Nitartha Digital Library
Tibetan
རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་གསུང་འབུམ།


   
   
   
  collapse section
   
   
   
   
   
   
   
   
   
   
   
   
  expand section
  expand section
  expand section
  expand section
གསོལ་འདེབས་ཞབས་བརྟན་གྱི་སྐོར་ཚོ།
  expand section


 
previousགསོལ་འདེབས་ཞབས་བརྟན་གྱི་སྐོར་ཚོ།next

གསོལ་འདེབས་ཞབས་བརྟན་གྱི་སྐོར་ཚོ།

སྔ་འགྱུར་རྙིང་ལུགས་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས་གཞན་ཕན་མཐའ་ཡས།

༄། །སྔ་འགྱུར་རྙིང་ལུགས་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས་གཞན་ཕན་མཐའ་ཡས་ཞེས་བྱ་བ་བཞུགས་སོ། །ཕྱོགས་བཅུ་རྒྱལ་བའི་ཞིང་ཁམས་ཉོན་མོངས་བསྐྱོང། །མུན་བཅོམ་ཡུལ་ཕེབས་སྤོབས་ཅན་རྟག་ཏུ་སྣང་། །གསེར་གཡོགས་ཡོངས་དག་བདུད་བཅོམ་ཡིད་བྱེད་ཅན། །ཡོན་ཏན་བརྒྱན་པ་རྣམས་ལ་ཕྱག་འཚལ་ལོ། །བདེ་གཤེགས་རྗེས་སྤྱོད་མངོན་འཕགས་རྒྱལ་པོ་དང་། །རྒྱགས་པ་རྣམ་གནོན་རིན་གཟུགས་ཕྱིར་མི་ལྡོག །གདུགས་འཕགས་བྱང་སེམས་འདུལ་བ་བདུད་ཡིད་བཅོམ། །སྐྲག་མེད་མུན་བྲལ་ཐེ་ཚོམ་གཅོད་ཕྱག་འཚལ། །སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབས། །འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུང་དང་། །ཤཱཀྱ་ཐུབ་པ་བྱམས་པ་མགོན་པོ་སོགས། །དུས་གསུམ་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །མདོ་སྡེ་དབྱངས་བསྙད་ལུང་བསྟན་ཚིགས་བཅད་དང་། །ཆེད་བརྗོད་གླེང་གཞི་རྟོགས་བརྗོད་དེ་ལྟར་བྱུང་། །སྐྱེས་རབས་རྒྱས་དང་རྨད་བྱུང་གཏན་དབབ་སྟེ། །གསུང་རབ་ཡན་ལག་བཅུ་གཉིས་ལ་ཕྱག་འཚལ། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་རྩ་བདུན་དང། །མཐར་གནས་དགུ་དང་རྣམ་པར་ཐར་བ་བརྒྱད། །ཟིལ་གནོན་ཟད་པར་སྟོབས་དབང་མ་འདྲེས་གཟུངས། །མི་འཇིགས་བཞི་སོགས་རྟོགས་ཆོས་ལ་ཕྱག་འཚལ། །ལུམྦྷིའི་ཚལ་དང་བྱང་ཆུབ་ཤིང་གི་དྲུང་། །ཝཱ་རཱ་ན་སཱི་ལྷ་ལས་བབས་པའི་གནས། །མཉན་ཡོད་རྒྱལ་པོའི་ཁབ་དང་ཡངས་པ་ཅན། །རྕྭ་མཆོག་གྲོང་སྟེ་གནས་བརྒྱད་ལ་ཕྱག་འཚལ། །དེར་བཞུགས་བཀྲ་ཤིས་འབྱུང་བའི་མཆོད་རྟེན་དང་། །བྱང་ཆེན་ཆོས་འཁོར་ལྷ་བབས་ཆོ་འཕྲུལ་ཆེ། །དབྱེན་བཟླུམ་བྱམས་དངོས་བྱིན་རླབས་རྣམ་རྒྱལ་དང་། །མྱང་འདས་མཆོད་རྟེན་བརྒྱད་ལ་ཕྱག་འཚལ་ལོ། །ཀ་དག་གདོད་མའི་ཆོས་སྐུ་ཀུན་ཏུ་བཟང་། །ལྷུན་གྲུབ་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ། །འགྲོ་འདུལ་སྤྲུལ་སྐུ་ཤཱཀྱ་སེང་གེ་སོགས། །སྐུ་གསུམ་སྟོན་པ་རྣམས་ལ་གསོལ་བ་འདེབས། །འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་བྱམས་པ་ཀུན་ཏུ་བཟང། །ཉེ་བའི་སྲས་ཆེན་བརྒྱད་ལ་ཕྱག་འཚལ་ལོ། །གྲགས་ལྡན་མཆོག་སྐྱོང་གནོད་སྦྱིན་སྐར་མདའ་གདོང་། །བློ་གྲོས་ཐབས་ལྡན་ཀླུ་རྒྱལ་འཇོག་པོ་དང་། །དྲི་མེད་གྲགས་པ་ཉིད་དེ་དམ་པ་ཡི། །རིགས་ཅན་དྲྭ་མ་ལྔ་ལ་གསོལ་བ་འདེབས། །ཤཱ་རིའི་བུ་སོགས་ཉན་ཐོས་མཆོག་བརྒྱད་དང་། །སྒྲ་གཅན་འཛིན་སོགས་གནས་བརྟེན་བཅུ་དྲུག་སྟེ། །དགེ་སློང་དང་ནི་དགེ་བསྙེན་ཕ་མར་བཅས། །ཐུན་མོང་འཁོར་རྣམ་བཞི་ལ་གསོལ་བ་འདེབས། །འོད་སྲུང་ཀུན་དགའ་བོ་དང་ཤཱ་ནའི་གོས། །ཉེ་སྦས་ངྷི་ངྷི་ཀ་དང་ནག་པོ་པ། །ལེགས་མཐོང་ཆེན་པོ་ཉིད་དེ་ཐུབ་དབང་གི །བསྟན་པའི་གཏད་རབས་བདུན་ལ་གསོལ་བ་འདེབས། །དགའ་རབ་རྡོ་རྗེ་ཨིནྟྲ་བྷུ་ཏི་དང། །ས་ར་ཧ་སོགས་གྲུབ་ཆེན་བརྒྱད་ཅུ་བཞི། །འཇམ་དཔལ་ཤྲཱི་སེང་ཛྙཱ་ན་སུ་ཏྲ་སྟེ། །འདས་རྗེས་ཐོབ་པ་གསུམ་ལ་ཕྱག་འཚལ་ལོ། །འཕགས་མཆོག་ཀླུ་སྒྲུབ་ཨཱ་རྱཱ་དེ་བ་དང་། །ཐོགས་མེད་དབྱིག་གཉེན་ཕྱོགས་གླང་ཆོས་གྲགས་ཏེ། །འཛམ་གླིང་མཛེས་རྒྱན་དྲུག་དང་རྨད་བྱུང་གཉིས། །ཆེན་པོ་བཞི་དང་བཅས་ལ་གསོལ་བ་འདེབས། །ཧཱུཾ་མཛད་རྷ་ན་སཾ་སྐྲྀ་མཉྫུ་ཤྲི། །ཀླུ་དབང་བཱི་མ་ལ་དང་རོམ་བུ་གུ། །པྲ་བྷ་ཧ་སྟི་ཤིནྟིཾ་གརྦྷ་སྟེ། །གྲུབ་པའི་རིག་འཛིན་བརྒྱད་ལ་གསོལ་བ་འདེབས། །རྒྱལ་ཀུན་འདུས་ཞལ་སངས་རྒྱས་པངྨ་སྐྱེས། །མཁན་ཆེན་བྱང་ཆུབ་སེམས་དཔའ་ཞི་བ་འཚོ། །པངྨའི་ངང་ཚུལ་སྨྲི་རྟི་ཛྙཱ་ན་སོགས། །སྔ་འགྱུར་པཎ་ཆེན་བརྒྱ་རྩར་གསོལ་བ་འདེབས། །སྤྱན་རས་གཟིགས་དབང་སྲོང་བཙན་མི་ཡི་ལྷ། །འཇམ་དཔལ་དབྱངས་དངོས་ཁྲི་སྲོང་ལྡེའུ་བཙན། །གསང་བའི་བདག་པོ་ཁྲི་ལྡེའུ་གཙུག་བརྟན་ཏེ། །ཆོས་རྒྱལ་མེས་དབོན་གསུམ་ལ་ཕྱག་འཚལ་ལོ། །གངས་ཅན་མིག་གཅིག་ཐུ་མི་སམྦྷོ་ཊ། །སྐལ་ལྡན་སྙིང་གི་བུ་དགུ་རྗེ་འབངས་གྲོགས། །སྐ་ཅོག་ཞང་དང་རྨ་གཉགས་རོང་ཟོམ་སོགས། །སྒྲ་བསྒྱུར་ལོ་ཙཱ་བརྒྱ་རྩར་གསོལ་བ་འདེབས། །དཔལ་དབྱངས་ཡེ་ཤེས་དབང་པོ་རྣམ་སྣང་མཛད། །རྒྱལ་བའི་བྱང་ཆུབ་རྨ་བན་རིན་ཆེན་མཆོག །ངན་ལམ་རྒྱལ་མཆོག་དབྱངས་དང་ཀླུ་དབང་སྲུང་། །འདུལ་འཛིན་སད་མི་བདུན་ལ་ཕྱག་འཚལ་ལོ། །གནུབས་གཉགས་ཟུར་ཏེ་བསྟན་པའི་བབས་སོ་གསུམ། །ཉང་བན་ལྡང་མ་ལྕེ་བཙུན་ཞང་ཡབ་སྲས། །མེ་ལོང་ཀུ་མ་རཱ་ཛ་ཀློང་ཆེན་སོགས། །རྫོགས་ཆེན་བརྒྱུད་འཛིན་རྣམས་ལ་ཕྱག་འཚལ་ལོ། །རྨ་གཡོ་གཙང་གསུམ་དགོངས་པ་རབ་གསལ་དང་། །ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ལ་སོགས་པ། །དབུས་གཙང་མི་བཅུ་ནས་བརྒྱུད་སྔ་འགྱུར་གྱི། །བསྟན་རྩ་སོ་ཐར་བརྒྱུད་པར་གསོལ་བ་འདེབས། །ཆོས་འཁོར་གསུམ་དུ་ཀློག་པའི་འཁོར་ལོ་རྫོགས། །སྒྲུབ་གནས་གསུམ་དུ་སྤོང་བ་བསམ་གཏན་དང་། །བྱ་བ་ལས་ཀྱི་འཁོར་ལོས་ས་གསུམ་གྱི། །འགྲོ་འདྲེན་མཁས་གྲུབ་རྣམས་ལ་གསོལ་བ་འདེབས། །གཞན་ཡང་གཏེར་སྟོན་མཆོག་གླིང་གཏེར་ཕྲན་བརྒྱ། །མངའ་རིས་པཎ་ཆེན་པྲ་ཛྙཱ་ད་སྨིའི་ཞབས། །བརྒྱུད་ཚུལ་ཀུན་འདུས་གཏེར་བདག་གླིང་པ་དང་། །ཆོས་དཔལ་རྒྱ་མཚོ་སོགས་ལ་གསོལ་བ་འདེབས། །དེ་བཞིན་དམ་གཙང་བྱམས་གསུམ་ནས་བརྒྱུད་པའི། །མཁས་གྲུབ་རིམ་བྱོན་རྣམས་དང་དེ་ལས་གཞན། །པདྨ་རིག་འཛིན་མཁྱེན་བརྩེའི་འོད་ཟེར་སོགས། །བསྟན་འཛིན་དམ་པ་རྣམས་ལ་ཕྱག་འཚལ་ལོ། །མདོར་ན་སྐྱེས་བུ་ཟུང་བཞི་ཡ་བརྒྱད་དང་། །ས་བཅུ་ལམ་ལྔའི་སྤང་རྟོགས་ཡོན་ཏན་ལ། །དབང་བསྒྱུར་ཐེག་པ་གསུམ་དང་གྲུབ་མཐའ་བཞིའི། །སྲོལ་འབྱེད་དགེ་འདུན་ཉི་ཤུར་གསོལ་བ་འདེབས། །དེ་ལྟར་ཀུན་བཟང་སྤྱོད་པ་རྒྱ་མཚོ་ཡིས། །རྟག་ཏུ་གཞན་ལ་ཕན་པ་ལྷུར་མཛད་པའི། །ཐུབ་དབང་སྲས་དང་བཅས་པའི་ཞལ་སྐྱིན་མཆོག །འཁོར་ལོའི་དབང་ཕྱུག་རྣམས་ལ་ཕྱག་འཚལ་ལོ། །བྱིན་རླབས་རྩ་བ་དཔལ་ལྡན་བླ་མ་དང་། །དངོས་གྲུབ་རྩ་བ་ཡི་དམ་ཞི་ཁྲོའི་ལྷ། །བར་ཆད་སེལ་བའི་རྩ་བ་མཁའ་འགྲོའི་ཚོགས། །ཆོས་སྐྱོང་སྲུང་མར་བཅས་ལ་གསོལ་བ་འདེབས། །འདི་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །ངན་སོང་གསུམ་སོགས་མི་ཁོམ་གནས་སྤངས་ཏེ། །དལ་བའི་རྟེན་ལ་བཤེས་གཉེན་མཆོག་བསྟེན་ནས། །དཀོན་མཆོག་རིན་ཆེན་གསུམ་དེས་རྗེས་འཛིན་ཤོག །དགེ་དང་མི་དགེའི་ལས་བཅུའི་བླང་དོར་ལ། །མ་རྨོངས་རྗེས་དྲན་དྲུག་དང་བདེན་པ་བཞི། །རྟེན་འབྲེལ་ཚད་མེད་བཞི་དང་ཕྱིན་དྲུག་གི །ལམ་ལས་བྱང་ཆུབ་སེམས་གཉིས་སྐྱེད་པར་ཤོག །ཐོས་བསམ་བསྒོམ་པས་རང་རྒྱུད་གདུལ་བ་དང་། །འཆད་རྩོད་རྩོམ་པས་བསྟན་ལ་བྱ་བ་བྱེད། །མཁས་བཙུན་བཟང་པོས་འགྲོ་ཕན་སྒྲུབ་པ་ལ། །ཚེ་རབས་ཀུན་ཏུ་སྐྱོ་བར་མ་གྱུར་ཅིག །ཕུང་ཁམས་སྐྱེ་མཆེད་ཀྱིས་མཚོན་ཤེས་བྱའི་གཞིར། །བདག་དང་བདག་གིར་ལྟ་བ་ཡོངས་སྤངས་ནས། །བདག་མེད་རྣམ་གཉིས་མངོན་སུམ་རྟོགས་པ་ཡིས། །སྲིད་པའི་ཕྲ་རྒྱས་མ་ལུས་སྤོང་བར་ཤོག །ཁྱད་པར་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ། །བརྟེན་ནས་རིག་འཛིན་རྣམ་བཞི་རིམ་བསྒྲོད་དེ། །མཐར་ཐུག་སྐུ་དང་ཡེ་ཤེས་ལྔའི་བདག་ཉིད། །དག་པ་གཉིས་ལྡན་མངོན་དུ་བྱེད་པར་ཤོག །མཐའ་བརྒྱད་སྤྲོས་བྲལ་ཆོས་སྐུའི་ངང་ཉིད་ལས། །ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་སྐུའི་རྩལ། །བཟོ་སྐྱེ་མཆོག་གི་སྤྲུལ་པ་གྲངས་མེད་ཀྱིས། །རྣམ་བཞིའི་ཕྲིན་ལས་དཔག་ཡས་སྒྲུབ་པར་ཤོག །མདོར་ན་རྒྱལ་དང་དེ་སྲས་འཕགས་རྣམས་ཀྱིས། །གཞན་ལ་ཕན་པའི་མཛད་བཟང་ལྷུར་བཞེས་པའི། །སྨོན་གནས་དེ་ཀུན་བདག་གིས་ཡོངས་འགྲུབ་ནས། །མཐའ་ཡས་འགྲོ་བ་སྲིད་ལས་སྒྲོལ་གྱུར་ཅིག །ཅེས་པ་སྔ་འགྱུར་རྙིང་ལུགས་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས་གཞན་ཕན་མཐའ་ཡས་ཞེས་བྱ་བ་འདི་ཡང་དམ་པའི་ཚུལ་དགུས་ལེགས་པར་བརྒྱན་པའི། རང་སློབ་གནས་བརྟན་པདྨ་དམ་ཆོས་བཟང་པོ་ནས་ཇི་ལྟར་བསྐུལ་བཞིན་དེང་དུས་ཀྱི་སྐྱེ་བོ་རྣམས་ཡོངས་གྲགས་ཀྱི་བརྡ་ཆད་རྣམ་གྲངས་སུ་བྱས་པ་དག་ལའང་རྨོངས་པར་རིགས་ནས་དེ་དག་ལ་ཕན་སེམས་ཀྱིས་ཀུན་ནས་བསླངས་ཏེ། མདོ་ཁམས་ཀྱི་བཙུན་པ་གཞན་ཕན་མཐའ་ཡས་སུ་འབོད་པས་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་ཡང་དབེན་གངས་ཁྲོད་བདེ་བ་ཆེན་པོའི་ཕོ་བྲང་ནས་ཤར་མར་སྤེལ་བ་དགེ། རིམ་བྱོན་མཁས་གྲུབ་ནོར་བུའི་ཕྲེང་། །གསོལ་འདེབས་ཤིང་རྟས་འདྲེན་པའི་ངག །དད་ལྡན་ཀླུ་རྒྱལ་གྱིས་སྤེལ་བས། །གཞན་ལ་ཕན་པ་མཐའ་ཡས་ཤོག །ཅེས་པའང་བཙུན་པ་གཞན་ཕན་པས་སོ།། །།

