་པའི་གཏམ་འདི་སྨྲ། །རིང་དུ་མི་གནས་དལ་འབྱོར་རིན་ཆེན་འདི། །རྙེད་པའི་དུས་ན་ཆོས་ལ་བརྩོན་པར་རིགས། །གཉེན་དང་ཕུན་ཚོགས་འབྱོར་བ་མཐའ་དག་ནི། །འཇའ་ཚོན་ཇི་བཞིན་མྱུར་ཏུ་ཡལ་འགྱུར་ཕྱིར། །ད་རེས་གཏན་བདེའི་ལམ་སྣ་མ་ཟིན་ན། །ཕྱི་མའི་དུས་སུ་མགོན་སྐྱབས་གཞན་འགའ་མེད། །སྡིག་དང་རྨོངས་པའི་གཞན་དབང་ཁོ་ན་རུ། །འགྲོ་འདི་ཕལ་ཆེར་སྔོན་ཆད་གྱུར་པ་ལས། །ད་ནི་སྲིད་པའི་དུཿཁར་འཕྱན་གྱུར་པའི། །ཚུལ་འདིར་བསམ་བཞིན་ཡང་ནི་སྐྱོ་བ་རིགས། །ལེགས་བྱས་ཉི་མ་སྔ་ནས་མ་ཤར་ན། །ངན་སོང་མུན་ཆེན་རྒྱུན་རིང་གནས་འགྱུར་ཕྱིར། །ཐར་ལམ་སྣང་བ་འཚོལ་འདོད་འདུན་མ་གང་། །ད་ལྟ་ཉིད་ནས་འབད་དེ་བསྐྱེད་འཚལ་ལོ། །སྟོབས་ཆེན་སྡིག་པའི་ལས་འདིར་མི་རྒོལ་ན། །ཁྱོད་ལ་གཞན་དུ་དགྲ་ཆེན་སུ་ཞིག་ཡོད། །ཚེ་རབས་གཏན་གྱི་སྲོག་ཟོན་མི་བགྱིད་པར། ད་ལྟའི་གནོད་པ་ཙམ་ལ་ཅིའི་ཕྱིར་སྡང་། །སྐྱེ་བོ་ཕལ་ཆེར་ཉིན་གཅིག་འཚོ་ཕྱིར་ཡང་། །སྨན་དང་རིམ་གྲོའི་ཡོ་ལངས་འགྱེད་བྱེད་ན། །བདག་ཅག་གཏན་དུ་བདེ་བར་དབུགས་འབྱིན་པའི། །བསླུ་མེད་དཀོན་མཆོག་གསུམ་དེ་ཅིས་མི་བསྟེན། །རིང་མོ་ཞིག་ནས་ནན་གྱིས་བསྒྲུབས་པའི་འབྲས། །མངོན་མཐོ་རིན་ཆེན་གླིང་དུ་ཕྱིན་ན་ཡང་། །ཟབ་དོན་ནོར་བུ་བདག་གིར་མི་བགྱིད་པར། །སྟོང་ལོག་བགྱིད་འདི་ཀྱེ་མ་བླུན་མིན་ནམ། །འདི་ན་ཐར་མཆོག་གོ་འཕང་གཉེར་རྣམས་ཀྱང་། །བཤེས་གཉེན་དམ་པའི་ས་མཁན་མི་བསྟེན་པར། །སྡིག་གྲོགས་ཆོམ་རྐུན་རྗེས་སུ་འབྲང་བ་མཐོང་། ཀྱེ་ཧོ་ཁྱོད་བློ་བདུད་ཀྱིས་གཙེས་པར་ཟད། །གང་ཕྱིར་ཟབ་མོའི་ལམ་གྱི་རིམ་པ་ལ། །གོ་རིམ་ཅི་བཞིན་བློ་སྦྱོངས་མཐར་ཕྱིན་ནས། །ལམ་གནད་མ་ལུས་བྱང་ཆུབ་སེམས་གཉིས་སུ། །བསྡུས་ནས་བསླབ་པ་གསུམ་ལ་བརྩོན་པར་བྱ། །དེ་ཡང་ཐོག་མར་སོ་བྱང་སྔགས་གསུམ་གྱི། །ཚུལ་ཁྲིམས་བསླབ་པས་རང་རྒྱུད་མ་བསྡམས་ན། །ལམ་གྱི་ཡོན་ཏན་མཐའ་དག་མི་གནས་ཕྱིར། །བུག་རྡོལ་སྣོད་དུ་བཅུད་བླུགས་ཇི་བཞིན་ཏེ། །དེས་ན་སྒོ་གསུམ་བཙུན་པ་གཞིར་བྱས་ནས། །ཆོས་དང་ཆོས་མིན་འབྱེད་པའི་ཤེས་རབ་ཀྱིས། །བླང་དོར་སྤྱི་དང་བྱེ་བྲག་བདག་གཉིས་ཀྱིས། །སྟོང་བའི་གནས་ལུགས་གཏན་ལ་འབེབ་པར་བྱ། །གང་ཞིག་རྟོགས་ནས་སྒོམ་པར་མ་བྱས་ན། །དེས་ཀྱང་སྲིད་མཚོ་ཉིད་ལས་མི་སྒྲོལ་བས། །ཉིན་དང་མཚན་དུ་གཡེལ་བར་མི་བགྱིད་པར། ཞི་ལྷག་ཟུང་འཇུག་ཉིད་དུ་སྒོམ་འཚལ་ལོ། །མདོར་ན་དགེ་རྩ་མང་བོར་སྤེལ་བའི་ཕྱིར། །ཀུན་སློང་སེམས་བསྐྱེད་དམ་པས་ཟིན་པ་དང་། །དེ་ཉིད་བླ་ན་མེད་པར་བགྱིད་པའི་ཕྱིར། །ཟག་མེད་ཤེས་རབ་དམ་པས་ཟིན་པར་བྱ། །འདི་ལྟར་ཆོས་ལ་གང་ཞིག་བརྩོན་པ་ཡང་། །བདག་འཛིན་འདུལ་བའི་ཐབས་དེ་ཁོ་ནའི་ཕྱིར། །དགེ་བ་འགའ་ཞིག་སླར་ཡང་བདག་འཛིན་གྱི། །གྲོགས་སུ་འགྱུར་ན་དེ་ཚེ་གོལ་བ་ལགས། །དེ་ཕྱིར་མཚམས་སྒྲུབ་ལ་སོགས་གང་ལ་ཡང་། །མངོན་རློམ་རང་མཐོང་ང་རྒྱལ་མི་བྱེད་པར། །ཇི་ལྟར་བཤད་པའི་ཚུལ་བཞིན་དམིགས་མེད་ཀྱི། །ངང་ནས་བསྔོ་སྨོན་དག་པས་རྒྱས་འདེབས་མཛོད། །ཁྱོད་ལ་དེ་སྐད་གདམས་པ་འདི་ཡི་མཐུས། །མ་ལུས་འགྲོ་ཀུན་འཁྲུལ་བ་རབ་སྤངས་ནས། །སྲིད་ཞི་མཉམ་ཉིད་དབྱིངས་ལས་བྱང་ཆུབ་སྟེ། །བདེ་མཆོག་རྡོ་རྗེའི་ངོ་བོར་རྟག་བཞུགས་ཤོག །ཅེས་པའང་སྒྲུབ་བརྩོན་མ་ཡེ་ཤེས་དབང་མོ་ནས་བསྐུལ་བཞིན་མདོ་ཁམས་ཀྱི་བནྡེ་ཆོས་སྨྲ་བ་རྒྱལ་བའི་སྲས་པོའི་མིང་གི་ཅོད་པཎ་འཆང་བ་གཞན་ཕན་མཐས་ཡས་འོད་ཟེར་དུ་འབོད་པས་མཆིམས་ཕུའི་བྲག་དམར་རི་མོ་ཕུག་ནས་ཤར་མར་སྤེལ་བ་མངྒ་ལཾ།། །།

དགེ་སློང་བློ་བཟང་བསམ་གཏན་ལ་གདམས་པ།

༄། །དགེ་སློང་བློ་བཟང་བསམ་གཏན་ལ་གདམས་པ། །ན་མོ་གུ་ར་ཝེ། ཕན་བདེའི་ཡོན་ཏན་ཀུན་གྱི་གཞིར་གྱུར་པ། །རྒྱལ་བསྟན་ལུང་དང་རྟོགས་པའི་བདག་ཉིད་གང་། །འཛིན་མཛད་རྒྱལ་སྲས་འཕགས་པའི་ཚོགས་བཅས་པའི། །སྟོན་པ་ཐམས་ཅད་མཁྱེན་ལ་ཕྱག་འཚལ་ནས། །ཐར་དང་རྣམ་མཁྱེན་མཆོག་གི་ལམ་བཟང་གང་། །སྒྲུབ་འདོད་དེ་དག་དགྱེས་པ་བསྐང་བའི་ཕྱིར། །རང་མཐུ་དམན་ཡང་བདེ་གཤེགས་བཀའ་ཉིད་ལས། །ཆ་ཤས་ཙམ་ཞིག་འདི་རུ་སྡེབས་ཏེ་སྤྲིང་། །གང་ཞིག་དོན་མེད་དོན་ལོག་ངན་གཡོ་དང་། །བརྩེ་བྲལ་ཐོས་རྩོད་ལྷུར་ལེན་ཞེས་བགྱི་བ། །ཕྱི་བའི་ངན་པ་དྲུག་སྟེ་དེ་སྤངས་ནས། །དོན་ལྡན་འཚེ་མེད་སྒྲུབ་པ་ལྷུར་ལེན་འཚལ། །གང་ལ་ཐུབ་པས་མྱ་ངན་འདས་པའི་མདོར། །གསུངས་པའི་བརྟགས་པ་གསུམ་དང་སྟོན་པ་བཞི། །རྒྱལ་བསྟན་གཞན་དུ་མི་འགྱུར་ཐ་ཚིག་ཏུ། །བཟུང་ནས་བསླབ་པ་གསུམ་གྱིས་རང་རྒྱུད་ཐུལ། །དེ་ཡང་ཐོག་མར་སྲིད་པའི་རང་བཞིན་ལ། །སྐྱོ་བའི་སེམས་ཀྱིས་ཐར་བ་སྒྲུབ་འདོད་པའི། །ངེས་འབྱུང་རྣམ་དག་སྙིང་ནས་མ་སྐྱེས་བར། །ཆོས་གང་བསྒྲུབས་ཀྱང་ལེགས་སྨོན་འཇིགས་སྐྱོབས་ཙམ། །དེ་ཕྱིར་སྲིད་འདིའི་ཕུན་ཚོགས་མ་ལུས་པ། །དུག་ལྡན་ཟས་བཞིན་སྡུག་བསྔལ་རྒྱུ་འབྲས་སུ། །མཐོང་ནས་གང་ལས་ཡིད་ནི་རབ་དབྱུངས་ཏེ། །རྣམ་དག་ཁྲིམས་ཀྱིས་ཉེས་པའི་སྒོ་འགེགས་མཛོད། །རྟེན་དེས་མངོན་པར་བརྟེན་པའི་བྱང་ཆུབ་སེམས། །གང་ཞིག་རྒྱས་མཛོད་དེ་ཡང་ཐབས་ཀྱི་ཕྱོགས། །ཏིང་ངེ་འཛིན་དང་ཤེས་རབ་བསླབ་པ་ཟུང་། །སེམས་དུལ་སླད་དུ་རང་གིར་བགྱིད་པ་ལགས། །གང་ལ་འདི་གཉིས་ཟུང་དུ་འཇུག་པ་དེར། །རྣམ་མཁྱེན་ལམ་གྱི་གནད་ཀུན་འདུས་སོ་ཞེས། །ཐུབ་དབང་ཉིད་ཀྱིས་བཀའ་ལས་བྱུང་བས་ན། །ཁྱོད་ཐུགས་སྤྲོས་ལ་མངོན་པར་ཞེན་མི་འཚལ། །གང་ཚེ་ཏིང་ངེ་འཛིན་དང་མི་ལྡན་པའི། །ཤེས་རབ་གསུམ་ཡང་འཚལ་བར་འགྱུར་བ་དང་། །ཤེས་རབ་མེད་པའི་ཏིང་ངེ་འཛིན་དེ་ཡང་། །སྲིད་པའི་བསམ་གཏན་ཁོ་ནར་གོལ་འགྱུར་ཕྱིར། །ཐབས་ཤེས་ཡ་བྲལ་གྱུར་པའི་ལམ་དེ་ནི། །ཐེག་པ་མཆོག་དམན་གང་དུ་ཁས་འཆེ་ཡང་། །རྣམ་ཀུན་མཁྱེན་དང་རྒྱང་རིང་གྱུར་པས་ན། །ལོག་པའི་ལམ་དེ་རྟག་ཏུ་སྤངས་པའི་རིགས། །འདི་ལྟར་ཚུལ་ཁྲིམས་གསུམ་གྱིས་ཐེག་གསུམ་གྱི། །བླང་དོར་སྤྱོད་པའི་གནད་ཀུན་ཡོངས་བསྡུས་ཤིང་། །དེ་བཞིན་ཏིང་ངེ་འཛིན་དང་ཤེས་རབ་ཀྱིས། །ལྟ་སྒོམ་གནད་ཀུན་གཅིག་ཏུ་བསྡུས་པ་ལགས། །དེ་ཕྱིར་ཆོས་མང་ཤེས་ཀྱང་ལམ་གནད་དང་། །བྲལ་ཚེ་དེ་དེའི་གཟུགས་བརྙན་ལ་འགྱུར་ཏེ། །གང་ཞིག་སྲོག་གི་ཟུངས་དང་བྲལ་གྱུར་པ། །དེ་ལ་མི་ཡི་མཚན་ཉིད་ཡོད་མ་ཡིན། །མདོར་ན་མང་དུ་སྨྲ་ཡང་མི་འཚལ་ཏེ། །སྐྱེ་བའི་རང་བཞིན་སྤང་བར་མ་གྱུར་ན། །དེ་སྲིད་ཟག་པ་ཉིད་དང་བཅས་པའི་ཕྱིར། །སྡུག་བསྔལ་ཁོ་ནའི་འཕྲང་ལས་ཐར་བ་མིན། །ཚུལ་འདིར་དམིགས་ནས་ཟག་མེད་ཞི་བའི་གྲོང་། །དེ་གང་མངོན་སུམ་ཉིད་དུ་མ་བགྱིས་པར་། །མྱུར་བོར་འཆི་ཞེས་རབ་ཏུ་བསམ་བྱས་ནས། །རྒྱལ་སྲས་ལམ་ལ་གཡེལ་མེད་བརྩོན་འཚལ་ལོ། །དེ་སྐད་ཀུན་ཏུ་དགེ་བའི་གཏམ་འདི་དག །ཁྱོད་ལ་སྙིང་ནས་གསོལ་བ་མཁྱེན་མཛོད་ལ། །སྐྱེ་འདི་སྲིད་པའི་ཐ་མར་བགྱིད་མཛོད་ཅེས། །ཐལ་མོ་སྦྱར་ནས་སྙན་དུ་འདེབས་པ་ལགས། །འདིར་འབད་དགེ་བའང་པད་མའི་རྩ་བ་བཞིན། །ལེགས་བྱས་ཕྲ་ཡང་རྣམ་དག་ལྷག་བསམ་གྱི། །སྣང་བ་དཀར་བའི་འཕེན་བྱེད་སྟོབས་གྱུར་ནས། །དོན་གཉིས་འདབ་བརྒྱ་ཀུན་ཏུ་བཞད་གྱུར་ཅིག །ཅེས་པའང་རི་བོ་དགེ་ལྡན་གྱི་གྲྭ་རིགས་དགེ་སློང་བློ་བཟང་བསམ་གཏན་གྱིས་བཤུལ་ལམ་རིང་མོ་ནས་བསྐུལ་ཕྱིར་རྒྱལ་བའི་སྲས་པོའི་མིང་གི་ཅོད་པཎ་འཆང་བ་གཞན་ཕན་མཐའ་ཡས་འོད་ཟེར་དུ་འབོད་པས་དཔལ་གྱིས་བསམ་ཡས་མཆིམས་ཕུའི་དབེན་གནས་ནས་སྤྲིང་བའོ། །མངྒ་ལཾ། །

སྒྲུབ་བརྩོན་པདྨ་རྣམ་རྒྱལ་ལ་གདམས་པ།

༄། །སྒྲུབ་བརྩོན་པདྨ་རྣམ་རྒྱལ་ལ་གདམས་པ། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །སྲས་དང་ལྷན་ཅིག་འགྲོ་བ་འདིར། །བདེ་སྦྱིན་ཐུབ་དབང་མཆོག་དེས་སྲུངས། །གང་ལ་དགེ་བའི་ཕྱོགས་དག་གི །འཕྲིན་དུ་བྱ་བ་འདི་དག་ལགས། །སྲིད་འདི་སྡུག་བསྔལ་འབའ་ཞིག་པར། །གལ་ཏེ་ངེས་པ་རྙེད་མིན་ན། །སྲིད་པའི་རྒྱུ་ལ་འགོག་འདོད་ཀྱི། །སེམས་པ་སྐྱེ་བ་ག་ལ་ཞིག །དེ་ལྟ་ན་ནི་བདག་གིས་འདིར། །སྡུག་བདེན་གང་ཞིག་ཤེས་བྱ་ཞེས། །ཐོག་མར་གཅེས་པའི་གནས་གང་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ལགས། །འདི་ན་ཐེག་ཆེན་སྨྲ་བས་ཀྱང་། །དོན་འདི་ངེས་པར་བགྱིས་མིན་ན། །གང་ལ་བརྟེན་ནས་བྱང་ཆུབ་སེམས། །སྐྱེ་བའི་རྒྱུ་ཡང་དམན་པར་འགྱུར། །དེས་ན་ངེས་པར་ལེགས་པའི་ལམ། །གང་སྒྲུབ་ཀུན་གྱི་ཐོག་མར་ནི། །ངེས་འབྱུང་འབའ་ཞིག་བཙལ་བའི་ཕྱིར། །སྲིད་པའི་ཉེས་དམིགས་བསྒོམ་པར་བྱ། །འདི་ལྟར་འདི་ཡི་ཕུན་ཚོགས་ནི། །རེ་ཞིག་བདེ་བ་མ་ལགས་ཏེ། །དུག་དང་ལྷན་ཅིག་འདྲེས་པའི་ཟས། །ཅི་ག་བདེ་བའི་རྒྱུ་རུ་སེམས། །འདི་ནི་ཅི་ཙམ་འབྱོར་བགྱིས་བཞིན། །སྡུག་བསྔལ་དེ་ཙམ་བསྐྱེད་བགྱིས་ན། །མནོག་ཆུང་ཉེས་མང་བསྐྱེད་པའི་གཞིར། །བརྩོན་གང་ཀྱེ་མ་བླུན་མིན་སུ། །གང་ཞིག་བདག་གི་སྡུག་བསྔལ་ལ། །དམིགས་ནས་ངེས་པ་རྙེད་གྱུར་ན། །གཞན་གྱི་སྡུག་བསྔལ་བསལ་འདོད་ཀྱི། །བློ་སྐྱེ་སླད་ནས་དཀའ་མ་ལགས། །ཕུང་བོ་རྣམས་དང་ཁམས་རྣམས་དང་། །སྐྱེ་མཆེད་འདི་ལྟར་བདེན་མེད་དང་། །ལུས་ལ་གཙང་མིན་བློ་འཇུག་པའི། །འདུ་ཤེས་ཡང་དག་སྒོམས་མཛོད་ཅིག །གང་ཚེ་བདག་གི་ཕུང་བོ་འདི། །སྙིང་ལ་སྡུག་པར་ཁྱོད་བགྱིད་ན། །དེ་སྲིད་ཕུང་པོའི་ངར་འཛིན་ལས། །ལྡོག་པར་འགྱུར་སྙམ་ཇི་ལྟར་བགྱིད། །ལུས་འདི་ཕལ་ཆེར་ཤ་དང་ནི། །རུས་པའི་འཁོར་ལོ་ཉིད་ལགས་ཤིང་། །ཁྲག་དང་རྒྱུས་པ་ལྤགས་པ་ཡིས། །འབྲེལ་བའི་རྣམ་འགྱུར་ཙམ་ཞིག་ལགས། །གང་དག་ཐོ་ཡོར་མིར་འཁྲུལ་དང་། །བདག་ཡིད་ཡུལ་ལ་མངོན་ཞེན་པ། །འདི་དག་ཕན་ཚུན་དབྱེ་བགྱིད་པའི། །མཚོན་དཔེ་འགའ་ཞིག་མེད་སྙམ་བགྱིད། །དེ་ལྟར་སྲིད་ལ་མངོན་ཞེན་པའི། །བློ་འདི་གང་ཚེ་རྣམ་ལོག་ན། །དེ་ཚེ་དེའི་རྒྱུ་ལས་དང་ནི། །ཉོན་མོངས་འགོག་འདོད་ལྷན་ཅིག་སྐྱེ། །ལས་ཉོན་གང་ཞིག་འགོག་བགྱིད་པའི། །རྒྱུ་ནི་ལམ་བདེན་ཉིད་ལགས་ཕྱིར། །ཚུལ་ཁྲིམས་དང་ནི་ཏིང་འཛིན་དང་། ཤེས་རབ་ཀྱི་ནི་བསླབ་པར་བརྩོན། །གང་ཞིག་བསྒྲུབ་པའི་གྲོགས་ཉིད་དུ། །འདི་ལྟར་རྐྱེན་ངན་ལམ་སློང་དང་། །བར་ཆད་གཡང་དུ་དགུག་བགྱིད་ཅིང་། །འཇིག་རྟེན་ཆོས་བརྒྱད་འགོ་སྙོམས་མཛོད། །ཚུལ་འདིར་བཤད་པའི་དགེ་ཚོགས་ཀུན་གསལ་འགེང་བའི་སྣང་བ་ནི། །སྲིད་བདེར་དམིགས་པའི་བསོད་ནམས་རི་དྭགས་མཚན་མ་འཛིན་པ་མིན། །མ་ལུས་འགྲོ་བའི་བློ་པད་ཅིག་ཆར་དགོད་པའི་བདེ་སྦྱིན་པའི། །ཐར་བ་ཆ་མཐུན་དགེ་ཚོགས་འོད་ཟེར་སྟོང་དུ་འབར་བ་ལགས། །དེ་ལྟར་དཔལ་ལྡན་གངས་ཆེན་མཚོ། །རྣམ་གྲོལ་ནོར་འཛིན་དགའ་མའི་ལྟོར། །འཁྱིལ་བའི་ཆུ་གཏེར་པུ་ཏྲ་ནི། །སྲིད་འདིའི་ཉེར་འཚོ་གཅིག་པུར་ཤོག །ཅེས་པའང་སྒྲུབ་བརྩོན་པདྨ་རྣམ་རྒྱལ་ནས་བསྐུལ་བཞིན་རྒྱལ་བའི་སྲས་པོའི་མིང་གི་ཅོད་པཎ་འཆང་བ་གཞན་ཕན་མཐའ་ཡས་འོད་ཟེར་དུ་འབོད་པས་ཤར་མར་སྤེལ་བ་མངྒ་ལཾ། །

རྒྱ་སྐོར་ངག་དབང་ལ་གདམས་པ།

༄། །རྒྱ་སྐོར་ངག་དབང་ལ་གདམས་པ། །རང་བཞིན་དང་ནི་དྲི་མེད་པས། །རྣམ་པར་བྱང་བའི་ཆོས་གང་གི །ལམ་དང་དེ་ཡི་དམིགས་པ་ནི། །རྒྱལ་བསྟན་རིན་ཆེན་འདི་ཡིན་ནོ། །དེ་ལ་ཐེག་པ་ཆེ་ཆུང་གི །རྣམ་པར་བཞག་ལས་ཉན་ཐོས་ཀྱི། །དབང་བྱས་པ་ནི་བདེན་བཞི་རུ། །དྲིལ་ནས་ངེས་འབྱུང་བསྐྱེད་པར་མཛོད། །ཐེག་པ་ཆེན་པོར་བདེན་གཉིས་ཀྱི། །རྣམ་བཞག་ཐ་སྙད་བདེན་པ་ཉིད། །གཙོ་བོར་སྟོན་པ་རྣམ་རིག་པའི། །གཞུང་དུ་ཤེས་བྱའི་གནས་བཅུར་བསྡུས། །དོན་དམ་བདེན་པ་སྤྲོས་བྲལ་གྱི། །དབང་དུ་བྱས་ནས་དབུ་མའི་ལམ། །ཟབ་མོ་མཆོག་ཏུ་རྟོགས་དཀའ་བ། །འདིར་བསྟན་པས་ན་དེར་བརྩོན་མཛོད། །ཅེས་རྒྱ་སྐོར་ངག་དབང་ལའོ། །

རྣལ་འབྱོར་པ་ཀློང་གསལ་རྡོ་རྗེ་ལ་གདམས་པ།

༄། །རྣལ་འབྱོར་པ་ཀློང་གསལ་རྡོ་རྗེ་ལ་གདམས་པ། །བླ་མ་མཆོག་གི་ཞབས་པད་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ནས། །གང་ཞིག་སྤང་དང་སྒྲུབ་པ་ཡི། །ཕྱོགས་འགའ་འདི་རུ་འཆད་པ་ལ། །དང་པོ་སྲིད་པའི་ལོངས་སྤྱོད་ཀུན། །དུག་བཞིན་མཐོང་ནས་ཅི་ནུས་སྤང་། །བར་དུ་འདུ་འཛི་རྣམ་གཡེང་སོགས་། །ཆོས་བཤོལ་བདུད་ཀུན་སྤང་བར་བྱ། །མཐར་ནི་འཛིན་ཆགས་རྒྱུར་འགྱུར་བའི། །ཟག་བཅས་དགེ་ལའང་ཞེན་པ་མིན། །དང་པོར་ཐུན་མོང་ཆོས་སྤྱོད་ལ། ངེས་འབྱུང་སེམས་ཀྱིས་བརྩོན་པར་བྱ། །བར་དུ་བྱང་ཆུབ་སེམས་བསྐྱེད་ཀྱི། །བློ་སྦྱོང་གནད་དུ་བསྣུན་པར་བྱ། །མཐར་ནི་བསྐྱེད་རྫོགས་རིམ་གཉིས་ལ། །ཉིན་མཚན་ཀུན་ཏུ་འབད་པར་བྱ། །མདོར་ན་ཚེ་འདི་དོན་གཉེར་བའི། །ལོངས་སྤྱོད་དང་ནི་སྙན་གྲགས་ལ། །གང་ཚེ་ཞེན་ལོག་མ་སྐྱེས་བར། །འབད་པ་ཐམས་ཅད་འཁོར་བའི་རྒྱུ། །དེས་ན་ཟོལ་ཟོག་མེད་པ་ཡིས། །བླ་མ་རྗེ་ལ་གསོལ་བཏབ་ནས། །སྒོ་གསུམ་བརྩོན་པ་ཇི་སྙེད་ཀུན། །རང་རྒྱུད་འདུལ་བའི་ཐབས་ལ་གཞོལ། །འདི་ལྟར་བླང་དོར་བགྱིས་པའི་མཐུས། །ཁྱོད་བློ་དབེན་པ་ལ་བསྐུལ་ཏེ། །དམ་པ་གོང་མའི་རྣམ་ཐར་ལ། །བསམ་ནས་ཐར་བ་བསྒྲུབ་པར་ཤོག །ཅེས་པའང་རྣལ་འབྱོར་བ་ཀློང་གསལ་རྡོ་རྗེ་ལ་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་འོད་ཟེར་དུ་འབོད་པས་ཆོས་འཁོར་ཆེན་པོ་ལྷ་ས་ནས་གདམས་པ་མངྒ་ལཾ།། །།