སྒྱུ་འཕྲུལ་དྲྭ་བའི་བརྒྱུད་འདེབས་སྐལ་ལྡན་ཐར་བར་འགྲོ་བའི་ས་མཁན།

༄། །སྒྱུ་འཕྲུལ་དྲྭ་བའི་བརྒྱུད་འདེབས་སྐལ་ལྡན་ཐར་བར་འགྲོ་བའི་ས་མཁན་ཞེས་བྱ་བ་བཞུགས་སོ། །དག་ཆེན་གདོད་མའི་དབྱིངས་སུ་རང་རིག་པའི། །ཡེ་ཤེས་མངོན་བྱང་ཆུབ་པ་ཀུན་བཟང་ཞལ། །སྒྱུ་འཕྲུལ་དྲྭ་བའི་ཕྱག་རྒྱར་ཡོངས་ཤར་བ། །རྡོ་རྗེ་སེམསདཔའ་རིགས་ལྔའི་གཙོ་ལ་འདུད། །ཁྱབ་བདག་རྒྱལ་བ་གང་དེའི་ཡེ་ཤེས་ཀྱི། །རྣམ་གྲངས་སེམས་དཔའ་དང་ནི་འཇོམས་པ་ཡི། །ཁྱད་པར་ཅིར་ཡང་སྣང་བར་མཛད་པ་ལས། །མཆོག་གྱུར་ཉེ་སྲས་བརྒྱད་ལ་གུས་ཕྱག་འཚལ། །དེ་ལྟའི་རྒྱལ་དང་དེ་སྲས་དགོངས་པའི་ཀློང་། །གཅིག་རྣམས་སྒྲ་ཚིག་རང་མཚན་ལས་འདས་ཕྱིར། །དགོངས་བརྡའི་བརྒྱུད་པར་གྲགས་པའི་ཚོགས་རྣམས་ལ། །གནས་ལུགས་རང་ངོ་འཕྲོད་པར་གསོལ་བ་འདེབས། །གང་ཚེ་རིགས་གསུམ་སེམས་དཔས་རྗེས་བཟུང་བའི། །ལྷ་ཀླུ་གནོད་སྦྱིན་སྲིན་པོའི་རིག་པ་འཛིན། །སྤྱི་དང་བྱེ་བྲག་གསང་སྔགས་འབྱུང་བའི་གནས། །མ་ལ་ཡ་ཞེས་གནམ་ལྕགས་ཡོད་པའི་རྩེར། །གསང་བདག་དཔའ་བོའི་རྗེས་བཟུང་བྱིན་རླབས་པ། །ལྷ་ཡི་རིག་འཛིན་གྲགས་ལྡན་མཆོག་སྐྱོངས་དང་། །སྲིན་པོ་བློ་གྲོས་ཐབས་ལྡན་ཀླུ་འཇོག་པོ། །གནོད་སྦྱིན་སྐར་མདའ་གདོང་དང་མིའི་རིག་འཛིན། །དྲི་མེད་གྲགས་པ་ཉིད་དེ་རིགས་ཅན་ལྔ། །གསང་བདག་རྗེ་དང་ལི་ཙ་བི་གང་གི །རྗེས་བཟུང་དོན་དང་ཚིག་གི་བརྒྱུད་པ་རྣམས། །ཡོངས་འཛིན་ཆོས་རྒྱལ་ལུང་བསྟན་རྡོ་རྗེ་ལ། །རྒྱུད་གསུམ་དོན་ཀུན་རྟོགས་པར་གསོལ་བ་འདེབས། །རྒྱལ་པོ་ཛཿཞེས་གྲགས་པ་གང་དེ་ཡིས། །སྒྱུ་འཕྲུལ་དྲྭ་བའི་སྨིན་གྲོལ་གདམ་ངག་གིས། །རྗེས་བཟུང་ཀུ་ཀུ་ར་ཛ་ཚོམ་བུ་འབུམ། །དེ་བཞིན་ཨིནྟྲ་བོ་དྷི་ཚོམ་བུ་ཁྲི། །སེང་ཧ་རཱ་ཛ་ཚོམ་བུ་སྟོང་དང་ནི། །ཨུ་པ་རཱ་ཛ་ཚོམ་བུ་ལྔ་བརྒྱ་དང་། །སྲས་མོ་གོ་མཚོ་མ་བུ་བརྒྱ་དང་བཅས། །རིག་འཛིན་ས་ལ་རིམ་བཞིན་མངོན་གཤེགས་པའི། །རིག་པ་ཁྱད་པར་ཅན་གྱི་བརྒྱུད་པ་ལ། །བསྒྲུབ་འབྲས་ཚེ་འདིར་ཐོབ་པར་གསོལ་བ་འདེབས། །དེ་ལྟའི་གདམས་ཟབ་གོ་མ་ས་ལ་ཡིས། །ཁྱི་རྒྱལ་ཕྱི་མ་སློབ་དཔོན་སྒེག་རྡོར་དང། །བུདྡྷ་གུ་ཧྱ་གསུམ་ལ་གནང་བ་ལས། །ཀུ་ཀུ་རཱ་ཛས་རོ་ལངས་བདེ་བ་དང་། །དྲང་སྲོང་བྷ་ཤི་ཏ་གཉིས་ལ་བཤད་དེ། །སྔ་མས་རྡོ་རྗེ་བཞད་པ་ལ་ཡང་གནང་། །དེ་དང་བྷ་ཤི་ཏ་ཡིས་ཟ་ཧོར་གྱི། །རྒྱལ་པོ་པྲབྷ་ཧསྟི་ལ་བཤད་ནས། གང་དེས་ཨོ་རྒྱན་སངས་རྒྱས་གཉིས་པར་གདམས། །དེ་བཞིན་སྒེག་པའི་རྡོ་རྗེ་སངས་རྒྱས་གསང་། །རྣམ་པ་གཉིས་ལས་བཱི་མ་མི་ཏྲ་ཡིས། །གསན་ནས་རྨ་གཉགས་ཟུང་གིས་བསྒྱུར་པ་དང་། །སངས་རྒྱས་གསང་བ་ཉིད་ལས་བཻ་རོ་རྗེས། །གསན་པ་དང་བཅས་བརྒྱུད་པའི་སྲོལ་གསུམ་པོ། །ཀུན་འཛིན་བབས་སོ་དང་པོ་གཉག་ཡིན་ཕྱིར། །ཛྙཱ་ན་ཀུ་མ་ར་བཅས་མགོན་རྣམས་ལ། །ས་ལམ་གོང་དུ་འཕེལ་བར་གསོལ་བ་འདེབས། །གཉགས་ཆེན་ཡེ་ཤེས་གཞོན་ནུའི་རྗེས་བཟུངས་པ། །སོག་པོ་དཔལ་གྱི་ཡེ་ཤེས་གང་དེ་ཡིས། །གནུབས་ཆེན་ལ་བཤད་དེ་བཞིན་རྨ་གཉགས་ཀྱི། །ཐུན་མོང་སློབ་མ་ཁུ་བཙུན་བྱང་ཆུབ་འོད། །ཁྱུང་བོ་དབྱིག་འོད་གཉིས་ལས་སྔ་མས་ནི། །ཞང་བཙུན་རྒྱལ་བའི་ཡོན་ཏན་ལ་བཤད་ཅིང་། །ཁྱུང་བོས་དར་རྗེ་དཔལ་གྱི་གྲགས་པ་ལ། །བཤད་ཅིང་དེ་ལས་ཡོངས་གྲགས་དབུས་ལུགས་དང། །ཁམས་ལུགས་ཞེས་གྲགས་བཀའ་སྲོལ་གཉིས་སུ་གྱེས། །ཞང་གིས་བཤད་པ་གཙོར་བཟུང་མཆིམས་ཕུ་མར། །གྲགས་པ་ཉིད་དེ་འདིར་ཡང་གནུབས་ཀྱིས་གསན། །གཞན་ཡང་རྨ་ནས་མཁས་པ་གཙུག་གྱེར་གཉིས། །བརྒྱུད་པ་སྒྱུ་འཕྲུལ་ནོར་བུའི་ལུགས་སམ་ནི། །གདམས་ལུགས་ཞེས་གྲགས་དེ་ཡང་གནུབས་ལ་བབས། །དེ་ཕྱིར་བབས་སོ་གཉིས་པ་གནུབས་ཆེན་པོ། །སངས་རྒྱས་ཡེ་ཤེས་ཞབས་ལ་ཐུགས་སྲས་བཞི། །སྲས་ཀྱི་དམ་པ་གཅིག་བཅས་ལྔར་གྲགས་པའི། །ནང་ཚན་སོ་བཙུན་ཡེ་ཤེས་དབང་ཕྱུག་ནས། །རིམ་བཞིན་དཔའ་ཐུང་བྱང་ཆུབ་རྒྱལ་མཚན་དང། །གོང་བཙུན་ཤེས་རབ་ཡེ་ཤེས་གང་དེ་ཡིས། །གཙང་གི་ར་ཐུང་ཤེས་རབ་ཚུལ་ཁྲིམས་ལ། །དེ་ནས་ཤེས་རབ་མཆོག་དང་ཉང་ཡེ་འབྱུང་། །ཡང་ན་བུངྔྷ་ཛྙཱ་ནའི་ཐུགས་སྲས་མཆོག །གནུབས་ཆུང་ཁུ་ལུང་ཡོན་ཏན་རྒྱ་མཚོ་ནས། །དེ་སྲས་ཡེ་ཤེས་རྒྱ་མཚོ་ལ་བརྒྱུད་དེ། །ཉང་བཙུན་ཤེས་རབ་མཆོག་དང་ཉང་ཆེན་པོ། །ཡེ་ཤེས་འབྱུང་གནས་ལ་བརྒྱུད་སྲོལ་གཉིས་ཀ །གསང་བདག་ཟུར་ཆེན་ཤཱཀྱ་འབྱུང་གནས་ལ། །གཏད་ཕྱིར་བབས་སོ་གསུམ་པ་གང་དེ་ནས། །ཟུར་ཆུང་ཤེས་རབ་གྲགས་དང་དེ་ཡི་སྲས། །ཀ་ཆེན་བཞི་དང་གསང་བདག་སྒྲོ་ཕུག་པ། །ཤཱཀྱ་སེང་གེ་ནས་བརྒྱུད་སྒྱུ་འཕྲུལ་ནི། །བཤད་ཀའི་ལུགས་ཞེས་གྲགས་པའི་སྲོལ་འཛིན་པའི། །མཁས་གྲུབ་བླ་མ་ཇི་སྙེད་བྱོན་རྣམས་ལ། །སྣང་བ་ལྷ་སྐུར་འཆར་བར་གསོལ་བ་འདེབས། །ཁྱད་པར་སྒྱུ་འཕྲུལ་གདམས་ངག་ལུགས་ཞེས་པ། །གཉགས་ཀྱི་གསང་ཆོས་སློབ་བཤད་ཐུན་མིན་རྒྱུན། །རྨ་ནས་གཙུག་རུ་རིན་ཆེན་གཞོན་ནུ་དང་། །གྱེ་རེ་མཆོག་སྐྱོང་གཉིས་ལ་རིམ་བརྒྱུད་ནས། །དར་རྗེ་དཔལ་གྲགས་དེ་ཡིས་གནུབས་ཆེན་ལ། །བཤད་ཅིང་དེ་ནས་རིམ་བཞིན་སྤ་གོར་གྱི། །བློ་ཆེན་འཕགས་པ་དང་ནི་ཡོན་ཏན་མཆོག །གསལ་བའི་བྱང་ཆུབ་བློ་གྲོས་གཞོན་ནུ་དང་། །ཚུལ་ཁྲིམས་བཟང་པོ་ཡེ་ཤེས་དབང་བོའི་ཞབས། །ཆོས་ཀྱི་དབང་ཕྱུག་ཞང་གི་བླ་མ་དང་། །ཡོན་ཏན་འབྱུང་གནས་སློབ་དཔོན་གཞོན་དོན་འགྲུབ། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པ། །བརྩེ་ཆེན་ཐུགས་རྗེའི་བདག་ཉིད་མགོན་རྣམས་ལ། །དོན་དམ་ཆོས་སྐུར་རྟོགས་པར་གསོལ་བ་འདེབས། །ཀུན་མཁྱེན་བླ་མས་རྗེས་བཟུངས་མཁས་གྲུབ་མཆོག །ཁྱབ་བརྡལ་ལྷུན་གྲུབ་ནས་བརྒྱུད་རིམ་པ་བཞིན། སྤྲུལ་སྐུ་གྲགས་པ་འོད་ཟེར་མཁས་གྲུབ་མཆོག །སངས་རྒྱས་དབོན་པོ་ཆོས་རྗེ་ཟླ་གྲགས་དང་། །ཀུན་བཟང་རྡོ་རྗེ་རིན་ཆེན་ཕུན་ཚོགས་ཞབས། །ཉི་ཟླ་སངས་རྒྱས་ཚེ་དབང་མ་ཎི་དང་། །སྣང་མཛད་རྡོ་རྗེ་འབྲུག་སྒྲ་བཟང་པོའི་སྡེ། །འཕྲིན་ལས་ལྷུན་གྲུབ་གཏེར་ཆེན་འགྲོ་བའི་མགོན། །འགྱུར་མེད་རྡོ་རྗེ་དང་ནི་གང་དེའི་གཅུང་། །མཁན་ཆེན་ངྷརྨཱ་ཤྲཱི་ནས་བརྒྱུད་དེ། ཁྲི་ཆེན་རིན་རྣམ་དེ་ཡིས་གྲུབ་དབང་མཆོག །ཤྲཱི་ན་ཐ་ལ་བརྩལ་རྗེ་གང་དེས། །ཀུན་མཁྱེན་ཕྱི་མ་མཁྱེན་བརྩེའི་འོད་ཟེར་ལ། །གནང་ཕྱིར་སྙན་བརྒྱུད་བླ་མའི་ཚོགས་རྣམས་ལ། །བདེན་གཉིས་དབྱེར་མེད་རྟོགས་པར་གསོལ་བ་འདེབས། །མགོན་པོ་གང་དེས་སྨིན་གྲོལ་གདམས་པའི་མཛོད། །མ་ལུས་རང་སྐལ་ཉིད་དུ་བསྩལ་པ་དང་། །ཆབས་ཅིག་བདག་གིར་བགྱིས་ནས་བསྟན་འགྲོའི་སྲོག །གསོ་མཛད་ཀུན་གཟིགས་བྱང་ཆུབ་རྡོ་རྗེ་དང་། །སྐྱབས་མགོན་མཆོག་དེས་མདོ་སྔགས་བསྟན་པའི་ཁུར། །ཁྱོད་གཅིག་ཁོ་ནས་འཛིན་ལ་མ་ཞུམས་ཞེས། །བསྟན་རྩར་དབང་བསྐུར་མཛད་པའི་རིག་པ་འཛིན། །གཞོན་ནུ་འཇིགས་མེད་ཆོས་ཀྱི་བློ་གྲོས་སོགས། །མདོར་ན་རྒྱུད་རྒྱལ་སྒྱུ་འཕྲུལ་དྲྭ་བ་ཡི། །མན་ངག་ལ་བརྟེན་གྲུབ་གཉིས་མངོན་བྱས་པའི། །རིག་འཛིན་བླ་མ་དམ་པའི་ཚོགས་རྣམས་ལ། །བློ་འདས་ལྟ་བ་རྟོགས་པར་གསོལ་བ་འདེབས། །དེ་ལྟར་དགོངས་བརྡའ་སྙན་ཁུང་རིམ་བརྒྱུད་པའི། །དམ་པ་ཀུན་གྱི་གདམས་ངག་གསང་བའི་མཛོད། །མ་ལུས་བཟུངས་ནས་འགྲོ་ལ་སྩོལ་མཛད་པའི། །བཀའ་དྲིན་འཁོར་མེད་རྩ་བའི་བླ་མ་ལ། །བསྐྱེད་རྫོགས་མཐའ་རུ་ཕྱིན་པར་གསོལ་བ་འདེབས། །གང་ཞིག་གསོལ་བ་བཏབ་པའི་རེ་འབྲས་ཀུན། །ཐོགས་མེད་ཡིད་བཞིན་འགྲུབ་པའི་བྱིན་རླབས་དང་། །བདག་སོགས་འདི་ནས་ཚེ་རབས་ཐམས་ཅད་དུ། །མགོན་པོ་རྣམས་ཀྱིས་རྗེས་སུ་འཛིན་པར་ཤོག །སྐྱབས་གནས་བསླུ་མེད་དཀོན་མཆོག་རྣམ་གསུམ་དང་། །མ་ནོར་ལམ་སྟོན་བླ་མའི་ཐུགས་རྗེ་ཡིས། །བདག་གིས་ཡིད་སྨོན་གསོལ་བ་གང་བཏབ་པ། །དེ་དག་འགྲོ་བའི་དོན་དུ་འགྲུབ་གྱུར་ཅིག །ཅེས་པའང་མཁྱེན་དཔྱོད་ཀྱི་བློ་གྲོས་མཆོག་ཏུ་ཡངས་པའི་བསྒྲུབ་བརྩོན་ཟླ་བ་གྲགས་པའི་གསུང་གིས་བསྐུལ་ངོར། བླ་མ་བརྒྱུད་པའི་རིམ་པ་བདེ་བླག་ཉིད་དུ་རྟོགས་པར་བྱ་བའི་ཕྱིར་འཕྲོས་དོན་ཅུང་ཟད་ཀྱིས་ངག་སྒོ་ཡངས་པར་བྱས་ནས་བརྗོད་པ་པོ་ནི་མདོ་སྔགས་བསྟན་པའི་ཉིན་བྱེད་གྲུབ་དབང་རྫོགས་ཆེན་པ་ཡབ་སྲས་ཀྱི་བཀའ་འབང་གི་གྲལ་མཐར་སྡོད་པ་པོ་རྒྱལ་སྲས་གཞན་ཕན་མཐའ་ཡས་འོད་ཟེར་རོ། །དགེའོ། །དགེའོ། །དགེའོ།། །།

འདུས་མདོའི་དབང་གི་བརྒྱུད་འདེབས་བྱིན་རླབས་བུམ་བཟང་།

༄། །འདུས་མདོའི་དབང་གི་བརྒྱུད་འདེབས་བྱིན་རླབས་བུམ་བཟང་བཞུགས་སོ། །ཁྱབ་བདག་གདོད་མའི་མགོན་པོ་ཀུན་ཏུ་བཟང༌། །རྒྱལ་ཚབ་རིགས་ལྔ་རྒྱལ་སྲས་རིགས་གསུམ་མགོན། །དམ་པའི་རིགས་ཅན་རྣམ་ལྔ་རྒྱལ་པོ་ཛཿ ཨུ་པ་རཱ་ཛ་རྣམས་ལ་གསོལ་བ་འདེབས། །ཨིནྡྲ་བྷུ་ཏི་ནཱ་ག་སུ་ཏྲ་དང༌། །གི་ཡ་སུ་ཏྲི་ཀུ་ཀུ་ར་ཛའི་ཞབས། །རོ་ལངས་བདེ་བ་རྡོ་རྗེ་བཞད་པ་དང༌། །པྲ་བྷཱ་ཧ་སྟི་རྣམས་ལ༴ ཤཱཀྱ་སེང་གེ་ངྷ་ན་རཀྵི་ཏ། །རྡོ་རྗེ་ཧ྄ཱུྃ་མཛད་སྠི་ར་མ་ཏི། །བདེ་བ་གསལ་མཛད་ངྷརྨ་བོ་དྷི་དང༌། །མཁན་པོ་ཆོས་རྒྱལ་སྐྱོང་ལ་གསོལ༴ བལ་པོ་ནོར་འཛིན་བྲུ་ཤ་ཆེ་བཙན་སྐྱེས། །གནུབས་ཆེན་ཡབ་སྲས་ཡེ་ཤེས་རྒྱ་མཚོ་དང༌། །བློ་གྲོས་བྱང་ཆུབ་ཐོད་གར་ནམ་མཁའ་ལྡེ། །ཟུར་ཆེན་མེས་དབོན་རྣམས་ལ༴ ཡང་ཁྱད་སྒྲོ་ཕུག་པ་དང་འགར་སྟོན་པ། །སྲེགས་དང་གླན་སྟོན་རྡོར་འོད་བརྩོན་འགྲུས་སེང༌། །བསོད་ནམས་ལྷ་འབུམ་ཆོས་སེང་སངས་རྒྱས་དཔལ། །བསོད་ནམས་མགོན་པོ་རྣམས༴ སྒྲོལ་ཆེན་ཡབ་སྲས་ནམ་མཁའ་རྡོ་རྗེ་དང༌། །ཤ་མི་ལ་རྒུ་བ་དང་བློ་གྲོས་རྒྱལ། །གཞན་ཕན་ཕྲིན་ལས་ལྷུན་གྲུབ་ཡོངས་གྲོལ་མཚན། །འགྱུར་མེད་རྡོ་རྗེ་རྣམས༴ ངག་དབང་ཆོས་དཔལ་འགྱུར་མེད་རྒྱ་མཚོའི་སྡེ། །ཨོ་རྒྱན་བསྟན་འཛིན་ཀུན་བཟང་ཐེག་མཆོག་མཚན། །རིག་འཛིན་བཟང་པོ་རྡོ་རྗེ་མྱུ་གུ་རྩལ། །རིག་པའི་རྡོ་རྗེ་རྣམས་ལ༴ སེམས་ཀྱི་ཆོས་ཉིད་དབྱིངས་ཡེ་གཉིས་མེད་པར། །ཡེ་ནས་མ་འདྲེས་ཡོངས་རྫོགས་དཀྱིལ་འཁོར་གསུམ། །ཇི་བཞིན་བྱེད་པ་རྐྱེན་དང་བྱ་བྲལ་གྱི། །རྣམ་འབྱོར་ལམ་བཞིན་མཐར་རུ་ཕྱིན་པར་ཤོག །ཅེས་འདུས་མདོའི་བརྒྱུད་འདེབས་གཏེར་ཆེན་རིན་པོ་ཆེའི་གསུངས་སོར་བཞག་ལ་བཙུན་པ་གཞན་ཕན་མཐའ་ཡས་པས་ཁ་བསྐང་བགྱིས་པའོ། །

སངས་རྒྱས་མཉམ་སྦྱོར་གྱི་བླ་བརྒྱུད་གསོལ་འདེབས།

༄། །སངས་རྒྱས་མཉམ་སྦྱོར་གྱི་བླ་བརྒྱུད་གསོལ་འདེབས་ནི། །ཀུན་བཟང་རིགས་ལྔ་གསང་བདག་དྲི་མེད་གྲགས། །ཨིནྡྲ་བྷུ་ཏི་ཨུ་པ་རཱ་ཛ་དང་། །ཀུ་ཀུ་རཱུ་ཛ་མུ་དི་ཏ་རྣམས་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཨརྐ་སོ་མ་བཛྲ་བ་ཧུ་ཏ། །མུས་ཏོ་བ་ཧུ་ཏཿདང་གུས་ཀོ་ཏ། །དྲི་མེད་བཤེས་གཉེན་རྨ་ལོ་རིན་མཆོག་ལ། །གསོལ་བ༴ མཁས་པའི་དབང་པོ་གཙུག་གྱེར་རྣམ་གཉིས་དང་། །ཚུལ་ཁྲིམས་བྱང་ཆུབ་ཐུགས་སྲས་རྣམ་པ་གསུམ། །ཅོག་རོ་རྒྱལ་བའི་ཡོན་ཏན། ལ་གསུམ་གཞོན་ནུ་མཆོག །རྡོ་རྗེ་འཇམ་དཔལ་དང་གསུམ་མོ། །མཆན། བྱང་ཆུབ་འོད་དང་བློ་གྲོས་རྒྱལ་མཚན་ལ། །གསོལ་བ༴ རིན་ཆེན་ཚུལ་ཁྲིམས་རོང་སྟོན་ཆོས་བཟང་དང་། །ཡམ་ཤུད་བློ་བཟང་འགོས་སྟོན་ཟླ་བ་འབར། །ཟླ་བ་འབུམ་གྲགས་དངོས་གྲུབ་རྒྱལ་མཚན་ལ། གསོལ་བ༴ འགོས་སྟོན་ཆོས་རྡོར་འགོས་པ་དངོས་གྲུབ་མགོན། །དབུས་པ་སངས་འབུམ་གསེར་སྟེང་ཆོས་འོད་བཟང་། །མི་བསྐྱོད་རྡོ་རྗེ་མཁན་ཆེན་བསོད་འཕེལ་ལ། །གསོལ་བ༴ བག་སྟོན་ཚུལ་རྒྱལ་བླ་ཆེན་བསོད་ནམས་དཔལ། །འཇམ་དབྱངས་ཀུན་བློ་ནམ་མཁའ་ཚུལ་ཁྲིམས་དང་། །རོང་པ་བློ་བཟང་མཁྱེན་རབ་ཆོས་རྗེ་ལ། །གསོལ་བ༴ སཾ་བྷ་ཤྲཱི་ཚུལ་ཁྲིམས་འོད་ཟེར་འབར། །བསོད་ནམས་དཔལ་འབྱོར་རིན་ཆེན་བཀྲ་ཤིས་སྡེ། །བློ་གསལ་རྒྱ་མཚོ་འཇམ་དབྱངས་མཁྱེན་བརྩེ་ལ། །གསོལ་བ༴ དབང་ཕྱུག་རབ་བརྟན་བསོད་ནམས་མཆོག་ལྡན་དཔལ། །ངག་དབང་ཨོ་རྒྱན་རིག་འཛིན་གཏེར་བདག་གླིང་། །འགྱུར་མེད་རྒྱ་མཚོ་རིན་ཆེན་རྣམ་རྒྱལ་ལ། །གསོལ་བ༴ བརྒྱུད་སྲོལ་ཀུན་འདུས་རྩ་བའི་བླ་མ་དང་། །བདེ་གཤེགས་སྒྱུ་མ་བདེ་མཆོག་ཡི་དམ་ལྷ། །མ་སྲིང་མཁའ་འགྲོ་དམ་ཅན་རྒྱ་མཚོ་ལ། །གསོལ་བ༴ རིག་འཛིན་བླ་མ་ལྷ་དང་མཁའ་འགྲོའི་ཚོགས། །འབྲལ་མེད་ཡིད་ལ་རྩེ་གཅིག་བསྒོམས་པའི་མཐུས། །རིགས་ལྔའི་བདེ་གཤེགས་བསྙེན་པ་ཡོངས་རྫོགས་ནས། །ཧེ་རུ་ཀ་དཔལ་མངོན་དུ་འགྲུབ་པར་ཤོག། ། །རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་མཛད་པའི་བརྒྱུད་འདེབས་འདི་ཉིད་ལ་ཕྱིས་སུ་སོ་སོའི་བརྒྱུད་པ་བཞིན་འཕྲི་སྣོན་གྱིས་བཅོས་འདུག་པ། ད་ལན་སྔར་གྱི་དཔེ་མ་རྙེད་པས་རིན་ཆེན་རྣམ་རྒྱལ་བར་གསུང་དངོས་ཡིན་སྙམ་པ་ནས་བར་གྱི་གསར་སྣོན་བྱས་ངེས་ཀྱི་ཚིག་འགའ་དོར་བར་བྱས་ཤིང་། ཕྱིས་དུ་བཀའ་མ་པོད་དགུའི་ཕྱག་དཔེ་རྙིང་པ་འབྱོར་ཚེ་གསུང་དངོས་སོར་བཞག་གིས་བཅོས་སྒྱུར་མཛད་པར་ཞུ། །

དཔལ་ཡང་དག་ཧེ་རུ་ཀའི་བླ་བརྒྱུད་གསོལ་འདེབས།

༄། །དཔལ་ཡང་དག་ཧེ་རུ་ཀའི་བླ་བརྒྱུད་གསོལ་འདེབས་ནི། །སྟོན་པ་ཀུན་བཟང་རྡོ་རྗེ་སེམས་དཔའ་ཆེ། །དགའ་རབ་རྡོ་རྗེ་འཇམ་དཔལ་བཤེས་གཉེན་དང་། །རོ་ལངས་བདེ་བ་སངས་རྒྱས་གསང་བ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །བལ་པོ་ཧཱུཾ་མཛད་པདྨ་སཾ་བྷ་ཝ། །ནམ་མཁའི་སྙིང་པོ་ཡེ་ཤེས་གཞོན་ནུ་དང་། །དཔལ་གྱི་ཡེ་ཤེས་གནུབས་ཆེན་སངས་རྒྱས་ལ། །གསོལ་བ༴ ཡེ་དབང་ཀལྤོ་དབང་གི་གཙུག་ཏོར་དང་། །སོ་སྟོན་རྒྱལ་པོ་ཆོས་སེང་རཱ་ཛ་འབར། །ཆོས་ཡེ་བསྟན་པ་རྒྱལ་ཚ་མགོན་པོ་ལ། །གསོལ་བ༴ པདྨ་རྒྱལ་མཚན་བདེ་གཤེགས་པད་འབྱུང་དང་། །རཏྣ་ཤྲཱི་ཆོས་མཆོག་ཆོས་ལྡན་ཞབས། །གསང་བདག་སེ་སྟོན་དཔལ་འབུམ་མགོན་བཟང་ལ། །གསོལ་བ༴ རིན་ཆེན་རྒྱལ་མཚན་མགོན་པོ་ཟླ་བ་དང་། །ངག་དབང་རྡོ་རྗེ་དཔལ་ལྡན་བཀྲ་ཤིས་ཞབས། །ལེགས་གྲུབ་ཚེ་རིང་རྡོ་རྗེ་ཆོས་དབྱིངས་ལ། །གསོལ་བ༴ གཏེར་བདག་གླིང་པ་འགྱུར་མེད་རྒྱ་མཚོའི་སྡེ། །རིན་ཆེན་རྣམ་རྒྱལ། བརྒྱུད་སྲོལ་ཀུན་འདུས་རྩ་བའི་བླ་མ་ལ། །གསོལ་བ༴ རབ་འབྱམས་དཀྱིལ་འཁོར་ཀུན་གྱི་དབང་ཕྱུག་ཆེ། །མཁའ་འགྲོ་སྒྱུ་མ་བདེ་མཆོག་འཁོར་ལོའི་ལྷ། །ཌཱ་ཀི་ཆོས་སྐྱོང་རྒྱ་མཚོའི་ཚོགས་བཅས་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །བརྒྱུད་གསུམ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །འབྲལ་མེད་སྒོ་གསུམ་ཉིད་དུ་རབ་བསྒྲུབས་པས། །དབང་བཞིས་བསྟན་དོན་བསྐྱེད་རྫོགས་ཡན་ལག་བཞིས། །རིག་འཛིན་བཞི་དང་སྐུ་བཞི་མངོན་བྱེད་ཤོག། ། །རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་མཛད་པའི་བརྒྱུད་འདེབས་འདི་ཉིད་ལ་ཕྱིས་སུ་སོ་སོའི་བརྒྱུད་པ་བཞིན་འཕྲི་སྣོན་གྱིས་བཅོས་འདུག་པ། ད་ལན་སྔར་གྱི་དཔེ་མ་རྙེད་པས་རིན་ཆེན་རྣམ་རྒྱལ་བར་གསུང་དངོས་ཡིན་སྙམ་པ་ནས་བར་གྱི་གསར་སྣོན་བྱས་ངེས་ཀྱི་ཚིག་འགའ་དོར་བར་བྱས་ཤིང་། ཕྱིས་དུ་བཀའ་མ་པོད་དགུའི་ཕྱག་དཔེ་རྙིང་པ་འབྱོར་ཚེ་གསུང་དངོས་སོར་བཞག་གིས་བཅོས་སྒྱུར་གནང་བར་ཞུ། །

འཇམ་དཔལ་གཤིན་རྗེ་གཤེད་ཁ་ཐུན་གྱི་དབང་བརྒྱུད་བླ་མའི་གསོལ་འདེབས།

༄། །འཇམ་དཔལ་གཤིན་རྗེ་གཤེད་ཁ་ཐུན་གྱི་དབང་བརྒྱུད་བླ་མའི་གསོལ་འདེབས་བཞུགས། །ཀུན་བཟང་འཇམ་དཔལ་གསང་བདག་མཉྫུ་ཤྲཱི། །ཤཱིནྟཾ་གརྦྷ་པདྨ་སཾབྷ་ཝ། །ནམ་མཁའི་སྙིང་པོ་གནུབས་ཆེན་ཡབ་སྲས་ཏེ། །བཀའ་བབས་དང་པོའི་བརྒྱུད་པར་གསོལ་བ་འདེབས། །འཇམ་དཔལ་བཤེས་གཉེན་ཧཱུཾ་མཛད་པདྨ་འབྱུང་། །ཁྲག་འཐུང་ནག་པོ་བ་སུ་དྷ་ར་དང་། །སངས་རྒྱས་ཡེ་ཤེས་ཡོན་ཏན་རྒྱ་མཚོ་སྟེ། །བཀའ་བབས་གཉིས་པའི་བརྒྱུད་པར་གསོལ་བ་འདེབས། །མཉྫུ་མི་ཏྲ་རོམ་བུ་གུ་ཧྱ་དང་། །དེ་བ་ཙནྡྲ་དྷ་ན་ཏ་ལའི་ཞབས། །སྨིན་གྲོལ་གདམས་པ་ཀུན་རྫོགས་ཁུ་ལུང་པ། །བཀའ་བབས་གསུམ་པའི་བརྒྱུད་པར་གསོལ་བ་འདེབས། །ཡེ་ཤེས་རྒྱ་མཚོ་མཆོག་གི་སྙིང་པོ་དང་། །ཆོས་ཀྱི་དབོན་རྩ་ཁྲོ་འབར་ཆོས་ཀྱི་རྒྱལ། །ཧཱུྃ་ཆེན་བཀྲ་ཤིས་དར་དང་དར་མ་སེང་། །ལྷ་རྗེ་སེང་དར་རྣམས་ལ་གསོལ་བ་འདེབས། །གནུབས་ནག་ཡེ་རྒྱམ་འཛམ་གླིང་ནག་པོ་དང་། །ཆོས་གྲགས་རྒྱ་མཚོ་རྡོ་རྗེ་དཔལ་འབར་བ། །གྲགས་རྒྱལ་ཐར་པ་རྒྱལ་མཚན་འཇམ་དབྱངས་མཚན། །ནམ་མཁའ་ཐོག་ཐུག་རྣམས་ལ་གསོལ་བ་འདེབས། །རྡོ་རྗེ་སྟོབས་ལྡན་ཁྲོ་རྒྱལ་རྡོ་རྗེ་དང་། །རྣམ་རྒྱལ་རྡོ་རྗེ་ཆོས་དབྱིངས་གཏེར་བདག་གླིང་། །འགྱུར་མེད་རྒྱ་མཚོ་རཏྣ་བི་ཛ་དང་། །པདྨ་བསྟན་འཛིན་རྣམས་ལ་གསོལ་བ་འདེབས། །ཕྲིན་ལས་རྣམ་རྒྱལ་པདྨ་དབང་རྒྱལ་དང་། །ནམ་མཁའི་རྡོ་རྗེ་པདྨ་མངྒ་ལ། །གཞན་ཕན་མཐའ་ཡས། །བརྒྱུད་སྲོལ་ཀུན་འདུས་རྩ་བའི་བླ་མ་དང་། །ཡི་དམ་ལྷ་ཚོགས་རྣམས་ལ་གསོལ་བ་འདེབས། །འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །རྗེ་བཙུན་དམ་པ་རྣམས་ཀྱིས་རྗེས་བཟུང་སྟེ། །ངན་སོང་གསུམ་སོགས་མི་ཁོམ་གནས་རིགས་ལས། །ཐར་པའི་དལ་རྟེན་ཐོབ་པར་བྱིན་གྱིས་གྱིས་རློབས། །ཤུགས་དྲག་ངེས་འབྱུང་དད་པས་ཡིད་དྲངས་ནས། །མཚན་ལྡན་དགེ་བའི་བཤེས་གཉེན་ལེགས་བསྟེན་ཏེ། །རང་གཞན་འབྱོར་པའི་རྟེན་འབྲེལ་སྒྲིགས་པ་ལ། །མཐུན་པའི་རྐྱེན་རྣམས་འཛོམས་པར་བྱིན་གྱིས་རློབས། །རང་དོན་ཡིད་བྱེད་དམན་པའི་བློ་སྤངས་ནས། །རྒྱལ་བའི་སྲས་ཀྱི་སྤྱོད་པ་ལྷུར་བླངས་ཏེ། །རྣམ་མཁྱེན་གོ་འཕང་སྒྲུབ་པའི་ཚུལ་རྣམས་ལ། །ནམ་ཡང་རྨོངས་པ་མེད་པར་བྱིན་གྱིས་རློབས། །བསྐལ་པ་དུ་མར་འབད་ཀྱང་མཇལ་དཀའ་བ། །གསང་ཆེན་སྨིན་གྲོལ་ལམ་མཆོག་ལ་བརྟེན་ནས། །ཚེ་འདིར་ཧེ་རུ་ཀ་དཔལ་མངོན་འགྲུབ་སྟེ། །དོན་གཉིས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་མཛད་པའི་བརྒྱུད་འདེབས་འདི་ཉིད་ལ་ཕྱིས་སུ་སོ་སོའི་བརྒྱུད་པ་བཞིན་འཕྲི་སྣོན་གྱིས་བཅོས་འདུག་པ། ད་ལམ་སྔར་གྱི་དཔེ་མ་རྙེད་པས་རྗེ་ཉིད་བར་གསུང་དངོས་ཡིན་སྙམ་པ་ནས་བར་གྱི་གསར་སྣོན་བྱས་ངེས་ཀྱི་ཚིག་འགའ་དོར་བར་བྱས་ཤིང་། ཕྱིས་སུ་བཀའ་མ་པོད་དགུའི་ཕྱག་དཔེ་རྙིང་པ་འབྱོར་ཚེ་གསུང་དངོས་ལྟར་སོར་བཞག་བཅོས་སྒྱུར་གནང་བར་ཞུ། །