འཇིགས་མེད་རྡོ་རྗེ་ལ་གདམས་པ།

༄། །འཇིགས་མེད་རྡོ་རྗེ་ལ་གདམས་པ། །ན་མོ་གུ་རུ་པདྨ་ཀཱ་ར་ཡེ། ཆོས་ཀུན་གདོད་ནས་རྣམ་དག་བདེ་བ་ཆེ། འོད་གསལ་འདུས་མ་བྱས་པའི་ཕོ་བྲང་ནས། །ཡོངས་ཤར་དགའ་བཞིའི་བདེ་བས་རྟག་འཚོ་བ། །དྲིན་ཅན་ཆོས་ཀྱི་རྒྱལ་པོས་དགེ་ལེགས་སྩོལ། །ལེགས་པར་གསོན་དང་རྣལ་འབྱོར་དམ་པ་ལགས། །རྫོགས་ཆེན་མ་བུ་གསུམ་ཞེས་གྲགས་པ་ལ། །ཐོག་མར་ལྟ་བའི་གནད་ལ་གོམས་བྱས་ནས། །ཐོད་རྒལ་སྒོམ་ལ་བརྩོན་མི་ནུས་རྣམས་ལ། །ཉེ་ལམ་ཚུལ་དུ་རྩ་རླུང་གདམས་པ་བསྟན། །དེ་ལ་བློས་བྱས་དམིགས་རིམ་མང་བཤད་ཀྱང་། །གནད་འགགས་རང་གི་ཉམས་མྱོང་དང་བསྟུན་ཏེ། །ཁྱོད་ལ་བརྗོད་ཀྱིས་ཚུལ་བཞིན་བླང་དོར་གྱིས། །ཐོག་མར་འདུ་འཛི་བྲལ་བའི་དབེན་གནས་སུ། །བརྒྱ་ཞག་སོགས་སུ་ཅི་ནུས་སྦྱངས་པའི་མཐར། །ཁ་སྣའི་རླུང་ལ་དགག་སྒྲུབ་མི་བྱེད་པར། །སྟེང་རླུང་དལ་བུས་མནན་ལ་འོག་རླུང་འཐེན། །ཧ་ཅང་མི་བརྩོན་ལྟེ་བར་ཐད་གར་བརྒྱང་། །དུས་རྣམས་རྟག་ཏུ་རླུང་སེམས་དབྱེར་མེད་ལ། །ཤེས་པ་གཏད་པའི་གནད་ལ་གོམས་པར་བྱ། །རྙོག་མའི་ཟས་དང་ཤུགས་བསྐྱེད་སྤྱོད་པ་དང་། །ཚ་སྒོག་ལ་སོགས་ཚ་བའི་རིགས་རྣམས་ཀུན། །སྤངས་ཤིང་བཅུད་ཅན་ཟས་ལ་བརྟེན་པ་དང་། །མེ་དང་ཉི་མར་ཧ་ཅང་མི་འདེ་བར། །དག་སྣང་ལ་སོགས་དགེ་བའི་བློ་ཡོད་དུས། །ལྷག་པར་འཛིན་དང་ཉོན་རྟོག་རགས་པའི་དུས། །ནང་དུ་མི་བཟུང་རླུང་རོ་འབུར་བར་བྱ། །རླུང་ཆེན་དང་ནི་དྲི་ངན་ཡོད་པའི་སར། །ནམ་ཡང་མི་བཟུང་འདུ་འཛིའི་བྱ་བ་སྤང་། །ཁྱད་པར་ཐོ་རངས་ལ་སོགས་ཁམས་དྭངས་དུས། །བརྩོན་པ་དྲག་པོས་བུམ་ཆེན་འཛིན་པ་དང་། །གོས་ཀྱང་ཇི་སྲབ་ཐབས་ལ་བརྩོན་པར་བྱ། །རེ་འགའ་གཏུམ་མོ་དང་ནི་འཁྲུལ་འཁོར་སོགས། །སྐབས་དང་བསྟུན་ནས་སྦྱངས་ཐབས་ཅི་འགྲུབ་བྱ། །གཞན་ཡང་དེ་ཡི་མཐུན་ཕྱོགས་མཆོད་སྦྱིན་དང་། །ཁྱད་པར་དད་པ་མོས་གུས་ལ་སོགས་པའི། །དགེ་བའི་ལས་རྣམས་ཇི་འགྲུབ་བསྒྲུབ་པ་དང་། །དུག་ལྔ་དུག་གསུམ་མི་དགེའི་ལས་སྤྱི་དང་། །ཁྱད་པར་སེར་སྣ་འཇུར་གེགས་ཁོང་ཁྲོ་སོགས། །ཉེས་པའི་ཕྱོགས་ཀུན་སྤངས་ལ་བརྩོན་པར་བྱ། །དེ་ལྟར་བརྩོན་པས་རྩ་ཐིག་རླུང་གསུམ་ཁམས། །དག་ནས་མ་དག་སྣང་བ་དག་པར་འཆར། །རིག་པའི་གནས་ལུགས་སྒྲིབ་མེད་རྟོགས་པ་དང་། །ཉོན་མོངས་རྟོག་པ་བག་ལ་ཞ་བ་དང་། །ཕྱི་རྟགས་བདེ་དྲོད་ལ་སོགས་རང་འབར་ནས། །གོས་གྱི་འཁྲི་བ་གཏིང་ནས་ཆོད་པ་སོགས། །ཡོན་ཏན་དཔག་ཏུ་མེད་ཅེས་རྒྱལ་བས་གསུངས། །དོན་ལ་རྩ་རླུང་ཐོག་རྒལ་ལ་སོགས་པའི། །བསྐྱེད་རྫོགས་སྒོམ་པའི་རིམ་པ་ཅི་བྱས་ཀྱང་། །དམིགས་བཅས་འཛིན་པ་འཆིང་བའི་རྒྱུ་ལས་ཅི། །དེ་ཕྱིར་ཆོས་ཀུན་གཞི་མེད་རྩ་བྲལ་གྱི། །ངང་ལས་ནམ་ཡང་འདའ་བར་མི་བྱེད་པར། །གནས་ལུགས་ཟབ་མོའི་དོན་ལ་གོམས་པར་བྱ། །དེ་ཡང་དོན་ལ་ཡོད་མེད་ཡིན་མིན་དང་། །གཅིག་དང་དུ་མའི་མཐའ་ལ་མི་གནས་པར། །ཀུན་ཁྱབ་ཡངས་པ་ཆེན་པོར་ཕྱམས་བརྡལ་ལོ། །དེ་ཕྱིར་འཆིང་བྱེད་གཟེབ་ཏུ་མི་འཆིང་བར། །བློ་འདས་རིག་པའི་གནད་ལས་མ་བཅོས་ཞོག །བཅོས་པའི་ལྟ་བས་གནས་ལུགས་ག་ལ་རྟོགས། །རྟོགས་པ་མེད་ལ་བཅོས་མས་ཅི་ཞིག་བྱ། །དེ་ཕྱིར་བཅོས་དང་མི་བཅོས་གཉིས་འཛིན་བློ། །ཐམས་ཅད་མཉམ་ཉིད་ངང་དུ་རོ་སྙོམས་ལ། །བཟའ་བཏུང་ཚོགས་འཁོར་ཚུལ་དུ་རོལ་པ་སོགས། །སྤྱོད་ཡུལ་ཐམས་ཅད་ལམ་དུ་འཁྱེར་བར་བྱ། །གཞན་ཡང་དགེ་བའི་ལས་རྣམས་ཅི་བྱེད་ཀྱང་། །དམ་པ་གསུམ་གྱི་རྩི་དང་མ་བྲལ་བར། །བྱེད་པོ་འདི་ནི་ཐེག་མཆོག་ཆོས་གང་གི །རྩ་བ་ཡིན་ཕྱིར་རྟག་ཏུ་གོམས་པར་བྱ། །མདོར་ན་དཔལ་ལྡན་རྩ་བའི་བླ་མ་ལ། །སྐད་ཅིག་ཙམ་ཡང་ལོག་པའི་བློ་སྤངས་ཏེ། །ཁྱེད་ཤེས་དད་པའི་མོས་གུས་བྱེད་པ་ནི། །གསང་སྔགས་ཆོས་རྣམས་ཀུན་གྱི་རྩ་བའོ། །དེ་ཕྱིར་གང་དེར་སྙིང་ནས་དད་པར་མཛོད། །མཆོག་གསུམ་རྩ་གསུམ་བླ་མའི་ཚོགས་རྣམས་དང་། །བཀའ་སྲུང་དམ་ཅན་རྒྱ་མཚོའི་བདེན་སྟོབས་ཀྱིས། །ཁྱོད་ཀྱི་ལེགས་བྱས་འདོད་པའི་དོན་རྣམས་ཀུན། །ཐོགས་མེད་ཡོངས་སུ་འགྲུབ་པའི་དགེ་ལེགས་སྩོལ། །ཅེས་པའང་བརྩེ་ལྡན་འཇིགས་མེད་རྡོ་རྗེའི་ངོར་སྤྲང་བན་གཞན་ཕན་མཐའ་ཡས་པས་སོ།། །།

ཞལ་སློབ་ཀུན་བཟང་རང་གསལ་ལ་གདམས་པ།

༄། །ཞལ་སློབ་ཀུན་བཟང་རང་གསལ་ལ་གདམས་པ། །ན་མོ་གུ་ར་ཝེ། །དུས་གསུམ་རྒྱལ་བ་ཡོངས་དང་ཤཱཀྱའི་སྲས། །ལྗོངས་འདིའི་གཙུག་རྒྱན་པདྨ་སམ་བྷ་ཝ། །རྣམ་གསུམ་མི་གཉིས་སྒྱུ་འཕྲུལ་དྲྭ་བའི་གར། །ཡོངས་བསྒྱུར་འཁོར་ལོའི་མགོན་པོ་བྱང་ཆུབ་གླིང་། །རེ་ཞིག་མ་ཡིན་གཏན་གྱི་སྐྱབས་གནས་སུ། །ཁྱོད་གཅིག་བསྟེན་ལ་བདག་ཡིད་ངལ་མིན་ན། །བྱམས་བརྩེའི་སྤྱན་དཀྱུས་ཡངས་པས་ཉེར་གཟིགས་ནས། །བདག་བློ་ཡེ་ཤེས་རྒྱ་མཚོར་བྱིན་གྱིས་རློབས། །གང་ཞིག་སྲིད་ལས་མྱ་ངན་འདའ་འདོད་པའི། །སྐྱེས་བུ་རྣམས་ཀྱི་ཉམས་སུ་བླང་བྱའི་གནད། །ཅུང་ཞིག་བླ་མའི་དྲིན་གྱིས་རྟོགས་པའི་ཚུལ། །འདི་རུ་བརྗོད་ཀྱིས་ཚུལ་བཞིན་སྒྲུབ་པར་བྱོས། །དེ་ཡང་ཐོས་པ་སྒྲོགས་དང་རང་བྱང་ཆུབ། །རྒྱལ་སྲས་དམ་པའི་ལམ་དང་བྱ་སྤྱོད་དང་། །རྣལ་འབྱོར་རྣལ་འབྱོར་ཆེན་པོ་ཕ་མའི་རྒྱུད། །མཐའ་དག་རྫོགས་པ་ཆེན་པོའི་ལམ་སྟེགས་སུ། །ངེས་ཕྱིར་ཐེག་པའི་རིམ་པ་མས་རིམ་བཞིན། །འཇུག་འདི་སྔ་འགྱུར་བྱེད་པོ་རྗེ་རྣམས་ཀྱི། །ཕྱག་བཞེས་རྣལ་མར་ངེས་ཕྱིར་དེ་ཉིད་ཀྱི། །རྗེས་སུ་འཇུག་ལ་ལེགས་པར་བརྩོན་དགོས་ཏེ། །སྡུག་བསྔལ་འཁོར་བའི་བདེན་པ་མ་རྟོགས་ན། ཀུན་འབྱུང་མ་རིག་ཉིད་ཀྱང་སྤང་བར་དཀའ། །གང་དེ་འགོག་བྱེད་དོན་དམ་བདེན་པ་ཡང་། །ལམ་བདེན་འཕགས་པའི་སྤང་རྟོགས་ལ་ལྟོས་ཕྱིར། །དེ་དག་རྒྱ་ཆེར་བཀྲལ་བ་ཐུབ་དབང་རྗེས། །དམ་ཆོས་འདུལ་བའི་གཞུང་དུ་ལེགས་གསུངས་བཞིན། །བླང་དོར་གནས་ལ་ཚུལ་བཞིན་བརྩོན་པ་ནི། །རྣམ་མཁྱེན་བསྒྲུབ་པའི་རྟེན་གཞི་བླ་ན་མེད། །དེ་ལས་ཆོས་རྣམས་རང་ངོས་རང་བཞིན་གྱིས། །སྟོང་བ་ཉིད་དང་མཚན་མར་མ་གྲུབ་པའི། །རང་བཞིན་སྨོན་པའི་ཡུལ་ལས་འདས་བཞིན་དུ། །ཀུན་བཏགས་འཁྲུལ་བའི་རྩ་བ་ཆོད་པའི་ཚེ། །གཞན་དབང་སྒྱུ་མ་ཙམ་དུའང་མ་གྲུབ་པར། །རྟག་ཁྱབ་ཡོངས་གྲུབ་ཆེན་པོར་གནས་པའི་ཚུལ། །ཕར་ཕྱིན་གཞུང་དང་མངོན་པ་ལས་གསུངས་བཞིན། །དཔྱད་འཇོག་སྒོམ་པ་ཐར་བའི་སྲོག་ཤིང་ཡིན། །དེ་དག་ལས་ཀྱང་ཉེ་ལམ་ཟབ་མོ་ནི། །གདུལ་བྱའི་ཁམས་དབང་རྗེས་སུ་འགྲོ་བ་ལས། །མངོན་སུམ་ཀུན་གྱིས་སྤྱོད་པར་མ་ངེས་ཀྱང་། །རྒྱུད་ནས་འདུལ་བྱེད་ཐབས་ཀྱང་ཕ་མཐའ་ཡས། །འོན་ཏེ་འདིར་ནི་བསྡུས་ཏེ་འཆད་པ་ལ། །རྒྱུད་སྡེ་བཞིའམ་དྲུག་གི་ངེས་འབྱེད་ལས། །དང་པོ་གསུམ་ནི་གསང་སྔགས་ཕྱི་རྒྱུད་དེ། །གང་ཞིག་སྔགས་ལ་འཇུག་འདོད་བློ་སྐྱེས་ཀྱང་། །བླ་མེད་བརྟུལ་ཞུགས་ཟབ་མོར་ཚོམ་མེད་དུ། །འཇུག་པའི་གདེངས་ཉིད་ད་དུང་མ་ཐོབ་པར། །རང་བཞིན་གྱ་ཚོམ་སྤྱོད་ན་ཉེས་མང་ཕྱིར། །ཕྱི་ཡི་སྤྱོད་པ་འདུལ་བ་ལ་གཞོལ་བཞིན། །ནང་གི་ཉམས་ལེན་སྔགས་ཀྱི་རྣལ་འབྱོར་ནི། །མཚན་བཅས་མཚན་མེད་དག་ལ་བརྩོན་བཞིན་ཏུ། །རྒྱལ་སྲས་སྤྱོད་ལ་གཙོ་བོར་གུས་བསྐྱེད་ཅིང་། །འབྲས་བུ་རིགས་གསུམ་རིགས་བཞི་རིགས་ལྔ་སོགས། །བློ་རིམ་དང་བསྟུན་བསྒྲུབ་པར་བྱེད་པ་ནི། །དེ་དག་སོ་སོའི་འཇུག་སྒོ་དབང་དང་ནི། །དངོས་གཞིའི་སྒོམ་རིམ་དམ་ཚིག་གནང་བཀག་སོགས། །རྒྱུད་སྡེ་གསུམ་པོའི་དབྱེ་བསྡུ་ཐ་དད་ཀུན། །དོན་ཡོད་ཞགས་དང་རྣམ་སྣང་མངོན་བྱང་རྒྱུད། །ངན་སོང་སྦྱོང་རྒྱུད་ལ་སོགས་རྒྱུད་སྡེ་ནི། །བསམ་མི་ཁྱབ་པ་དག་ཏུ་རྒྱལ་བས་གསུངས། །འདི་དག་ཁ་ན་མ་ཐོའི་ཉེས་སེལ་ཕྱིར། །མོས་སྤྱོད་སྔགས་པའི་འཇུག་ངོགས་རྣམ་དག་གོ །དེ་ལྟར་ཐེག་པ་དྲུག་གི་རྒྱུད་སྦྱངས་ནས། །བླ་ན་མེད་པ་གསང་སྔགས་ནང་བ་ཡི། །འཇུག་སྒོ་དབང་ལ་ཕན་ནུས་ཟབ་དབང་གི །རྣམ་དབྱེ་མང་ཡང་མདོར་བསྡུས་དབང་བཞི་རུ། །མ་འདུས་མེད་ཅེས་ཀུན་མཁྱེན་ཆོས་རྗེས་གསུངས། དེ་ཡང་བུམ་པའི་དབང་གིས་ལུས་དང་རྩའི། །སྒྲིབ་པ་སྦྱངས་ཕྱིར་བསྐྱེད་རིམ་སྤྲུལ་སྐུའི་ལམ། །སྒོམ་པར་དབང་བཞིན་གང་ལ་བརྩོན་པ་གལ། །འདིར་ཡང་གོམས་པ་མཆོག་དམན་ལ་ལྟོས་ནས། །སྐྱེ་བ་རྣམ་བཞི་སྦྱོང་བྱེད་བསྐྱེད་རིམ་ཡང་། །བསྡུས་འབྲིང་རྒྱས་དང་རྒྱས་པ་ཆེན་པོ་བཞིར། །གསུངས་ཀྱང་ཉམས་ལེན་རང་ངོས་བརྗོད་པ་ན། །ཡེ་ནས་རྣམ་པར་དག་པའི་སེམས་ཉིད་ཀྱི། །རང་གདངས་མ་འགགས་རོལ་རྩལ་ཀུན་ཁྱབ་ཏུ། །ཤར་གང་སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་དུ། །ལྷུན་གྱིས་གྲུབ་པ་ཟབ་མོའི་བསྐྱེད་རིམ་དང་། །གང་གི་ངོ་བོ་བསམ་བརྗོད་བྲལ་བ་ལ། །གསལ་སྣང་ལྷ་ཡི་འཁོར་ལོར་ཤར་བ་ནི། །ཟབ་གསལ་གཉིས་མེད་རྡོ་རྗེའི་ཏིང་འཛིན་ཞེས། །ཤིན་ཏུ་རྣམ་དག་ཨུ་པ་དེ་ཤའོ། །དེ་ལྟར་རྣམ་དག་རིམ་པ་དང་པོའི་ལམ། །སྦྱངས་གོམས་བརྟན་པས་ཐ་མལ་སྣང་ཞེན་ཀུན། །ལྷ་སྣང་ཡེ་ཤེས་ཆེན་པོར་བསྒྱུར་པ་དང་། །དེ་དང་རྗེས་འབྲེལ་རྫོགས་རིམ་རིམ་ལྔ་སོགས། །མ་ཧཱ་ཡོ་གའི་རྒྱུད་སྡེ་རྒྱ་མཚོ་ལས། །གསུངས་ལྟར་ཉམས་སུ་ལེན་པར་བྱེད་པ་ནི། །བླ་མེད་རྒྱུད་ཀྱི་གཞི་མ་ལྟ་བུར་ངེས། །གཉིས་པ་གསང་བའི་དབང་གིས་ངག་དང་ནི། །རླུང་གི་སྒྲིབ་པ་སྦྱངས་ཕྱིར་མཚན་བཅས་ཀྱི། །རྫོགས་རིམ་ལོངས་སྐུའི་ལམ་མཆོག་སྒོམ་པ་ལ། །དབང་བཞིན་ཟབ་མོའི་ཆོས་དྲུག་ལ་སོགས་པ། །མང་ཞིག་སྒོམ་ཚུལ་ཨ་ནུའི་རྒྱུད་སྡེ་ལས། །གསུངས་ཀྱང་གནད་དུ་དྲིལ་ནས་འདིར་འཆད་ན། །དབེན་པར་ལུས་གནད་དྲང་པོར་བསྲིངས་ནས་སུ། །ཡི་དམ་གང་སྒོམས་མངོན་རྟོགས་གསལ་བཏབས་ནས། །རྡོ་རྗེ་ཕུང་པོའི་གྲོང་ན་ཡེ་གནས་པའི། །ཀུན་རྫོབ་རྩ་ཐིག་རླུང་ལ་གནད་བསྣུན་ནས། །དོན་དམ་བདེ་སྟོང་ཆེན་པོར་སྦྱངས་པའི་ལམ། །སྲོག་དང་རྩོལ་བའི་རྣལ་འབྱོར་ལ་གོམས་རྗེས། །གསུམ་པའི་དབང་གིས་ཡིད་དང་ཐིག་ལེ་ཡི། །སྒྲིབ་པ་སྦྱངས་ཕྱིར་གཞན་ལུས་བདེ་ཆེན་པོ། །ཆོས་སྐུའི་རྣལ་འབྱོར་ཉིད་ལ་དབང་བཞིན་དུ། །དངོས་རྒྱ་འམ་ནི་ཏིང་འཛིན་སྨིན་ལེགས་མའི། །བདེ་བ་ཡིད་ལ་འཇོ་བར་བྱེད་པ་ནི། །ལྟ་བའི་བོགས་འདོན་ཐབས་སུ་ལྷག་པར་གཅེས། །འོན་ཏེ་དེང་སྐབས་ལམ་གནད་མ་གོ་བཞིན། ཅོལ་ཆུང་ཚིག་ལ་ཞེན་པའི་སྦྱོར་སྒྲོལ་དེས། །གྲོལ་བ་ལྟ་ཅི་སྲིད་པའི་རུ་ཊྲར་གོལ། །དེ་ཕྱིར་རང་རྒྱུད་མྱོང་བར་བསྟུན་པ་གལ། མདོར་ན་མ་རྒྱུད་ལམ་ཟབ་འཁྲུལ་མེད་ནི། །བླ་མེད་རྒྱུད་སྡེའི་ལུས་དང་རབ་མཚུངས་ན། །གང་ལ་ཐོས་བསམ་སྒོམ་པས་བརྩོན་བྱེད་པ། །དེ་ལ་དངོས་གྲུབ་རྣམ་གཉིས་ཆར་བཞིན་འབབས། །བཞི་བ་ཚིག་དབང་ཉིད་ལ་བརྟེན་ནས་སུ། །ཀུན་གཞི་དང་ནི་ཤེས་སྒྲིབ་ཕྲ་མོ་ཚུན། །སྦྱངས་ཕྱིར་དམིགས་པ་མེད་པའི་རྫོགས་རིམ་མཆོག །ངོ་བོ་ཉིད་སྐུའི་ལམ་མཆོག་སྒོམ་པ་ལ། །དབང་བཞིན་ཤིན་ཏུ་རྣམ་པར་དག་པའི་དབྱིངས། །སྤྲོས་བྲལ་ཀ་དག་ཆེན་པོའི་རང་བཞིན་དང་། །ལྷུན་གྲུབ་འདུས་མ་བྱས་པའི་ཡེ་ཤེས་གཉིས། །ཟུང་དུ་འཇུག་པ་རྫོགས་པ་ཆེན་པོའི་ལམ། །གང་ལ་ཕྱོགས་རིས་གཞལ་ན་གྲུབ་པའི་མཐའ། །ཀུན་དང་མཐུན་པར་སྣང་ཡང་རང་ངོས་ནས། །གཞལ་ན་གྲུབ་མཐའ་ཀུན་གྱི་གནད་རྫོགས་ཤིང་། །གྲུབ་མཐའ་ཀུན་གྱི་མཚང་ཡང་ཞིག་པ་སྟེ། །དོན་ལ་མཉམ་རྫོགས་ཐེག་པའི་རྒྱལ་པོའོ། །དེ་ལྟའི་ཨ་ཏི་ཡོ་ག་ཉིད་ལའང་། །དབྱེ་ན་སེམས་ཀློང་མན་ངག་སྡེ་གསུམ་ལས། །མན་ངག་སྙིང་ཐིག་ཟབ་མོའི་སྡེ་ལ་ཡང་། །ཕྱི་ནང་གསང་དང་ཡང་གསང་བླ་མེད་སྐོར། །བཞི་ལས་སྐོར་ཚོ་ཕྱི་མའི་དགོངས་པ་ནི། །ཀུན་གཞི་སེམས་དང་ཡིད་དང་རྣམ་ཤེས་དེ། །འཁོར་བའི་རྣམ་པ་ཆ་དང་བཅས་པ་ལས། །ཆོས་སྐུ་ཡེ་ཤེས་ཤེས་རབ་རོལ་རྩལ་བཅས། །ཁྱད་པར་དབྱེ་ནས་དེ་ཉིད་སྒོམ་པའི་ཐབས། །ཁྲེགས་ཆོད་ཐོད་རྒལ་གཉིས་ལ་གཞི་བཅས་ནས། །ཅོག་བཞག་བཞི་དང་ཏིང་འཛིན་རྣམ་གསུམ་གྱིས། །ཉམས་ལེན་བརྟན་གོམས་བྱེད་པ་ཁོ་ནའོ། །མདོར་ན་ཐེག་རིམ་དགུ་ལ་རིམ་ཞུགས་ནས། །མཐར་ཐུག་བློ་འདས་རྫོགས་པ་ཆེན་པོའི་གཤིས། །འདི་ཉིད་ཡེངས་སྒོམས་མེད་པར་མ་བསྐྱངས་ན། །བློས་བྱས་ཆོས་ཀྱི་སྲིད་ལས་གྲོལ་མི་ནུས། །ཅི་ཕྱིར་སེམས་དང་སེམས་བྱུང་འཁྲུལ་ཤེས་ལ། །འཁྲུལ་བས་འཁྲུལ་བ་དག་པར་མི་འཚལ་ཏེ། །དཔེར་ན་སྒྱུ་མས་སྒྱུ་མ་བསླུ་བ་བཞིན། །འཁྲུལ་བའི་འཁོར་ལོ་ནམ་ཡང་འཛད་པ་མེད། །དེ་ཕྱིར་བློ་འདས་གནད་ལ་གོམས་པར་མཛོད། །འོན་ཀྱང་ཕྱོགས་ཞེན་མ་ཡིན་གཟུ་བོའི་བློས། །མདོ་རྒྱུད་རྒྱ་མཚོའི་ལུང་ལ་དཔྱད་པ་དང་། །ལུང་དོན་རང་གི་སེམས་ལ་ཕབས་པ་དང་། །བླ་མའི་མན་ངག་དྲི་མེད་བདུད་རྩིའི་ཆབ། །སྙིང་དབུས་མི་ཤིགས་ཐིག་ལེར་བསྐྱིལ་བའི་མཐུས། །དེང་སྐབས་ཚིག་ལ་ཞེན་སྙམ་མི་གདའ་བས། །དོན་འདི་བསྒྲུབ་བརྩོན་གང་ལ་ལྷུག་པར་སྨྲས། །དེ་ཕྱིར་རྒྱལ་བསྟན་དྲི་མེད་ནོར་བུ་ལ། །རང་ལྟ་མཆོག་འཛིན་སྤངས་ནས་ཅིག་དྲིལ་དུ། །ཉམས་སུ་ལེན་འདི་ཁོ་བོའི་རིགས་ཀྱི་བདག །ཀུན་མཁྱེན་ཆོས་རྗེ་བླ་མ་ཡབ་སྲས་ཀྱི། །ཁྱད་ཆོས་ཡིན་ལ་ཁྱོད་ཀྱང་ཡིད་གཏོད་འཚལ། །དེ་ལྟར་མདོ་སྔགས་ཆོས་སྒོ་བསམ་ཡས་པ། །ཉུང་ངུའི་གཏམ་འདིས་གོ་བར་ནུས་དེ་ཅི། །འོན་ཏེ་ལྷག་བསམ་དག་པས་འདིར་གདམས་དགེས། །མ་ལུས་འགྲོ་ཀུན་རྣམ་མཁྱེན་སར་འགོད་ཤོག། ཅེས་པའང་མཁྱེན་དཔྱོད་ཀྱི་བློ་གྲོས་རྣམ་པར་ཡངས་པ་རང་སློབ་ཀུན་བཟང་རང་གསལ་གྱིས་བསྐུལ་ངོར་ཐེག་པ་མཆོག་ལ་མོས་པ་ཐོབ་པའི་རྣལ་འབྱོར་བ་གཞན་ཕན་མཐའ་ཡས་འོད་ཟེར་གྱིས་གདམས་པའོ། །དགེའོ། །

ཚུལ་ཁྲིམས་མཐར་ཕྱིན་ལ་བཤིས་ལེན་དུ་སྤྲིང་བ།

༄། །ཚུལ་ཁྲིམས་མཐར་ཕྱིན་ལ་བཤིས་ལེན་དུ་སྤྲིང་བ། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དད་དང་བརྩོན་པའི་ཡ་ལད་ནི། །ཁྱོད་ཀྱི་སྔ་ནས་བགོས་ཟིན་མོད། །ད་དུང་ཤེས་རབ་རལ་གྲི་དང་། །སྒོམ་པའི་བཙན་མཁར་འཛིན་མཛོད་ཅིག །དབེན་པ་བསྟེན་ལ་ཁྱོད་ཀྱི་ཐུགས། །སྤྲོ་ནས་རིང་ཞིག་ལོན་ལགས་ཀྱང་། །ལུས་ལས་ཀྱང་ནི་སེམས་དབེན་ལ། །གཅེས་ནོར་ཉིད་དུ་མཛོད་ཅིག་གུ། །སྲིད་རྩ་བདག་ཏུ་འཛིན་པ་རུ། །གང་གིས་མཁྱེན་བཞིན་ལགས་ནའང་། །དེ་ཉིད་དགག་བྱའི་གཙོ་བོ་རུ། །བྱས་ནས་འགོག་བྱེད་སྟོང་ཉིད་ཡིན། །དེ་ཕྱིར་ཟབ་མོ་རྟེན་འབྱུང་གི །རང་བཞིན་ཉིད་ལ་ཐུགས་གཞོལ་ནས། །རྟེན་འབྱུང་གང་ཡིན་སྟོང་ཉིད་དུ། །མཁྱེན་པས་ཟུང་འཇུག་སྒོམ་འཚལ་ལོ། །དོན་འདི་ཡིད་ལ་ངེས་གྱུར་ན། །གང་ཚེ་འཆི་བར་འགྱུར་བ་ནའང་། ཟག་བཅས་སྒྱུ་མའི་ཞེན་རྟོག་ཀུན། །འོད་གསལ་ཆོས་སྐུར་བསྡུ་བ་ཡིན། །དེས་ན་འདའ་ཀའི་མན་ངག་ལ། །འདི་ལས་ཟབ་པ་མེད་ལགས་པས། །དེ་ཉིད་གནད་དུ་འགྲོ་བའི་ཕྱིར། །བླ་མར་གསོལ་བ་འདེབས་མཛོད་ཅིག །ཅེས་པའང་ཆོས་གྲོགས་དམ་པ་ཚུལ་ཁྲིམས་མཐར་ཕྱིན་ལ་སྐྱེས་ལེན་དུ་ཤཱཀྱའི་བཙུན་པ་གཞན་ཕན་པས་སྤྲིང་བའོ། །

བཟོ་རིག་འཛིན་པ་བློ་བཟང་དར་རྒྱས་ལ་གདམས་པ།

༄། །བཟོ་རིག་འཛིན་པ་བློ་བཟང་དར་རྒྱས་ལ་གདམས་པ། །རྗེ་བླ་མའི་ཞབས་ལ་ཕྱག་འཚལ་ནས། །སེམས་བརྩེ་བས་གདམས་ངག་བརྗོད་ལ་གསོན། །ཁྱེད་མི་ཁོམས་གནས་བརྒྱད་ལས་ཐར་ནས། །རྟེན་དལ་བའི་ངོ་བོ་ཐོབ་དུས་འདིར། །གནས་ཐར་མཆོག་གོ་འཕང་སྙེགས་དགོས་པས། །དེའི་ལམ་སྟོན་བླ་མ་བསྟེན་པ་དང་། །སྐྱབས་བསླུ་མེད་དཀོན་མཆོག་རྣམ་གསུམ་ལ། །ཡིད་དད་པ་དྲག་པོས་སྐྱབས་འགྲོ་གྱིས། །ཚུལ་དེ་ལྟར་བགྱིས་ནས་རང་གཞན་གྱི། །ཡོངས་འབྱོར་བའི་རྟེན་འབྲེལ་འགྲིགས་པ་དང་། །བཟོད་མི་རྟག་སྙིང་རྗེ་ལ་སོགས་པས། །བློ་སྦྱོང་ནས་བྱང་ཆུབ་མཆོག་སེམས་བསྐྱེད། །ལམ་འདི་ལ་ལེགས་པར་སྦྱང་གྱུར་ན། །མཐར་རྣམ་མཁྱེན་གོ་འཕང་ཐོབ་ངེས་པས། །ཁྱེད་ལེ་ལོའི་དབང་དུ་མ་བཏང་བར་། །འདིར་གདམས་པའི་དོན་ལ་བླང་དོར་མཛོད། །ཅེས་བཟོ་རིག་འཛིན་པ་བློ་བཟང་དར་རྒྱས་ལ་རྒྱལ་སྲས་གཞན་ཕན་མཐའ་ཡས་པས་གདམས་པ་དགེ། །།

མཚོ་སྔོན་པོའི་དད་ལྡན་ཨ་བུ་ཚེ་རིང་ལ་གདམས་པ།

༄། །མཚོ་སྔོན་པོའི་དད་ལྡན་ཨ་བུ་ཚེ་རིང་ལ་གདམས་པ། །ཕ་སྐུ་བཞིའི་བདག་ཉིད་བླ་མ་ལ། །ཡིད་རྩེ་གཅིག་དད་པས་ཕྱག་འཚལ་ནས། །མགོན་ཐུབ་པའི་དབང་པོའི་གསུང་གསང་དོན། །དེ་ལེགས་པར་བཤད་ཀྱིས་གུས་པས་ཉོན། །ཁྱེད་འཇིག་རྟེན་སྲིད་པའི་དཔལ་འབྱོར་ལ། །བློ་གཏད་ཀྱང་ནམ་ཞིག་བསླུ་ངེས་པས། །སྐྱབས་བསླུ་མེད་དཀོན་མཆོག་རིན་ཆེན་གསུམ། །འདིར་གུས་པས་ཕྱག་མཆོད་ཅི་ནུས་མཛོད། །ཚེ་མི་རྟག་ནམ་མཁའི་གློག་འགྱུ་བཞིན། །དུས་སྐད་ཅིག་ཙམ་ཡང་མི་སྡོད་པས། །ད་འཇིག་རྟེན་ཕྱི་མའི་ལྟོ་བརྒྱགས་ལ། །ཡིད་གཞུང་ནས་འབོད་ཅིག་དད་པ་ཅན། །སྲིད་མཐའ་དག་ཀུན་འབྱུང་བདེན་པའི་འབྲས། །ཡོངས་སྡུག་བསྔལ་གསུམ་གྱི་འཁོར་ལོ་ལས། །ད་བདེ་བའི་གོ་སྐབས་མི་གདའ་བས། །རྟེན་དལ་འབྱོར་ཐོབ་ཚེ་འབད་ཀྱང་འཚལ། །ལས་གནག་པའི་རྣམ་སྨིན་ཆེས་གནག་ཅིང་། །ཡང་དགེ་བའི་འབྲས་བུ་དཀར་ལགས་པས། །ད་གནག་དང་འདྲེས་མའི་ལས་སྤངས་ནས། །ལས་གཅིག་ཏུ་དཀར་ལ་ནན་ཏན་མཛོད། །ཁྱེད་བདག་ཉིད་ལེགས་སུ་འདོད་པ་ལ། །མཐར་བྱང་ཆུབ་གསུམ་པོ་གང་རུང་ངམ། །ཡང་དེ་སྲིད་མཐོ་རིས་ཐོབ་དགོས་པས། །ད་བསླབ་གསུམ་གནད་ལ་འབོད་ཅིག་ཨང་། །གཞི་ཚུལ་ཁྲིམས་མེད་ལ་མངོན་མཐོ་མེད་། །རྟེན་དེ་དང་བྲལ་བའི་གང་ཟག་ལ། །ཏིང་འཛིན་དང་ཤེས་རབ་མི་གནས་པས། །དུས་དང་པོར་ཚུལ་ཁྲིམས་ཀྱི་ཞིང་ས་ཚོལ། །དེ་མང་དུ་བཤད་ན་མི་ཟིན་པས། །མདོར་འཇིག་རྟེན་ཁྱིམ་པར་གནས་རྣམས་ཀྱང་། །དེའི་ཡང་དག་ལྟ་ལ་ངེས་རྙེད་ནས། །རྟེན་དགེ་བསྙེན་གྱི་བླང་འདས་ལྔ་པོ་སྲུངས། །ཡང་རྟག་པར་དཀོན་མཆོག་སྐྱབས་འགྲོ་དང་། །དུས་བཟང་པོ་གསུམ་ལ་བསྙེན་གནས་དང་། །ཡང་སྐབས་འགར་བསམ་གཏན་སྒོམ་པ་སོགས། །ལམ་ལྷ་མིའི་ཐེག་ལ་ནན་ཏན་འཚལ། །དེས་སྲིད་རྩ་གཅོད་པ་མ་ལགས་ཀྱང་། །ཐབས་འདི་དག་སྐས་ཀྱི་གདང་བུ་བཞིན། །རྟེན་སྔ་མར་གོམས་ན་ཕྱི་མའི་འབྲས། །དེ་རིམ་བཞིན་འབྱུང་བ་ཀླུ་སྒྲུབ་བཞེད། །ཚུལ་དེ་སླད་ལམ་གསུམ་གྱིས་བསྡུས་པའི། །སྲིད་འཁོར་བའི་ཡན་ལག་བཅུ་གཉིས་པོ། །གཞི་བདག་འཛིན་ལྷན་སྐྱེས་ལས་བྱུང་ཕྱིར། །ད་བདག་མེད་རྟོགས་པའི་ཐབས་ལ་འབོད། །འདིར་ལམ་གྱི་ཡན་ལག་ངེས་ཤེས་ཀྱི། །ཁྱེད་སྙིང་ནས་རྣམ་མཁྱེན་དོན་གཉེར་ན། །དེའི་ལམ་གྱི་གཙོ་བོ་བྱང་ཆུབ་སེམས། །འདི་གཅིག་པུ་སྒོམས་ལ་མ་གཡེལ་ཅིག །དེར་ཀུན་རྫོབ་དོན་དམ་གྱིས་དབྱེ་བའི། །སེམས་རྣམ་པ་གཉིས་ཀྱི་སྔ་མར་ཡང་། །ཡིད་སྨོན་པ་ཙམ་དང་འཇུག་སེམས་གཉིས། །འདིའི་རྩ་བ་སྙིང་རྗེ་ལགས་མཁྱེན་མཛོད། །ད་མང་དུ་སྨྲ་ཡང་མི་འཚལ་བས། །ཁྱེད་རང་གི་རྒྱུད་ལ་ལེགས་བརྟགས་ནས། །ཆོས་གང་བྱས་ཉོན་མོངས་གཉེན་པོ་རུ། །འཕྲལ་སོང་ངམ་མ་སོང་ཡང་ཡང་དཔྱོད། །འདི་ཆོས་པ་འཇལ་བའི་ཚད་མ་ལགས། །ཡང་ལུང་བསྟན་ཀུན་གྱི་མཆོག་ཡིན་ཏེ། །རྒྱུད་ཉོན་མོངས་ཡོད་ན་སྡུག་བསྔལ་ཡོད། །དེ་མེད་ན་སྲིད་ལས་མྱ་ངན་འདའ། །དོན་དེ་ལས་གཞན་པའི་མངོན་ཤེས་དང་། །ཡོངས་གྲུབ་རྟགས་ངེད་ལ་མེད་ལགས་པས། །ཁྱེད་ལྐོག་གྱུར་མངོན་དུ་སྟོན་རེ་བའི། །ལུང་མ་བསྟན་སྙམ་དུ་མི་བགྱིད་འཚལ། །མདོར་ཚེ་འདིའི་བདེ་སྡུག་ཇི་སྙེད་ཀུན། །ཚེ་སྔ་མའི་ལས་ལ་རག་ལས་ཕྱིར། །ད་འཕྲལ་དུ་བཅོས་ཐབས་མ་མཆིས་ཀྱང་། །དུས་སླད་མའི་བདེ་ཐབས་ད་ལྟ་མཛོད། །ཚུལ་དེ་སྐད་རྒྱལ་སྲས་གཞན་ཕན་པས། །བྱང་ཁྲི་ཤོར་རྒྱལ་མོ་དང་ཉེ་བའི། །མི་དད་ལྡན་ཨ་བུ་ཚེ་རིང་ལ། །སེམས་བརྩེ་བའི་གདམས་པ་དགེ་གྱུར་ཅིག།

གཡུ་བ་སངས་རྒྱས་དཔལ་ལྡན་ལ་གདམས་པ།

༄། །གཡུ་བ་སངས་རྒྱས་དཔལ་ལྡན་ལ་གདམས་པ། །སེམས་ལ་སྒོམ་དང་སྒོམ་པ་པོ། །ཐ་དད་མེད་པར་ཤེས་ལགས་ཀྱང་། །ཕྱི་དང་ནང་གི་ཆོས་རྣམས་ཀྱི། །རང་བཞིན་སྟོང་བར་རྟོགས་པ་དགོས། །དེ་ཡང་དངོས་ལ་རྣམ་འཛིན་པའི། །བློ་ལས་གཞན་པའི་ཡེ་ཤེས་ཀྱིས། །དངོས་པོའི་རང་བཞིན་སྤྲོས་བྲལ་དུ། །སོ་སོར་རྟོག་པ་མཁྱེན་མཛོད་ཅིག །དེ་ཕྱིར་སྟོང་ཉིད་རྒྱ་མཚོ་ལ། །རྣམ་རྟོག་རྦ་རླབས་ནུབ་ན་ལེགས། །གཞན་དུ་རྣམ་འཛིན་ཡུལ་རྟོག་གི །རྭ་བར་ཞེན་པ་སྒོམ་ཉམས་མིན། །མདོར་ན་ཆོས་ཀྱི་ཆོས་ཉིད་ལ། །བཟོ་བཅོས་མེད་པར་མཉམ་བཞག་པས། །གཉུག་མ་ལྷན་ཅིག་སྐྱེས་པའི་ཞལ། །ཚེ་འདིར་མཇལ་བར་མཛོད་ཅིག་གུ། །ཞེས་པའང་གཡུ་བ་སངས་རྒྱས་དཔལ་ལྡན་ལ་ཛི་ན་པུ་ཏྲས་གདམས་པའོ།། །།

རིག་འཛིན་རྒྱ་མཚོ་ལ་གདམས་པ།

༄། །རིག་འཛིན་རྒྱ་མཚོ་ལ་གདམས་པ། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །གདོད་ནས་རང་བཞིན་གྱིས་སྟོང་པའི། །དངོས་པོ་ལྷན་ཅིག་སྐྱེས་པ་རུ། །བསྟེན་ནས་གདགས་ཏེ་སྟོན་མཛད་པའི། །བླ་མ་མཆོག་དང་ལྷག་པའི་ལྷ། །རྣམ་དབྱེར་མེད་པའི་རྡོ་རྗེ་སེམས། །གང་དེ་གཉུག་མའི་གནས་ལུགས་སུ། །ངེས་པ་རྙེད་པའི་ལྟ་བ་དང་། །སྒོམ་པས་རང་དབང་ཉིད་དུ་གྱིས། །འདི་ལ་འཁོར་འདས་གཉིས་མེད་ཕྱིར། །གཞི་འབྲས་ཐ་དད་ཡོད་མ་ཡིན། །གང་ཞིག་གཞིར་འགྱུར་དེ་དག་ཉིད། །འབྲས་བུར་མངོན་དུ་བྱེད་མཛོད་ཅིག །དོན་འདི་བདེ་བླག་མ་བྱས་དེ་སྲིད་དུ། །འཆི་བའི་རང་བཞིན་ཉིད་ལ་བསམ་བྱས་ཏེ། །ཉིན་དང་མཚན་དུ་གཡེལ་མེད་བརྩོན་པ་ཡིས། །ལམ་བཟང་སྒྲུབ་པའི་འདུན་མ་བསྐྱེད་འཚལ་ལོ། །དེ་སྐད་རྒྱལ་བའི་སྲས་པོ་ཡི། །ལམ་ལ་འཇུག་པའི་རྣམ་གཞག་པ། །འདིར་ནི་མདོ་ཙམ་བརྗོད་པ་ཡིན། །རྒྱ་ཆེར་གཞུང་ལས་རྟོག་མཛོད་ཅིག །ཅེས་པའང་བཙུན་པ་རིག་འཛིན་རྒྱ་མཚོའི་བཞེད་པ་སྐོང་ཕྱིར་བན་ཆུང་གཞན་ཕན་པས་སྨྲས་པའོ།། །།

ལྟ་སྒོམ་སྤྱོད་པའི་ཚུལ་མདོར་བསྡུས་པའི་ཞལ་གདམས།

༄། །ལྟ་སྒོམ་སྤྱོད་པའི་ཚུལ་མདོར་བསྡུས་པའི་ཞལ་གདམས། །གཉུག་མའི་ཡེ་ཤེས་རྫོགས་པ་ཆེན་པོ་ལ་ཕྱག་འཚལ་ལོ། །གང་ཞིག་ལྟ་སྒོམ་སྤྱོད་པའི་གནད། །མདོར་བསྡུས་ཇི་ལྟ་བུ་ཞེ་ན། །གྲུབ་མཐའ་འདི་ཞེས་བློས་བཞག་པའི། །ཐེག་པ་པ་རྣམས་སོ་སོ་ཡང་། །མཐར་ཐུག་རྫོགས་པ་ཆེན་པོའི་ལུགས། །གང་ཞིག་འདིར་ནི་འཆད་པ་ལ། །དང་པོ་ཐོས་དང་བསམ་པ་ཡིས། །བརྟགས་ནས་སེམས་ཀྱི་མཚན་ཉིད་རྣམས། །དོན་སྤྱིའི་ཚུལ་དུ་གོ་བའི་ཚེ། །སླད་ནས་ཉམས་མྱོང་དང་འབྲེལ་ཏེ། །ཀུན་གཞི་དང་ནི་ཆོས་སྐུའི་ཁྱད། །དེ་བཞིན་སེམས་དང་ཡེ་ཤེས་དང་། །ཡིད་དང་ཤེས་རབ་དག་གི་ཁྱད། །བླ་མའི་མན་ངག་གིས་ཕྱེས་ནས། །ཀུན་གཞི་སེམས་གསུམ་དང་བཅས་པ། །འཁོར་བའི་ཆོས་སུ་གོ་བ་ན། །དེ་ལྡོག་ཆོས་ཉིད་བདེན་པའི་ཞལ། །མཇལ་བ་ཞེས་བྱ་ལྟ་བའོ། །གང་ནས་བརྩམས་ཏེ་རྣམ་ཀུན་ཏུ། །དེ་ལྟའི་ཆོས་ཉིད་དྲི་མེད་ལས། །ཡུལ་དྲུག་རྗེས་སུ་མི་གཡོ་བར། །རྒྱ་མཚོ་ཆེན་པོར་གཟའ་སྐར་གྱི། །རྣམ་པ་སྣང་ཡང་ཡོང་གཞན་ལྟར། །དེ་འཛིན་རྐུན་བུ་མི་འཇུག་བཞིན། །དྲན་ཤེས་སོ་བ་རྒྱུན་བསྟེན་བྱ། །དེ་ཚེ་བྱིང་རྒོད་སྐྱོན་སེལ་དང་། །བདེ་གསལ་མི་རྟོག་ལ་སོགས་པའི། །ཉམས་ཀྱི་གོལ་ས་གཅོད་པའི་ཕྱིར། །འགྱུ་བ་དྭངས་ཚོལ་གདམས་ངག་དང་། །གནས་ལ་ཕྱམ་གདལ་གདམས་ངག་ཟུང་། །དྲན་པའི་གསོས་སུ་བརྟེན་པར་བྱ། །འདི་ནི་སྒོམ་པས་སྐྱོང་ཚུལ་ལོ། །དེ་འདྲའི་མཉམ་བཞག་ཞི་གནས་དང་། །ལྷག་མཐོང་ཟུང་འཇུག་ཉམས་ལེན་བཞིན། །རྗེས་སུ་ཐོབ་པའི་རོལ་པ་ལས། །རིག་ཙམ་གོ་ཙམ་དྲན་པའི་རྒྱུན། །མ་ཆད་ངང་ནས་བཟའ་བཏུང་སོགས། །སྤྱོད་ལམ་ཀུན་ཀྱང་ཚོགས་རྫོགས་པའི། །ཐབས་དེ་ཁོ་ནར་བསྒྱུར་བཞིན་དུ། །བསྔོ་སྨོན་རྣམ་པར་དག་པར་གདབ། །འདི་ནི་ཐེག་ཆེན་རྒྱལ་སྲས་ཀྱི། །སྤྱོད་པ་བླ་ན་མེད་པའོ། །མདོར་ན་ཆོས་ནི་ཉོན་མོངས་པ། །གདུལ་ཐབས་ཉིད་ལས་གཞན་མིན་ཕྱིར། །ལྟ་སྒོམ་སྤྱོད་པ་དེ་དག་ཀྱང་། །ཅི་ཙམ་རྒྱུད་ལ་ཁེལ་བཞིན་དུ། །བདག་འཛིན་འཆིང་བ་ཡོངས་གྲོལ་ནས། །འཁྲུལ་བ་རིམ་བཞིན་འཇིག་པ་ཡིན། །དེ་ཕྱིར་ལོ་ཟླའི་མཚམས་སྒྲུབ་ལ། །ཞུགས་ཀྱང་བདག་འཛིན་ཉོན་མོངས་བཅས། །ཐུལ་བར་དཀའ་ན་ཆོས་དེ་ནི། །ཆོས་སུ་སོང་བ་མ་ལགས་སོ། །དེ་ཕྱིར་བདག་འཛིན་ཅི་ཆོད་མཛོད། །འདིར་བཤད་པ་ཡང་འགྲོ་བ་རྣམས། །ཡང་དག་ལམ་མཐོང་རྒྱུར་གྱུར་ཅིག །ཅེས་པའང་སྒྲུབ་བརྩོན་མ་རྣམ་དཀར་སྒྲོན་མ་ནས་ལྟ་སྒོམ་སྤྱོད་པའི་སྐྱོང་ཚུལ་མདོར་བསྡུས་ཤིག་དགོས་ཞེས་བསྐུལ་བཞིན་སྤྲང་བཙུན་འདུ་ཤེས་གསུམ་པ་གཞན་ཕན་མཐའ་ཡས་འོད་ཟེར་ཞེས་འབོད་བས་སྨྲས་པའོ།། །།

བསྐྱེད་རྫོགས་ཟུང་འཇུག་གི་གནད་སྟོན་པའི་གདམས་པ།

༄། །བསྐྱེད་རྫོགས་ཟུང་འཇུག་གི་གནད་སྟོན་པའི་གདམས་པ། །ན་མོ་གུ་རུ། ཐར་བ་མཆོག་དང་འབྲེལ་བའི་ལམ་བཟང་ནི། །ཡང་དག་ལྟ་བར་བསྔགས་ནས་དེའི་རང་བཞིན། །བླང་དོར་བགྱིད་པ་རང་སྡེའི་ཆོས་ལུགས་སུ། །འདོམས་མཛད་རྒྱལ་སྲས་ཀུན་གྱི་རྗེ་དེས་སྐྱོངས། །གང་ཞིག་གནད་ལས་གནད་གྱུར་ཐབས་ཟབ་མོ། །གསང་ཆེན་རྡོ་རྗེའི་ཐེག་པ་ལས་འཕྲོས་པའི། །གདམས་ངག་འགའ་ཞིག་བླ་མའི་བཀའ་དྲིན་གྱིས། །བདག་གིས་ཐོས་བཞིན་འདི་རུ་བཤད་ཀྱིས་ཉོན། །དེ་ཡང་རྒྱུད་སྡེ་སོ་སོའི་དགོངས་པ་བཞིན། །ལམ་གྱི་འཇུག་སྒོ་གཅིག་ཏུ་མ་ངེས་ཀྱང་། །དངོས་གཞིའི་ཉམས་ལེན་བསྐྱེད་རྫོགས་རྣམ་གཉིས་ལས། །མེད་ཕྱིར་དེ་ཡི་གནད་འགགས་མདོར་བསྡུ་ན། །གང་ཞིག་གནས་ལུགས་རྟོགས་པའི་ཡེ་ཤེས་ཀྱི། །རང་གདངས་སྙིང་རྗེ་ཆེན་པོར་ཤར་བའི་རྩལ། །ཡོངས་གྲུབ་ཕྱག་རྒྱ་སྒྱུ་མའི་དཀྱིལ་འཁོར་དུ། །ཡེ་ནས་གནས་པ་འདི་ཀོ་བསྐྱེད་རྫོགས་གནད། །དེ་ཡང་རེས་འཇོག་མ་ཡིན་རྣམ་པའི་ཆ། །ལྷ་རུ་ཤར་དུས་ཉིད་ནས་ངོ་བོའི་གཤིས། །བློ་འདས་གཉུག་མའི་ངང་ལས་མི་འདའ་བས། །བསྐྱེད་རྫོགས་ཟུང་འཇུག་ཅེས་ཀྱང་བཏགས་པ་ལགས། །གང་ལ་གཞན་གྱིས་རྒྱས་འདེབས་མི་འཚལ་ཏེ། །ཡེ་ནས་གནས་པའི་གནས་ལུགས་རང་གི་གཤིས། །མངོན་དུ་མ་གྱུར་དེ་སྲིད་སྒོམ་དགོས་པས། །རྟག་ཏུ་ལྷུན་གྲུབ་དྲན་པས་ཟིན་པར་གྱིས། །དེ་ལྟར་སྣོད་བཅུད་དག་མཉམ་ཆེན་པོ་ལ། །དག་དང་མ་དག་གཉིས་སུ་མི་འཚལ་བས། །གང་ལ་བླང་དོར་བྱེད་རྒྱུས་དབེན་བཞིན་དུ། །ད་ནས་བརྟན་པ་ཐོབ་པར་མཛོད་ཅིག་དང་། །གང་འདྲའི་ལས་ལ་དེ་འདྲའི་འབྲས་སྨིན་ཕྱིར། །ལུས་རྒྱའི་འཆིང་བ་གྲོལ་དང་དེ་མ་ཐག །མཁའ་སྤྱོད་རིག་པ་འཛིན་པའི་ཚོགས་གྲལ་དུ། །སྐྱེ་ལ་སོམ་ཉི་ཅི་དགོས་རྒྱལ་བའི་བཀའ། །ཁྱོད་གཅིག་ལམ་འདིར་ལས་འབྲེལ་ཟབ་པའི་ཕྱིར། །ལམ་གྱི་གཞི་མ་སྡོམ་གསུམ་བླང་དོར་ལ། །རེམ་པར་མཛོད་ཅེས་གཅིག་ཏུ་གདམས་པའོ། །རི་སུལ་ཉུལ་བའི་བྱ་བཏང་རྣམ་སྣང་མཛད། །བདག་གིས་འདི་བརྩམ་དགེ་བ་དེས་མཚོན་དེས། །བདག་ལ་བཟང་ངན་འབྲེལ་ཐོག་སེམས་ཅན་རྣམས། །བདག་འཛིན་སྦུབས་ལས་གྲོལ་ཏེ་ཀུན་བཟང་གི །བདག་ཉིད་ཁོ་ནར་འགྱུར་བར་ཤོག་ཅིག་གུ། །ཅེས་པའང་རྗེ་བཙུན་མ་ཀུན་བཟང་ཆོས་སྒྲོན་ལ་རྒྱལ་སྲས་གཞན་ཕན་མཐའ་ཡས་པས་གདམས་པའོ།། །།