འཇམ་དཔལ་གཤིན་རྗེ་གཤེད་དམར་པོའི་དབང་གི་བརྒྱུད་འདེབས།

༄། །འཇམ་དཔལ་གཤིན་རྗེ་གཤེད་དམར་པོའི་དབང་གི་བརྒྱུད་འདེབས་བཞུགས། །ཁྱབ་བདག་སྟོན་པ་འཇམ་དཔལ་མ་རུ་རྩེ། །གསང་བདག་ཟླ་འོད་མཉྫུ་མི་ཏྲ་དང་། སངས་རྒྱས་ཡེ་ཤེས་ཡོན་ཏན་རྒྱ་མཚོ་སྟེ། །བཀའ་བབ་དང་པོའི་བརྒྱུད་པར་གསོལ་བ་འདེབས། །འཇམ་དཔལ་བཤེས་གཉེན་ཨོ་རྒྱན་པདྨ་འབྱུང་། །དྷ་ན་ད་ལ་ཡོན་ཏན་རྒྱ་མཚོའམ། །པད་འབྱུང་བལ་མོ་གསེར་ཕྲེང་གནུབས་ཡབ་སྲས། །བཀའ་བབས་བར་པའི་བརྒྱུད་པར༴ འཇམ་དཔལ་བཤེས་གཉེན་དྷ་ན་ཏ་ལ་ནས། །ཁུ་ལུང་པར་བརྒྱུད་བཀའ་བབས་གསུམ་པ་སྟེ། བརྒྱུད་ཚུལ་ཀུན་འདུས་ཡོན་ཏན་རྒྱ་མཚོ་དང་། །པདྨ་དབང་རྒྱལ་རྣམ་རྒྱལ༴ འཇམ་དཔལ་སོ་རྒད་བཟའ་དང་ཡེ་ཤེས་གཟུངས། །དར་རྗེ་དབང་གཞོན་ཆོས་སེང་བཀྲ་ཤིས་དར། །དར་སེང་སེང་དར་ཡེ་ཤེས་རྒྱ་མཚོ་དང་། །འཇམ་དཔལ་སེང་གེ་རྣམས་ལ༴ ཀུན་དགའ་བཀྲ་ཤིས་རྒྱལ་སྲས་ཆོས་རྗེ་དང་། །རྡོ་རྗེ་དཔལ་བཟང་བསོད་ནམས་དབང་རྒྱལ་མཚན། །རྡོ་རྗེ་རྒྱལ་པོ་མཐུ་ཆེན་ཉི་མ་དང་། །ཀརྨ་ཕྲིན་རྣམས་ལ༴ ཀུན་དགའ་བསྟན་འཛིན་རྡོ་རྗེ་ཚེ་རབ་དང་། །རྣམ་རྒྱལ་བཟང་པོ་ཨོ་རྒྱན་གཏེར་བདག་གླིང་། །རིན་ཆེན་རྣམ་རྒྱལ། །བརྒྱུད་སྲོལ་ཀུན་འདུས་རྩ་བའི་བླ་མ་དང་། །ཡི་དམ་ལྷ་ཚོགས་རྣམས་ལ༴ རྗེ་བཙུན་ཐུགས་རྗེའི་བདག་ཉིད་ཁྱེད་རྣམས་ཀྱིས། །བདག་སོགས་འགྲོ་ལ་སྨིན་གྲོལ་ལམ་སྟོན་ཅིང་། །བརྒལ་དཀའ་སྲིད་པའི་རྒྱ་མཚོ་ཆེན་པོ་ལས། །དེ་རིང་ཉིད་ནས་འདྲེན་པར་མཛད་དུ་གསོལ། །རྣམ་དག་དབང་བཞིའི་ཆུ་བོས་བདག་རྒྱུད་ཀྱི། །དཀྱིལ་འཁོར་རྣམ་བཞིའི་ས་བོན་ལེགས་སྨིན་ནས། །གྲོལ་བྱེད་གདམས་པས་སྐུ་བཞི་མངོན་བྱེད་པའི། །རྟེན་འབྲེལ་མྱུར་དུ་འགྲིགས་པར་བྱིན་གྱིས་རློབས། །མ་དག་སྣང་ཞེན་བསྐྱེད་པའི་རིམ་པས་སྦྱངས། །དག་པའི་སེམས་ཉིད་རྫོགས་རིམ་བདེ་ཆེན་གྱིས། །སྨིན་ནས་འོད་གསལ་རྫོགས་པ་ཆེན་པོའི་དོན། །ཚེ་འདི་ཉིད་ལ་མངོན་དུ་འགྱུར་བར་ཤོག །རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་མཛད་པའི་བརྒྱུད་འདེབས་འདི་ཉིད་ལ་ཕྱིས་སུ་སོ་སོའི་བརྒྱུད་པ་བཞིན་འཕྲི་སྣོན་གྱིས་བཅོས་འདུག་པ། ད་ལན་སྔར་གྱི་མ་དཔེ་མ་རྙེད་པས་རིན་ཆེན་རྣམ་རྒྱལ་བར་གསུང་དངོས་ཡིན་སྙམ་པ་ནས་བར་གྱི་གསར་སྣོན་བྱས་ངེས་པའི་ཚིག་འགའ་དོར་བར་བྱས་ཤིང་། ཕྱིས་དུ་བཀའ་མ་པོད་དགུའི་ཕྱག་དཔེ་རྙིང་པ་འབྱོར་ཚེ་གསུང་དངོས་ལྟར་སོར་བཞག་ལྟར་བཅོས་གྱུར་མཛད་པར་ཞུ། །

རོང་ཕུར་བླ་མ་བརྒྱུད་པའི་གསོལ་འདེབས།

༄། །རོང་ཕུར་བླ་མ་བརྒྱུད་པའི་གསོལ་འདེབས་བཞུགས། །སྟོན་པ་ཀུན་བཟང་རྡོ་རྗེ་གཞོན་ནུ་དང་། །བྲམ་ཟེ་ཆེན་པོ་མི་ཡི་ཐོད་པ་ཅན། །མཁའ་འགྲོའི་གཙོ་མོ་ལས་ཀྱི་དབང་མོ་ཆེ། །པྲ་བྷ་ཧསྟི་རྣམས་ལ་གསོལ་བ་འདེབས། །ཨུ་པ་དཱ་ན་ཨོ་རྒྱན་པདྨ་འབྱུང་། །རྡོ་རྗེ་བདུད་འཇོམས་དཔལ་གྱི་དབང་ཕྱུག་དང་། །དཔལ་གྱི་མེ་ཏོག་གཙུག་ཏོར་གཞོན་ནུའི་ཞབས། །ཡོན་ཏན་གྲགས་པ་རྣམས་ལ་གསོལ་བ་འདེབས། །གུ་ཎ་རཏྣ་དཔལ་གྱི་རིན་ཆེན་དང་། །རིན་ཆེན་ཚུལ་ཁྲིམས་རོང་ཟོམ་ཆོས་བཟང་ཞབས། །གཟི་འབར་སྟོན་དར་སྟོན་སེང་ཇོ་སྲས་དང་། །ར་སྤེ་འབུམ་དཔལ་རྣམས་ལ་གསོལ་བ་འདེབས། །ཀུན་དགའ་མེ་དཔུང་ཆོས་བཞད་གསེར་འོད་དང་། །འོད་ཟེར་འབུམ་དང་འབུམ་རྒོད་དར་མ་བརྟན། །སྲ་བརྟན་རྡོ་རྗེ་བསོད་ཤེ་སེདྒེ་དཔལ། །དགེ་འདུན་རིན་ཆེན་རྣམས་ལ་གསོལ་བ་འདེབས། །དགེ་རྒྱལ་རྡོ་རྗེ་སེངྒེ་བློ་གྲོས་བཟང་། །པ་ར་ཧི་ཏ་བཛྲ་ཤཱི་ལ་དང་། །ཕྲིན་ལས་ལྷུན་གྲུབ་འགྱུར་མེད་རྡོ་རྗེའི་ཞབས། །འགྱུར་མེད་རྒྱ་མཚོ་རྣམས་ལ་གསོལ་བ་འདེབས། །རིན་ཆེན་རྣམ་རྒྱལ་པདྨ་བསྟན་འཛིན་དང་། །ཨོ་རྒྱན་བསྟན་འཛིན་ཕྲིན་ལས་རྣམ་པར་རྒྱལ། །དཔལ་འབྱོར་རྒྱ་མཚོ་རིག་འཛིན་བཟང་པོ་དང་། །པདྨ་མངྒ་རྣམས་ལ་གསོལ་བ་འདེབས། །གཞན་ཕན་མཐའ་ཡས། ། བརྒྱུད་སྲོལ་ཀུན་འདུས་རྩ་བའི་བླ་མ་དང་། །མཐའ་ཡས་དངོས་གྲུབ་མཆོག་སྩོལ་ཡི་དམ་ལྷ། །བར་ཆད་ཀུན་སེལ་དཔའ་བོ་མཁའ་འགྲོའི་ཚོགས། །ཆོས་སྐྱོང་སྲུང་མར་བཅས་ལ༴ ཐུགས་རྗེའི་བདག་ཉིད་མགོན་པོ་མཆོག་རྣམས་ཀྱིས། །བདག་རྒྱུད་སྨིན་ཅིང་གྲོལ་བར་མཛད་པ་དང་། །ཟབ་མོའི་ལམ་གྱི་འགལ་རྐྱེན་ཀུན་ཞི་ཞིང་། །མཐུན་རྐྱེན་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས། །ལམ་བཟང་ཚེ་འདིར་སྒྲུབ་ལ་བརྩོན་པའི་མཐུས། །ཐུན་མོང་ལམ་ལྔ་ཐུན་མིན་རིག་འཛིན་བཞིས། །བགྲོད་ནས་ཧེ་རུ་ཀ་དཔལ་མངོན་བྱས་ཏེ། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་མཛད་པའི་བརྒྱུད་འདེབས་འདི་ཉིད་ལ་ཕྱིས་སུ་སོ་སོའི་བརྒྱུད་པ་བཞིན་འཕྲི- སྣོན་གྱིས་བཅོས་འདུག་པ། ད་ལན་སྔར་གྱི་མ་དཔེ་མ་རྙེད་པས་རྗེ་ཉིད་བར་གསུང་དངོས་ཡིན་སྙམ་པ་ནས་བར་གྱི་གསར་སྣོན་བྱས་ངེས་པའི་ཚིག་འགའ་དོར་བར་བྱས་ཤིང་། ཕྱིས་དུ་བཀའ་མ་པོད་དགུའི་ཕྱག་དཔེ་རྙིང་པ་འབྱོར་ཚེ་གསུང་དངོས་སོར་བཞག་ལྟར་བཅོས་སྒྱུར་མཛད་པར་ཞུ། །

ཚེ་དཔག་མེད་ལུང་ལུགས་ཀྱི་བརྒྱུད་འདེབས།

༄། །ཚེ་དཔག་མེད་ལུང་ལུགས་ཀྱི་བརྒྱུད་འདེབས་བཞུགས་སོ། །ཀུན་བཟང་རྡོར་སེམས་ཕྱག་ན་རྡོ་རྗེ་དང་། །ཀུ་ཀུ་རཱ་ཛ་ཨིནྡྲ་བྷུ་ཏི་ཆེ། །སིངྷ་ཨུ་པ་རཱ་ཛ་རྡོ་རྗེ་བཞད། །སངས་རྒྱས་གསང་བ་རྣམས་ལ་གསོལ་བ་འདེབས། །བི་མ་གཉགས་ཆེན་ལྷ་དཔལ་གནུབས་ཡབ་སྲས། །ཡེ་ཤེས་རྒྱ་མཚོ་ཤེར་མཆོག་ཉང་ཡེ་འབྱུང་། །ཟུར་པ་མེས་དབོན་ཐུགས་སྲས་ཀ་ཆེན་བཞི། །གསང་བདག་ཤཱཀ་སེང་རྣམས་ལ༴ བཤེས་གཉེན་ཇོ་པད་ཤེར་འོད་བརྩོན་འགྲུས་སེང་། །དར་མ་སེདྒེ་བསོད་དཔལ་དཔལ་ཆེན་པོ། །དྲིན་ཆེན་གཙུག་ནོར་ཀུན་དགའ་རྒྱལ་མཚན་དང་། །ཆོས་རྒྱལ་བྱང་བཟང་རྣམས་ལ༴ ཀུན་རྡོར་དཔལ་མགོན་རྒྱལ་མཚན་བསོད་རིག་དང་། །ཚེ་དབང་བཀྲ་ཤིས་དབང་འཛིན་ཀློང་ཡངས་འོད། །འགྱུར་མེད་རྡོ་རྗེ་རིན་ཆེན་རྣམ་པར་རྒྱལ། །རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །ཐུགས་རྗེའི་བདག་ཉིད་མགོན་པོ་མཆོག་རྣམས་ཀྱིས། །ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་པ་དང་། །ཚེ་འདིར་མཆོག་ཐུན་དངོས་གྲུབ་མྱུར་ཐོབ་ནས། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་མཛད་པའི་བརྒྱུད་འདེབས་འདི་ཉིད་ལ་ཕྱིས་སུ་སོ་སོའི་བརྒྱུད་པ་བཞིན་འཕྲི་སྣོན་གྱིས་བཅོས་འདུག་པ། ད་ལན་སྔར་གྱི་མ་དཔེ་མ་རྙེད་པས་རིན་ཆེན་རྣམ་རྒྱལ་བར་གསུང་དངོས་ཡིན་སྙམ་པ་ནས་བར་གྱི་གསར་སྣོན་བྱས་ངེས་པའི་ཚིག་འགའ་དོར་བར་བྱས་ཤིང་། ཕྱིས་དུ་བཀའ་མ་པོད་དགུའི་ཕྱག་དཔེ་རྙིང་པ་འབྱོར་ཚེ་གསུང་དངོས་སོར་བཞག་གིས་བཅོས་སྒྱུར་མཛད་པར་ཞུ། །

མན་ངག་རྫོང་འཕྲང་སྲོག་གསུམ་གྱི་བླ་བརྒྱུད་གསོལ་འདེབས།

༄། །མན་ངག་རྫོང་འཕྲང་སྲོག་གསུམ་གྱི་བླ་བརྒྱུད་གསོལ་འདེབས་བཞུགས་སོ། །སྟོན་པ་ཀུན་བཟང་རྡོ་རྗེ་སེམས་དཔའ་ཆེ། །རབ་དགྱེས་རྡོ་རྗེ་དཔལ་ལྡན་སེང་གེ་འོད། །མཁས་པ་མི་བཞི་ཞིང་དྲུང་ཡེ་ཤེས་གཞོན། །གནུབས་ཆེན་ཡབ་སྲས་རྣམས་ལ་གསོལ་བ་འདེབས། །པདྨ་དབང་རྒྱལ་ཚུལ་ཁྲིམས་རྒྱལ་མཚན་དང་། །ལྡན་བརྩོན་ཡེ་ཤེས་དབང་ཕྱུག་སེ་སྟོན་པ། །དངོས་གྲུབ་ཉང་རལ་འགྲོ་མགོན་ཆོས་དབང་ཞབས། །པདྨ་དབང་ཆེན་རྣམས་ལ༴ ཤེས་རབ་རྒྱ་མཚོ་ཟུར་ཧཾ་ཤཱཀྱ་འབྱུང་། །ཤཱཀ་རྡོར་བཤེས་དཔལ་གཉིས་དང་ར་ལེགས་ཟུང་། །རིན་རྒྱལ་མངའ་རིས་པཎ་ཆེན་ངག་གི་དབང་། །ཚེ་བརྟན་རྒྱལ་པོ་རྣམས་ལ༴ ནམ་མཁར་སྤྱོད་པ་པ་ར་ཧི་ཏ་དང་། །ཕྲིན་ལས་ལྷུན་གྲུབ་འགྱུར་མེད་རྡོ་རྗེའི་ཞབས། །རིན་ཆེན་རྣམ་རྒྱལ། །མཁྱེན་བརྩེའི་མངའ་བདག་རྩ་བརྒྱུད་བླ་མ་ལ། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཚད་མེད་ཐུགས་རྗེ་ཆེན་པོས་ཉེར་དགོངས་ཏེ། །བདག་རྒྱུད་བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཚེ་འདིའི་མངོན་ཞེན་ལྡོག་པར་བྱིན་གྱིས་རློབས། །བདེན་བཞིའི་འཇུག་ལྡོག་ཤེས་པར་བྱིན༴ བྱང་ཆུབ་སེམས་གཉིས་འབྱོང་པར་བྱིན༴ སྨིན་གྲོལ་ལམ་ལ་འཇུག་པར་བྱིན༴ བསྐྱེད་རྫོགས་ཟབ་གནད་རྟོགས་པར་བྱིན༴ བསྙེན་སྒྲུབ་མཐའ་རུ་ཕྱིན་པར་བྱིན༴ སྐུ་བཞིའི་རྒྱལ་སྲིད་ཟིན་པར་བྱིན༴ རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་མཛད་པའི་བརྒྱུད་འདེབས་འདི་ཉིད་ལ་ཕྱིས་སུ་སོ་སོའི་བརྒྱུད་པ་བཞིན་འཕྲི་སྣོན་གྱིས་བཅོས་འདུག་པ། ད་ལན་སྔར་གྱི་མ་དཔེ་མ་རྙེད་པས་རིན་ཆེན་རྣམ་རྒྱལ་བར་གསུང་དངོས་ཡིན་སྙམ་པ་ནས་བར་གྱི་གསར་སྣོན་བྱས་ངེས་པའི་ཚིག་འགའ་དོར་བར་བྱས་ཤིང་། ཕྱིས་དུ་བཀའ་མ་པོད་དགུའི་ཕྱག་དཔེ་རྙིང་པ་འབྱོར་ཚེ་གསུང་དངོས་ལྟར་སོར་བཞག་བཅོས་སྒྱུར་མཛད་པར་ཞུ། །

སྨོན་འཇུག་སེམས་བསྐྱེད་ཀྱི་བརྒྱུད་འདེབས།

༄། །སྨོན་འཇུག་སེམས་བསྐྱེད་ཀྱི་བརྒྱུད་འདེབས་བཞུགས་སོ། །སྟོབས་བཅུའི་མངའ་བདག་མགོན་པོ་ཟས་གཙང་སྲས། །རྒྱལ་སྲས་ཐུ་བོ་རྗེ་བཙུན་འཇམ་དཔལ་དབྱངས། །ཤིང་རྟའི་ལམ་སྲོལ་འབྱེད་པ་ཞི་བའི་ལྷ། །བསྟན་པའི་ཆུ་འགོ་གསུམ་ལ་གསོལ་བ་འདེབས། །བྱང་སེམས་རྒྱས་མཛད་ཨེ་ལ་ངྷ་རི་དང་། །གྲུབ་བརྙེས་མ་ཧ་ཤྲཱི་རཏྣའི་ཞབས། །ལྔ་རིག་སྨྲ་བ་བྷ་ཝ་བཛྲ་སྟེ། །འཕགས་ཡུལ་པཎ་གྲུབ་གསུམ་ལ་གསོལ་བ་འདེབས། །གསེར་གླིང་མཁས་པའི་དབང་པོ་ཆོས་ཀྱི་གྲགས། །བྷཾ་ག་ལ་ཡི་རྒྱལ་རིགས་ཨ་ཏི་ཤ། །གངས་ཅན་གཞུངས་ལུགས་འཛིན་པ་བློ་གྲོས་བཟང་། །སེམས་བསྐྱེད་སྤེལ་མཛད་གསུམ་ལ་གསོལ་བ་འདེབས། །སྐད་གཉིས་སྨྲ་བ་བློ་ལྡན་ཤེས་རབ་དང་། །ལེགས་བཤད་ནོར་བུའི་མཛོད་འཛིན་ཞང་ཚེ་སྤོང་། །རིགས་ལམ་གསལ་མཛད་ཕྱ་བ་ཆོས་སེང་སྟེ། །བཤད་སྒྲུབ་ཁུར་འཛིན་གསུམ་ལ་གསོལ་བ་འདེབས། །ཡུལ་དབུས་དན་འབག་སྨྲ་བའི་སེངྒེ་དང་། །མང་ཐོས་བློ་ལྡན་དར་མ་བཀྲ་ཤིས་ཞབས། །བྱང་ཆུབ་སེམས་འབྱོངས་ཤེས་རབ་བློ་གྲོས་སྟེ། །ལུང་རིགས་སྨྲ་བ་གསུམ་ལ་གསོལ་བ་འདེབས། །སྡེ་སྣོད་འཛིན་པ་ཤེས་རབ་དབང་ཕྱུག་དང་། །བྱང་སེམས་ཆེན་པོ་སངས་རྒྱས་བརྩོན་འགྲུས་ཞབས། །མཁས་མཆོག་དབེན་དགེ་ཤཱཀྱ་སེངྒེ་སྟེ། །གཤེས་གཉེན་དམ་པ་གསུམ་ལ་གསོལ་བ་འདེབས། །གསང་ཕུའི་བླ་བྲང་ཆོས་དཔལ་རྒྱལ་མཚན་དང་། །ཀུན་མཁྱེན་རྒྱལ་བའི་དབང་པོ་ཀློང་ཆེན་པ། །མཁས་གྲུབ་ཆེན་པོ་ཁྱབ་བརྡལ་ལྷུན་གྲུབ་སྟེ། །།རྒྱལ་བསྟན་གསལ་མཛད་གསུམ་ལ་གསོལ་བ་འདེབས། །ཆོས་ཀྱི་སྤྱན་ལྡན་གྲགས་པ་འོད་ཟེར་དང་། །ཟབ་མོའི་ལམ་སྟོན་སངས་རྒྱས་དབོན་པོའི་ཞབས། །སྤྲུལ་པའི་སྐུ་མཆོག་ཟླ་བ་གྲགས་པ་སྟེ། །ཡང་དག་ལམ་སྟོན་གསུམ་ལ་གསོལ་བ་འདེབས། །གྲུབ་པའི་དབང་ཕྱུག་ཀུན་བཟང་རྡོ་རྗེ་དང་། །རྗེ་བཙུན་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ། །མཁྱེན་རབ་མཆོག་མངའ་སྣ་ཚོགས་རང་གྲོལ་སྟེ། །བསྟན་འཛིན་དམ་པ་གསུམ་ལ་གསོལ་བ་འདེབས། །ཐུབ་བསྟན་ཡོངས་འཛིན་གྲགས་པའི་མཚན་ཅན་དང། །མདོ་སྔགས་བསྟན་པ་འཛིན་པའི་མཁས་གྲུབ་མཆོག །རིག་འཛིན་ཆེན་པོ་ཕྲིན་ལས་ལྷུན་གྲུབ་སྟེ། །ཟབ་ལམ་སྤེལ་མཛད་གསུམ་ལ་གསོལ་བ་འདེབས། །ཆོས་ཀྱི་རྒྱལ་པོ་འགྱུར་མེད་རྡོ་རྗེ་དང་། །གང་དེའི་རྗེས་བཟུངས་འགྱུར་མེད་འོད་གསལ་ཞབས། །ཐམསཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ་སྟེ། །ཐར་བའི་ལམ་སྟོན་གསུམ་ལ་གསོལ་བ་འདེབས། །བདག་ཉིད་ཆེན་པོ་པངྨ་བཤེས་གཉེན་དང་། །མཆོག་གཟིགས་ཨ་ཏི་བསྟན་པའི་རྒྱལ་མཚན་ཞབས། །འཁོར་ལོའི་མགོན་པོ་ཀུན་བཟང་གཞན་ཕན་སྟེ། །བྱང་སེམས་རྒྱས་མཛད་གསུམ་ལ་གསོལ་བ་འདེབས། །གཞན་ཡང་པངྨ་བཤེས་གཉེན་རིག་འཛིན་བཟང་། །གནས་བརྟན་པངྨ་མངྒ་ཤྲཱིའི་ཞབས། །བརྒྱུད་ཚུལ་ཀུན་འདུས་རྩ་བའི་བླ་མ་སྟེ། །བཀའ་དྲིན་མཚུངས་མེད་གསུམ་ལ་གསོལ་བ་འདེབས། །བདག་སོགས་འདི་ནས་ཚེ་རབས་ཐམས་ཅད་དུ། །དཔལ་མགོན་བླ་མ་རྣམས་ཀྱིས་རྗེས་བཟུང་སྟེ། །དལ་འབྱོར་ལུས་ལ་སྙིང་པོ་ལོན་པ་དང་། །མི་རྟག་འཆི་བ་རྗེས་སུ་དྲན་པར་ཤོག །སྲས་བཅས་རྒྱལ་བའི་གཤེགས་ཤུལ་བླ་མེད་པ། །ཚད་མེད་སྙིང་རྗེ་ཆེན་པོས་རྒྱུད་བརླན་ནས། །སྨོན་འཇུག་བྱང་ཆུབ་སེམས་གཉིས་འབྱོང་བ་དང་། །གཞན་ལ་ཕན་པའི་སྤྱོད་པ་ལྷུར་ལེན་ཤོག །ཟབ་མོའི་ལམ་གྱི་བགྲོད་པ་མཐར་ཕྱིན་ནས། །སྐུ་བཞིའི་བདག་ཉིད་མཆོག་གི་ས་བརྙེས་ཏེ། །ཇི་སྲིད་འགྲོ་ཁམས་སྟོང་བར་མ་གྱུར་པ། །དེ་སྲིད་རྒྱལ་བའི་ཕྲིན་ལས་སྒྲུབ་པར་ཤོག །ཅེས་པའང་རང་སློབ་རྒྱལ་སྲས་ཞི་བ་བཟང་པོའི་བཞེད་སྐོང་དུ་བཙུན་པ་གཞན་ཕན་པས་སྤེལ་བ་དགེ། དགེའོ། །

བླ་མ་རྣམས་ལ་གསོལ་འདེབས་ཁ་ཏོན་བྱས་ཆོག་མ།

༄། །བླ་མ་རྣམས་ལ་གསོལ་འདེབས་ཁ་ཏོན་བྱས་ཆོག་མ་བཞུགས་སོ། །ན་མོ་གུ་རུ། །གནས་འོག་མིན་ཆོས་དབྱིངས་ཕོ་བྲང་ན། །དཔལ་ཀུན་བཟང་རྡོ་རྗེ་འཆང་ཆེན་བཞུགས། རྗེ་བྱིན་རླབས་ཅན་གྱི་བླ་མ་ལ། །བདག་མོས་གུས་གདུང་བས་གསོལ་བ་འདེབས། །གཞི་གདོད་མའི་གནས་ལུགས་རྟོགས་པ་དང་། ལམ་རྐྱེན་སྣང་གྲོགས་སུ་འཆར་བ་དང་། ལུས་དྭངས་མའི་འོད་སྐུར་འགྲུབ་པ་དང་། སེམས་ཆོས་སྐུར་གྲོལ་བར་བྱིན་གྱིས་རློབས། །གནས་ལྔ་ལྡན་ལོངས་སྐུའི་ཞིང་ཁམས་ན། །དཔལ་རྣམ་སྣང་རིགས་ལྔའི་སངས་རྒྱས་བཞུགས། །རྗེ་བྱིན་རླབས་ཅན་གྱི་བླ་མ་ལ། །བདག་མོས་གུས་གདུང་བས་གསོལ་བ་འདེབས། །གཞི་གདོད་མའི་གནས་ལུགས་རྟོགས་པ་དང་། །ལམ་རྐྱེན་སྣང་གྲོགས་སུ་འཆར་བ་དང་། །ལུས་དྭངས་མའི་འོད་སྐུར་འགྲུབ་པ་དང་། །སེམས་ཆོས་སྐུར་གྲོལ་བར་བྱིན་གྱིས་རློབས། །གནས་གང་འདུལ་སྤྲུལ་པའི་ཞིང་ཁམས་ན། །དཔལ་ཐུབ་ཆེན་རྡོ་རྗེ་སེམས་དཔའ་བཞུགས། །རྗེ་བྱིན་རླབས་ཅན་གྱི་བླ་མ་ལ། །བདག་མོས་གུས་གདུང་བས་གསོལ་བ་འདེབས། །གཞི་གདོད་མའི་གནས་ལུགས་རྟོགས་པ་དང་། །ལམ་རྐྱེན་སྣང་གྲོགས་སུ་འཆར་བ་དང་། །ལུས་དྭངས་མའི་འོད་སྐུར་འགྲུབ་པ་དང་། །སེམས་ཆོས་སྐུར་གྲོལ་བར་བྱིན་གྱིས་རློབས། །གནས་དུར་ཁྲོད་མེ་རི་འབར་བ་ན། །དཔལ་གསང་བདག་བཛྲ་པྲ་ཧེ་བཞུགས། །རྗེ་བྱིན་རླབས་ཅན་གྱི་བླ་མ་ལ། །བདག་མོས་གུས་གདུང་བས་གསོལ་བ་འདེབས། །གཞི་གདོད་མའི་གནས་ལུགས་རྟོགས་པ་དང་། །ལམ་རྐྱེན་སྣང་གྲོགས་སུ་འཆར་བ་དང་། །ལུས་དྭངས་མའི་འོད་སྐུར་འགྲུབ་པ་དང་། །སེམས་ཆོས་སྐུར་གྲོལ་བར་བྱིན་གྱིས་རློབས། །གནས་བྷ་སེང་སྤྲུལ་བའི་དུར་ཁྲོད་ན། །དཔལ་མཉྫུ་ཤྲཱི་མི་ཏྲ་བཞུགས། །རྗེ་བྱིན་རླབས་ཅན་གྱི་བླ་མ་ལ། །བདག་མོས་གུས་གདུང་བས་སོལ་བ་འདེབས། །གཞི་གདོད་མའི་གནས་ལུགས་རྟོགས་པ་དང་། །ལམ་རྐྱེན་སྣང་གྲོགས་སུ་འཆར་བ་དང་། །ལུས་དྭངས་མའི་འོད་སྐུར་འགྲུབ་པ་དང་། །སེམས་ཆོས་སྐུར་གྲོལ་བར་བྱིན་གྱིས་རློབས། །གནས་སོ་ས་གླིང་གི་དུར་ཁྲོད་ན། །དཔལ་མཁས་མཆོག་སིངྷ་པྲ་བྷ་བཞུགས། །རྗེ་བྱིན་རླབས་ཅན་གྱི་བརླ་མ་ལ། །བདག་མོས་གུས་གདུང་བས་གསོལ་བ་འདེབས། །གཞི་གདོད་མའི་གནས་ལུགས་རྟོགས་པ་དང་། །ལམ་རྐྱེན་སྣང་གྲོགས་སུ་འཆར་བ་དང་། །ལུས་དྭངས་མའི་འོད་སྐུར་འགྲུབ་པ་དང་། །སེམས་ཆོས་སྐུར་གྲོལ་བར་བྱིན་གྱིས་རློབས། །གནས་རང་བྱུང་སྤྲུལ་པའི་དུར་ཁྲོད་ན། །དཔལ་གྲུབ་པའི་རིགས་འཛིན་རྣམ་བརྒྱད་བཞུགས། །རྗེ་བྱིན་རླབས་ཅན་གྱི་བླ་མ་ལ། །བདག་མོས་གུས་གདུང་བས་གསོལ་བ་འདེབས། །གཞི་གདོད་མའི་གནས་ལུགས་རྟོགས་པ་དང་། །ལམ་རྐྱེན་སྣང་གྲོགས་སུ་འཆར་བ་དང་། །ལུས་དྭངས་མའི་འོད་སྐུར་འགྲུབ་པ་དང་། །སེམས་ཆོས་སྐུར་གྲོལ་བར་བྱིན་གྱིས་རློབས། །གནས་པདྨ་འོད་ཀྱི་ཕོ་བྲང་ན། །དཔལ་ཨོ་རྒྱན་ཡབ་ཡུམ་རྗེ་འབང་བཞུགས། །རྗེ་བྱིན་རླབས་ཅན་གྱི་བླ་མ་ལ། །བདག་མོས་གུས་གདུང་བས་གསོལ་བ་འདེབས། །གཞི་གདོད་མའི་གནས་ལུགས་རྟོགས་པ་དང་། །ལམ་རྐྱེན་སྣང་གྲོགས་སུ་འཆར་བ་དང་། །ལུས་དྭངས་མའི་འོད་སྐུར་འགྲུབ་པ་དང་། །སེམས་ཆོས་སྐུར་གྲོལ་བར་བྱིན་གྱིས་རློབས། །གནས་རང་སྣང་ལོངས་སྐུའི་ཞིང་ཁམས་ན། །དཔལ་ཀློང་ཆེན་དྲི་མེད་འོད་ཟེར་བཞུགས། །རྗེ་བྱིན་རླབས་ཅན་གྱི་བླ་མ་ལ། །བདག་མོས་གུས་གདུང་བས་གསོལ་བ་འདེབས། །གཞི་གདོད་མའི་གནས་ལུགས་རྟོགས་པ་དང་། །ལམ་རྐྱེན་སྣང་གྲོགས་སུ་འཆར་བ་དང་། །ལུས་དྭངས་མའི་འོད་སྐུར་འགྲུབ་པ་དང་། །སེམས་ཆོས་སྐུར་གྲོལ་བར་བྱིན་གྱིས་རློབས། །གནས་གང་འདུལ་གདུལ་བྱའི་ཞིང་ཁམས་ནས། །དཔལ་རིགས་འཛིན་བརྒྱུད་པའི་ཚོགས་རྣམས་བཞུགས། །རྗེ་བྱིན་རླབས་ཅན་གྱི་བླ་མ་ལ། །བདག་མོས་གུས་གདུང་བས་གསོལ་བ་འདེབས། །གཞི་གདོད་མའི་གནས་ལུགས་རྟོགས་པ་དང་། །ལམ་རྐྱེན་སྣང་གྲོགས་སུ་འཆར་བ་དང་། །ལུས་དྭངས་མའི་འོད་སྐུར་འགྲུབ་པ་དང་། །སེམས་ཆོས་སྐུར་གྲོལ་བར་བྱིན་གྱིས་རློབས། །གནས་སྤྱི་བོར་བདེ་ཆེན་ཕོ་བྲང་ན། དཔལ་རིགས་བདག་འཁོར་ལོའི་མགོན་པོ་བཞུགས། །རྗེ་བྱིན་རླབས་ཅན་གྱི་བླ་མ་ལ། །བདག་མོས་གུས་གདུང་བས་གསོལ་བ་འདེབས། །གཞི་གདོད་མའི་གནས་ལུགས་རྟོགས་པ་དང་། །ལམ་རྐྱེན་སྣང་གྲོགས་སུ་འཆར་བ་དང་། །ལུས་དྭངས་མའི་འོད་སྐུར་འགྲུབ་པ་དང་། །ལམ་རྐྱེན་སྣང་གྲོགས་སུ་འཆར་བ་དང་། །ལུས་དྭངས་མའི་འོད་སྐུར་འགྲུབ་པ་དང་། །སེམས་ཆོས་སྐུར་གྲོལ་བར་བྱིན་གྱིས་རློབས། །གནས་སྙིང་ཁ་ཆོས་ཀྱི་འཁོར་ལོ་ན། །དཔལ་རིགས་ལྔ་ཞི་ཁྲོའི་ལྷ་ཚོགས་བཞུགས། །རྗེ་བྱིན་རླབས་ཅན་གྱི་ཡི་དམ་ལ། །བདག་མོས་གུས་གདུང་བས་གསོལ་བ་འདེབས། །གཞི་གདོད་མའི་གནས་ལུགས་རྟོགས་པ་དང་། །ལམ་རྐྱེན་སྣང་གྲོགས་སུ་འཆར་བ་དང་། །ལུས་དྭངས་མའི་འོད་སྐུར་འགྲུབ་པ་དང་། །སེམས་ཆོས་སྐུར་གྲོལ་བར་བྱིན་གྱིས་རློབས། །གནས་རྩ་ཁམས་དག་པ་མཁའ་སྤྱོད་ན། །དཔལ་འབུལ་ཕྲག་ཡངས་པའི་མཁའ་འགྲོ་བཞུགས། །རྗེ་བྱིན་རླབས་ཅན་གྱི་ཌཀྐི་ལ། །བདག་མོས་གུས་གདུང་བས་གསོལ་བ་འདེབས། །གཞི་གདོད་མའི་གནས་ལུགས་རྟོགས་པ་དང་། །ལས་རྐྱེན་སྣང་གྲོགས་སུ་འཆར་བ་དང་། །ལུས་དྭངས་མའི་འོད་སྐུར་འགྲུབ་པ་དང་། །སེམས་ཆོས་སྐུར་གྲོལ་བར་བྱིན་གྱིས་རློབས། །གནས་ཕྲིན་ལས་རྣམ་བཞིའི་དཀྱིལ་འཁོར་ན། །དཔལ་བསྟན་སྲུང་དྲེགས་པའི་ཚོགས་རྣམས་བཞུགས། རྗེ་ཆད་མདོ་བརྩན་པའི་དམ་ཅན་པ། །བདག་མོས་གུས་གདུང་བ་གསོལ་བ་འདེབས། །གཞི་གདོད་མའི་གནས་ལུགས་རྟོགས་བྱེད་པའི། །ལམ་འོད་གསལ་ཆོས་སྐུ་སྒོམ་པ་ལ། །རྐྱེན་ངན་པའི་བར་ཆད་མི་འབྱུང་ཞིང་། །གྲོགས་མཐུན་པའི་འདོད་དོན་ལྷུན་གྲུབ་མཛོད། །དུས་འདི་ནས་བྱང་ཆུབ་སྙིང་པོའི་བར། །རྗེ་བླ་མ་རྣམས་དང་ཡི་དམ་ལྷ། །མ་མཁའ་འགྲོའི་ཚོགས་དང་སྲུང་མར་བཅས། །སྐྱབས་ཐུགས་རྗེའི་བདག་ཉིད་མགོན་རྣམས་ཀྱིས། །མས་བུ་གཅིག་བཞིན་དུ་སྐྱོངས་པ་དང་། ས་ལམ་གྱི་བར་ཆད་ཀུན་བསལ་ནས། །ཚེ་འདི་ལ་ཟུང་འཇུག་རྡོ་རྗེ་འཆང་། །དེ་མངོན་དུ་འཐོབ་པར་བྱིན་གྱིས་རློབས། ཞེས་པའང་རང་གི་ཉེ་གནས་པདྨ་དོན་ལྡན་བཟང་པོ་ནས་བླ་མ་རྣམས་ཀྱི་གསོལ་འདེབས་རྒྱུན་དུ་ཁ་འདོན་བྱས་ཆོག་པ་ཞིག་བྲི་དགོས་ཞེས་ལྷ་རྫས་དང་བཅས་བསྐུར་པའི་ངོར་བཙུན་པ་རྒྱལ་སྲས་གཞན་ཕན་མཐའ་ཡས་སུ་འབོད་པས་གསོལ་བ་བཏབས་པ་དགེ། །།