སྡེ་བ་བློ་བཟང་དཔལ་འབྱོར་ལ་ཞལ་གདམས།

༄། །སྡེ་བ་བློ་བཟང་དཔལ་འབྱོར་ལ་ཞལ་གདམས། །ན་མོ་གུ་རུ་བྷྱཿ ཆོས་ཀུན་རྟེན་འབྲེལ་གྱི་ངོ་བོར་གནས་ཤིང་། །རྟེན་འབྱུང་བསླུ་མེད་དུ་སྟོན་པའི་བླ་མ། །གྲུབ་དབང་ཡབ་སྲས་དེ་སྙིང་ནས་དྲན་བཞིན། །རེ་ཞིག་ཉམས་མཚར་གྱི་གཏམ་འགའ་ཞུའོ། །ཀྱེ་ཧོ། ཉམས་དགའ་འཁོར་བ་དེ་སྲིན་མོའི་གླིང་ན། །ཐར་ལམ་རིན་ཆེན་གྱི་སྲོག་ལ་རྒོལ་བའི། །གཡོ་ཅན་འདོད་ཡོན་གྱི་བསླུ་བྲིད་འདུག་པ། །ཤེས་བཞིན་དོགས་ཟོན་རེ་གྱིས་དང་ཨི་གོ །ལུང་རྟོགས་དམ་ཆོས་དེ་ནོར་བུའི་གླིང་ན། །སྲིད་པའི་དབུལ་བ་ཀུན་ཅིག་ཅར་སེལ་བའི། །ཟབ་དོན་མན་ངག་གི་དབང་སྔོན་འདུག་པ། །ཤེས་བཞིན་ཉམས་ལེན་དེ་མཛོད་དང་ཨི་གོ །ཕུན་ཚོགས་སྲིད་འབྱོར་གྱི་ཚོང་འདུས་ཆེན་པོར། །དལ་རྟེན་རིན་ཆེན་དེ་འབྲས་མེད་བགྱིད་པའི། །ཆོས་བརྒྱད་མིག་འཕྲུལ་གྱི་མཁན་པོ་འདུག་པ། །ཤེས་བཞིན་བརྟགས་དཔྱད་རེ་ཐོང་དང་ཨི་གོ །རྒྱལ་སྲས་འཕགས་ཚོགས་ཀྱི་ཀུན་དགའ་ར་བར། །མ་རྒན་འགྲོ་བ་ཡི་རང་ཞལ་སྟོན་པའི། །རྒྱུ་འབྲས་བདུན་ལྡན་གྱི་སྣང་རྩལ་འདུག་པ། །ཤེས་བཞིན་སེམས་བསྐྱེད་ལ་རེམ་དང་ཨི་གོ །འཁྲུལ་སྣང་བདེན་ཞེན་གྱི་འབྲོག་དགོན་ཆེན་པོར། །གློ་བུར་ཚེ་སྲོག་ལ་རྒོལ་བའི་གཤེད་མ། །ཡ་མན་ཏ་ཀ་དེ་གབ་ནས་འདུག་པ། །ཤེས་བཞིན་དགེ་དཔུང་དེ་བསྐྱེད་དང་ཨི་གོ །ཐར་ལམ་ཆོས་བཞིན་དུ་སྟོན་པའི་བླ་མར། །བདུད་སྡེ་ཐར་བྱེད་ཀྱི་རྡོ་རྗེའི་མཚོན་དང་། །འཁྲུལ་སྣང་ལམ་སློང་གི་ཡ་ལད་འདུག་པ། །ཤེས་བཞིན་ལམ་གནད་དེ་མ་ནོར་ཨི་གོ །ཀུན་གཞི་བག་ཉལ་གྱི་སོས་ཀའི་ཐང་ན། །ཚོགས་དྲུག་རི་དྭགས་རྣམས་བསླུ་བར་བྱེད་པའི། །ཡུལ་སྣང་སྨིག་སྒྱུ་དེ་ཆུ་ལྟར་གཡོ་བ། །ཤེས་བཞིན་ཞེན་ལོག་རེ་སྒོམས་དང་ཨི་གོ །རྒྱལ་བའི་ཕྲིན་ལས་ཀྱི་སྣང་བ་གསལ་ཞིང་། །རྣམ་དག་ཤེས་རབ་ཀྱི་མིག་བུ་ཡོད་བཞིན། །ཉེས་མང་འཁོར་བ་ཡི་གཡང་ས་ཆེན་པོར། །ཤེས་བཞིན་ཧམ་མཆོང་དེ་མ་བགྱིད་ཨི་གོ །སང་བྱ་གནང་བྱེད་ཀྱི་གྲོས་འདུན་ཤོམས་པར། །གྲོས་ཕུག་གཏན་ཆུས་དེ་བརླག་པར་བྱེད་པའི། །རྟག་འཛིན་རྒན་པོ་ཁོ་ཉལ་ནས་འདུག་པ། །ཤེས་བཞིན་བློ་སྣ་རེ་སྟུངས་དང་ཨི་གོ །བསླུ་མེད་སྐྱབས་གནས་དེ་དཀོན་མཆོག་རིན་ཆེན། །གང་ལ་མགོན་སྐྱབས་དང་དཔུང་གཉེན་ཞུས་ཏེ། །ཚེ་འདིར་ཆོས་སྐུ་ཡི་རྒྱལ་སྲིད་དམ་པ། །ཅི་ནས་འཐོབ་ངེས་ཤིག་གྱིས་དང་ཨི་གོ །དེ་ལྟར་དམ་ཆོས་ལ་བསྐུལ་བའི་བརྗོད་དོན། །ཕྱོགས་ཀྱི་གྲངས་མཉམ་དེ་ཁྱོད་ལ་གདམས་པ། །ལེགས་པར་གསན་ནས་ནི་ཉམས་སུ་བླང་མཐུས། །སྲིད་པའི་རྩ་བ་དེ་ཕྲ་མོར་གྱུར་ཅིག །ཅེས་པའང་མཁྱེན་དཔྱོད་ཀྱི་བློ་གྲོས་རྣམ་པར་ཡངས་པ་སྡེ་བ་བློ་བཟང་དཔལ་འབྱོར་ནས་ཅི་ཕེབ་བཞིན། །རྒྱལ་བའི་སྲས་པོའི་མིང་གི་ཅོད་པཎ་འཆང་བ་གཞན་ཕན་མཐའ་ཡས་འོད་ཟེར་དུ་འབོད་པས་དཔལ་གྱི་བསམ་ཡས་མཆིམས་ཕུར་ཤར་མར་སྤེལ་བ་མངྒ་ལམ། །

སློབ་བུ་འོད་གསལ་རིག་གྲོལ་ལ་སྤྲིང་བའི་ཡི་གེ་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།

༄། །སློབ་བུ་འོད་གསལ་རིག་གྲོལ་ལ་སྤྲིང་བའི་ཡི་གེ་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ། བདག་འཛིན་སྲིད་པའི་རྩ་བར་མཁྱེན་པ་དང་། །འདོད་ཡོན་བདུད་ཀྱི་འཆིང་བར་གཟིགས་ནས་སླར། །ཚེ་འདིའི་དཔལ་ཀུན་དུག་ལྡན་ཟས་བཞིན་དུ། །སྤོང་བའི་དགོངས་པ་བླ་མེད་བརྙེས་དེས་སྐྱོངས། །གང་ན་ཕུན་སུམ་ཚོགས་པའི་གཞིར་གྱུར་པ། །ཇི་སྙེད་མཆིས་ཀུན་ཐུབ་བསྟན་རིན་ཆེན་ལས། །བྱུང་བར་མཁས་པའི་དབང་པོ་ཀུན་བཞེད་ན། །བསྟན་ལ་གཅེས་པར་མི་འཛིན་ཇི་ལྟར་ལགས། །དམན་པའི་ནོར་ཙམ་དོན་དུ་གཉེར་བས་ཀྱང་། །བློ་གྲོས་ཞིབ་མོས་དཔྱད་ཅིང་འཇུག་བགྱིད་ན། །གཏན་བདེ་བྱང་ཆུབ་སྒྲུབ་ལ་དམ་པའི་ངག །ཚད་མར་བཟུང་ནས་འཇུག་པར་རིགས་མིན་ནམ། །ཀྱེ་ཧོ་སྲིད་པའི་རྒྱ་མཚོའི་གཏིང་ཟབ་པ། །འཇིགས་རུང་སྡུག་བསྔལ་ཆུ་སྲིན་གདུག་པའི་གནས། །གང་འདིར་ཐོག་མེད་དུས་ནས་སྤྱོད་པ་ལ། །ད་དུང་སྐྱོ་བའི་གོ་སྐབས་མི་དབྱེའམ། །དལ་རྟེན་གྲུ་བོ་ལན་གཅིག་འཛིན་ན་ཡང་། །འགྱུར་བའི་སྡུག་བསྔལ་མི་མཐུན་རླུང་དམར་གྱིས། །གལ་ཏེ་དཀྲུགས་པར་བགྱིས་ན་དེ་ཡི་ཚེ། །བདག་ལ་ཕན་པའི་སྐྱབས་གཞན་ཡོད་དམ་སོམས། །སྐྱེ་བའི་ལང་ཚོ་གསར་བའི་སྦུ་ཕྲེང་ཡང་། །རྒ་དང་ན་བའི་རླུང་གིས་བཏབ་པའི་ཤུལ། །མིང་གི་ལྷག་མར་གྱུར་པའི་འཇིགས་པ་འདིས། །ཡིད་ཅན་བདེ་བའི་གོ་སྐབས་མ་ཕྲོགས་སམ། །སང་ཙམ་དེ་བྱེད་དེ་རྗེས་འདི་བྱེད་ཅེས། །སྣ་ཚོགས་རྟོག་པའི་རླབས་ཕྲེང་གཡོ་བ་ལ། །མཚན་མར་བཟུང་ནས་རེ་བའི་ཀུན་རྟོག་འདིས། །ནམ་ཞིག་ཁྱོད་ལ་བསླུས་པར་མི་འགྱུར་གྲང་། །འཇིག་རྟེན་ལས་ཀྱིས་སྤྲུལ་ཅིང་ལས་དེ་ཡང་། །ཀུན་ཉོན་ས་བོན་ཉིད་ལས་སྐྱེས་ཤེ་ན། །ཉོན་མོངས་དུག་ཤིང་རྩ་བ་མི་གཅོད་པར། །སྡུག་བསྔལ་འབྲས་བུ་སྤོང་འདོད་བླུན་མིན་ནམ། །གང་དག་ཐར་མཆོག་ནོར་བུའི་ལྡིང་ཁང་དུ། །འཇུག་པའི་དགའ་བ་རང་གིར་བགྱིས་མིན་པ། །དེ་སྲིད་འདོད་ཡོན་སྲིན་མོའི་བསླུ་བྲིད་ཀྱིས། །བརྫི་བ་འདིས་ཀྱང་སྤོང་བར་ནུས་མ་ཡིན། །དེ་སླད་གྲགས་བསྟོད་ལས་བྱུང་རྙེད་པ་དང་། རྙེད་པས་བདེ་བ་ཚོར་བའི་ལྕགས་སྒྲོག་བཞིས། །རིམ་བཞིན་སྲིད་པའི་བཙོན་ཁང་ཉམ་ང་བར། །བཅིང་བར་ཤེས་ནས་གཉེན་པོ་སྤྲོ་བར་རིགས། །གལ་ཏེ་ཡིད་འོང་ཡུལ་གྱི་ལོངས་སྤྱོད་ལ། །བདེན་པར་ཞེན་པའི་བློ་ཉིད་སྤང་མིན་ན། །ཆོས་ཀུན་བདེན་མེད་སྒྱུ་མར་རྟོགས་སོ་ལོའི། །གཏམ་དེ་གཅམ་བུའི་ངག་ཏུ་མ་སོང་ངམ། །དེས་ན་རྙེད་ཉམས་ལུས་སེམས་སྡུག་བསྔལ་དང་། །མི་སྙན་གྲགས་དང་སྨད་པ་བཞིར་བརྟེན་ནས། །ངེས་འབྱུང་སྐྱེ་སླད་གང་ལ་དགའ་བའི་སེམས། །བསྐྱེད་ནས་གྲོལ་བྱེད་ཐབས་སུ་དང་བླང་རིགས། །མདོར་ན་ཚེ་འདིའི་བསམ་སྦྱོར་མཐའ་དག་ཀུན། །མི་རྟག་ཉིད་ཕྱིར་བསླུ་བའི་ཆོས་ཅན་དང་། །བདེན་པས་སྟོང་ཕྱིར་སྙིང་བོ་མེད་པ་དང་། །དོན་ཆུང་ཉིད་ཕྱིར་ཡ་མ་རླར་ཤེས་བྱ། །དེ་ལྟར་ཤེས་ནས་སྙིང་བོ་སྒྲུབ་པ་ལ། །གཅིག་ཏུ་བརྩོན་པས་འབད་པར་མ་བྱས་ན། །དེ་རིང་སང་ཙམ་འཆི་བདག་བརྩེ་མེད་པས། །གློ་བུར་བཅོམ་ན་ཇི་ལྟར་བྱ་ཞེས་སོམས། །ཕན་པའི་ངག་འདི་ཐོས་འཛིན་བུ་ག་དང་། །མཛའ་བར་གྱུར་ན་ཁྱོད་ལ་དགེ་བའི་གཏམ། །ད་དུང་གླེང་བའི་བརྩོན་པ་འདོར་མིན་ཕྱིར། །རྣམ་གྲོལ་ལམ་ལ་རིམ་བཞིན་འཇུག་འཚལ་ལོ། །དེ་སྐད་རིང་ནས་བསྐྱང་བའི་སློབ་བུ་ལ། །བསྐུལ་ངག་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་འདི། །དམ་པའི་བསྟི་གནས་དཔལ་ལྡན་སེང་གེ་རིའི། །སྨན་ལྗོངས་འཆི་མེད་དབང་པོའི་ཚལ་ནས་སྤྲིང་། །མངྒ་ལམ། །སིདྡྷི་ཀུ་རུ་སྭ་ཧཱ།། །།

པདྨ་དོན་ལྡན་བཟང་པོ་ལ་གདམས་པ།

༄། །པདྨ་དོན་ལྡན་བཟང་པོ་ལ་གདམས་པ། །བླ་མ་ལ་ཕྱག་འཚལ་ལོ། །གང་ཞིག་ངེས་འབྱུང་བསམ་པས་ཐུབ་བསྟན་ལ། །འཇུག་འདོད་དེ་དག་ཐོག་མར་ཚུལ་ཁྲིམས་ཀྱིས། །རང་རྒྱུད་ལེགས་པར་བསྡམས་ནས་དེ་རྗེས་སུ། །ཐོས་བསམ་སྒོམ་ལ་གཡེལ་མེད་བརྩོན་པར་བྱ། །དེ་ཡང་ཐོས་དོན་བསམ་པས་ལེགས་དཔྱད་ནས། །ཞི་ལྷག་ཟུང་དུ་འཇུག་པའི་སྒོམ་རིམ་ལ། །སློབ་པའི་ཐོག་མར་བདག་གཉིས་ཀྱིས་སྟོང་པའི། །ལྟ་བའི་དམིགས་རྣམ་ངེས་པ་ཤིན་ཏུ་གཅེས། །དེ་ལྟར་ངེས་ནས་དབེན་པའི་རི་ཁྲོད་དུ། །མི་རྟག་བྱམས་དང་སྙིང་རྗེས་ཀུན་བསླངས་པའི། །བྱང་ཆུབ་སེམས་གཉིས་སྒོམ་པས་གཞི་བཟུངས་ཏེ། །རང་གཞན་དོན་གཉིས་མྱུར་དུ་སྒྲུབ་འཚལ་ལོ། །ད་ལྟ་ཉིད་ནས་འབད་པར་མ་བྱས་ན། །ངེས་འཆི་ནམ་འཆི་ཆ་མེད་འཆི་བའི་ཚེ། །སྲིད་གསུམ་བདག་པོར་གྱུར་ཀྱང་ཕན་མེད་པའི། །ཚུལ་འདི་ཡང་ནས་ཡང་དུ་བསམ་པའི་རིགས། །མདོར་ན་ཕན་མེད་ཚེ་འདིའི་བསམ་སྦྱོར་ཀུན། །ད་ལྟ་ཉིད་ནས་སྤངས་ཏེ་ཆོས་བརྒྱད་ཀྱི། །འདོར་ལེན་གོ་ལྡོག་བགྱིད་པས་ཕྱི་མའི་དོན། །རྩེ་གཅིག་བསྒྲུབ་ཏེ་འབྲས་མཆོག་མངོན་བྱེད་འཚལ། །ཞེས་པའང་དད་དམ་ནོར་འཆང་པདྨ་དོན་ལྡན་བཟང་པོ་ལ་བཙུན་པ་གཞན་ཕན་མཐའ་ཡས་པས་གདམས་པ་དགེ། །།

སློབ་བུ་བྱང་ཆུབ་རྡོ་རྗེ་ལ་གདམས་པ།

༄། །སློབ་བུ་བྱང་ཆུབ་རྡོ་རྗེ་ལ་གདམས་པ། །བླ་མ་ལ་ཕྱག་འཚལ་ལོ། །ཡིད་དུ་འོང་མིན་གཟུགས་སྒྲ་དྲི་རོ་རེག །གང་དུ་དབང་པོའི་རྐྱེན་ལས་ཆགས་སྡང་རྨོངས། །སྐྱེས་ནས་ཡུལ་ལ་བླང་དོར་བྱེད་པ་ལས། །རྟག་ཏུ་དབང་པོའི་སྒོ་ཉིད་སྡོམ་མཛོད་ཅིག །དབང་ཤེས་དེ་ཡང་ཡིད་ཀྱི་འཇུག་པ་ལས། །བྱུང་ཕྱིར་དྲན་ཤེས་བརྟན་པོས་སེམས་ཀྱི་སྒོ། །བསྲུང་ཏེ་བདག་ཏུ་འཛིན་པའི་དགྲ་བཏུལ་ན། །དེ་ཚེ་ཉོན་མོངས་དམག་ཚོགས་ཀུན་བྱེར་འགྱུར། །གང་གིས་བདག་དང་བདག་གིར་ལྟ་བ་ཡི། །ལྟ་ཀུན་བསལ་ནས་ད་གཟོད་ཆོས་རྣམས་ལ། །མཚན་མ་མེད་པའི་རང་བཞིན་འདི་རིག་ན། །ཡུལ་ལ་ཆགས་སྡང་རྨོངས་པའི་ས་བོན་ཟད། །གང་མེད་ལས་མེད་དེ་མེད་རྣམ་སྨིན་མེད། །དེ་ཕྱིར་སྲིད་ལས་མྱ་ངན་འདའ་ཞེས་བྱ། །དེས་ན་ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་མྱང་འདས་སྒྲུབས། །ཞེས་པའང་མཁས་བཙུན་བཟང་པོའི་དཔལ་དང་ལྡན་པའི་དམ་ལྡན་གྱི་སློབ་བུ་དཔོན་བྱང་ཆུབ་རྡོ་རྗེའི་བཞེད་སྐོང་དུ་བཙུན་པ་གཞན་ཕན་པས་ཤར་མར་སྤེལ་བ་དགེ། །།

སྙན་གྲགས་རྒྱ་མཚོ་སོགས་ལ་གདམས་པ།

༄། །སྙན་གྲགས་རྒྱ་མཚོ་སོགས་ལ་གདམས་པ། །བླ་མ་ལ་ཕྱག་འཚལ་ལོ། །གང་ཞིག་རྣམ་མཁྱེན་གོ་འཕང་དོན་གཉེར་བའི། །ལམ་གྱི་གཙོ་བོ་བྱང་ཆུབ་མཆོག་གི་སེམས། །ལམ་གྱི་ཡན་ལག་བསླབ་པ་རིན་ཆེན་གསུམ། །དེ་ཡི་དམིགས་པ་སྡུག་ཀུན་འགོགས་པ་སྟེ། །རིམ་བཞིན་ཤེས་པར་བྱ་དང་སྤང་བྱ་དང་། །ཐོབ་བྱའི་དམིགས་པར་ཤེས་ནས་སྤང་བླང་འཚལ། །དེ་ལས་དང་པོ་སྡུག་བསྔལ་བདེན་པ་ཡི། །མཚན་ཉིད་མི་རྟག་པ་སོགས་སྒོམས་པ་ཡང་། །མཚན་ལྡན་དགེ་བའི་བཤེས་ལ་རག་ལས་ཤིང་། །དེ་བརྟེན་པ་ཡང་མི་ཁོམ་བརྒྱད་སྤངས་པའི། །དལ་བའི་ངོ་བོ་འབྱོར་བཅུའི་ཡོན་ཏན་གྱིས། །བརྒྱན་འདིར་རག་ལས་གང་ཕྱིར་འཁོར་བའི་གནས། །སྤྱི་དང་བྱེ་བྲག་ཉིད་ལ་ལེགས་བསམ་ནས། །ད་རེས་དལ་འབྱོར་སྟོང་ལོག་མི་བགྱིད་པར། །རྗེས་དྲན་དྲུག་དང་བསམ་གཟུགས་ཚངས་གནས་ཀྱི། །ཏིང་ངེ་འཛིན་དང་ཡང་དག་ལྟ་བ་ལ། །གུས་བཅས་ལྷ་མིའི་ཐེག་ལ་འཇུག་པ་དང་། །འཁོར་བ་མཐའ་དག་མི་རྟག་སྡུག་བསྔལ་བར། །ཤེས་པས་སོ་ཐར་ཚུལ་ཁྲིམས་ལ་གནས་བཞིན། །མཐར་གནས་དགུ་དང་གང་ཟག་བདག་མེད་ཚོལ། །དེ་ནས་ཀུན་ཉོན་ཕྱོགས་དང་རྣམ་བྱང་གིས། །བསྡུས་པའི་རྟེན་འབྲེལ་འབྱུང་ལྡོག་བདེན་པ་བཞིས། །སྲིད་ལས་འདས་པའི་ཞི་བ་མངོན་བྱེད་པའི། །ཉན་རང་ལམ་འདིར་རིམ་བཞིན་གོམས་པར་མཛོད། །དེ་རྗེས་དམིགས་པ་ཉིད་ཀྱིས་ཁྱད་པར་དུ། །བྱས་པའི་ཚད་མེད་བཞི་ལ་བློ་སྦྱང་ནས། །རྒྱལ་སྲས་ལམ་གྱི་དངོས་གཞིར་འཇུག་པ་དང་། །མཚན་ཉིད་གསུམ་གྱིས་ཆོས་བདག་མེད་པ་ཚོལ། །དེ་ལྟར་བདེན་པར་དབྱེར་མེད་རྟོགས་པའི་ལམ། །གང་ལ་ངེས་པ་རྙེད་ནས་བསླབ་གསུམ་གྱི། །མན་ངག་གསང་ཆེན་ཐེག་པའི་དམ་ཚིག་དང་། །རིམ་གཉིས་གནད་ལ་གཡེལ་མེད་བརྩོན་འཚལ་ལོ། །ཞེས་པའང་རང་སློབ་སྙན་གྲགས་རྒྱ་མཚོ་སོགས་ཀྱི་བཞེད་སྐོང་དུ། བཙུན་པ་རྒྱལ་སྲས་གཞན་ཕན་མཐའ་ཡས་པས་ཤར་མར་སྤེལ་བ་དགེ། །།

ནག་ཕྲན་སངས་རྒྱས་ལ་གདམས་པ།

༄། །ནག་ཕྲན་སངས་རྒྱས་ལ་གདམས་པ། །བླ་མ་ལ་ཕྱག་འཚལ་ལོ། །གང་ཞིག་སྲིད་ལས་དལ་བའི་རྟེན་རྙེད་པས། །རང་གཞན་འབྱོར་བའི་རྟེན་འབྲེལ་དད་པ་དང་། །དགེ་བའི་བཤེས་ལས་ལེགས་པར་སྒྲིགས་བྱས་ཏེ། །སྐྱབས་གསུམ་སྔོན་འགྲོའི་ལམ་ལ་སློབ་འཚལ་ལོ། །དེ་ཡང་ཚུལ་ཁྲིམས་ཞིང་སར་ཏིང་འཛིན་གྱིས། །རླན་དང་འགྲོགས་པའི་ཐོས་བསམ་ས་བོན་དག །ལེགས་པར་ཐེབས་ནས་རྣམ་པར་མི་རྟོག་པའི། །ཡེ་ཤེས་མཆོག་གི་འབྲས་བཟང་རིམ་པར་སྨིན། །གང་ཕྱིར་ངེས་པར་འབྱུང་བའི་དབང་བྱས་པའི། །རྣམ་དག་ཁྲིམས་ལ་ཉེས་པའི་སྐྱོན་མེད་པར། །འདི་ཉིད་ཐོག་མར་སྒྲུབ་བྱ་དེའི་རྗེས་སུ། །བདག་མེད་རྣམ་གཉིས་རིམ་བཞིན་བཙལ་བ་གནད། །གང་ཚེ་སྟོང་ཉིད་དམིགས་རྣམ་རྙེད་གྱུར་པ། །དེ་ཚེ་ཉིན་མཚན་ཀུན་ཏུ་གཡེལ་མེད་པར། །ཞི་ལྷག་ཟུང་དུ་འཇུག་པའི་ཉམས་ལེན་ལ། །བརྩོན་པར་མཛོད་དང་རང་གཞན་དོན་གཉིས་འགྲུབ། །ཅེས་པའང་ནག་ཕྲན་སངས་རྒྱས་ལ་བཙུན་པ་གཞན་ཕན་མཐའ་ཡས་པས་གདམས་པ་དགེ། །།