སྡེ་གསུམ་བརྒྱུད་པའི་བླ་མ་ལ་གསོལ་འདེབས།

༄། །སྡེ་གསུམ་བརྒྱུད་པའི་བླ་མ་ལ་གསོལ་འདེབས་བཞུགས། །ཁྱབ་བདག་འཁོར་ལོའི་དབང་ཕྱུག་བླ་མ་རིན་པོ་ཆེའི་ཞབས་ཀྱི་པདྨོ་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཀུན་བཟང་ཆོས་སྐུའི་ངང་ཉིད་ལས། །རྣམ་སྣང་རིགས་ལྔ་རིགས་གསུམ་གྱི། །དཀྱིལ་འཁོར་ཀུན་སྤྲོ་བཅོམ་ལྡན་འདས། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རབ་དགྱེས་རྡོ་རྗེ་མཉྫུ་ཤྲཱི། །སེངྷཱ་པྲ་བྷ་ཡེ་ཤེས་ཞབས། །རིག་འཛིན་བརྒྱད་དང་ཨོ་རྒྱན་རྗེར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སློབ་དཔོན་རྣམ་གཉིས་རྒྱལ་བློན་ལྔ། །གཟུང་མ་བདུན་དང་མཁས་པ་བཅུ། །གཉགས་བཅས་རྗེ་འབང་ཉེར་ལྔ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །གཙུག་གྱེར་དར་ཞང་གནུབས་ཡབ་སྲས། །ཉང་རོག་ཟུར་བ་མེས་དབོན་སོགས། །རྒྱུད་ལུང་བརྒྱུད་པའི་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རྒྱ་བོད་མཁས་པ་མི་བཞི་ཡི། །ཐུགས་བཅུད་རྫོང་འཕྲང་སྲོག་གསུམ་གྱི། །གདམས་ངག་རྒྱུད་པའི་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཉང་བན་ལྔང་མ་ལྕེ་བཙུན་དང་། །ཞང་སྟོན་མེས་དབོན་སེང་རྒྱབ་སོགས། །མན་ངག་སྙིང་ཐིག་བརྒྱུད་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིསརློབས། །ཤངས་པ་རས་ཆེན་ནམ་མཁའི་མཚན། །ཞང་དང་མེ་ལོང་གཞོན་རྒྱལ་སོགས། །སྙན་རྒྱུད་གསང་སྐོར་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ལྕེ་སྒོམ་བདུད་རྩི་ཞིག་པོ་དང་། །དབུས་ཞིག་བླ་མ་ཞིག་པོ་སོགས། །མན་ངག་སེམས་སྡེའི་བརྒྱུད་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཨ་རོ་ནས་བརྒྱུད་སྦ་སྒོམ་དང་། །ཁ་རག་དགོན་པ་བ་ལ་སོགས། །རྫོགས་ཆེན་ཁམས་ལུགས་བརྒྱུད་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཁྱད་པར་བཻ་རོའི་སྙན་བརྒྱུད་ཀྱི། །དྭངས་མའི་འོད་སྐུ་རིམ་ཐོབ་པ། །མི་ཕམ་མགོན་སོགས་རྒྱལ་རྣམས་ལ། གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དེ་ལྟར་རྒྱུད་ལུང་མན་ངག་ཀུན། །འཛིན་མཛད་རོང་ཟོམ་ཀློང་ཆེན་པ། །ཟླ་མེད་ཀུན་མཁྱེན་རྣམ་གཉིས་ལ། །བཀའ་གཏེར་གདམས་པ་ཀུན་འཛིན་པའི། །གྲུབ་བརྙེས་རིམ་པར་བྱོན་རྣམས་དང་། །དག་སྣང་བརྒྱུད་པའི་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །འགྱུར་མེད་བདེན་དོན་གཟིགས་པ་དང་། །ཐེག་དགུའི་ཤིང་རྟ་ལ་འཛེགས་པའི། །རྡོ་རྗེ་འཛིན་པ་ཐམས་ཅད་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མཁྱེན་བརྩེའི་སྤྱན་བཟང་མངའ་བ་དང་། །ཀུན་བཟང་སྤྱོད་པས་འགྲོ་གཞན་ལ། །ཕན་མཛད་དགེ་བའི་བཤེས་གཉེན་ཀུན། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རྡོ་རྗེ་འཆང་ནས་རིམ་བརྒྱུད་པའི། །གདམས་ཟབ་བདུད་རྩིའི་ཆུ་བོ་ཀུན། །འཛིན་མཛད་འཁོར་ལོའི་དབང་ཕྱུག་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རྗེ་བཙུན་བླ་མ་དམ་པ་རྣམས། །ལུས་ལ་སྐུ་ཡི་བྱིན་གྱིས་རློབས། །ངག་ལ་གསུང་གི་བྱིན་གྱིས་རློབས། །ཡིད་ལ་ཐུགས་ཀྱི་བྱིན་གྱིས་རློབས། །འདོད་པའི་ཉེས་དམིགས་མཐོང་བ་དང་། །སྲིད་བདེར་ཞེན་པ་མེད་པ་དང་། །རང་དོན་ཡིད་ལ་མི་བྱེད་པས། །བྱང་ཆུབ་སྒྲུབ་པར་བྱིན་གྱིས་རློབས། །ཁྲིམས་ཀྱིས་རང་རྒྱུད་སྡོམས་པ་དང་། །ཐོས་བསམ་ཤེས་རབ་དག་པ་དང་། །སྒོམ་པས་ཉམས་རྟོགས་གོང་འཕེལ་ཏེ། །ས་ལམ་བསྒྲོད་པར་བྱིན་གྱིས་རློབས། །ཕུང་བོ་ཁམས་དང་སྐྱེ་མཆེད་ཀྱི། །གཞི་ལས་བདག་མེད་རྟོགས་པ་དང་། །སེམས་ལས་འདས་པའི་ཡེ་ཤེས་ཀྱི། །རང་ཞལ་མཇལ་བར་བྱིན་གྱིས་རློབས། །གྲུབ་མཐའ་རྣམ་དབྱེ་ཀུན་ཤེས་ནས། །གྲུབ་མཐའི་ཚིག་ལ་མི་ཞེན་པར། །བསམ་བརྗོད་ལས་གྲོལ་རྫོགསཆེན་གྱི། །གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །དྲི་བྲལ་ཆོས་དབྱིངས་ངོ་བོ་དང་། །དྲི་བཅས་གདང་རྩལ་རོལ་པར་བཅས། །ཐམས་ཅད་དག་མཉམ་སྐུ་གསུམ་གྱི། །རང་ངོ་འཕྲོད་པར་བྱིན་གྱིས་རློབས། །དབྱིངས་དང་ཡེ་ཤེས་གཉིས་མེད་པའི། །འོད་གསལ་ཟུང་འཇུག་མངོན་གྱུར་ནས། །ཚེ་འདིར་སྐུ་བཞིའི་འབྲས་སྨིན་ཏེ། །རང་གཞན་དོན་གཉིས་ལྷུན་གྲུབ་ཤོག །ཅེས་པའང་དད་བརྩོན་ཤེས་རབ་དང་ལྡན་པའི་སློབ་བུ་ཕྲིན་ལས་རབ་རྒྱས་དང་། པངྨ་ཚེ་དབང་། བླ་མ་ཐེག་མཆོག་བསྟན་འཛིན་ཏེ་མཆེད་གྲོགས་རྣམས་ནས་བརྒྱུད་པའི་གསོལ་འདེབས་ཞལ་གདམས་དང་འབྲེལ་བ་ཞིག་དགོས་ཞེས་དོན་གཉེར་ཆེན་པོས་བསྐུལ་དོན་ལྟར་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་སུ་འབོད་པས་ཤར་མར་སྤེལ་བ་དགེ། །།

དྲུག་ལྡན་བརྒྱུད་པའི་བླ་མར་གསོལ་བ་འདེབས་པ།

༄། །དྲུག་ལྡན་བརྒྱུད་པའི་བླ་མར་གསོལ་བ་འདེབས་པ་བཞུགས། །སྐུ་བཞིའི་བདག་ཉིད་སྟོན་པ་ཀུན་ཏུ་བཟང་། །རྒྱལ་ཚབ་རིགས་ལྔ་རིགས་འདུས་རྡོ་རྗེ་འཆང་། །དགོངས་བརྡའ་བརྒྱུད་པའི་བླ་མ་བྱིན་རླབས་ཅན། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྨོན་གྲོལ་ལམ་གྱི་རྟོགས་པ་མཐར་ཕྱིན་ནས། །ཚེ་འདིར་འོད་སྐུ་འགྲུབ་པར་མཛད་དུ་གསོལ། །རིགས་གསུམ་སེམས་དཔའ་རིགས་ཅན་དྲ་མ་ལྔ། །དགའ་རབ་རྡོ་རྗེ་ཨིནྟྲ་བོ་དྷི་སོགས། །རིག་འཛིན་རིག་པའི་བརྒྱུད་པ་བྱིན་རླབས་ཅན། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྨིན་གྲོལ་ལམ་གྱི་རྟོགས་པ་མཐར་ཕྱིན་ནས། །ཚེ་འདིར་འོད་སྐུ་འགྲུབ་པར་མཛད་དུ་གསོལ། །ཨོ་རྒྱན་ཡབ་ཡུམ་གྲུབ་པའི་རིག་འཛིན་བརྒྱད། །བཱཻ་རོ་ཙ་ན་རྨ་གཉགས་སྐ་ཅོག་སོགས། །སྙན་ཁུང་བརྒྱུད་པའི་བླ་མ་བྱིན་རླབས་ཅན། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྨིན་གྲོལ་ལམ་གྱི་རྟོགས་པ་མཐར་ཕྱིན་ནས། །ཚེ་འདིར་འོད་སྐུ་འགྲུབ་པར་མཛད་དུ་གསོལ། །དབྱིངས་ལྔའི་ཌཱ་ཀི་ཕག་མོ་རིགས་ལྔ་དང་། །མཁར་གཤེགས་མཁའ་སྤྱོད་འབར་བའི་གདོང་ཅན་སོགས། །མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་བྱིན་རླབས་ཅན། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྨིན་གྲོལ་ལམ་གྱི་རྟོགས་པ་མཐར་ཕྱིན་ནས། །ཚེ་འདིར་འོད་སྐུ་འགྲུབ་པར་མཛད་དུ་གསོལ། །རྒྱལ་བའི་གདུང་འཚོབ་རིག་པ་འཛིན་རྣམས་ཀྱི། །ཐུགས་བསྐྱེད་དག་པས་མཚམས་སྦྱར་སྨོན་ལམ་གྱིས། །དབང་བསྐུར་བརྒྱུད་པའི་བླ་མ་བྱིན་རླབས་ཅན། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྨོན་གྲོལ་ལམ་གྱི་རྟོགས་པ་མཐར་ཕྱིན་ནས། །ཚེ་འདིར་འོད་སྐུ་འགྲུབ་པར་མཛད་དུ་གསོལ། །སྙན་བརྒྱུད་གདམས་པ་བཟོ་གནས་སྤྲུལ་པའི་སྐུར། །ཡོངས་ཤར་མིང་ཚིག་ཡི་གེའི་སྒྱུ་འཕྲུལ་གྱིས། །དོན་སྟོན་ཤོག་སེར་བརྒྱུད་པ་བྱིན་རླབས་ཅན། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྨིན་གྲོལ་ལམ་གྱི་རྟོགས་པ་མཐར་ཕྱིན་ནས། །ཚེ་འདིར་འོད་སྐུ་འགྲུབ་པར་མཛད་དུ་གསོལ། །རྗེ་བཙུན་བླ་མ་ཐུགས་རྗེའི་བདག་ཉིད་ཅན། །ཁྱོད་ལ་མོས་གུས་དྲག་པོས་གསོལ་འདེབས་ན། །བདག་གིས་བྱང་ཆུབ་སྒྲུབ་ལ་གེགས་མེད་ཅིང་། །མཐུན་པའི་རྐྱེན་ཀུན་འབད་མེད་ལྷུན་གྲུབ་ནས། །ཚེ་འདིར་རིམ་གཉིས་ལམ་གྱིས་རྡོ་རྗེ་འཆང་། །མངོན་དུ་ཐོབ་ནས་མཐའ་ཡས་འགྲོ་བ་ཀུན། །སྲིད་པའི་རྒྱ་མཚོ་ཆེ་ལས་ཡོངས་བསྒྲལ་ཏེ། །འཁོར་བ་དོང་ནས་སྤྲུག་པར་བྱིན་གྱིས་རློབས། །ཅེས་པའང་དད་བརྩོན་ཤེས་རབ་ཀྱི་ལང་ཚོ་རྣམ་པར་བཀྲ་བའི་སློབ་པུ་པདྨ་ཚེ་དབང་ནས་ཇི་ལྟར་བསྐུལ་དོན་བཞིན་བཙུན་པ་གཞན་ཕན་མཐའ་ཡས་པས་གསོལ་བ་བཏབ་པ་དགེ། དགེའོ།། །།

གསར་རྙིང་རིས་མེད་ཀྱི་སྐྱེས་ཆེན་དམ་པ་རྣམས་ལ་གསོལ་བ་འདེབས་པའི་ཚིགས་བཅད་གཞན་ཕན་སྒྲ་དབྱངས།

༄། །གསར་རྙིང་རིས་མེད་ཀྱི་སྐྱེས་ཆེན་དམ་པ་རྣམས་ལ་གསོལ་བ་འདེབས་པའི་ཚིགས་བཅད་གཞན་ཕན་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །སྐུ་བཞིའི་བདག་ཉིད་བླ་མེད་སྟོན་པ་ཡི། །སྙིང་པོའི་བསྟན་འཛིན་ཐུགས་སྲས་མཆེད་བརྒྱད་དང་། །གཏན་རབས་བདུན་དང་རྒྱན་དྲུག་མཆོག་གཉིས་སོགས། །འཕགས་ཡུལ་མཁས་གྲུབ་རྣམས་ལ་གསོལ་བ་འདེབས། །ཆོས་རྒྱལ་ལྔ་ཕྲག་གཉིས་མཐར་གསུམ་བཅས་དང་། །སྤྲུལ་པའི་མཁན་སློབ་ལོ་པཎ་གྱིས་བསྒྱུར་པའི། །སྔ་འགྱུར་རྙིང་བསྟན་བབས་སོ་གསུམ་སོགས་དང་། །བླ་ཆེན་བརྒྱུད་པར་བཅས་ལ་གསོལ་བ་འདེབས། །པདྨའི་རྣམ་འཕྲུལ་ཇོ་བོ་ཨ་ཏི་ཤ །ཐུགས་སྲས་ཁུ་རྔོག་འབྲོམ་དང་སྐུ་མཆེད་གསུམ། །བྱ་འཆད་འབད་སོགས་ནས་བརྒྱུད་བཀའ་གདམས་པའི། །དགེ་བའི་བཤེས་གཉེན་རྣམས་ལ་གསོལ་བ་འདེབས། །མཁོན་རིགས་རིམ་བརྒྱུད་ཡང་ཆོས་རྙིང་མ་དང་། །རྣལ་འབྱོར་དབང་ཕྱུག་ནས་བརྒྱུད་འབྲོག་མིའི་ལུགས། །ཡོངས་རྫོགས་བསྟན་པའི་མངའ་བདག་ས་སྐྱ་བའི། །འཇམ་དབྱངས་རིམ་བྱོན་རྣམས་ལ་གསོལ་བ་འདེབས། །གནུབས་བརྒྱུད་ཡོངས་འཛིན་རྣམ་བཅུའི་བཀའ་སྲོལ་དང་། །ན་རོའི་ཐུགས་སྲས་མར་བའི་ཟབ་ལམ་ཀུན། །འཛིན་མཛད་རྣལ་འབྱོར་དབང་ཕྱུག་མི་ལ་རྗེ། །མཁས་གྲུབ་བརྒྱུད་པར་བཅས་ལ་གསོལ་བ་འདེབས། །གྲུབ་ཆེན་ར་ཧུ་ལ་དང་ཁྱུང་པོའི་ལུགས། །པདྨའི་ཟབ་གཏེར་དང་བཅས་ཕྱོགས་གཅིག་ཏུ། །འཛིན་མཁས་བརྒྱུད་པ་རིན་ཆེན་སྣ་བདུན་ཞེས། །ཡོངས་གྲགས་བཀའ་བརྒྱུད་པ་ལ་གསོལ་བ་འདེབས། །སྔ་འགྱུར་མདོ་ཕྱོགས་ཀུན་དང་གསར་རྙིང་གི །རྒྱུད་སྡེ་དུ་མའི་ཟབ་གནད་ལེགས་བསྡུས་ནས། །རང་ལུགས་གཞན་དུ་གསལ་མཛད་ཙོང་ཁ་པ། །རྣམ་དག་བརྒྱུད་པར་བཅས་ལ་གསོལ་བ་འདེབས། །གཞན་ཡང་དེ་དག་ཇི་རིགས་འདྲེས་པའི་ལུགས། །བཟུངས་ནས་ཐུབ་བསྟན་རིན་ཆེན་གསལ་མཛད་པའི། །མཁས་གྲུབ་བླ་མ་ཇི་སྙེད་བྱོན་རྣམས་ལ། །ཟོལ་མེད་སྒོ་གསུམ་གུས་པས་གསོལ་བ་འདེབས། །སྐྱེ་བ་ཀུན་ཏུ་བདག་ནི་མཐོ་རིས་ཀྱི། །ཡོན་ཏན་བདུན་དང་ལྡན་པའི་ལུས་ཐོབ་ནས། །རྣམ་དག་ཆོས་ལུགས་གང་དུ་དར་གྱུར་པ། །དེ་ལ་ཞུགས་ནས་ཚུལ་བཞིན་སྒྲུབ་པར་ཤོག །གང་ཚེ་མཚན་ཉིད་ཀུན་ལྡན་བཤེས་གཉེན་གྱིས། །བརྩེ་ཆེན་ཐུགས་རྗེས་རྗེས་སུ་འཛིན་པ་དང་། །དཀའ་བ་མེད་པར་ལམ་གནད་ཀུན་རྟོགས་ནས། །ས་ལམ་མཐའ་དག་མྱུར་དུ་བསྒྲོད་པར་ཤོག །ལམ་གྱི་འཇུག་རིམ་ནམ་ཡང་མི་ནོར་བར། །དང་པོ་ཚུལ་ཁྲིམས་བསླབ་པས་རྒྱུད་བསྡམས་ནས། །བར་དུ་ཐོས་བསམ་སྒོམ་ལ་བརྩོན་པ་དང་། །ཐ་མ་འབྲས་མཆོག་མངོན་དུ་བྱེད་པར་ཤོག །དེ་ལྟར་བླ་མེད་འབྲས་བུ་ཐོབ་ནས་སླར། །སྲིད་པ་ཉམ་ངའི་གཡང་སར་འཁྱམས་པའི་འགྲོར། །གང་ལ་གང་འདུལ་དེ་ལ་དེར་སྟོན་པའི། །རླབས་ཆེན་ཕྲིན་ལས་རྒྱུན་མི་འཆད་འབྱུང་ཤོག །རྒྱལ་བའི་སྲས་ཀྱི་སྤྱོད་ལ་འཇུག་པའི་ངག །གཞན་ཕན་ལྷག་བསམ་དག་པས་བརྗོད་པ་འདི། །ཕ་མཐའ་ཡས་པ་རྒྱལ་བའི་དགེ་ཚོགས་དང་། །ལྷན་ཅིག་འགྲོ་ཀུན་ཉེར་འཚོའི་རྒྱུར་གྱུར་ཅིག །ཅེས་གསར་རྙིང་རིས་མེད་ཀྱི་སྐྱེས་ཆེན་དམ་པ་རྣམས་ལ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་གཞན་ལ་ཕན་པའི་སྒྲ་དབྱངས་ཞེས་བྱ་བ་འདི་ཡང་ཡུལ་དེ་དག་ལ་རྒྱུ་མཚན་ཤེས་ནས་དད་པ་ཐོབ་པའི་བཙུན་པ་གཞན་ཕན་མཐའ་ཡས་པས་ཆེད་དུ་གསོལ་བ་བཏབས་པ་དགེ། །།

ཟབ་ལམ་ན་རོ་ཆོས་དྲུག་གི་བླ་མ་བརྒྱུད་པའི་གསོལ་འདེབས་ཀྱི་ཁ་སྐོང་རྗེ་བཙུན་བཟང་པོ་རྡོ་རྗེའི་གསོལ་འདེབས་ཤོ་ལོ་ཀའི་མཇུག

༄། །ཟབ་ལམ་ན་རོ་ཆོས་དྲུག་གི་བླ་མ་བརྒྱུད་པའི་གསོལ་འདེབས་ཀྱི་ཁ་སྐོང་རྗེ་བཙུན་བཟང་པོ་རྡོ་རྗེའི་གསོལ་འདེབས་ཤོ་ལོ་ཀའི་མཇུག་ཏུ། །འཇམ་དབྱངས་བླ་མའི་བཤད་སྒྲུབ་བསྟན་པའི་རྒྱུན། །བླ་གྲོས་བུམ་པར་བསྐྱིལ་ནས་སྲིད་མཐའི་བར། །འཕེལ་མཛད་རྗེ་བཙུན་དམ་པ་ཆོས་ཀྱི་རྗེ། །འཁོར་ལོའི་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །འཇིགས་ཚོགས་ལྟ་བའི་མུན་པ་ཀུན་འཇོམས་ཤིང་། །རིས་མེད་རྒྱལ་བའི་ཕྲིན་ལས་སྣང་མཛད་པའི། །འདྲེན་མཆོག་བརྩེ་ཆེན་ཐུགས་རྗེའི་འོད་ཟེར་ཅན། །ཀུན་གཟིགས་ཆོས་ཀྱི་ཉི་མར་གསོལ་བ་འདེབས། །དམ་པའི་ལེགས་བཤད་ཆུ་ཀླུང་ཀུན་འཛིན་ཞིང་། །མཁྱེན་རབ་ནོར་བུའི་ཚོགས་ཀྱིས་དཀྲིགས་ཀྱུར་གྱུར་པས། །ཆོས་དོན་གཉེར་ལ་ཀུན་དགའི་དཔལ་སྦྱིན་པ། །ཟབ་ལམ་སྙིང་པོའི་མཚོར་གསོལ་བ་འདེབས། །རྒྱལ་སྲས་ཀུན་གྱི་བསྒྲོད་པ་གཅིག་པུའི་ལམ། གཞན་ཕན་བྱང་ཆུབ་སེམས་སུ་ངེས་པའི་ཚུལ། །ཇི་བཞིན་རྟོགས་ནས་མཐའ་ཡས་འགྲོ་བ་ལ། །སྟོན་མཛད་དྲིན་ཆེན་བླ་མར་གསོལ་བ་འདེབས། ཞེས་པའམ། །ཡང་ན་ཚིག་སྔ་མ་རྣམས་དང་མཐུན་པར། །གྲུབ་པ་མཆོག་བརྙེས་རཏྣ་བཛྲ་རྗེ། །རྒྱལ་བསྟན་གསལ་མཛད་བཟང་པོ་རྡོ་རྗེའི་ཞབས། །བཤད་སྒྲུབ་ཁུར་འཛིན་དམ་ཆོས་དབང་ཕྱུག་སྟེ། །ཟབ་ལམ་སྤེལ་ངམཛད་རྣམས་ལ་གསོལ་བ་འདེབས། །འཁོར་ལོའི་མགོན་པོ་བྱང་ཆུབ་རྡོ་རྗེའི་ཞབས། །སྒྲུབ་བརྒྱུད་བསྟན་འཛིན་བྱང་སེམས་ཀུན་དགའི་མཚན། །རྒྱལ་པའི་སྲས་པོ་གཞན་ཕན་མཐའ་ཡས་སོགས། །རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །ཞེས་པ་གང་རུང་སྦྱར་བར་བྱའོ། །ཞེས་པའང་ཆོས་དྲུག་བླ་བརྒྱུད་གསོལ་འདེབས་ཀྱི་ཁ་སྐོང་དུ་འདི་འདྲ་ཞིག་དགོས་ཞེས་སྒམ་པོའི་རི་ཁྲོད་གཉེར་པ་སྒྲུབ་སྡེའི་སྒྲོལ་དངོས་བླ་མ་ལགས་ནས་ཇི་ལྟར་བསྐུལ་བཞིན་མདོ་ཁམས་ཀྱི་བཙུན་པ་གཞན་ཕན་པས་སྨྲས་པའོ།། །།

ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་བླ་བརྒྱུད་གསོལ་འདེབས་ཁ་སྐོང་།

༄། །ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་བླ་བརྒྱུད་གསོལ་འདེབས་ཁ་སྐོང་བཞུགས་སོ། །ཟབ་གཏེར་གདམས་པའི་སྒོ་འབྱེད་གཏེར་བདག་གླིང་། །འགྱུར་མེད་གནས་ལུགས་མངོན་གྱུར་སྐལ་བཟང་མཚན། །པདྨའི་རྒྱལ་ཚབ་ཀུན་གྲོལ་རྣམ་རྒྱལ་ལ། །གསོལ་བ་འདེབས་སོ། །ཚེ་དབང་གྲུབ་པའི་ཞལ་སྐྱེན་རིག་འཛིན་བཟང་། །བྱང་སེམས་ཆེན་པོ་མངྒ་ཤྲཱིའི་ཞབས། །རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་ལ། །གསོལ་བ་འདེབས་སོ། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་དང་། །བདེ་གཤེགས་ཀུན་འདུས་ཞི་དང་ཁྲོ་བོ་ཡི། །ཞེས་པ་ལ་སོགས་གཞུང་གི་དཀྱུས་ཉིད་ལ་འཇུག་པར་བྱའོ། །དེ་ལྟར་ཟབ་ལམ་བདེ་བཤེགས་ཀུན་འདུས་ཀྱི་བླ་བརྒྱུད་གསོལ་འདེབས་བྱིན་རླབས་ཆར་འབེབས་སུ་གྲགས་པའི་ཁ་སྐོང་འདི་ནི། རྗེ་བཙུན་བླ་མ་དམ་པ་ཨུ་རྒྱན་འགྲོ་འདུལ་ནས་དོན་གཉེར་ཆེན་པོས་བསྐུལ་བའི་བཞེད་ངོར་མདོ་ཁམས་ཀྱི་བནྡྷེ་གཞན་ཕན་པས་སྨྲས་པའོ། །

ཨོ་རྒྱན་ཆེན་པོ་ལ་གསོལ་བ་འདེབས་པ།

༄། །ཨོ་རྒྱན་ཆེན་པོ་ལ་གསོལ་བ་འདེབས་པ་བཞུགས། །ཟླ་བྲལ་སྟོན་པ་ཉི་མའི་གཉེན། །དྲི་མེད་མདངས་ལྡན་སིནྡྷུའི་མཚོར། །ཆུ་ཟླའི་གར་གྱིས་རྣམ་རོལ་བ། །མཉམ་མེད་ཨོ་རྒྱན་རྡོ་རྗེ་འཆང་། །སངས་རྒྱས་གཉིས་པར་རབ་གྲགས་པའི། །མཁའ་འགྲོའི་དབང་ཕྱུག་ཧེ་རུ་ཀ༔ །སྲིད་གསུམ་འབྱུང་པོའི་ཚོགས་ཀུན་གྱི། །བླ་མ་དེ་ལ་གསོལ་བ་འདེབས། ཁྱོད་སྐུ་མཚན་དཔེའི་ལྷུན་པོ་ནི། །ཆེ་དགུའི་གཙུག་ན་རབ་ལྕི་བའི། །རིན་ཐང་ནོར་བུའི་བསྒོ་སྐལ་ལ། །སྤྱོད་འདོད་མིག་གི་སྲེད་པ་འཕེལ། །གསུང་གསང་ཚངས་བའི་དབྱངས་སྙན་གྱིས། །བཀུགས་པའི་ཐོས་འཛིན་ལུས་ཕྲ་མ། །བརྗོད་དོན་ལྕི་བའི་ལུང་གསལ་གྱིས། །ཅིག་ཆར་སྦྲུམ་པར་གྱུར་ན་གུ །གང་ཐུགས་རྣམ་ཀུན་མཁྱེན་པའི་གཟིས། །བློ་ངན་མུན་པའི་དྲ་བ་ཀུན། །མིང་གི་ལྷག་མར་མཛོད་ཅིག་ཅེས། །མགོན་པོ་བདག་ནི་གསོལ་བ་འདེབས། །ཡོན་ཏན་རྒྱ་མཚོ་ཁྱོད་ཀྱི་ནི། །ཡོན་ཏན་གྱིས་བསླུས་སྐྱེ་བ་དག །ཡོན་ཏན་མེད་ཀྱང་སྐལ་བཟང་གི །ཡོན་ཏན་ལ་སྤྱོད་འགྱང་མ་ལགས། །དེ་སླད་ཁྱོད་ཀྱི་ཕྲིན་ལས་ནི། །ཕྱོགས་མཐའ་གཏུགས་པའི་རྒྱལ་ཀུན་དང་། །ཐུན་མོང་ཉིད་དུ་གྱུར་པའི་ཕྱིར། །བརྗོད་འདོད་རོ་འཛིན་ངལ་བར་བས། །དེ་ལྟར་ན་ཡང་བསིལ་ལྡན་གྱི། །འཛིན་མར་སྤྱོད་པའི་སྐྱེ་བོ་ལ། །ཐུབ་བསྟན་གཞིར་བཅས་ཁྱོད་གཅིག་པུས། །བྱིན་པའི་མཛད་བཟང་ཨེ་མ་རྨད། །གང་ཕྱིར་བདག་ནི་མགོན་ཁྱོད་ཀྱི། །མཛད་པ་སྐྱོངས་ལ་ཆེས་སྤྲོ་ན། །སྨོན་ལོག་བདུད་ཀྱི་བར་ཆད་ལས། །རྟག་ཏུ་སྐྱོབ་པར་མཛོད་ཅིག་ཀྱེ། །མདོར་ན་ཐུབ་པའི་བསྟན་པ་ཉིད། །འཛིན་སྐྱོང་སྤེལ་བའི་ལྷག་བསམ་གྱི། །མི་མཐུན་ཉེས་ཚོགས་ཀུན་ཞི་ཞིང་། །མཐུན་པའི་རྐྱེན་ཀུན་ལྷུན་གྲུབ་ཤོག། ཅེས་པའང་བསམ་ཡས་རྫོང་དཔོན་བློ་བཟང་འཇམ་དབྱངས་ཀྱི་བཞེང་སྐོང་དུ་བཙུན་པ་གཞན་ཕན་མཐའ་ཡས་པས་ཤར་མར་སྤེལ་བ་དགེ། །།

འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་གསོལ་བ་འདེབས་པ་ཐུགས་རྗེའི་འདྲེན་པའི་ལྕགས་ཀྱུ།