སྒྲུབ་བརྩོན་བསོད་ནམས་རིན་ཆེན་ལ་གདམས་པ།

༄། །སྒྲུབ་བརྩོན་བསོད་ནམས་རིན་ཆེན་ལ་གདམས་པ་བཞུགས། །ན་མོ་གུ་རུ། ཕ་དྲན་པས་གདུང་སེལ་བླ་མ་རྗེས། །བུ་ཁྱོད་ལ་དགེ་བའི་ཆར་རྒྱུན་ཕོབ། །ཡང་མཉམ་པར་བཞག་པའི་རྩལ་སྣང་ལས། །ཚིག་དོན་དང་འབྲེལ་བའི་གླུ་འདི་ཤར། །དེ་ཤར་བཞིན་རྗེས་ཐོབ་རྔེའུ་ཆུང་། །ཁྱོད་བློ་གྲོས་དབྱུག་གུས་བསྐུལ་བའི་ཚེ། །འདིར་གདམས་པའི་རང་སྒྲ་གྲགས་པའི་དོན། །ད་འཆད་ན་མང་དུ་སྨོས་ཅི་དགོས། །སྐྱབས་གཅིག་ཆོག་བླ་མར་གསོལ་བ་ཐོབ། །དེ་བཏབ་པས་དངོས་གྲུབ་ཆར་རྒྱུན་འབབ། །ཡང་སེམས་དང་བླ་མ་དབྱེར་མེད་དུ། །རྟོགས་གྱུར་ན་དེ་ལས་ཟབ་པ་ལགས། །ལས་རྒྱུ་འབྲས་བླང་དོར་ཞིབ་པར་གྱིས། །དེ་བྱས་པས་འདི་ཕྱི་ཀུན་ཏུ་བདེ། །ཡང་སྟོང་ཉིད་རྒྱུ་འབྲས་དབྱེར་མེད་དུ། །རྟོགས་གྱུར་ན་དེ་ལས་ཟབ་པ་ལགས། །ལམ་ཀུན་གྱི་རྩ་བ་སེམས་བསྐྱེད་སྒོམས། །དེ་བསྒོམས་པས་རང་གཞན་དོན་གཉིས་འགྲུབ། །ཡང་བདག་གཞན་གཉིས་རྟོགས་དབྱེར་མེད་དུ། །རྟོགས་གྱུར་ན་དེ་ལས་ཟབ་པ་ལགས། །སྣང་བ་ལ་ལྷ་སྐུས་རྒྱས་འདེབས་མཛོད། །དེ་བྱས་པས་མ་དག་དངོས་ཞེན་འགོག །ཡང་དག་མཉམ་འཁོར་འདས་དབྱེར་མེད་དུ། །རྟོགས་གྱུར་ན་དེ་ལས་ཟབ་པ་ལགས། །སྟོང་བ་ལ་རིག་པའི་འོད་གསལ་སྒོམས། །དེ་སྒོམ་པས་ཆད་པའི་མཐའ་ལས་གྲོལ། །ཡང་གནས་ལུགས་སྣང་སྟོང་དབྱེར་མེད་དུ། །རྟོགས་གྱུར་ན་དེ་ལས་ཟབ་པ་ལགས། །མཐར་ཐུག་གི་གྲོལ་ས་སངས་རྒྱས་མཛོད། །དེ་ཐོབ་ན་ཕྱིར་མི་ལྡོག་པ་ལགས། །ཡང་སེམས་ཉིད་གཞི་འབྲས་དབྱེར་མེད་དུ། །རྟོགས་གྱུར་ན་དེ་ལས་ཟབ་པ་ལགས། །ཚུལ་དེ་ལྟར་ཉམས་ལེན་མདོ་དྲུག་པོ། །དེང་འདི་རུ་ལེགས་པར་གདམས་ཟིན་པས། །ཁྱོད་ཉམས་སུ་བླངས་ན་ཚེ་འདི་རུ། །གྲོལ་ངེས་པ་ཡིན་ན་རིག་པ་འཛིན། །འདིའི་དགེ་བས་མ་གྱུར་འགྲོ་བ་ཀུན། །དཔལ་གདོད་མའི་མགོན་དང་དབྱེར་མེད་པར། །གྱུར་ནས་སུ་སྲིད་པའི་གྲོང་ཁྱེར་འདི། །ཡེ་ཤེས་ཀྱི་འཁོར་ལོར་འབྱམས་ཀླས་ཤོག།ཅེས་པའང་སྒྲུབ་བརྩོན་བསོད་ནམས་རིན་ཆེན་ལ་རྒྱལ་སྲས་གཞན་ཕན་མཐའ་ཡས་པས་སྤེལ་བ་དགེ། །།

བཙུན་པ་པདྨ་དར་རྒྱས་ལ་གདམས་པ།

༄། །བཙུན་པ་པདྨ་དར་རྒྱས་ལ་གདམས་པ་བཞུགས། །ན་མོ་ཤྲཱི་མ་ཧཱ་གུ་རུ་བྷྱ། དཔལ་རྡོ་རྗེ་འཆང་དངོས་གྲུབ་དབང་རྗེས། །བུ་ཁྱོད་ལ་དགེ་ལེགས་ཆར་དུ་སྙིལ། །ཡང་བརྗོད་བྱའི་སྙིང་པོ་དྲིལ་བ་ལ། །སྙན་དར་ཅིག་གསན་ནས་བརྟགས་མཛོད་དང་། །སྲིད་འཁོར་བའི་རང་བཞིན་སྒྱུ་མ་ལ། །ཡིད་གཏད་ཀྱང་སྙིང་པོ་ཅི་འདུག་སོམས། །ཁོང་འཆི་བདག་གློ་བུར་སླེབས་གྱུར་ན། །ལས་ཅི་བྱས་སྟོང་བར་མི་གདའ་འམ། །མི་སྙིང་མེད་ཕལ་ཆེར་སྡིག་ལ་བརྩོན། །ཡང་བསམ་ཤེས་རྣམས་ཀྱང་སྲིད་འབྱོར་གཉེར། །ཆོས་རྣམ་དག་ལ་ཁའི་ན་བུན་བཞིན། །ད་ཡལ་ལ་ཉེ་བའི་གནས་སྐབས་འདིར། །ཁྱེད་ལེ་ལོར་སྡོད་པ་མི་རིགས་པས། །གཞུང་སྡེ་སྣོད་ལ་ཐོས་བསམ་བགྱིད་པ་དང་། །འགག་སྙིང་པོ་དོན་གྱི་ཉམས་ལེན་ལ། །དེང་དམར་ཐག་ཆོད་པའི་བརྩོན་འགྲུས་དགོས། །ལར་མི་ཤེས་རྨོངས་པ་འཁྲུལ་སྲིད་ཀྱང་། །ཉིད་བླུན་པོའི་སྤྱོད་ལ་མི་དགྱེས་ཤིང་། །ཐུགས་མཁྱེན་པའི་འདྲེན་བྱེད་གསལ་བཞིན་དུ། །ལམ་ལོག་པར་འཕྱན་པ་ཇི་ལྟར་ལགས། །སྤྱིར་སྐྱེ་བོ་རྨོངས་པས་བསྔགས་ཡུལ་ཀུན། །ཁོང་དམ་པ་རྣམས་ཀྱིས་ཁྲེལ་གནས་ཏེ། །ཕག་མི་གཙང་ཟས་སུ་རློམ་པ་གང་། །མི་ཤེས་ལྡན་ཀུན་གྱིས་འདོར་ལ་ལྟོས། །དོན་འདི་སླད་དམ་པའི་རྣམ་ཐར་ཀུན། །ཁྱེད་སྐྱོངས་ལ་སྐྱོ་བ་མ་མཛད་དང་། །ཚེ་འདི་དང་ཕྱི་མའི་བདེ་འབྲས་ཀུན། །དེ་ཚེགས་མེད་འགྲུབ་པར་ངེད་རང་སྨྲ། །གཞན་སྐུ་ཚེའི་གནས་ཡུན་ཅི་ཙམ་སོགས། །འཚལ་དཀའ་ཡང་མ་གྱུར་འགྲོ་བ་ལ། །ཡོངས་དམིགས་པའི་བྱང་ཆུབ་སེམས་བསྐྱེད་གཉིས། །རྩལ་སྦྱངས་ནས་དེ་ལ་སྦྱོར་མཛོད་དང་། །གནད་འདི་ལས་ཟབ་པའི་རིང་འཚོའི་ཐབས། །དེ་གུད་ན་མེད་པར་རྒྱལ་བས་གསུངས། །འདི་ཅི་སླད་ཅེ་ན་ལས་འབྲས་ཀྱི། །ཆོས་ཕན་ཚུན་མཚུངས་པ་གྲུབ་པའི་ཕྱིར། །མདོར་ཚེ་སྲོག་གནས་པའི་རྟེན་འབྲེལ་ལས། །ཐར་ལམ་གྱི་སྲོག་འཚོ་དཀའ་ལགས་ན། །ཁྱེད་སྲོག་བསྲུང་ལས་ཀྱང་དམ་པའི་ཆོས། །འདི་བསྲུངས་ལ་ནན་ཏན་བགྱིད་མཛོད་ཅིག །ཚེ་ཡུན་ཐུང་གཅིག་འདིའི་དགའ་བདེ་ལ། །སེམས་ཆགས་པར་བགྱིད་ན་ཚེ་གཏན་གྱི། །སྲོག་ཇི་སྙེད་ད་ལྟའི་བསམ་སྦྱོར་ལ། །རག་ལུས་པར་མ་ཆགས་ཇི་ལྟར་ལགས། །སྡིག་འབད་པས་བསྒྲུབ་པའི་དཔལ་འབྱོར་དང་། །སྐབས་རེ་འགར་མཐོ་བའི་རྒྱལ་སྲིད་སོགས། །མི་བྲོད་ཆུང་གློ་བར་དགའ་ལགས་ཀྱང་། །འདི་མི་རྟག་འགྱུར་ལ་སྙིང་པོ་ཅི། །བློ་གཏད་ཀྱང་བསླུ་བར་མི་འགྱུར་བ། །སྐྱབས་དཀོན་མཆོག་རྣམ་གསུམ་འབའ་ཞིག་ཡིན། །ཡུལ་འདི་ལས་གཞན་པའི་རེ་ལྟོས་ཀྱི། །གནད་གུད་ནས་འཚོལ་བ་འཁྲུལ་བའི་བློ། །དོན་དེ་ཕྱིར་སྲིད་པའི་ཕུན་ཚོགས་ལ། །ཁྱོད་ངོ་མཚར་གནས་སུ་མ་འཛིན་པར། །རྒྱུད་ཐོས་བསམ་འབྱོར་པས་འགེང་མཛོད་དང་། །འདི་འཛད་པ་མེད་པའི་གཏེར་གཅིག་ལགས། །ལས་བྱས་ཀྱང་ཟིན་པའི་དུས་མེད་པ། །སྲིད་འཁོར་བའི་བླང་དོར་ཆོས་བརྒྱད་ཡིན། །ཡང་ཅི་ཙམ་བརྩོན་ཀྱང་དོན་མེད་པ། །ཚེ་འདི་གའི་གྲགས་སྙན་བསྒྲུབས་པ་ལགས། །སྟོབས་འཁོར་ལོས་བསྒྱུར་ལ་འགྲན་བགྱིད་ཅིང་། །གཏམ་གྲགས་པ་ནམ་མཁའི་རྗེས་སོང་སྟེ། །དཔལ་འབྱོར་བས་ས་ཆེན་འདི་གང་ཡང་། །སང་འཆི་ཚེ་ཕན་པ་ཅི་འདུག་སོམས། །མི་ཁ་ཅིག་འཇིག་རྟེན་སྒྲུབ་པ་ལ། །ཉིན་རེ་འགའ་དོན་མེད་གྱུར་ཏོ་ལོ། །ཚེ་གཏན་གྱི་འདུན་མ་བརླགས་པ་ལ། །ང་འགྱོད་པར་མི་བགྱིད་ཇི་ལྟར་ལགས། །ལས་བྱས་པའི་འབྲས་བུ་མངར་བ་དེ། །ལམ་ཚོགས་གཉིས་བསགས་པ་འབའ་ཞིག་ན། །ཁྱེད་ལོངས་སྤྱོད་ཇི་སྙེད་ཡོད་པ་ཀུན། །ཚེ་ཕྱི་མའི་ཚོང་ཟོང་ཁོ་ནར་གྱིས། །དེ་བྱས་ན་འདི་བདེ་ཕྱི་སྐྱིད་ཀྱི། །གྲོས་ལེགས་པར་འགྲུབ་པའི་འདུན་མ་ལགས། །དོན་དེ་ཕྱིར་བླང་དོར་ཞལ་གདམས་དང་། །ལུང་བསྟན་ལ་འདི་ལས་ལྷག་པ་མེད་། །ཚུལ་དེ་སྐད་ཕན་དང་བརྩེ་བའི་ངག །འདིར་སྨྲས་ལ་བླང་དོར་བགྱིད་མཛོད་ཅིག །དེའི་དགེ་བས་མ་གྱུར་འགྲོ་བ་ཀུན། །ཆོས་རྣམ་དག་ལམ་ལ་འཇུག་པར་ཤོག། ཅེས་པའང་མིའི་དབང་པོའི་མདུན་ན་འདོན་གྱི་རིགས་ལས་སྐྱེས་པའི་བཙུན་པ་པདྨ་དར་རྒྱས་ནས་ཞལ་གདམས་ལུང་བསྟན་ཞིག་དགོས་ཞེས་ཕེབས་ངོ་མ་ལྡོག་པས་རྒྱལ་བའི་སྲས་པོ་གཞན་ཕན་པས་ཤར་མར་སྤེལ་བ་དགེའོ།། །།

སློབ་བུ་རིག་འཛིན་སོགས་ལ་གདམས་པ།

༄། །སློབ་བུ་རིག་འཛིན་སོགས་ལ་གདམས་པ་བཞུགས། །སྐྱབས་འཁོར་ལོའི་མགོན་པོ་རྫོགས་ཆེན་པ། །ཁོང་ཡབ་སྲས་བརྒྱུད་པའི་ཚོགས་བཅས་ལ། །འབངས་སྒོ་གསུམ་གུས་པས་གསོལ་འདེབས་ན། །འདིར་ཆོས་འདོད་ཀྱི་སློབ་བུར་བྱིན་གྱིས་བློབས། །ཡང་གདམས་པར་བྱ་བའི་སྙིང་པོ་ལ། །དོན་མང་དུ་སྨྲ་ཡང་མི་འཚལ་ཏེ། །འགག་གཅིག་ཏུ་དྲིལ་བའི་བླང་དོར་གནས། །དེང་འདི་རུ་འཆད་ལ་གསོན་མཛོད་དང་། །ལམ་ཀུན་གྱི་རྩ་བ་བྱང་ཆུབ་སེམས། །ཆོས་གཅིག་ཤེས་ཀུན་གྲོལ་གདམས་ངག་འདི། །ཕ་རིག་འཛིན་བརྒྱུད་པའི་ཞལ་ཤེས་ལས། །སྤྲང་ཁོ་བོས་ཐོས་བཞིན་གདམས་ལགས་ན། །ཁྱེད་སྙོམས་ལས་ཤིག་མ་བྱེད་བརྩོན་འགྲུས་གྱིས། །ལམ་མ་འཁྲུལ་གནད་ཀྱི་གདམས་ངག་གང་། །སྙིང་རུས་པའི་གཏིང་ནས་འཛིན་མཛོད་ལ། །འདིའི་འགལ་སྤང་མཐུན་སྒྲུབ་ཀྱི་ཐབས་ལ་འབོད། །དེ་བཤད་ན་སྲིད་པའི་རྒྱ་མཚོ་འདིར། །བློ་ཁེལ་ངེས་གཅིག་ཀྱང་མི་འདུག་པས། །ད་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་། །ཁྱེད་སྔོན་ལས་སུ་སོམས་ལ་འགོ་སྙོམས་མཛོད། །རྟེན་རྙེད་དཀའི་དལ་འབྱོར་ཐོབ་པ་དང་། ཚེ་མི་རྟག་འགྱུར་བའི་ཚུལ་མཐོང་ནས། །མགོན་དམ་པའི་བསྟི་གནས་མཆོག་བསྟེན་ཏེ། །ཁྱེད་ཉམས་ལེན་ཞིག་མཛད་ན་དེ་རུ་མཛོད། །ཡང་མཐར་ཐུག་གི་སྐྱབས་གནས་དཀོན་མཆོག་གསུམ། །འདིར་ཁ་ཞེ་མེད་པའི་མོས་གུས་དང་། །མ་འགྲོ་བའི་སྡུག་བསྔལ་བསམ་བྱས་ནས། །ཁྱེད་རང་གཞན་གྱི་དོན་དུ་སྐྱབས་འགྲོ་མཛོད། །སྐྱབས་འགྲོ་ལ་སྙིང་ནས་བློ་ཁེལ་ན། །གདོད་སེམས་སྦྱོང་འགྲུབ་ལ་ཚོགས་མེད་ཕྱིར། །བཀའ་བདེན་གསུངས་བསླུ་བ་མེད་བསམ་ནས། །ཁྱེད་ཐོས་བསམ་དེ་སྡེ་སྣོད་སྔ་འགྱུར་ལ་མཛོད། །དེའི་བརྗོད་དོན་ཡིད་ལ་ངེས་གྱུར་ན། །གཞི་སྨོན་འཇུག་སེམས་ཀྱི་བསླབ་བྱ་དང་། །གནད་དོན་དམ་རྟོགས་པའི་ཁྱད་ཆོས་ཡོད། །ཁྱེད་ལམ་གནད་ཅིག་འཚོལ་ན་དེ་རུ་ཚོལ། །གནད་རྙེད་ནས་ཚིག་རྗེས་འབྲང་མི་འཚལ། །དོན་སྙིང་པོའི་སྒྲུབ་ལ་བརྩོན་བྱས་ན། །ཚེ་འདི་ལ་མཆོག་ཐུན་དངོས་གྲུབ་ཡོད། །ཁྱེད་སྙིང་རུས་ཤིག་བསྐྱེད་ན་དེ་རུ་བསྐྱེད། །དུས་དེང་སང་ཞིག་གངས་རིའི་ལྗོངས་འདི་ན། །ཆོས་ཁ་ནས་བཤད་མཁན་མང་ལགས་ཀྱང་། །དོན་ཉམས་སུ་ལེན་པ་དཀོན་པས་ན། །ཁྱེད་སྡིག་པའི་གྲོགས་ལ་བག་ཡོད་མཛོད། །ཡང་ངེས་མེད་གནས་རི་འགྲིམ་པ་ལ། །ལས་སྐྱིད་སྡུག་ཇི་ལྟར་བྱུང་ན་ཡང་། །དེ་ལམ་དུ་སློང་བའི་གདེང་དགོས་ཕྱིར། །ཁྱེད་རོ་སྙོམས་སྤྱོད་ལ་ཉམས་ལེན་མཛོད། །ཚུལ་དེ་ཡང་ཐོ་ཅོར་ཤོར་བའི་བློས། །མི་ཕལ་ཆེར་ཟོག་པོར་གྱུར་ལགས་ན། །མགོན་རྒྱལ་གསུང་དཔང་པོར་འཇོག་པ་དང་། །ཁྱེད་རང་རྒྱུད་ལ་བརྟག་དཔྱད་ཡང་ཡང་ཐོངས། །མདོར་ཆོས་སྒོ་བརྒྱད་ཁྲི་ཞལ་བསྡུར་ཀྱང་། །རྒྱུད་ཉོན་མོངས་འདུལ་ཐབས་ལས་ལྷག་པའི། །གནད་ཟབ་མོ་གུད་ན་མེད་ངེས་པས། ཁྱེད་ཉོན་མོངས་སྤང་བསྒྱུར་ཐབས་ལ་འབོད། །འདིར་གདམས་པའི་དགེ་ཚོགས་འགྲོ་ལ་བསྔོ། །དེར་བརྟེན་ནས་སྲིད་མཚོ་དོང་སྤྲུགས་ཏེ། །མ་འགྲོ་ཀུན་རྣམ་གྲོལ་མཆོག་གི་ས། །ཚེ་འདི་ལ་ཐོབ་པར་ཤོག་ཅིག་གུ། ཅེས་པའང་མཁྱེན་དཔྱོད་ཡངས་པའི་སློབ་བུ་རིག་འཛིན་སོགས་རྡོ་བའི་གྲྭ་ངོས་གསུམ་ལ་རྒྱལ་བའི་སྲས་པོའི་མིང་གི་ཅོན་པཎ་འཆང་བ་གཞན་ཕན་མཐའ་ཡས་འོད་ཟེར་གྱིས་གདམས་པ་མངྒ་ལཾ།། །།

ཚུལ་ཁྲིམས་མཐར་ཕྱིན་ལ་ཉམས་ལེན་སྐྱོངས་ཚུལ་གྱི་གདམས་པ།

༄། །ཚུལ་ཁྲིམས་མཐར་ཕྱིན་ལ་ཉམས་ལེན་སྐྱོངས་ཚུལ་གྱི་གདམས་པ་བཞུགས་སོ། །ཨེ་མ་ཧོ། །མཚུངས་མེད་ཀྱི་བླ་མ་རིན་པོ་ཆེ། །དམིགས་མེད་ཀྱི་ཀློང་ནས་སྐུ་བསྐྱོད་ལ། །སྐྱོན་མེད་སྐལ་ལྡན་གྲོགས་པོ་འདིར། །རྩོལ་མེད་ཀྱི་བྱིན་རླབས་ཉལ་ཉིལ་ཕོབ། །དོན་མེད་ཀྱི་འཁོར་བའི་བྱ་སྤྱོད་ལ། །སྐྱོན་མེད་ཀྱི་གདུང་སེམས་འདི་བོར་ནས། །ངེས་མེད་ཀྱི་རི་ཁྲོད་དབེན་གནས་སུ། །ཡེངས་མེད་ཀྱི་ལྟ་བ་བསྐྱང་ན་འཐད། །ཟིན་མེད་ཀྱི་འདུ་འཛིས་གཡེང་བ་དང་། །འདོར་མེད་ཀྱི་རང་གཤིས་ངན་པ་སོགས། །ཞེན་མེད་དུ་བཞག་ནས་རྫོགས་ཆེན་དོན། །འཛིན་མེད་དུ་རྟག་པར་བསྐྱང་ན་ལེགས། །གྲོགས་མེད་དུ་གཅིག་པུར་བསྡད་གྱུར་ན། །སྐྱོ་ཤེས་དང་ངེས་འབྱུང་ཤུགས་ལ་སྐྱེ། །དད་པ་དང་མོས་གུས་ངང་གིས་འཕེལ། །ཉོན་མོངས་ཀྱི་རྣམ་རྟོག་བག་ལ་ཞ། །དཔའ་གདངས་དང་རྟོགས་པའི་བཙན་ས་ཟིན། །བརྟུལ་ཞུགས་ཀྱི་སྤྱོད་པས་བར་མེད་འདའ། །བྱ་ཚོགས་ཀྱི་འགྱུར་སྐད་སྙིང་ལ་སྡུག །རི་དྭགས་ཀྱི་རྩེ་བྲོ་མིག་ལ་མཛེས། །འབྱུང་འགྱུར་གྱིས་འཆི་བའི་བསྐུལ་མ་བྱེད། །འདི་འདྲ་བ་བསྟེན་ན་མི་བདེའམ། །སྙིང་མེད་ཀྱི་སེམས་ཅན་འདི་དག་གི །བྱ་སྤྱོད་ལ་བལྟས་ན་མཆི་མ་དཀུ། །རིགས་གཟུགས་དང་གོས་བརྒྱན་འགྲན་ལ་བརྩོན། །ཉོན་མོངས་ཀྱི་རྫིང་ལ་ཧབ་ཐོབ་བྱེད། །གཡོ་སྒྱུ་དང་ཞེ་འདོད་ཕུག་ཏུ་བཅུག །ཚུལ་འཆོས་དང་མཛེས་ཆོས་སོར་རྩེར་ཕྱར། །ཁྲམ་པ་ལ་བློ་རྩེ་རྒོད་ཅེས་སྨྲ། །ཆོས་བྱེད་ལ་གཏི་ཐུག་གཤིས་ངན་ཟེར། །མཁས་པ་ལ་ཟོག་པོ་བློ་མང་བོ། །བླུན་པོ་ལ་གནའ་མི་ཚིག་གཅིག་ཅན། །རྣལ་འབྱོར་ཀུན་དོན་མེད་སྨྱོན་པར་འབོད། །རྟོགས་ལྡན་ལ་ཁྱི་ཕག་རྗེས་འགྲོ་ཟེར། །སྡིག་སྤྱོད་ལ་མཁས་ཀུན་གཙུག་ཏུ་བཀུར། །འདི་འདྲ་བ་བསམ་གྱིན་སྙིང་རྩ་འཁུམ། །དེ་ཕྱིར་ན་སྐལ་ལྡན་བརྩེ་གདུང་ཅན། །ཁྱོད་ཉིད་ཀྱང་བླ་མ་དམ་པ་ཡི། །རྗེས་ཟིན་བཞིན་སྨིན་གྲོལ་ཆོས་ནོད་ནས། །ཉམས་མྱོང་ལ་རང་བྱན་ཆུད་དུས་འདིར། །ལེ་ལོ་དང་སྙོམས་ལས་མ་བྱེད་པར། །དམ་པ་ལ་རིས་མེད་མོས་གུས་དང་། །བླ་མའི་བཀའ་ཚུལ་བཞིན་བསྒྲུབ་ནས་ཀྱང་། །ཤེས་རབ་ལ་བརྩོན་པའི་ལྕག་བཏབས་ཏེ། །འདུ་འཛི་དང་བྲལ་བའི་དབེན་གནས་སུ། །འཇིག་རྟེན་གྱི་ཆེ་ཐབས་བློས་བཏང་ནས། །གཉེན་གྲོགས་ཀྱི་ངོ་འཛིན་ཀུན་སྤངས་ཏེ། །གང་བྱུང་ཀུན་དེས་ཆོག་བྱེད་བཞིན་དུ། །ཉམས་ལེན་ལ་གཅིག་ཏུ་གཞོལ་བ་གནད། །འོན་ཀྱང་ནི་གནས་ལུགས་དྲི་བྲལ་གྱི། །ངོ་བོ་ལ་ཡོད་མེད་ཡིན་མིན་སོགས། །བློས་བྱས་ཀྱི་ཆོས་ཀུན་དག་ནའང་། །གོ་ཡུལ་དུ་ལུས་ཀྱིས་ཅུང་ཟད་དོན། །དེ་ཕྱིར་ན་བློ་འདས་རྫོགས་ཆེན་ལ། །སྒོམ་བྱ་དང་སྒོམ་བྱེད་མེད་མོད་ཀྱང་། །སྐྱོང་མེད་གྱི་ཚུལ་གྱིས་མ་བསྐྱང་ནས། །རྟོགས་པ་ལ་དཔའ་གདེངས་དང་མི་ལྡན་པས། །བཟང་ངན་གྱི་རྐྱེན་དང་འཕྲད་པའི་ཚེ། །ཐ་མལ་དང་ཁྱད་ཆེར་ཡོད་དཀའ་བའི། །གནས་ལུགས་ཀྱི་ངོ་བོ་རྗེན་པ་དེ། །མཐའ་བརྒྱད་ཀྱི་སྤྲོས་པས་མ་བཅིང་བར། །བློས་བཏང་གི་ཐ་མལ་རང་རྒྱུད་དང་། །མ་ནོར་བར་ཡེངས་མེད་འཛིན་མེད་དང་། །སྒོམ་འདོད་ཀྱི་བློ་ཡིས་མ་བཅིང་བར། །བྱར་མེད་དང་ཞེན་མེད་ཆམ་བརྡལ་དུ། །ཁོང་ཡངས་སུ་ཀློད་ལ་གང་དགར་ཞོག །འདི་སྣང་གི་ཆོས་ཀུན་སྒྱུ་མ་དང་། །རྨི་ལམ་བཞིན་བདེན་པར་མ་གྲུབ་པའི། །རང་བཞིན་ལ་བསམ་ནས་བཟང་ངན་གྱི། །སྤང་བླང་ཀུན་ཁྱབ་བརྡལ་ངང་དུ་ཞོག །འཁོར་འདས་ཀུན་བློ་ཡིས་བཏགས་ཙམ་ལས། །ཨ་འཐས་སུ་གྲུབ་པ་གང་ལའང་དབེན། །དེ་ཕྱིར་ན་དགའ་སྡུག་རེ་དོགས་སོགས། །མཁྲིས་ནད་ཀྱིས་ཟིན་པའི་གང་ཟག་གིས། །དུང་དཀར་ལ་སེར་པོ་མཐོང་བཞིན་དུ། །བདེན་མེད་ཀྱི་ངང་དུ་རོ་སྙོམས་ལ། །ང་བདག་གི་རྩ་གདར་ཆོད་ལ་ཞོག །མཆོག་གསུམ་གྱི་ངོ་བོ་བླ་མ་དང་། །དད་དམ་གྱི་གཏེར་མཛོད་རྡོ་རྗེའི་མཆེད། །མ་ལུས་པའི་མཐུ་དཔལ་ནུས་པ་ཡིས། །ཁྱོད་ཉིད་ལ་རྟག་ཏུ་དགེ་ལེགས་མཛོད། །ཅེས་པའང་མཆེད་གྲོགས་དམ་པ་ཚུལ་ཁྲིམས་མཐར་ཕྱིན་གྱིས་བདག་ལ་ཉམས་ལེན་སྐྱོང་ཚུལ་ཁ་གསལ་བོ་ཞིག་དགོས་ཞེས་གསུངས་བཞིན་ངོ་ལྡོག་ཏུ་མ་ཕོད་པར་སྤྲང་བན་གཞན་ཕན་མཐའ་ཡས་ཀྱིས་བྲིས་པ་དགེའོ།། །།

རྣལ་འབྱོར་བ་དབང་དྲག་ལགས་ལ་གེགས་སེལ་ལམ་ཁྱེར་གྱི་གསལ་འདེབས།

༄། །རྣལ་འབྱོར་བ་དབང་དྲག་ལགས་ལ་གེགས་སེལ་ལམ་ཁྱེར་གྱི་གསལ་འདེབས་བཞུགས། །དཔལ་གདོད་མའི་མགོན་དང་མི་གཉིས་པ། །ཕ་གྲུབ་དབང་འཁོར་ལོའི་མགོན་པོ་དེས། །ཁྱེད་དམ་ཆོས་སྒྲུབ་ལ་གེགས་མེད་ཅིང་། །མཐར་མཆོག་ཐུན་དངོས་གྲུབ་ཐོབ་བྱིན་རློབས། །དུས་དེང་སྐབས་སྙིགས་མའི་འགྲོ་བ་རྣམས། །ལས་མི་དགེའི་ཕྱོགས་ལ་འབད་པ་ལས། །ཆོས་རྣམ་དག་སྒྲུབ་པའི་བློ་ཙམ་ཡང་། །དཔེ་ཉིན་སྐར་ལས་ཀྱང་དཀོན་ལགས་ན། །ཁྱེད་སྙིང་ནས་དམ་ཆོས་སྒྲུབ་པ་ལ། །བདུད་རྣམས་བཞིའི་གཡུལ་གྱིས་མི་བརྫི་བའི། །གཏམ་གྲགས་པ་དཀར་པོའི་བ་དན་ཅན། །སྤྲང་ཐོས་འཛིན་དགའ་བའི་མགྲོན་པོར་ལྷག །ད་འོན་ཀྱང་གཞན་ཕན་བྱང་སེམས་ཀྱིས། །མ་འགྲོ་ལ་རྗེས་སུ་བརྩེར་དགོངས་ཅེས། །འདིར་བསྐུལ་ལ་སོམ་ཉི་མི་འཚལ་ཏེ། གནད་རང་འདོད་ཀྱི་ཞེན་འཁྲིས་མེད་དེས་གྲུབ། །ཚུལ་དེ་ཡང་སྔོན་གྱི་དཔེས་མཚོན་ན། །ཁོང་རྣལ་འབྱོར་དབང་ཕྱུག་རས་ཆུང་པས། །ལོ་བདུན་གྱི་འདགས་སྦྱར་དམ་བཅས་གང་། །ཞག་བདུན་ན་གྲོལ་པའི་རྣམ་ཐར་དང་། །རྗེ་ཀུན་ལེགས་དང་པད་དཀར་ལོ་རྒྱུས་བཞིན། །ནང་རང་ལུས་དབེན་པའི་རི་བོ་ན། །རྩ་དབུ་མའི་སྒྲུབ་ཁང་ཉམས་དགའ་ཡོད། །དེར་བྱང་ཆུབ་སེམས་ཀྱི་སྒྲུབ་པ་མཛོད། །གནས་གཉུག་མ་ཀུན་གཞིའི་ཐང་ཆེན་ན། །སེམས་ཚོགས་དྲུག་གི་མགྲོན་པོ་ཡན་པ་ལ། །ཡུལ་བླང་དོར་གཉིས་ཀྱི་ཆོམ་རྐུན་རྒྱུ། །དེར་དྲན་ཤེས་བརྟན་པོས་དགྲ་མཁར་ཚུགས། །རྗེ་སངས་རྒྱས་ཀུན་འདུས་བླ་མ་དང་། །ལྷ་འཕགས་མཆོག་གཞན་ན་མི་འདུག་པས། །ཁྱེད་བཟང་ངན་སེམས་ཀྱི་རྟོག་ཚོགས་ཀུན། །དབྱིངས་སྤྲོས་དང་བྲལ་བའི་ངང་ལ་ཞོག །ཡང་རྟོགས་ན་བར་ཆད་བདུད་བཞི་པོ། །དེ་ཉིད་ལས་དངོས་གྲུབ་གཞན་མིན་པ། །དཔེ་བུད་ཤིང་ལས་སྐྱེས་མེ་དཔུང་གིས། །ཤིང་རང་ཉིད་སྲེག་པར་བྱེད་ལ་སོམས། །ཚུལ་དེ་ལྟར་ཐུགས་ལ་ངེས་བྱས་ནས། །དུས་རྟག་ཏུ་དབེན་རིར་གནས་ཀྱང་རུང་། །སྐབས་རེ་འགར་གྲོང་ཡུལ་ལ་ཕྱིན་ཀྱང་། །སེམས་དབེན་པའི་དོན་ལས་འདའ་མི་འཚལ། །གནད་འདི་ཉིད་ཐུགས་ལ་ངེས་གྱུར་ན། །སྣོད་དག་པ་ཡུམ་ལྔའི་མཁའ་ཀློང་དུ། །བཅུད་ཕུང་ལྔ་རྣམ་དག་སྒྲུབ་པ་པོ། །དུས་ནམ་ཡང་མཚམས་ལས་འདའ་བ་མེད། འདི་སྙིང་ནས་བྱང་ཆུབ་བསྒྲུབས་པ་ལ། །གནད་མེད་མི་རུང་བའི་གསང་ཚིག་དེ། །དེང་ཕན་པའི་ངག་གིས་སྤྲིངས་པ་ལ། །ཁྱོད་དགྱེས་པར་དགོངས་ཤིག་རྣལ་འབྱོར་པ། །གླུ་སྙན་པའི་སྒྲ་གསང་མི་མཐོ་ཡང་། །སེམས་གདམས་ངག་ཟབ་མོའི་ན་ཆུང་དང་། །རྒྱུན་རིང་ཙམ་འགྲོགས་པའི་ཉམས་མྱོང་གཏམ། །འདི་སྤེལ་བས་རང་གཞན་ཆོས་འཕེལ་ཤོག། ཅེས་པའང་སྙིང་ནས་སྒྲུབ་པ་ལྷུར་ལེན་པའི་རྣལ་འབྱོར་བ་དབང་དྲག་ལགས་ལ་བསྙེན་མཚམས་ཀྱི་དམ་བཅའ་གཡེལ་ཞུད་དུ་མི་འགྱུར་བའི་གེགས་སེལ་ལམ་ཁྱེར་གྱི་གསལ་འདེབས་སུ་རྒྱལ་སྲས་གཞན་ཕན་མཐའ་ཡས་འོད་ཟེར་དུ་འབོད་པས་སྤེལ་བ་མངྒ་ལམ།། །།

སློབ་བུ་སངས་རྒྱས་ཡོན་ཏན་ལ་གདམས་པ།

༄། །སློབ་བུ་སངས་རྒྱས་ཡོན་ཏན་ལ་གདམས་པ་བཞུགས། །ན་མོ་གུ་རུ། །བླ་མེད་སྟོན་པ་དེ་རྫོགས་པའི་སངས་རྒྱས། །གངས་ཅན་མགོན་པོ་དེ་ཕྱག་ན་པདྨ། །ལྔ་བདོའི་སྐྱབས་གཅིག་དེ་ཨོ་རྒྱན་ཆོས་རྗེ། །རྣམ་གསུམ་དབྱེར་མེད་དེ་སྙིང་ལ་རོལ་ཅིག །ཁམས་གསུམ་འཁོར་བ་འདི་དུཿཁའི་རྒྱ་མཚོ། །ཚེ་འདིའི་ལོངས་སྤྱོད་འདི་འདུད་ཀྱི་བསླུ་བྲིད། །གཉེན་དང་ཉེ་དུ་འདི་ཐར་བའི་བཤོལ་འདེབས། །གཏམ་སྙན་གྲགས་པ་འདི་བདུད་ཀྱི་གཡབ་མོ། །མི་ཚེ་རིལ་མོ་ལ་ཚད་གཟུང་མ་བྱེད། །འཆི་བདག་གཤིན་རྗེ་ཁོ་ནམ་འོང་མི་འདུག །གསོག་སྲུང་སྤེལ་གསུམ་གྱི་འདུན་གྲོས་མང་ཡང་། །ལ་འུར་བྲེལ་ཆེན་ཞིག་བྱུང་ན་ཅི་བྱ། །བདུད་པོའི་བསླུ་བྲིད་ཀྱི་གཡོ་ཐབས་མང་བོས། །བསམ་རླག་དོན་མེད་དུ་གཡེང་བར་གྱུར་ཚེ། །འཆི་བདག་སྐྱེས་བུ་དེས་དབང་མེད་བཟུང་ན། །བདུད་དང་གཤིན་རྗེ་དེ་མཐུན་མཐུན་འདྲའོ། །བདུད་གཤིན་ཁ་འཐབ་ཀྱི་བར་དུ་ཤོར་བའི། །སྲོག་རྩའི་བ་ཐག་དེ་ཅི་ཙམ་སྲ་ཡང། །ཐར་བའི་གོ་སྐབས་ཤིག་ཡོད་ཡོད་མི་འདྲ། །འཆི་ཚེ་དཔའ་གདེང་དེ་ཅི་ཞིག་ཡོད་ཨང་། །ཀྱེ་ཧུད་ཤེས་ལྡན་གྱི་སྐྱེ་བོ་ཡོད་ན། །བདུད་ལ་དོགས་ཟོན་གྱི་བྱ་ར་བྱེད་དང་། །གཤིན་རྗེར་མི་འཇིགས་པའི་ལྟ་སྒོམ་དཔའ་གདེང་། །འདི་གཉིས་སྔ་ཚགས་ཤིག་དགོས་ཚོད་འདྲའོ། །ལྟར་སྣང་ཆོས་གཟུགས་ཀྱི་སྟོང་གསོབ་མང་བོས། །བདུད་གཤིན་གཡུལ་ངོ་དེ་བཟློག་པར་མི་གདའ། །སྙིང་ནས་ལྷ་ཆོས་ཤིག་སྒྲུབ་པར་དགོངས་ན། །བསླབ་གསུམ་རིན་ཆེན་གྱི་རྫོང་ལ་ཞུགས་ཤིག །ཚུལ་ཁྲིམས་མི་མཇེད་ཀྱི་གོ་ཆ་བགོས་ནས། །ཏིང་འཛིན་གནམ་རུ་ཡི་རྒྱུད་ཀྱིས་འཕངས་པའི། །ཤེས་རབ་ཉག་ཕྲན་དེ་རྣོ་ངར་ལྡན་ན། །བདུད་སྡེའི་སྙིང་ག་དེ་ཕུག་པར་ངེས་སོ། །མང་བོའི་ཚིག་ཚོགས་ཀྱི་སྤྲོས་པ་མེད་ཀྱང་། །ཉུང་ངུའི་གསང་ཚིག་འདི་བྱ་གཏོང་ཡིན་པས། །ལེ་ལོའི་རྨུག་པ་དེ་མགོ་ནས་ཕུད་ལ། །བརྩོན་པའི་རྟ་ཕོ་དེ་ལ་འུར་ཞོན་ཅིག །གྲོགས་ངག་འཇིགས་མེད་ཀྱི་བཙན་ས་ཟིན་ནས། །མ་རྒན་དྲིན་ཅན་ལ་ཕྱི་མིག་གཟིགས་ཏེ། །རྣམ་བཞིའི་ཕྲིན་ལས་ཀྱིས་འགྲོ་ཁམས་གདུལ་བའི། །ཐུགས་བསྐྱེད་ཟླ་མེད་ཅིག་བླ་ནས་གནང་ཤོག། ཅེས་པའང་སློབ་བུ་སངས་རྒྱས་ཡོན་ཏན་ལ་བཙུན་པ་གཞན་ཕན་མཐས་ཡས་གདམས་པ་དགེ། །།

སློབ་བུ་རབ་གསལ་ཟླ་བའི་འོད་ཟེར་ལ་གདམས་པ།

༄། །སློབ་བུ་རབ་གསལ་ཟླ་བའི་འོད་ཟེར་ལ་གདམས་པ་བཞུགས། །གཞི་གཉུག་མའི་རང་ཞལ་མཇལ་བ་ན། །ལམ་སྤྲོས་པ་ཆེ་ཡང་མི་ཕན་པས། །ཕྱི་ཚིག་གི་སྤྲོས་ཐག་ཆོད་པའི་ཚེ། །ནང་ཉམས་ལེན་ལ་བརྩོན་དང་འབྲས་མཆོག་ཐོབ། །ལར་གང་སྣང་ཀུན་དག་པའི་ཞིང་ཁམས་ལ། །རྒྱུད་མ་དག་འཁྲུལ་གཞི་གཞན་མེད་ན། །རང་བདེན་འཛིན་གཅིག་པུ་མཐུ་བརྟས་ནས། །ལས་སྣ་ཚོགས་སྣང་འདི་མཁྱེན་ལགས་སམ། །དེ་མཁྱེན་ན་ཆོས་དང་བླ་མ་དང་། །ལམ་སྒྲུབ་པའི་རྡོ་རྗེའི་མཆེད་པོ་སོགས། །ཁོང་གང་ལའང་སྐྱོན་ཡོད་མ་ལགས་ཀྱང་། །སེམས་འཁྲུལ་བའི་སྣང་ངོར་བླང་དོར་བྱུང་། །དོན་དེ་ཕྱིར་འཁོར་འདས་མཉམ་ཉིད་ཀྱི། །གཤིས་གང་ལ་བརྟན་པ་ཐོབ་པའི་ཚེ། །འདི་བཟང་དང་ངན་ཞེས་གཉིས་འཛིན་ཏེ། །དཔེར་རས་བལ་མེ་ལ་བསྲེགས་པ་བཞིན། །ཕར་བལྟ་སྣང་ཙམ་དུ་གྲུབ་ནའང་། །ཚུགས་ཐུབ་པའི་དོན་བྱེད་ཡོད་མ་ཡིན། །གནད་འདི་ལ་བསམ་ནས་རོ་སྙོམས་ཀྱི། །སྤྱོད་ཉམས་སུ་ལོངས་དང་སྙིང་གི་བུ། །ཡང་དེང་དུས་ལ་ལས་སྨྱོན་སྤྱོད་ལ། །འདི་བརྟུལ་ཞུགས་ཡིན་ཞེས་སྨྲ་བའང་། །གལ་ཆེ་བ་བདེ་སྡུག་འགོ་སྙོམས་ཀྱི། །མདུད་མ་རྟོགས་རང་སྐྱོན་ཡིན་ནམ་སྙམ། །ཚུལ་གང་ལ་བསམ་ནས་བུ་ཁྱོད་ཀྱང་། །རང་མི་གཤིས་ངན་ལ་མ་ཞེན་པར། །ས་ལམ་གྱི་ཉམས་རྟོགས་གོང་འཕེལ་ཕྱིར། །བློའི་ཞེན་པ་གང་ཆེ་འབུར་འཇོམ་གྱིས། །འདི་གདམས་ངག་ཀུན་གྱི་མཐིལ་ཡིན་ཏེ། །ཕྱག་རྫོགས་དང་དབུ་མ་ཞི་གཅོད་སོགས། །གཞུང་བྱེད་པའི་མཁས་པ་ཐམས་ཅད་ནི། །ཐུགས་དགོངས་པའི་བཞེད་ཕུག་སོ་སོ་མིན། །གནད་འདི་འདྲའི་ཡིན་ལུགས་མ་རྟོགས་པས། །ཁོང་གྲུབ་མཐའི་གང་ཟག་ཚིག་ལ་ཞེན། །དེའི་རྐྱེན་གྱིས་རྒྱལ་བསྟན་དུམ་བུར་གྱུར། །ཚུལ་འདི་ལ་སྐྱོ་ནས་འུ་བུ་ཡང་། །གཤིས་རྫོགས་པ་ཆེན་པོའི་ཡིན་ལུགས་ལ། །གོ་བ་ཙམ་ཆགས་པའི་རྟེན་འབྲེལ་དེས། །མཉམ་ཉིད་ཀྱི་ཚིག་འགའ་སྨྲས་ན་ཡང་། །དུས་སྙིགས་མའི་སེམས་ཅན་རྨུ་རྒོད་དེ། །ཕྱོགས་ཞེན་ལ་ཡིད་དམ་འཆའ་བ་ལས། །ཡང་དག་གི་ལམ་ལ་སྤྲོ་མ་གྱུར། །དེ་ཡིན་ཀྱང་ཐེག་ཆེན་ལམ་བཟང་གི །སེམས་བསྐྱེད་ལ་ཡིད་ཀ་ཕྱོགས་པའི་མཐུས། །སྤྲང་སྒྱུ་མའི་ལུས་འདིས་མ་སྤང་བར། །འགྲོ་ཕན་ལ་བརྩོན་འདོད་གཏོང་བ་མིན། །ཚུལ་དེ་ཕྱིར་སྙིང་གི་བུ་ཁྱེད་ཀྱང་། །ཕྱོགས་གང་ཞེན་གྱི་དུག་ཆུ་རབ་སྤྱོད་པར། །རང་བཞིན་གྱི་གནས་ལུགས་རྫོགས་པ་ཆེའི། །དབྱིངས་ཉིད་དུ་ཆོས་ཀུན་ཡེ་རྫོགས་སུ། །མཆིས་པ་ལ་ངེས་ཤེས་འདྲོང་བར་གྱིས། །བསྟན་འགྲོ་ལ་དངོས་སུ་ཕན་དཀའ་ཡང་། །དེ་ཙམ་གྱིས་སྙིང་སྟོབས་མ་ཞུམ་པར། །ལྷག་བསམ་གྱི་ཡ་ལད་བགོ་མཛོད་དང་། །མཐར་དོན་གཉིས་ལྷུན་གྲུབ་གདོན་མི་ཟ། །ཚུལ་དེ་སྐད་རྒྱལ་སྲས་གཞན་ཕན་པས། །སྙིང་ཚལ་བའི་དུམ་བུའི་མཆོག་གྱུར་པ། །བུ་རབ་གསལ་ཟླ་བའི་འོད་ཟེར་ལ། །གདམས་པ་འདི་དོན་ལ་གནས་གྱུར་ཅིག། དགེའོ།། །།

སྒྲུབ་བརྩོན་མཐུ་སྟོབས་རྡོ་རྗེ་ལ་གདམས་པ།

༄། །སྒྲུབ་བརྩོན་མཐུ་སྟོབས་རྡོ་རྗེ་ལ་གདམས་པ་བཞུགས། །ན་མོ་གུ་རུ་ཝེ། དཔལ་གདོད་མའི་མགོན་པོའི་ཞལ་སྐྱིན་མཆོག །ཕ་གྲུབ་དབང་བླ་མས་ཁྱོད་ལ་སྐྱོང་། །འདིར་གསོན་དང་རྒྱལ་སྲས་དམ་པའི་ལམ། །དེ་མདོར་བསྡུས་ཙམ་ཞིག་སྤྲོ་བར་བྱ། །ཆོས་ཀུན་གྱི་སྔོན་དུ་འགྲོ་བ་ནི། །སྲིད་འཁོར་བའི་ཉེས་དམིགས་མཐོང་བ་ཡིན། །དེའི་རྗེས་སུ་རྣམ་དག་དད་པ་ཡིས། །སྐྱབས་མཚན་ལྡན་བཤེས་གཉེན་གུས་བསྟེན་ཏེ། །ལམ་མཐའ་དག་བྱང་ཆུབ་སེམས་གཉིས་སུ། །ཡོངས་དྲིལ་ནས་ཉམས་སུ་ལེན་པ་དང་། །དེའི་གྲོགས་སུ་དགེ་སྦྱོང་ཆོས་བཞི་དང་། །བྱམས་སྙིང་རྗེའི་བློ་སྦྱང་ལ་བརྩོན་གལ། །མདོར་ལས་འབྲས་ཕྲ་གནས་བླང་དོར་དང་། ཆོས་གང་བྱས་རང་རྒྱུད་གདུལ་ཐབས་སུ། །གང་འགྲོ་བའི་ཐབས་ལ་བརྩོན་ཅིག་དང་། །འདི་གདམས་པ་ཀུན་གྱི་སྙིང་པོ་ཡིན། །ལམ་དངོས་ལ་བསླབ་པ་རྣམ་པ་གསུམ། །དེའི་དང་པོ་ཚུལ་ཁྲིམས་བསླབ་པ་སྟེ། །འདི་ཡོན་ཏན་ཀུན་གྱི་རྟེན་ཡིན་ཕྱིར། །གང་བསྲུང་ལ་བརྩོན་པ་མ་གཡེལ་ཅིག །དེར་བརྟན་པ་ཏིང་ངེ་འཛིན་དང་ནི། །ཡང་ཤེས་རབ་བསླབ་པ་འདི་ལགས་ན། །ཁྱེད་ཐབས་ཤེས་ཟུང་དུ་འཇུག་པའི་ལམ། །འདི་རྣམ་པ་ཀུན་ཏུ་མ་སྤངས་ཤིག །ཚུལ་དེ་ལྟར་ཉམས་སུ་བླངས་གྱུར་ན། །དེའི་དངོས་འབྲས་སྐུ་གཉིས་ཟུང་འཇུག་འཐོབ། །གནད་དེ་སླད་ཡང་དག་ལམ་བཟང་འདིར། །ཁྱེད་འཇུག་པའི་བརྩོན་པ་ཡང་ཡང་བསྐྱེད། །གཏམ་དགེ་བའི་ཕྱོགས་དང་མཐུན་པ་འདི། །དེར་སྨྲས་པའི་ལེགས་བྱས་ཅི་མཆིས་པ། །དེ་མ་གྱུར་འགྲོ་ཀུན་ཡང་དག་གི །ལམ་གང་ལ་འཇུག་པའི་རྒྱུར་བསྔོའོ། །ཞེས་པའང་སྒྲུབ་བརྩོན་རྣལ་འབྱོར་པ་མཐུ་སྟོབས་རྡོ་རྗེས་བསྐུལ་ངོར། རྒྱལ་བའི་སྲས་པོའི་མིང་གི་ཅོད་པཎ་འཆང་བ་གཞན་ཕན་མཐས་ཡས་འོད་ཟེར་དུ་འབོད་པས་སྤེལ་བ་མངྒ་ལཾ།། །།

བཙུན་མ་ཡེ་ཤེས་སྒྲོན་མ་ལ་གདམས་པ།

༄། །བཙུན་མ་ཡེ་ཤེས་སྒྲོན་མ་ལ་གདམས་པ་བཞུགས། །བླ་མ་ལ་ཕྱག་འཚལ་ལོ། །དལ་བའི་རྟེན་ལ་རང་གཞན་གྱི། །འབྱོར་བའི་རྟེན་འབྲེལ་འགྲིགས་དུས་འདིར། །མྱུར་དུ་འཆི་བའི་ཚུལ་བསམ་ནས། །ཕྱི་མར་ཕན་པའི་ཐབས་ལ་འབོད། །ཚེ་འདིའི་བདེ་འབྱོར་སྙན་གྲགས་ཀུན། །མི་རྟག་ནམ་མཁའི་གློག་དང་འདྲ། །དེ་ལ་ཡིད་གཏད་མ་མཆིས་པས། །སྙིང་ནས་ལྷ་ཆོས་སྒྲུབ་འཚལ་ལོ། །བྱེད་ལོ་སྒྲུབ་ལོའི་ཆོས་ཚུལ་དེས། །དགོས་པའི་དུས་སུ་བསླུ་བར་མཆིས། །དེ་ཕྱིར་སྙིང་ནས་འཁོར་བ་ལ། །འཇིགས་པས་ཐར་བ་དོན་གཉེར་མཛོད། །དེ་ཡང་རང་དོན་ཡིད་བྱེད་ཀྱིས། །མ་ཡིན་གཞན་ལ་ཕན་པའི་བློས། །རླབས་ཆེན་བྱང་ཆུབ་སེམས་བསྐྱེད་དེ། །ཕར་ཕྱིན་དྲུག་ལ་ནན་ཏན་མཛོད། །དེ་ཡི་མན་ངག་གསང་ཆེན་གྱི། །ཐབས་མཆོག་རིམ་གཉིས་རྣལ་འབྱོར་ཉིད། །ཡིན་ན་དེ་ཉིད་སྒོམ་པ་ལ། །ཉིན་མཚན་ཀུན་ཏུ་འབད་པར་མཛོད། །མདོར་ན་རྐྱེན་སྣང་བཟང་ངན་ཀུན། །ལམ་གྱི་གྲོགས་སུ་འགྲོ་དགོས་པས། །བདག་འཛིན་རྩ་བ་ཅི་ཆོད་དང་། །རོ་སྙོམས་སྦྱོང་ལ་ནན་ཏན་མཛོད། །ཅེས་པའང་རྒྱལ་སྲས་གཞན་ཕན་མཐའ་ཡས་སུ་འབོད་པས་བཙུན་མ་ཡེ་ཤེས་སྒྲོན་མ་ལ་གདམས་པ་དགེ། སརྦ་མངྒ་ལམ།། །།

དད་ལྡན་སངས་རྒྱས་ཚེ་རིང་ལ་གདམས་པ།

༄། །དད་ལྡན་སངས་རྒྱས་ཚེ་རིང་ལ་གདམས་པ་བཞུགས། །སྐྱབས་རྒྱལ་ཀུན་འདུས་པའི་ངོ་བོ་ཉིད། །མཚན་བརྗོད་པར་དཀའ་བའི་རིན་པོ་ཆེ། །ཕ་མཉམ་མེད་བླ་མའི་ཞབས་ལ་འདུད། །ངེད་སྐལ་ལྡན་རྣམས་ལ་བྱིན་གྱིས་རློབས། །ཁྱེད་གསོན་དང་ཆོས་སྲས་གསར་བུ་པ། །སྔོན་བསྐལ་བ་དུ་མར་ཚོགས་བསགས་འབྲས། །རྟེན་དལ་འབྱོར་ལན་ཅིག་ཐོབ་དུས་འདིར། །ད་མྱུར་དུ་ལྷ་ཆོས་མ་བསྒྲུབས་ན། །མཐར་ཅིས་ཀྱང་འཆི་བ་འོང་ངེས་ལ། །དེ་ནམ་འོང་ངེས་པ་མ་མཆིས་ཤིང་། །ཁོང་ངེས་པར་འོང་ཚེ་ཕ་མ་དང་། །གཉེན་ངེས་པ་ཡོད་ཀྱང་བཤོལ་དུ་མེད། །དུས་དེ་ཚེ་སྟོང་གསུམ་འདི་གང་བའི། །དཔལ་འབྱོར་བ་ཡོད་ཀྱང་མི་ཕན་ལ། །ལུས་བཀྲག་མདངས་རྒྱས་པའི་ལང་ཚོ་དེ། །ལྷ་གཞོན་ནུ་འདྲ་ཡང་ཤུལ་དུ་འདོར། །སྐབས་དེ་ན་དམ་ཆོས་མ་ལགས་པའི། །གྲོགས་ཕན་བྱེད་གཞན་འགའ་ཡོད་དམ་སོམས། །དེ་མེད་ན་གཏན་གྱི་སྐྱབས་གཅིག་ལ། །ད་འདུན་མ་མི་སྒྲིགས་ཇི་ལྟར་ལགས། །ཡང་མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་དང་། །དེའི་འབྱོར་བའི་རྒྱུ་ནི་སྦྱིན་པ་སྟེ། །ཁྱེད་མཐོ་རིས་འདོད་ན་ཁྲིམས་སྲུང་ཞིང་། །ནོར་ལོངས་སྤྱོད་འདོད་ན་སྦྱིན་པ་ཐོངས། །སྔར་ས་བོན་ས་ལ་མ་བཏབ་པར། །དེའི་འབྲས་བུ་གཡུར་དུ་ཟ་བ་ལ། །མི་ཤེས་ལྡན་སུ་ཞིག་རློམ་པར་བྱེད། །དཔེ་འདི་ལ་བསམས་ཤིང་ཆོས་ལ་འབུངས། །དུས་ད་རེས་སྲིད་པའི་རྒྱ་མཚོ་ལས། །འཕྲལ་ཐར་བའི་རྟེན་འབྲེལ་མ་བསྒྲིགས་ན། །རི་རྐན་གཟར་ངོས་ཀྱི་འབབ་ཆུ་བཞིན། །གནས་ངན་འགྲོའི་གཡང་ལས་བཟློག་པར་དཀའ། །ཆོས་དེ་ཡང་དད་པའི་ས་བོན་ལས། །ཡོངས་སྐྱེ་བར་འགྱུར་གྱིས་གཞན་གྱིས་མིན། །དོན་དེ་སླད་མཚན་ལྡན་བཤེས་གཉེན་ལ། །ཚིག་ཁ་ཙམ་མིན་པས་བློ་གཏད་དེ། །དེས་བསྟན་པའི་རྣམ་དག་ལམ་བཟང་ལ། །ཉིན་མཚན་དུ་མི་གཡེལ་བརྩོན་པ་དང་། །ལམ་ཀུན་གྱི་གཞི་རྟེན་སྐྱབས་གསུམ་ལ། །ཡིད་ཆེས་པའི་དད་པ་ཐོག་མར་བསྐྱེད། །འདིར་ངེས་པ་གཏིང་ནས་མ་རྙེད་ན། །སླར་ཐོས་བསམ་སྒོམ་ལ་གང་བརྩོན་ཀུན། །ལུགས་ཕྱི་ནང་ཅི་འགྱུར་ཆ་མེད་པས། །ཁྱེད་ངེས་པར་མ་ནོར་ལམ་བཟང་ཚོལ། །ལམ་ནོར་ན་ཅི་ཙམ་བརྩོན་གྱུར་ཀྱང་། །དེ་ཙམ་གྱིས་རྣམ་མཁྱེན་ལ་རིང་ཕྱིར། །རང་ངལ་བ་དོན་མེད་ལ་གཞོལ་བའི། །ཕྱི་ཆོས་ལྟར་བཅོས་དེས་ཅི་ཞིག་བྱ། །རྗེ་སངས་རྒྱས་ཉག་ཅིག་སྟོན་པ་དང་། །དེའི་བསྟན་པ་ཉག་ཅིག་ལམ་དང་མི། །དེ་འཛིན་པ་ཉག་ཅིག་དགེ་འདུན་དུ། །ཡིད་ཆེས་ན་ཐར་ལམ་ཉག་ཅིག་འཐོབ། །སྐྱབས་སྟོན་པ་ཉིད་ཀྱང་སངས་རྒྱས་མིན། །སྐྱབས་དངོས་ཀྱང་དེས་བསྟན་མ་ཡིན་ལ། །སྐྱབས་དེ་འཛིན་འཕགས་པ་མ་ཡིན་པའི། །སྐྱབས་དེ་འདྲས་སུ་ཞིག་སྲིད་ལས་གྲོལ། །ཁྱེད་ངན་འགྲོའི་དུཿཁ་ལ་འཇིགས་ཤིང་། །གནས་མཐོ་རིས་དོན་དུ་གཉེར་བའམ། །ཡང་ཐར་བ་དོར་གཉེར་ཡིན་གྱུར་ཀྱང་། །སྐྱབས་དཀོན་མཆོག་གསུམ་ལ་བརྟེན་པར་གྱིས། །འདིའི་སྔོན་དུ་སྐྱབས་གསུམ་གང་ཡིན་པ། །དེའི་མཚན་ཉིད་ལེགས་པར་ཤེས་པ་དགོས། །སྐྱབས་ངོ་མ་ཤེས་ལ་རྟེན་བྱེད་པའི། །མི་དེ་འདྲ་འཇིགས་ལས་ཅི་ལྟར་ཐར། །ལར་ལེགས་པར་བཤད་ན་ཉན་མཁན་དཀོན། །ཆོས་ལོག་པར་བཤད་ན་རང་ལ་སྡིག །དོན་དེ་ཕྱིར་ཆོས་འཆང་དཀའ་ལགས་ཀྱང་། །ཁྱེད་དད་བརྩོན་ལྡན་སླད་སྨྲས་པ་ཡིན། །དོན་དེ་ཕྱིར་སྐྱབས་འགྲོ་ནས་བརྩམས་ཏེ། །ལམ་སྐས་ཐེམ་བཞིན་དུ་རིམ་བསྒྲོད་ནས། །མཐར་དཀའ་བ་མེད་པར་རྣམ་མཁྱེན་གྱི། །གནས་ཁང་བཟང་བདེ་བར་འཇུག་འགྱུར་གྱི། །དུས་དང་པོ་ཉིད་ནས་ལམ་རིམ་ཀུན། །ཡོངས་བོར་ནས་ཐེག་པ་གང་མཐོ་ལ། །མིག་གཏོར་བ་དེ་མཆོངས་ཀྱང་དོན་མེད་ཀྱི། །གཡང་ཉམ་ངའི་འཕྲང་ལས་ཐར་བ་མེད། །ཚུལ་དེ་ཕྱིར་རི་བོང་ཅལ་སྒྲོགས་ལྟས། །རང་རང་གིས་བསླུ་བར་མ་བྱེད་པར། །སང་འཆི་ཚེ་ངེས་པར་མི་འགྱོད་པའི། །ཐབས་དེ་ལ་ཡང་ཡང་བསམ་པར་རིགས། །མདོར་མང་དུ་བཤད་པས་ཅི་ཞིག་བྱ། །ཁྱེད་མར་གྱུར་དྲིན་ཆེན་འགྲོ་བ་ལ། །སེམས་སྙིང་རྗེའི་ཆུ་ཡིས་རབ་བརླན་པས། །ཆོས་ཐེག་པ་དགུ་ལ་རིམ་བཞིན་སློབ། །དེས་འདིའམ་སྐྱེ་བ་གཞན་དག་ཏུ། །ས་བཅུ་དང་ལམ་ལྔ་རིམ་བསྒྲོད་ནས། །མཐར་རྫོགས་པའི་སངས་རྒྱས་ཐོབ་འགྱུར་ཕྱིར། །དུས་ད་ནས་བརྩོན་པ་མ་གཡེལ་ཅིག །ཚུལ་དེ་སྐད་ཐུབ་པའི་ཉེ་སྲས་ཀྱི། །ལམ་ཟབ་མོས་བསྐྱེད་པའི་གཞོན་ནུ་ཞིག །བློ་ཤེད་མ་རྒྱས་ཀྱང་ཡུམ་ཉིད་ལ། །ཡིད་བརྟེན་ནས་གདམས་པ་དགེ་གྱུར་ཅིག །ཅེས་པའང་དད་ལྡན་སངས་རྒྱས་ཚེ་རིང་ལ་ཆོས་སྨྲ་བའི་བཙུན་པ་གཞན་ཕན་མཐའ་ཡས་པས་ལེགས་པར་བཤད་པའོ།། །།

ཉོན་མོང་ལྔ་ཡེ་ཤེས་ལྔར་ལམ་དུ་བྱེད་ཚུལ་ལ་གདམས་པ།

༄། །ཉོན་མོང་ལྔ་ཡེ་ཤེས་ལྔར་ལམ་དུ་བྱེད་ཚུལ་ལ་གདམས་པ་བཞུགས། །རྗེ་ཐར་བའི་ལམ་སྟོན་བླ་མ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ནས། །རྐྱེན་སྣང་ལམ་དུ་འཁྱེར་ཚུལ་གྱི། །གནད་འགག་འགའ་ཞིག་སྨྲ་བར་བྱ། །ཁྱེད་ཡིད་འོང་ཡུལ་གྱི་ལོངས་སྤྱོད་ལ། །བརྟེན་ནས་ཆགས་སེམས་སྐྱེས་པ་ན། །བདེན་མེད་ཡུལ་ལ་བདེན་འཛིན་པའི། །ཡུལ་ཅན་བློ་དེ་འཁྲུལ་ཤེས་ནས། །ཆགས་པའི་གཞི་རྩ་བཅད་པ་ན། །ཆགས་བྲལ་རིག་པའི་གནས་ལུགས་དེ། །བདེ་བའི་ཉམས་དང་ལྡན་པར་འཆར། །དེ་ཉིད་སོར་རྟོག་ཡེ་ཤེས་ཡིན། །ཡང་ཡིད་མི་འོང་བའི་ཡུལ་ཉིད་ལ། །བརྟེན་ནས་སྡང་སེམས་སྐྱེས་པའི་ཚེ། །སྡང་དགྲ་རྟོག་པས་བཏགས་ཙམ་ལ། །འཛིན་སེམས་འཁྲུལ་བར་ཤེས་བྱས་ནས། །སྡང་བའི་གཞི་རྩ་བཅད་པ་ན། །ཁྲོ་སྡང་མེད་པའི་སེམས་ཉིད་དེ། །གསལ་བའི་ཉམས་དང་ལྡན་པར་འཆར། །དེ་ཉིད་མེ་ལོང་ཡེ་ཤེས་ཡིན། །ཡང་དགའ་སྡུག་ཕྱོགས་སྤང་བར་མ་ལ། །བརྟེན་ནས་གཏི་མུག་བློ་སྐྱེས་པ། །དེ་ཚེ་རྨོངས་ཡུལ་བདེན་མེད་ལ། །བདེན་འཛིན་འཁྲུལ་བར་ཤེས་བྱས་ནས། །འཁྲུལ་བློའི་གཞི་རྩ་བཅད་པ་ན། །ཀུན་རྨོངས་གསལ་བའི་ཤེས་པ་དེ། །མི་རྟོག་ཉམས་དང་བདེན་པར་འཆར། །དེ་ཉིད་ཆོས་དབྱིངས་ཡེ་ཤེས་ཡིན། །ཡང་མཆོག་དམན་བར་མའི་ཡུལ་ཉིད་དང་། །རང་གི་སྐྱོན་ཡོན་ལ་དམིགས་ནས། །ང་རྒྱལ་ཁེངས་པའི་སེམས་སྐྱེས་ཚེ། །བདེན་མེད་བདེན་འཛིན་འཁྲུལ་བའི་བློར། །ཤེས་ནས་གཞི་རྩ་བཅད་པ་ན། །ཁེངས་སེམས་རང་བཞིན་གྱིས་སྟོང་པའི། །བློ་དེ་གཡོ་མེད་བརྟན་ཉམས་འཆར། །དེ་ཉིད་མཉམ་ཉིད་ཡེ་ཤེས་ཡིན། །ཡང་མཉམ་དང་རང་ལས་ལྷག་པ་ལ། །བརྟེན་ནས་ཕྲག་དོག་བློ་སྐྱེས་པ། །དེ་ཚེ་མཆོག་དམན་སྒྲོ་འདོགས་སུ། །ཤེས་ནས་འགྲན་པའི་བློ་སྤངས་ཏེ། །སེམས་ཀྱི་གཞི་རྩ་བཅད་པ་ན། །བྱ་བྱེད་བྲལ་བའི་སེམས་ཉིད་ལས། །ཆོས་ཀུན་རྟེན་འབྲེལ་ཙམ་དུ་འཆར། །དེ་ཉིད་བྱ་གྲུབ་ཡེ་ཤེས་ཡིན། །བུ་འདི་ལྟར་གཞི་ཡི་དུས་ཉིད་ནས། །རང་གྲོལ་ཡེ་ཤེས་ལྔ་ལྡན་དུ། །ཤེས་ནས་ལམ་དུ་ཁྱེར་བ་ལས། །མཐར་ཐུག་ཡེ་ཤེས་ལྔ་ལྡན་འགྲུབ། །དེ་ཡིས་རང་དང་གཞན་གྱི་དོན། །འབད་རྩོལ་མེད་པར་ལྷུན་གྲུབ་ནས། །ཀུན་མཁྱེན་ཆོས་སྐུའི་རྒྱལ་ཐབས་ཆེར། །ཚེ་འདི་ཉིད་ལ་སྤྱོད་པར་ཤོག །ཅེས་པའང་དགེ་སློང་རྡོ་རྗེ་འཛིན་པ་ཤེས་རབ་བཟང་པོ་ལ་རྐྱེན་སྣང་ཐམས་ཅད་ཉོན་མོངས་ལྔར་བསྡུས་ནས་དེ་ཉིད་ཡེ་ཤེས་ཀྱི་ལམ་དུ་ཇི་ལྟར་བྱེད་ཚུལ་གྱི་མན་ངག་བཙུན་པ་གཞན་ཕན་མཐའ་ཡས་པས་གདམས་པ་དགེ། །།

རྡོ་རྗེ་འཛིན་པ་བླ་མ་བྱང་ཆུབ་བརྩོན་འགྲུས་ལ་གདམས་པ་དབྱངས་གསལ་མ།

༄། །རྡོ་རྗེ་འཛིན་པ་བླ་མ་བྱང་ཆུབ་བརྩོན་འགྲུས་ལ་གདམས་པ་དབྱངས་གསལ་མ་བཞུགས་སོ། །ཨི་ཤྭ་ར་སོགས་སྐབས་གསུམ་བདག་པོ་དང་། །ཨུ་མ་དཱེ་ཝ་བསྣོལ་བའི་ཁྲི་སྟེང་ན། །ཨེ་ཝཾ་མཉམ་པར་སྦྱོར་བའི་ཧེ་རུ་ཀ །ཨོ་ཊི་ཡ་ནའི་བླ་མར་སྤྲུལ་དེར་འདུད། །ཀ་དག་གདོད་མའི་ཆོས་སྐུ་ཀུན་ཏུ་བཟང་། །ཁ་སྦྱོར་ཡན་ལག་བདུན་ལྡན་ལོངས་སྤྱོད་རྫོགས། །ག་ལ་བ་འདིར་སྤྲུལ་པ་ཤཱཀྱའི་ཏོག །ང་ཁྱེད་བྲལ་བའི་སྟོན་པ་དེས་སྐྱོངས་ཤིག །ཅ་ཅོ་ཙམ་མིན་རྣམ་པར་གྲོལ་བའི་ལམ། །ཆ་ཤས་ཚིག་གི་འཕྲེང་བར་སྤེལ་བ་འདི། །ཇ་ཆང་འདོད་ཡོན་སྐྱེས་ཀྱི་ཟླ་ཡིན་པས། །ཉ་མོ་ཆབ་དང་འགྲོགས་བཞིན་བསྟེན་འཚལ་ལོ། །ཏ་ཐཱ་ག་ཏས་ལེགས་པར་བསྟན་པའི་ལམ། །ཐ་མལ་ཉེས་སྤྱོད་ཀུན་གྱི་གཉེན་པོ་རུ། །ད་ལྟ་ཉིད་ནས་བརྩོན་པས་བསྟེན་པ་འདི། །ན་རྒ་འཆི་ཚེ་ཕན་པའི་སྨན་གཅིག་ལགས། །པ་ཝ་སཾ་ལྟར་དཀར་པའི་ལྷག་བསམ་གྱིས། །ཕ་རོལ་ཕྱིན་དྲུག་ལམ་ལ་བརྩོན་བྱས་ན། །བ་མོར་ཉི་ཟེར་ཕོག་པ་ཇི་བཞིན་དུ། །མ་རིག་དེས་བསྐྱེད་ལས་ཉོན་དང་བཅས་སྦྱོང་། །ཙཱ་རི་ཏྲ་སོགས་གནས་ཡུལ་དབེན་པ་རུ། །ཚ་གྲང་ཁྱད་དུ་བསད་ནས་རང་རིག་ཞལ། །ཛ་ཧུའི་རྒྱུན་བཞིན་ཉིན་མཚན་བར་མེད་དུ། །ཝ་ལེར་བསྐྱངས་ན་ཆོས་ཉིད་བདེན་པ་མཐོང་། །ཞྭ་མོའི་ཚོན་གྱི་གྲུབ་མཐའ་མཆོག་བཟུངས་ནས། །ཟ་འདྲེ་ལྟ་བུར་ཆགས་སྡང་མི་བསྐྱེད་པར། །འ་འོལ་འདི་སྣང་རྨི་ལམ་སྒྱུ་མ་བཞིན། །ཡ་མཚན་བདེན་མེད་སྤྱོད་པའི་དགོངས་པ་བསྐྱེད། །རྭ་གྱོང་ལྟ་བུའི་རང་སེམས་འདི་བརྟུལ་ན། །ལ་ལུང་སྐོར་བའི་ངལ་བ་མ་བསྟེན་ཀྱང་། །ཤ་ཁྲག་འདུས་པའི་ལུས་ངན་འདི་སྦྱངས་ནས། །ས་ལམ་གོང་མའི་ཡོན་ཏན་མཆོག་ཐོབ་འགྱུར། །ཧ་ཅང་རྟོགས་དཀའི་ལྟ་སྒོམ་སྤྱོད་པའི་གནད། །ཨ་ན་དེ་ཀུན་བསྡུས་ནས་གདམས་ཟིན་ན། །དགེ་བ་དེ་ཡིས་ཐུབ་བསྟན་རིན་ཆེན་ཉིད། །འོ་ཅག་འཛིན་སྐྱོངས་སྤེལ་ལ་བརྩོན་པར་ཤོག། ཅེས་པའང་གསུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་བླ་མ་དམ་པ་བྱང་ཆུབ་བརྩོན་འགྲུས་ཀྱི་བཞེད་སྐོང་དུ་མདོ་ཁམས་ཀྱི་བཙུན་པ་རྒྱལ་སྲས་གཞན་ཕན་མཐའ་ཡས་སུ་འབོད་པས་ཤར་མར་སྤེལ་བ་དགེ། །།

སློབ་བུ་པདྨ་བཟོད་པ་ལ་གདམས་པ།

༄། །སློབ་བུ་པདྨ་བཟོད་པ་ལ་གདམས་པ་ཞུགས་སོ། །ན་མོ་གུ་རུ། །དྲན་མཆོག་རྒྱལ་པོ་བླ་མ་སངས་རྒྱས། །བཟོད་མེད་གདུང་བས་གསོལ་བ་འདེབས་སོ། །སྐལ་ལྡན་བུ་ལ་ཐུགས་རྗེས་གཟིགས་ཏེ། །གནས་ལུགས་རང་ངོ་འཕྲོད་པར་བྱིན་རློབས། །གསོན་དང་ཟབ་དོན་ལས་སྐྱེས་སློབ་བུ། །ཆོས་ཀུན་བདེན་པ་གཉིས་སུ་བསྡུས་ཏེ། །ཐ་སྙད་ངོར་བཞག་རྣམ་གྲངས་དོན་དམ། །ཡིད་དཔྱོད་ལྟ་བའི་ཡུལ་དུ་གོ་ནས། །དེ་འདྲའི་ལྟོས་བཞག་བདེན་པ་གཉིས་པོ། །དབྱེར་མེད་ཀ་དག་ཆོས་སྐུའི་རང་ཞལ། །གཉིས་ཆོས་སྤངས་པའི་བློ་བྲལ་བརྗོད་འདས། །དེ་ཉིད་རྒྱུན་དུ་སྐྱོང་བ་གལ་ཆེ། །དེ་ཡང་བདེ་གསལ་མི་རྟོག་ཉམས་ཀྱི། །རོ་ལ་མི་ཞེན་རིག་པ་རྗེན་པར། །སྐྱོང་བ་འདི་གོ་གཙིགས་སུ་ཆེ་བས། །བྱིང་རྒོད་བྲལ་བའི་རིག་པ་གཟེང་བསྟོད། །དེ་བཞིན་བཟང་ངན་ཡུལ་གྱི་རྐྱེན་སྣང་། །གང་ཤར་ཐམས་ཅད་ལམ་དུ་འཁྱེར་བས། །ཉམས་ལེན་བོགས་འདོན་གྲོགས་སུ་ཤེས་ན། །དགྲ་གཉེན་ཆགས་སྡང་བླང་དོར་མི་དགོས། །དེ་ཕྱིར་གོང་མའི་རྣམ་པ་ཇི་བཞིན། །མཉམ་པའི་ལྟ་སྒོམ་སྤྱོད་ལ་གནས་པས། །ཚེ་འདིར་ཀུན་བཟང་ཆོས་སྐུའི་རྒྱལ་ས། །འཛིན་པའི་སྙིང་སྟོབས་བླ་མེད་སྐྱེད་ཅིག །དེ་སྐད་ལེགས་པར་གདམས་པའི་ཚིག་ཕྲེང་། །གང་ཤར་ཡི་གེའི་ལམ་དུ་བཀོད་འདིས། །མ་ལུས་འགྲོ་ཀུན་གདོད་མའི་གཞི་ལ། །མ་འབད་བཞིན་དུ་གྲོལ་པར་ཤོག་ཅིག། ཅེས་པའང་སློབ་བུ་པདྨ་བཟོད་པ་གྲགས་པ་ལ་བཙུན་པ་གཞན་ཕན་པས་གདམས་པ་དགེ། །།

ས་སྐྱོང་བླ་མ་ལ་གཏམ་དུ་བྱ་བ་པདྨའི་ཕྲེང་བ།

༄། །ས་སྐྱོང་བླ་མ་ལ་གཏམ་དུ་བྱ་བ་པདྨའི་ཕྲེང་བ། །ས་དབང་རྒྱལ་པོའི་རིགས་ཉིད་ལས། །ཤཱཀྱའི་བསྟན་ལ་རབ་བྱུང་ཞིང་། །རྒྱུད་དོན་གཟིགས་པའི་སྤྱན་བརྙེས་པའི། །རྡོ་རྗེ་འཛིན་ཁྱོད་རྒྱལ་གྱུར་ཅིག །ཐུབ་ཆེན་གསུང་གི་བདུད་རྩི་ཡིས། །གང་ཐུགས་ནོར་བུའི་བུམ་བཟང་ཉིད། །སྔ་ནས་གང་བར་མཛད་ལགས་ཀྱང་། །ད་དུང་བཀའ་མཆིད་གླེང་འདིར་གསོན། །རྣམ་སྣང་རྒྱལ་བའི་དབང་པོ་ཡི། །ཕྱག་འཚན་པདྨ་ལ་གནས་པའི། །མི་མཇེད་འཇིག་རྟེན་བྱེ་བ་བརྒྱའི། །སྟོན་པ་ཀུན་མཁྱེན་ཉི་མའི་གཉེན། །གང་གི་བསྟན་པ་རིན་ཆེན་ནི། །ས་གསུམ་འགྲོ་བའི་མིག་གཅིག་ཅེས། །ལྷར་བཅས་སྐྱེ་རྒུས་སྒྲོགས་པ་ལ། །རྒོལ་བའི་གླན་ཀ་ཡོད་མ་ལགས། །དེ་སླད་ལུང་དང་རྟོགས་པ་ཡིས། །རབ་ཏུ་ཕྱེ་བའི་ཐུབ་བསྟན་ཉིད། །འཛིན་བྱེད་བཤད་དང་སྒྲུབ་པའོ་ཞེས། །དམ་པ་མཐའ་དག་མགྲིན་གཅིག་གླེང་། །འདི་དག་རྣམ་གྲོལ་རྣམ་གྲོལ་ཆེར། །འཇོགས་པའི་ལམ་དང་ལམ་ཉིད་ཀྱི། །དམིགས་པར་འཕགས་ཡུལ་འཕགས་པའི་མཆོག །ཐོགས་མེད་ལེགས་བཤད་ལས་ལེགས་གསུངས། །གང་ཕྱིར་ལམ་དམིགས་ལུང་བསྟན་ནི། །བཤད་པས་འཛིན་པ་ཡིན་ཞེ་ན། །བཤད་བྱའི་ཡན་ལག་ངེས་པའི་གྲངས། །བརྒྱད་ཁྲི་ལ་སོགས་གསུངས་ལགས་ཀྱང་། །སྡེ་སྣོད་དབང་གིས་གསུམ་སོགས་དང་། །ཐེག་པའི་དབང་གིས་གཉིས་སོགས་གཞན། །གཞུང་དང་མན་ངག་སྦས་དོན་གྱིས། །ཕྱེ་བས་རིམ་དགུར་བཞག་པའང་ཡོད། །རྟོགས་བསྟན་ལམ་གྱི་གཙོ་བོ་ནི། བྱང་ཆུབ་གསུམ་པོ་གང་རུང་ལ། །དམིགས་པའི་སེམས་ཡིན་དེ་བསྐྱེད་པའི། །ཡན་ལག་བསླབ་པ་རིན་ཆེན་གསུམ། །དེ་ཡི་དང་པོ་ཚུལ་ཁྲིམས་ཀྱི། །བསླབ་པའང་ངེས་པར་འབྱུང་བ་ཡི། །དབང་བྱས་གང་ཕྱིར་སྡུག་ཀུན་ལ། །དམིགས་པའི་འགོག་བདེན་མངོན་བྱེད་འཚལ། །འདིར་ནི་དང་པོར་ཤེས་བྱ་བའི། །དམིགས་པ་སྡུག་བསྔལ་བདེན་པ་ཡི། །མཚན་ཉིད་མི་རྟག་ལ་སོགས་བཞིའི། །འཕྲོས་དོན་འགའ་ཞིག་ཆེད་དུ་བརྗོད། །ས་བདག་མི་ཁོམས་གནས་གཞན་ལ། །བསམ་ན་དལ་བའི་ངོ་བོ་ལ། །འབྱོར་བཅུའི་ཁྱད་པར་ཚང་བའང་། །ཕྱི་ནས་ཡང་ཡང་རྙེད་དཀའ་ཕྱིར། །སྔོན་བྱོན་དམ་པའི་རྣམ་ཐར་བཞིན། །དགེ་བའི་བཤེས་གཉེན་ལ་བསྟེན་ནས། །ཚེ་འདི་མི་རྟག་གཡོ་བ་ལ། །དགོངས་ཏེ་ཕྱི་མ་དོན་གཉེར་འཚལ། །གང་ཚེ་མཐོ་དམན་སྲིད་པ་འདི། །ལས་དང་ལས་ཀྱི་འབྲས་བུ་རུ། །བསླུ་མེད་ངེས་པ་རྙེད་པ་ཡི། །འཇིག་རྟེན་པ་ཡི་ཡང་དག་ལྟ། །འདི་ཉིད་གང་ལ་ཡོད་པ་དེས། །ད་གདོད་མཆོག་གསུམ་འཁོར་གཞན་བཅས། །རྗེས་སུ་དྲན་པ་ལ་བརྟེན་ནས། །མཚན་ཉིད་ཚང་བའི་སྐྱབས་འགྲོ་ཕྱིར། །དེ་རྗེས་གཏོང་དང་ཚུལ་ལྡན་པས། །ཚངས་གནས་བཞི་ཡིས་ཁྱད་པར་དུ། །བྱས་པའི་བསམ་གཟུགས་ཏིང་འཛིན་བརྒྱད། །བསྒོམ་པ་ལྷ་མིའི་ཐེག་པའི་གནད། །གང་འདིར་ངེས་པ་རྙེད་ནས་སླར། །འདུས་བྱས་མཐའ་དག་སྐད་ཅིག་མས། །འཕོ་ཕྱིར་མི་རྟག་ཉིད་ཡིན་ཞེས། །བསམས་ནས་ཉན་རང་ཐེག་གནད་བཙལ། །འདི་ལྟར་སྡུག་བསྔལ་སྡུག་བསྔལ་གྱིས། །འཇིགས་པ་དུད་འགྲོའི་འགྲོ་བ་ལའང་། །ཡོད་ཕྱིར་སྲིད་བདེ་དོན་གཉེར་ཙམ། །དམན་ཞེས་འཕགས་པའི་སྐྱེ་བོས་དགོངས། །དེ་སླད་ཚོར་བ་མཐའ་དག་ཀུན། །འདུས་བྱས་ཉིད་ཕྱིར་མི་རྟག་པས། །དུག་ལྡན་ཟས་བཞིན་སྡུག་བསྔལ་བར། །བཤད་འདིས་ཐུབ་གསུངས་རབ་ཏུ་ཕྱེ། །གང་ཞིག་ཡིད་དུ་འོང་བ་ཡི། །ཡུལ་ལ་བརྟེན་ནས་སྐྱེས་གྱུར་བའི། །ཚོར་འདི་གལ་ཏེ་བདེ་ཡིན་ན། །དེར་མི་བཟོད་པ་ཇི་ལྟར་རུང་། །འདི་ན་སྲིད་པའི་ལོངས་སྤྱོད་ནི། །གཅིག་སྤྱད་ནས་ནི་དེ་བོར་ཏེ། །གཞན་ལ་འཇུག་པ་འབའ་ཞིག་ལས། །གཅིག་ཏུ་བདེར་བཟོད་འགའ་མ་མཐོང་། །དེས་ན་སྤྱི་དང་བྱེ་བྲག་གི །རིག་པས་སྤྱིར་བཏང་འདུས་བྱས་ཀུན། །མི་རྟག་ཉིད་ཕྱིར་འདུ་བྱེད་ཀྱི། །སྡུག་བསྔལ་བསྟན་འདི་ཨེ་མ་མཚར། །མི་དབང་ཕྲ་བའི་མི་རྟག་ལ། །ངེས་པ་རྙེད་ན་སྟོང་ཉིད་ཀྱི། །དམིགས་པའང་རྙེད་པ་དཀའ་མིན་གྱི། །གཞན་དུ་གཏམ་འདི་ཚིག་ཙམ་པས། །གང་ཞིག་རིལ་བོར་འཛིན་པའི་བློ། །དེར་ནི་འཇིག་རྟེན་སྐྱེ་བོ་སྤྱོད། །གང་ཞིག་ཕྲ་བའི་ཕྲ་བ་ལ། །དཔྱད་ནས་འཕགས་རྣམས་བདེན་པ་གཟིགས། །དེ་སླད་ཕུང་ཁམས་སྐྱེ་མཆེད་ཀྱིས། །མཚོན་པ་ཤེས་པར་བྱ་བའི་གཞི། །ལམ་གསུམ་གྱིས་བསྡུས་རྟེན་འབྲེལ་གྱི། །ཡན་ལག་བཅུ་གཉིས་བདག་ཉིད་འདིར། །གཅིག་དང་དུ་བྲལ་རིག་པ་ཡིས། །གདགས་གཞིའི་སྟེང་ན་བཏགས་པའི་དོན། །ང་བདག་ཡོད་མེད་ལེགས་དཔྱད་ནས། །འཇིག་ལྟའི་རི་བོ་གཞིག་པར་བྱ། །འདི་ལྟར་རྟག་པ་གཅིག་པུ་དང་། །རང་དབང་ཅན་གྱི་བདག་མེད་པའི། །མཚང་རིག་ནས་ནི་གཟུང་འཛིན་གྱིས། །བསྡུས་པའི་ཆོས་ལ་བརྟགས་པར་བྱ། །དེ་ཡང་ཡོད་མེད་སྐྱེ་བྲལ་དང་། །རང་གཞན་ལས་སྐྱེ་འགོག་བྱེད་པའི། །གཏན་ཚིག་དག་གི་རྒྱུ་རྐྱེན་ཡང་། །བརྟེན་ནས་གདགས་པ་ཙམ་དུ་ཤེས། །གང་ཞིག་རྒྱུ་རྐྱེན་གཞན་དག་ལ། །བརྟེན་ནས་གདགས་དེར་རང་སྐྱེ་བའི། །རང་བཞིན་ཡོད་མིན་གང་གི་ཕྱིར། །སྐྱེ་མེད་པ་ལ་འགག་པའང་མེད། །དེས་ན་རྟག་མེད་མ་སྐྱེས་ཕྱིར། །མ་འགགས་གང་ཕྱིར་ཆད་མེད་པ། །འདི་ནི་སྤྲོས་པའི་མཐའ་བརྒྱད་དང་། །བྲལ་བའི་གནས་ལུགས་སྟོང་བ་ཉིད། །ཟབ་མོ་རྟོགས་པར་དཀའ་བའི་གནས། །གང་འདིར་ལེགས་པར་མཁྱེན་ནས་སླར། །རྟེན་འབྱུང་བསླུ་བ་མེད་པ་ལ། །ཐུགས་ཡིད་གཞོལ་བར་མཛོད་ཅིག་གུ། །འདི་ལྟར་སྡུག་བསྔལ་བདེན་པའི་མཚང་། །ལེགས་པར་རྟོགས་ན་ལས་ཉོན་གྱི། །ཀུན་འབྱུང་སྤང་ལ་ཚེགས་མེད་ཅིང་། །འགོག་པའང་དེ་ཡི་བྲལ་བ་ཙམ། །དེས་ན་བྱང་ཆུབ་མཆོག་ཉིད་ལ། །དམིགས་པའི་བསམ་པས་ཁྱད་པར་དུ། །བྱས་པའི་བསླབ་གསུམ་རིན་ཆེན་ནི། །ཐེག་ཆེན་ལམ་བདེན་ངོ་བོ་ཉིད། །འདི་ལས་ཚུལ་ཁྲིམས་བསླབ་པ་ནི། །ལམ་གྱི་རྟེན་དུ་ཤེས་བྱས་ནས། །དེར་བརྟེན་ཏིང་འཛིན་ཤེས་རབ་ཟུང་། །ལམ་དངོས་སུ་ནི་མཁྱེན་འཚལ་ལོ། །མདོར་ན་མང་དུ་སྨོས་ཅི་འཚལ། །སོ་བྱང་སྔགས་ཀྱི་སྡོམ་པ་ལ། །གནས་པས་ཐུན་མོང་ཞི་ལྷག་དང་། །ཐུན་མིན་རིམ་པ་གཉིས་ལ་བརྩོན། །དེ་ཡིས་ཚེ་འདིའམ་གཞན་དག་ཏུ། །སློབ་ལམ་རིག་འཛིན་རྣམ་པ་བཞི། །རིམ་གྱིས་བསྒྲོད་ནས་མི་སློབ་པའི། །ཟུང་འཇུག་སྐུ་བཞིའི་བདག་ཉིད་འཐོབ། །འདིར་ནི་རྒྱལ་སྲས་ཐེག་པ་ཡི། །གཞུང་དང་མན་ངག་ཐུན་མོང་བའི། །ལམ་གནད་འགའ་ཞིག་གསོལ་བཏབ་ཀྱི། །མཐའ་དག་བརྗོད་པས་ག་ལ་ལང་། །འོན་ཏེ་བསྟན་བཅོས་མི་ཤེས་དང་། །སྙན་ཚིག་དང་ནི་སྡེབ་སྦྱོར་གྱི། །མཛེས་བྲལ་གཏམ་དང་ཡུལ་ཉིད་ལ། །ཕན་པ་ཆུང་རྣམས་དོན་མེད་ཀྱང་། །རིགས་དང་རུས་དང་ཆོ་འབྲངས་ཀྱིས། །ཁྱོད་ཐུགས་དྲེགས་པར་མ་གྱུར་ཅིང་། །ཐོས་དང་བསམ་དང་སྒོམ་པ་ཡིས། །དུལ་བར་གྱུར་ཅེས་སྐྱེ་བོས་སྒྲོགས། །དེ་སླད་དམན་ལ་མི་བརྙས་ཤིང་། །ཁེངས་ལའང་འདུད་པར་མི་མཛད་པའི། །མི་དབང་རིན་ཆེན་དང་པོ་ཡི། །མཚན་ཉིད་འཛིན་པ་གང་དེ་ལ། །དམན་པ་ནོར་གྱིས་མགུ་བ་ལྟར། །དམ་པ་རྣམས་ནི་ལེགས་བཤད་ཀྱིས། །དགྱེས་པ་བསྐྱེད་སླད་བདག་གི་ཚིག །སྨན་དང་འདྲ་བ་འདི་ཐལ་ལོ། །དེ་ལྟར་གཞུང་ལུགས་ཀུན་གསལ་མའི། །ཕ་མཐའ་གཞལ་བས་ངལ་བརྟེན་ཀྱང་། །རང་གི་བློ་ནུས་རྩལ་བསྐྱེད་ཕྱིར། །སྤྲིངས་ཡིག་འདབ་མ་གཡོ་བར་བྱས། །ཚུལ་འདིར་ལེགས་བཤད་རྩ་བ་ཆེས་ཕྲ་ཡང་། །ལྷག་བསམ་གངས་ཀྱི་རི་བོའི་མདངས་འཛིན་ཞིང་། །དམ་པའི་གསུངས་རབ་དབྱིག་གི་བློ་གྲོས་མའི། །ཕངས་པར་འཁྲུངས་ཕྱིར་ནོངས་པའི་དྲི་མ་མེད། །དེ་སླད་ཞུ་མཆིད་པདྨ་དཀར་བོའི་ཕྲེང་། །ལྷ་ཅིག་སྙན་དབང་མཛེས་པའི་རྒྱན་ཉིད་དུ། །དད་དང་གུས་པའི་སོར་རྩེས་སྒྲོན་པ་ལ། །བདུད་རིགས་ལྷག་པས་གཡོ་བར་མ་གྱུར་ཅིག །ཡང་ཡང་གསོལ་བ་བཏབ་འདིས་མིའི་དབང་པོས། ཆེས་ཆེར་རྒྱལ་བའི་བསྟན་པ་གསལ་མཛད་ཅིང་། །དམན་དམན་འགྲོ་ལ་བུ་ལྟར་བརྩེར་དགོངས་པའི། །ངེས་ངེས་ཐུགས་དམ་རང་གིར་མཛད་པར་ཤོག། ཅེས་པའང་ས་སྐྱོང་བླ་མ་རྡོ་རྗེ་འཛིན་པ་ཆེན་པོའི་ཞབས་པད་གསེར་གྱི་པདྨ་ལ་ཉེ་བར་བཏུད་དེ་ཆོས་སྨྲ་བའི་བཙུན་པ་རྒྱལ་སྲས་གཞན་ཕན་མཐའ་ཡས་སུ་འབོད་པ་ནས་གུས་པས་ཕུལ་བ་དགེའོ།། །།

གླིང་ཚང་མི་རྗེའི་མདུན་ན་འདོན་ཀརྨ་ཆོས་འཛིན་ལ་གདམས་པ།

༄། །གླིང་ཚང་མི་རྗེའི་མདུན་ན་འདོན་ཀརྨ་ཆོས་འཛིན་ལ་གདམས་པ། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཚངས་པ་དང་ནི་དབང་པོ་དང་། །ལྷ་གཞན་གྱིས་ཀྱང་མ་བརྙེས་པའི། །གོ་འཕང་གང་དེ་བདེ་བླག་ཏུ། །མི་ཡི་དབང་པོས་རང་གིར་མཛད། །ཐུབ་པ་དེ་ཡི་རྗེས་འཇུག་ལ། །བསླབ་བྱ་གཞན་བགྱིད་མི་འཚལ་ཏེ། །གང་ཞལ་ལས་འོང་བདུད་རྩིའི་བཅུད། །འཐུང་ལ་བརྩོན་པར་མཛོད་ཅིག་གུ། །འཇིག་རྟེན་འདི་ན་ཐར་བའི་ལམ། །སྟོན་པ་མི་དབང་གཞན་གྱིས་མིན། །ལྷས་མིན་བདུད་ཀྱིས་ཀྱང་མིན་ཏེ། །ཐུབ་པ་ཁོ་ནའི་ཁྱད་ཆོས་ལགས། །གང་ཕྱིར་དམ་ཆོས་རིན་ཆེན་ནི། །ཁྱོད་ལ་སྨན་པ་ཉིད་ལགས་ཤིང་། །དཔུང་གཉེན་དེ་ལགས་སྒྲུབས་ཀྱང་དེར། །ཤེས་ནས་བསྟུན་པ་བསྐྱེད་ཅིག་གུ། །སྲིད་ན་རྣམ་པར་གཡེང་བཞིན་དུ། །ཅི་ག་ཅང་ཤེས་ཡིན་སྙམ་བགྱིད། །གཤིན་རྗེའི་ཕོ་ཉ་འཇིགས་རུང་བ། །གམ་ན་གནས་པ་མ་ཚོར་རོ། །ལྷས་ཀྱང་འདི་ན་འཆི་མེད་ཀྱི། །གོ་འཕང་བདག་གིར་བགྱིས་མིན་ན། །སུ་ཞིག་འཆི་བར་མི་འགྱུར་ཞེས། །བགྱི་བ་འདི་ནི་ཀྱེ་མ་བླུན། །ཕ་རོལ་འགྲོ་འདི་འདི་ཙམ་ན། །ཡིན་ཞེས་དུས་ལ་ངེས་མེད་ཅིང་། །ད་ལྟའང་འཆི་བདག་མི་སླེབས་པའི། །ངེས་པ་མེད་པ་མིན་བཞིན་དུ། །བས་སར་འཇིག་རྟེན་བྱ་བ་ནི། །བསྒྲུབས་ཀྱང་སྙིང་བོ་ཅི་འདུག་སོམས། །གཏན་དུ་ཕན་པར་འགྱུར་བ་ནི། །དམ་ཆོས་རིན་ཆེན་འདི་ལགས་སོ། །ཇི་སྟེ་ཆོས་དང་ཁྱོད་ཀྱི་ཐུགས། །ལྷན་ཅིག་ཉིད་དུ་གྱུར་པ་ན། །སྲིད་འདིར་དགེ་འདུན་དཀོན་མཆོག་ཅེས། །གྲགས་དཀར་ཁྱོད་ལ་དཔྱད་པར་འགྱུར། །དེ་ཕྱིར་དཀོན་མཆོག་རྣམ་གསུམ་ནི། །རང་དང་མཚུངས་ལྡན་ཉིད་ཡིན་ཞེས། །རྟོགས་པར་མཛོད་ཅིག་མི་དབང་གི །མདུན་ན་འདོན་ཁྱོད་བདེ་གྱུར་ཅིག །ཅེས་པའང་གླིང་མི་རྗེ་དམ་པའི་མདུན་ན་འདོན་ཀརྨ་ཆོས་འཛིན་ནས་ཇི་ལྟར་བསྐུལ་བ་བཞིན་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་འོད་ཟེར་གྱིས་རུ་དམ་ངེས་དོན་བསམ་གཏན་ཆོས་གླིང་ནས་གདམས་པ་མངྒ་ལཾ།། །།

སྦྱིན་བདག་ལྕམ་རྡོ་རྗེ་གཡུ་སྒྲོན་ལ་གདམས་པ།

༄། །སྦྱིན་བདག་ལྕམ་རྡོ་རྗེ་གཡུ་སྒྲོན་ལ་གདམས་པ་བཞུགས། །ན་མོ་གུ་རུ། །བཀའ་དྲིན་འཁོར་མེད་ཀྱི་བླ་མ་རྡོ་རྗེ་འཆང་། །བཟོད་མེད་གདུང་ཤུགས་ཀྱིས་གསོལ་བ་སྙིང་ནས་འདེབས། །འཁོར་བ་མཐའ་མེད་ཀྱི་སྡུག་བསྔལ་འདི་མཐོང་ནས། །ཞེན་ལོག་སྙིང་ཁུངས་ནས་སྐྱེ་བར་བྱིན་གྱིས་རློབས། །སྲིད་པའི་རྒྱ་མཚོ་འདིར་དུཿཁའི་རྦ་ཀླུང་འཁྲུགས། །ཟིན་མེད་བྲེལ་དོ་འདི་དེ་ཡི་ཆུ་གཉེར་ལགས། །མི་འདོད་རྐྱེན་ངན་འདི་ཆུ་སྲིན་གདུག་པའི་ཁ། །དེ་ཡི་སོད་བྲག་ཏུ་ནམ་ཚུག་ངེས་མེད་སོམས། །འདི་སྣང་སྲིན་པོ་ཡི་གྲོང་འདིར་གཡོ་ཐབས་མང་། །དགའ་བར་ཚོར་བ་འདི་དེ་ཡི་བསླུ་བྲིད་ལགས། །གླུ་གར་བཞད་བྲོ་འདི་མགོ་བོ་སྐོར་བའི་ཐབས། །མི་ཚེའི་ཉི་མ་ཁོ་དེ་གར་ཟད་པ་སོམས། །ངན་འགྲོའི་མེ་འོབས་དེར་སྡུག་བསྔལ་ཚ་དཔལ་རྣོ། །ད་ལྟའི་ལས་ཉོན་འདི་དེ་ཡི་བུད་ཤིང་ལགས། །ཆགས་སྡང་སྐྱེས་པ་འདི་མེ་ལྕེ་སྦར་བ་སྟེ། །དེ་ཡི་དབང་མེད་དུ་བསྲེག་ན་བཟོད་དམ་སོམས། །དགེ་སྡིག་སྨན་དུག་གི་ས་བོན་ནུས་པ་ཆེ། །བདེ་སྡུག་སྣ་ཚོགས་འདི་དེ་ཡི་འབྲས་བུ་ལགས། །འདུ་འཛི་རྣམ་གཡེང་འདི་མི་དགེའི་སོ་ནམ་ཡིན། །དེ་ཡིས་ཐར་ལམ་གྱི་སྲོག་རྩ་གཅོད་པ་སོམས། །ཞི་དབྱིངས་མཁྱེན་གཉིས་ཀྱི་ཉིན་བྱེད་དབང་པོས་མཛེས། །རྒྱལ་བའི་འཕྲིན་ལས་འདི་དེ་ཡི་འོད་ཟེར་ལགས། །ལོག་རྟོག་སྤྲིན་ཕུང་འདི་དེ་ལ་སྒྲིབ་བྱེད་དེ། །དད་བརྩོན་དྲི་བཞོན་གྱིས་སྐྲོད་པའི་ཐབས་ལ་སོམས། །ལམ་སྟོན་ནོར་བུ་འདིར་གྲུབ་གཉིས་འདོད་དགུ་འབྱུང་། །གསོལ་འདེབས་མོས་གུས་འདི་དེ་ཉིད་ཞུ་བ་ལགས། །ཐེ་ཚོམ་སྒྲོ་སྐུར་འདི་བདུད་ཀྱི་བར་ཆད་དེ། །ཅི་མཛད་ལེགས་མཐོང་གི་དག་སྣང་སྐྱེད་དགོས་སོམས། །དལ་འབྱོར་གྲུ་བོ་འདིས་སྲིད་མཚོ་ཆེ་ལས་སྒྲོལ། །སྟོང་ཉིད་སྙིང་རྗེ་འདི་འདོར་བའི་ལག་སྐྱ་ལགས། །དགེ་བའི་བཤེས་གཉེན་འདི་དེ་ཉིད་འཛིན་པའི་གྲོགས། །ད་རེས་དད་བརྩོན་གྱིས་ཅི་ཐར་བྱེད་དགོས་སོམས། །ལེ་ལོའི་རྦ་རླབས་འདིས་ཐར་ལམ་འགོག་བྱེད་ཅིང་། །འཆི་བདག་རླུང་དམར་འདི་དལ་རྟེན་གཞིག་བྱེད་ལགས། །རྟག་པར་འཛིན་པ་འདི་བདུད་སྡེའི་འཕྲུལ་ཡིན་ན། །ལ་འུར་སྙིང་སྟོབས་ཀྱི་དར་ཆེན་ཕྱར་དགོས་སོམས། །ཚུལ་ཁྲིམས་འབྱར་རྩི་འདིས་གྲུ་ཆེན་སྲུང་བྱེད་ཅིང་། །ཐོས་བསམ་ཤེས་རབ་འདི་ལྟ་བའི་འདྲེན་བྱེད་ལགས། །ཏིང་འཛིན་གཏིང་རྡོ་འདི་མི་འགྱུར་བརྟན་པའི་ཐབས། །དེ་འདྲའི་བསླབ་གསུམ་གྱིས་ཐར་བའི་སྐམ་སར་སྙོགས། །ཅེས་པའང་དད་ལྡན་སྦྱིན་བདག་ལྕམ་རྡོ་རྗེ་གཡུ་སྒྲོན་ལ་བཙུན་པ་གཞན་ཕན་མཐའ་ཡས་པས་གདམས་པ་དགེ། །།

དད་བརྩོན་ནོར་ལྡན་འཇིགས་མེད་བསམ་གཏན་ལ་གདམས་པ།

༄། །དད་བརྩོན་ནོར་ལྡན་འཇིགས་མེད་བསམ་གཏན་ལ་གདམས་པ་བཞུགས། །དཔལ་ཡོན་ཏན་ཀུན་གྱི་འབྱུང་གནས་ལ། །ཡིད་རྩེ་གཅིག་གུས་པས་གསོལ་བཏབས་ནས། །ཁྱེད་ཐར་བ་དོན་གཉེར་བློ་གསར་ལ། །ལམ་ཟབ་མོའི་གནད་འདི་བཤད་ཀྱིས་ཉོན། །གནས་ཁམས་གསུམ་འཁོར་བའི་མཚོར་མཆིས་ཀྱང་། །རྟེན་དལ་འབྱོར་གྲུ་བོ་འཛིན་དུས་འདིར། །མགོན་བཤེས་གཉེར་མཁས་པའི་དེད་དཔོན་ལ། །ཡིད་གཏད་ནས་འཇུག་པ་ཐོག་མར་གཅེས། །ཕ་བླ་མ་མཚན་ལྡན་མཇལ་གྱུར་ཀྱང་། །རང་དད་དམ་སྣོད་དང་མི་ལྡན་ན། །བཅུད་གདམས་ངག་ཐོབ་དུས་མི་འདུག་པས། །ཁྱེད་དང་པོར་དད་པའི་ཞིང་ས་ཚོལ། །དེ་ལེགས་པར་བཤད་ན་སྔོན་བྱོན་གྱི། །རྗེ་གྲུབ་ཐོབ་གོང་མའི་རྣམ་ཐར་བཞིན། །རྗེ་བླ་མའི་མཛད་སྤྱོད་ཅི་བསྟན་ཀྱང་། །རང་གདུལ་བྱེད་ཐབས་སུ་ཤེས་པ་དགོས། །དུས་དེང་སང་བླ་མ་བསྟེན་པ་ཕལ། །སྐྱབས་རྡོ་རྗེ་འཆང་དུ་མི་སེམས་པར། །ཆོས་འབྲེལ་བས་བསྡུས་ནས་དེ་མ་ཐག །རྒྱུད་དམ་ཉམས་ཉིད་དུ་སྒྲུབ་པར་མཐོང་། །དོན་དེ་སླད་དམ་སྡོམ་གནས་དག་ལ། །ཡིད་གཞུང་ནས་བླང་དོར་མ་བགྱིས་ན། །སྨན་ཟོས་པ་དུག་གྱུར་འགུམ་པ་བཞིན། །ཆོས་ཕན་གནད་གར་འགྱུར་ཆམ་འཚོལ། །ཡང་ལ་ལ་བླ་མ་མི་བརྟགས་པར། །དཔེ་ཁྱི་དང་གློ་བ་འཕྲད་པ་བཞིན། །དུས་ཐོག་མ་ཉིད་དུ་གར་འཕྲད་པ། །དེ་ཁོ་ན་དཔྱད་མེད་སྟེན་པར་བྱེད། །འདི་ལེགས་སམ་ལེགས་ན་ལམ་འགྲོ་སྲིད། །ཡང་ཉེས་ན་འབད་པ་དོན་མེད་པར། །རྟེན་དལ་འབྱོར་ཐོབ་པ་ཆོས་མིན་ལ། །ཆོས་ལྟར་དུ་བཅོས་པའི་ངང་ལ་འདའ། །ཚུལ་དེས་ན་ལེགས་པར་བསམ་བྱས་ཏེ། །ལམ་མ་ནོར་སྟོན་མཁས་བླ་མ་ཞིག །ལུས་སྲོག་ལ་ཕངས་མེད་བསྟེན་གྱུར་ན། །གཟོད་སངས་རྒྱས་འགྲུབ་པའི་གདམས་ངག་འཐོབ། །དེའི་རྗེས་སུ་ཟབ་དང་རྒྱ་ཆེའི་ཆོས། །ཀུན་བསླབ་པ་གསུམ་དུ་དྲིལ་བྱས་ནས། །གཞི་ཚུལ་ཁྲིམས་བསླབ་པའི་ཞིང་ས་ལ། །ཐོས་བསམ་གྱི་ས་བོན་འདེབས་པ་གལ། །དེ་སྨིན་བྱེད་ཏིང་འཛིན་ཆུ་ལུད་ཀྱིས། །ཡོངས་བསྐྱེད་ན་ལམ་ལྔའི་ཡོན་ཏན་ཀུན། །གཟོད་སྒོམ་བྱུང་ཤེས་རབ་ཀྱི་ས་འཐོབ་པས། །ཁྱེད་ལམ་ལ་འཇུག་རིམ་མ་ནོར་མཛོད། །འདི་ནོར་ན་འབད་པ་དོན་མེད་དེ། །དཔེ་ཞིང་ས་མེད་པའི་ཆུ་ལུད་དང་། །ཆུའི་རླན་དང་བྲལ་བའི་ས་བོན་དང་། །རྒྱུ་ས་བོན་མེད་པའི་ཞིང་སོགས་བཞིན། །དོན་གང་ཕྱིར་ལམ་གྱི་ཡན་ལག་གསུམ། །འདིའི་གོ་རིམ་རྫོགས་པར་འཛིན་པའི་ལུས། །ལམ་བྱང་ཆུབ་སེམས་བསྐྱེད་ཉིད་ཡིན་ན། །ཁྱེད་འདི་ཉིད་ཁོ་ནར་ནན་ཏན་མཛོད། །ཚུལ་དེ་ལྟའི་བྱང་ཆུབ་སེམས་གཉིས་ཀྱང་། །གཞུང་སྡེ་སྣོད་ཉིད་ལས་བཤད་པ་དང་། དེའི་མན་ངག་གསང་ཆེན་ཐེག་པ་ཡི། །ཐབས་རིམ་པ་གཉིས་ཀྱིས་སྒོམ་པར་མཛོད། །དེའི་འབྲས་བུ་གནས་སྐབས་རིག་འཛིན་དང་། མཐར་རྡོ་རྗེ་འཆང་ཉིད་མངོན་བྱེད་བས། ཁྱེད་ཉིན་དང་མཚན་དུ་མི་གཡེལ་བར། །ལམ་ཟབ་མོ་རྗེས་སུ་སྒྲུབ་འཚལ་ལོ། །རྗེ་ཕན་པར་མཛད་པའི་དགོངས་པ་ཅན། །མགོན་དགེ་པའི་བཤེས་ལས་གང་ཐོས་པའི། །ལམ་དེ་ཀུན་ལེགས་པར་གདམས་པའི་མཐུས། །ཁྱེད་ཆོས་ལ་ཚུལ་གཞིན་འཇུག་པར་ཤོག། ཅེས་པའང་དད་བརྩོན་ནོར་ལྡན་འཇིགས་མེད་བསམ་གཏན་ལ་ཆོས་སྨྲ་བའི་བཙུན་པ་གཞན་ཕན་མཐའ་ཡས་པས་ལེགས་པར་གདམས་པ་དགེ། །།


previousཞལ་གདམས་མན་ངག་གི་སྐོར་ཚོ།next