༄། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་གསོལ་བ་འདེབས་པ་ཐུགས་རྗེའི་འདྲེན་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས། །སྐྱབས་རྒྱལ་ཀུན་གསུང་གི་རྡོ་རྗེ་འཛིན། །དཔལ་འཆི་མེད་མགོན་པོའི་རྣམ་རོལ་མཆོག །གནས་པོ་ཊ་ལར་བཞུགས་པད་དཀར་འཆང་། །ཀྱེ་གངས་རིའི་མགོན་པོ་ཁྱེད་ལ་འདུད། །བདག་གདོང་དམར་བོད་ཀྱི་སེམས་ཅན་རྣམས། །ལྷ་ཁྱེད་ཀྱི་ཐུགས་རྗེས་གདུལ་ཞིང་དུ། །མགོན་ཐུབ་པའི་དབང་པོས་ལུང་བསྟན་པ། །ད་དུས་ལ་བབ་པོ་སྤྱན་རས་གཟིགས། །རྒྱུ་ཀུན་འབྱུང་ལས་དང་ཉོན་མོངས་ཀྱིས། །སྲིད་འཁོར་བའི་དུཿཁར་བཅིང་བ་བདག །དེ་རྗེ་བཙུན་ཐུགས་རྗེས་མ་སྐྱབས་ན། །སྐྱབས་གཞན་ན་མེད་པའི་ཁོ་ཐག་ཆོད། །ཁྱེད་སྐལ་མང་གོང་ནས་སངས་རྒྱས་ཀྱང་། །གནས་ཁམས་གསུམ་འཁོར་བ་མ་སྟོང་བར། །མ་འགྲོ་བའི་དོན་ཆེན་བསྒྲུབ་མཛད་པའི། །ཐུགས་དམ་བཅའི་རི་མོ་གསལ་མཛོད་ཅིག །དུས་སྙིགས་མ་ལྔ་ཡི་མཐར་སྐྱེས་པའི། །མགོན་ཁྱེད་ཀྱི་གདུལ་བྱའི་སེམས་ཅན་རྣམས། །དགྲ་ཉོན་མོངས་དྲག་པོས་བཅོམ་པ་ལ། །ད་ར་མདའ་མཛོད་ཅིག་སྤྱན་རས་གཟིགས། །ཡུལ་ཡིད་དུ་འོང་བའི་རྣམ་པ་ལ། །སེམས་ཆགས་པའི་ཆུ་ཀླུང་གཡོ་བ་ན། །ཐབས་མི་སྡུག་སྒོམ་པའི་ཉིན་བྱེད་ཀྱིས། །ད་སྐེམ་པར་མཛོད་ཅིག་སྤྱན་རས་གཟིགས། །ཡུལ་ཡིད་མི་འོང་བའི་རྣམ་པ་ལ། །སེམས་སྡང་བའི་མེ་ཆེན་འབར་བ་ན། །ཐབས་ཚད་མེད་བཞི་ཡི་ཆར་རྒྱུན་གྱིས། །ད་ཞི་བར་མཛོད་ཅིག་སྤྱན་རས་གཟིགས། །ཡུལ་བར་མར་སྣང་བའི་རྣམ་པ་ལ། །སེམས་རྨོངས་པའི་མུན་པ་འཐིབ་པ་ན། །ཐབས་རྟེན་འབྲེལ་རྟོགས་པའི་སྒྲོན་མེ་ཡིས། །ད་སངས་པར་མཛོད་ཅིག་སྤྱན་རས་གཟིགས། །ཡུལ་མཉམ་དང་དམན་མཆོག་ཇི་རིགས་ལུས། །སེམས་ཁེངས་པའི་ང་རྒྱལ་རི་མཐོ་ན། །ཐབས་ཁམས་ཚོགས་རྟོགས་པའི་མེ་ཆར་གྱིས། །དེ་གཞོབ་པར་མཛོད་ཅིག་སྤྱན་རས་གཟིགས། །ཡང་དབང་ཡུལ་དྲུག་གི་ཆོམ་རྐུན་གྱིས། །སེམས་རྣམ་རྟོག་ལམ་དུ་བསྒྱུར་གྱུར་ན། །ཐབས་སྟོབས་ལྡན་རླུང་གི་འགྲོ་འོང་གིས། །ད་འཛིན་པར་མཛོད་ཅིག་སྤྱན་རས་གཟིགས། །དུས་འདི་ནས་ཚེ་རབས་ཐམས་ཅད་དུ། །རྐྱེན་ངན་པའི་བར་ཆད་ཅི་བྱུང་ཡང་། །དེ་སྡིག་སྒྲིབ་འཁྲུད་པའི་ཐབས་བཟང་པོར། །ཡོངས་ལམ་དུ་སློང་བར་བྱིན་གྱིས་བརློབས། །ཡང་བཟང་རྐྱེན་འདོད་ཡོན་ལོངས་སྤྱོད་སོགས། །འབྱོར་ཆེས་པའི་ཕྱི་བཞིན་སེམས་གཡེང་ན། །དེ་མཐའ་དག་སྒྱུ་མར་རྟོགས་པའི་བློས། །བདུད་རྣམ་བཞི་ཆོམ་པར་བྱིན་གྱིས་བརློབས། །སྐབས་རེ་འགའ་འདི་ཕྱི་བདེ་བའི་རྐྱེན། །གང་ཇི་སྙེད་ཕུན་སུམ་ཚོགས་ན་ཡང་། །དེ་ཀུན་ཀྱང་ལྷ་དང་བླ་མ་ཡི། །ཡོངས་ཐུགས་རྗེས་ཤེས་པར་བྱིན་གྱིས་བརློབས། །མདོར་འདི་ལྟར་སྣང་བའི་ཆོས་རྣམས་ཀུན། །ལྷ་འཕགས་མཆོག་ཉིད་ལས་གཞན་མིན་པར། །ཚུལ་ཇི་བཞིན་རྟོགས་མཐུས་རྐྱེན་དབང་ཀུན། །གྲོགས་བྱང་ཆུབ་ལམ་དུ་འགྱུར་བར་ཤོག །ལམ་བཟང་ངན་མཐུའམ་སྨོན་ལམ་གྱིས། །སྲིད་མཐོ་དམན་འཁོར་བ་གར་སྐྱེས་ཀྱང་། །རྗེ་འཕགས་མཆོག་ཉིད་ཀྱིས་བཤེས་མཛད་ནས། །མ་འགྲོ་ཁམས་དོང་ནས་སྤྲུག་གྱུར་ཅིག །ཅེས་པའང་རང་སློབ་རྒྱལ་སྲས་ཡེ་ཤེས་བཟང་པོའི་བཞེད་སྐོང་དུ་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་འོད་ཟེར་དུ་འབོད་པས། རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་ཡང་དབེན་གངས་ཁྲོད་བདེ་བ་ཆེན་པོའི་ཕོ་བྲང་དུ་འཕགས་མཆོག་ཉིད་ཀྱི་ཡོན་ཏན་རྗེས་སུ་དྲན་བཞིན་གསོལ་བ་བཏབ་པའོ།། །།

རིག་འཛིན་འཇིགས་མེད་གླིང་པ་ལ་བསྟོད་པ་དམ་པའི་རང་བཞིན་མཐོང་བའི་མེ་ལོང་།

༄། །རིག་འཛིན་འཇིགས་མེད་གླིང་པ་ལ་བསྟོད་པ་དམ་པའི་རང་བཞིན་མཐོང་བའི་མེ་ལོང་ཞེས་བྱ་བ་བཞུགས། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་མཉམ་མེད་ཆོས་ཀྱི་རྗེ་བླ་མ་རིན་པོ་ཆེའི་ཞབས་ཀྱི་པདྨོ་དྲི་མ་དང་བྲལ་བ་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། གང་གི་ཡེ་ཤེས་མཁའ་ཁྱབ་རྒྱལ་ཀུན་གྱི། །ལོངས་སྤྱོད་ཆེན་པོ་ཉིད་དང་ཐུན་མོང་དུ། །གྱུར་པའི་རང་བཞིན་བསམ་མི་ཁྱབ་དེ་ལ། །སྔགས་པར་བརྗོད་པའང་སླ་བའི་ཆོས་ཅན་མིན། །དེ་ལྟ་ནའང་དལ་རྟེན་རོ་འཛིན་དང་། །ལྡན་པའི་རྙེད་པ་གང་ལ་བསོད་ནམས་ཀྱི། །བགོ་སྐལ་སྦྱིན་འདི་ལྷག་པའི་དགོས་ཆེད་དུ། །བྱས་ནས་བསྟོད་བསྔགས་དབྱངས་སུ་ལེན་པར་བགྱི། །གང་སྐུ་དབུས་འགྱུར་གཡོ་རུའི་འཛིན་མའི་ཆར། །སྐྱེ་རྒུའི་བསོད་ནམས་མགྲོན་པོས་བཀུགས་པ་དང་། །ཆབས་ཅིག་སྔ་འགྱུར་བསྟན་པའི་རྒྱལ་མཚན་གྱི། །ཏོག་ཏུ་མཛེས་པའི་ངེས་པ་གཏིང་ནས་རྙེད། །ཅིའི་ཕྱིར་ཐོས་པས་གཞུང་ལུགས་ཀུན་བརྒལ་ཏེ། །བསམ་པས་དྲང་ངེས་རྣམ་དབྱེ་ལེགས་ཕྱེས་ནས། །སྒོམ་པས་འཕགས་པའི་བདེན་དོན་མངོན་སུམ་དུ། །གཟིགས་པའི་ཚུལ་འདི་སྲིད་ན་རིན་ཆེ་བ། །ངེས་ཕྱིར་མཁྱེན་པའི་རང་བཞིན་ལྷ་ལམ་དང་། །མཚུངས་མེད་བརྩེ་ཆེན་ཐུགས་རྗེས་འགྲོ་སྐྱོང་བ། །འོད་ཟེར་སྟོང་དུ་འབར་བས་པད་མོའི་ཚལ། །སྐྱོང་བའི་ཟླ་བོར་སོང་ངོ་བླ་མ་རྗེ། །ལྗོངས་འདིར་ཕྱོགས་རེའི་ཆོས་ལུགས་ལ་ཞེན་ནས། །རྒྱལ་བསྟན་ལུས་ཀྱི་རྣམ་བཞག་འདོར་བྱེད་པའི། །མཁས་པའི་གོ་སར་འགྱིངས་པ་མང་ལགས་ཀྱང་། །བསྟན་པ་ཡོངས་རྫོགས་ཤིང་རྟ་ཁྱོད་གཅིག་ཡིན། །གང་གིས་ལེགས་བཤད་ཡོན་ཏན་རིན་ཆེན་མཛོད། །དགོངས་འགྲེལ་དཔྱད་གསུམ་དག་པས་བསྒྲུབས་བྱས་ཏེ། །འགྲོ་འདིའི་སྐལ་བ་ཇི་བཞིན་བྱིན་མིན་ན། །ཆོས་ཕོངས་ལས་ཀྱི་ཕ་མཐའ་སྤོགས་ནུས་མིན། །དེ་སླད་གསུང་གསང་ཆུ་གཏེར་ལས་འོངས་པའི། །མན་ངག་ཡིད་བཞིན་དབང་གི་རྒྱལ་པོའི་ཕྲེང་། །འདི་ན་ཆོས་དོན་གཉེར་བའི་མགུལ་རྒྱན་དུ། །བསྩལ་བའི་བཀའ་དྲིན་གཞལ་བའི་ཡུལ་ལས་འདས། །ཕྱི་རོལ་ཡུལ་གྱི་འཛིན་པ་མ་ཞིག་པར། །དག་པའི་ཞིང་ཁམས་གུད་དུ་བཅོད་ལགས་ཀྱང་། །མགོན་ཁྱོད་གང་དུ་བཞུགས་པའི་ས་ཕྱོགས་ཀུན། །འོག་མིན་རྡོ་རྗེ་བཙུན་མོའི་བྷ་གར་གྲུབ། །ཁྱད་པར་དཔལ་གྱི་བསམ་ཡས་དང་ཉེ་བའི། །གནས་མཆོག་མཆིམས་ཕུའི་གསང་ཆེན་མེ་ཏོག་ཕུག །གང་དུ་མགོན་པོ་ཁྱོད་ཀྱིས་ཆོས་སྐུའི་ཞལ། །རྗེན་པར་འཇལ་པའི་གྲགས་དཀར་མཁའ་མཐར་བརྡལ། །རྒྱལ་བས་གདུལ་བྱའི་ཁམས་དབང་བསམ་པ་དང་། །རྗེས་སུ་མཐུན་པའི་ཆོས་ཚུལ་མང་བསྟན་ཀྱང་། །རྗེ་བཙུན་ཁྱོད་དང་ཨིནྜ་བྷུ་ཏི་ཆེས། །གསང་ཆེན་ལམ་ལ་བརྟེན་ནས་དེ་ཉིད་གཟིགས། །དེ་ཕྱིར་མཐོང་ལམ་གཉིས་ལས་རྣམ་སྨིན་གྱི། །རིག་འཛིན་བརྙེས་ཞེས་བདེན་གསུངས་ཁྱོད་ཞལ་གྱིས། །བཞེས་ན་བར་དོར་ཟུང་འཇུག་གྲུབ་པ་ནི། །དམ་པ་གང་དང་སྤྱོད་མཚུངས་ནག་པོ་ཡིན། །འདི་ལྟར་མདོ་སྔགས་ས་ལམ་མཚུངས་སྤྱད་ནས། །ལྟ་བའི་མཐར་ཐུགས་དབུ་མ་ཐལ་འགྱུར་དུ། །འཆད་ལ་འཇིགས་བྲལ་འཕགས་མཆོག་ཀླུ་སྒྲུབ་དང་། །འཕགས་པ་གཉིས་པ་ཁྱོད་ཉིད་ཡིན་ཞེས་གྲགས། །དེས་ན་བསྔགས་པར་འོས་པའི་ཞིང་གང་ལ། །བསྟོད་ཚིག་མེ་ཏོག་ཆུན་པོ་འདི་ཕུལ་བས། །བདག་དང་མཁའ་མཉམ་འགྲོ་ཀུན་མགོན་ཁྱོད་ཀྱི། །གསང་གསུམ་དཔལ་ཡོན་མཆོག་ལ་སྤྱོད་པར་ཤོག །ཅེས་པའང་རྣམ་དཔྱོད་མཆོག་ཏུ་ཡངས་པ་པདྨ་ཤེས་རབ་ནས་ཇི་ལྟར་བསྐུལ་བཞིན་བཙུན་པ་གཞན་ཕན་མཐའ་ཡས་པས་ཤར་མར་སྤེལ་བ་མངྒ་ལམ། །

བླ་མ་ལ་གསོལ་བ་འདེབས་པའི་སྨོན་ཚིག་རྐང་བ་སོ་གཉིས་པ།

༄། །བླ་མ་ལ་གསོལ་བ་འདེབས་པའི་སྨོན་ཚིག་རྐང་བ་སོ་གཉིས་པ་བཞུགས། །སྐྱབས་གནས་ཀུན་འདུས་བླ་མ་རིན་པོ་ཆེར། །བཟོད་མེད་གདུང་ཤུག་དྲག་པོས་གསོལ་འདེབས་ན། །ཚད་མེད་ཐུགས་རྗེ་ཆེན་པོས་ཉེར་དགོངས་ཏེ། །བདག་བློ་ཆོས་ལ་འགྱུར་བར་བྱིན་གྱིས་རློབས། །བདག་ནི་སྲིད་པའི་དཔལ་ལ་མི་ཆགས་ཤིང་། །སྲིད་པའི་ཉེས་དམིགས་རྩུབ་མོ་ཀུན་མཐོང་ནས། །ཚེ་འདིར་དལ་བའི་རྟེན་ལ་རང་གཞན་གྱི། །འབྱོར་བའི་རྟེན་འབྲེལ་འགྲིགས་པར་བྱིན་གྱིས་རློབས། །ཤུགས་དྲག་ཉོན་མོངས་དུག་མཚོའི་རྦ་རླབས་ལ། །དབང་མེད་འཁོར་བའི་འགྲོ་བ་འདི་མཐོང་ནས། །བཟོད་མེད་སྙིང་རྗེའི་ཞགས་པས་བདག་གི་ཡིད། །ནམ་ཡང་ལྷོད་པ་མེད་པར་བྱིན་གྱིས་རློབས། །གཞན་གྱི་དོན་དུ་རྫོགས་བྱང་སྒྲུབ་པའི་བློས། །བསླབ་གསུམ་ནོར་བུའི་ཁང་བཟང་འདིར་ཞུགས་ཏེ། །ཉིན་མཚན་ཀུན་ཏུ་གཡེལ་མེད་བརྩོན་པ་ལས། །བྱང་ཆུབ་སེམས་གཉིས་འབྱོང་བར་བྱིན་གྱིས་རློབས། །རྣམ་བྱང་ཡན་ལག་སུམ་ཅུ་རྩ་བདུན་གྱིས། །བསྡུས་པའི་བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་སྐྱེ་ཞིང་སྐྱེས་པ་མི་ཉམས་པར། །གོང་ནས་གོང་དུ་འཕེལ་བར་བྱིན་གྱིས་རློབས། །སྒྲུབ་པར་སྙིང་རུས་ནུས་པར་བྱིན་གྱིས་རློབས། །ཚེ་དང་སྒྲུབ་པ་མཉམ་པར་བྱིན་གྱིས་རློབས། །སྒྲུབ་ལ་བར་ཆད་མེད་པར་བྱིན་གྱིས་རློབས། །བསྙེན་སྒྲུབ་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །གང་སྣང་ལམ་དུ་ལོང་བར་བྱིན་གྱིས་རློབས། །རྐྱེན་ངན་གྲོགས་སུ་འཆར་བར་བྱིན་གྱིས་རློབས། །མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །སྐུ་བཞིའི་རྒྱལ་སྲིད་ཟིན་པར་བྱིན་གྱིས་རློབས། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །བསམ་དོན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །སྲས་བཅས་རྒྱལ་བ་ཀུན་གྱི་བདེན་སྟོབས་ཀྱིས། །བདག་གི་ཡིད་སྨོན་མྱུར་དུ་འགྲུབ་གྱུར་ཅིག །རྒྱལ་བའི་མཚན་གྱི་གྲངས་མཉམ་གསོལ་སྨོན་ཚིག །རྒྱལ་པའི་སྲས་པོ་གཞན་ཕན་མཐའ་ཡས་པས། །རྒྱལ་ཀུན་འདུས་ཞལ་བླ་མ་མཆོད་པའི་ཚེ། །རྒྱལ་བ་དགྱེས་པའི་མཚན་མ་མཐོང་ནས་བྲིས། །མངྒ་ལཾ།། །།

གྲུབ་རྗེ་བླ་མ་རྗེས་དྲན་གདུང་དབྱངས་གསོལ་འདེབས།

༄། །གྲུབ་རྗེ་བླ་མ་རྗེས་དྲན་གདུང་དབྱངས་གསོལ་འདེབས་བཞུགས། །ཀྱེ་མ་ཀྱེ་ཧུད་བླ་མ་རིན་པོ་ཆེ། །སྲིད་པ་འཁོར་བའི་རྒྱ་མཚོ་གཏིང་རེ་ཟབ། །ཐར་བའི་ལམ་སྟོན་དེད་དཔོན་གང་དུ་གཤེགས། །སྡུག་བསྔལ་འདམ་དུ་བྱིང་ངོ་ཀྱེ་མ་ཧོ། །ཀྱེ་མ་ཀྱེ་ཧུད་བླ་མ་རིན་པོ་ཆེ། །མ་རིག་མུན་པའི་སྨག་ནི་འཚུབ་རེ་ཆེ། །ལོང་བའི་ལམ་ཁྲིད་འདྲེན་བྱེད་གང་དུ་གཤེགས། །ལོག་པའི་གཡང་སར་ལྟུང་ངོ་ཀྱེ་མ་ཧོ། །ཀྱེ་མ་ཀྱེ་ཧུད་བླ་མ་རིན་པོ་ཆེ། །མ་རྟོགས་ལོག་པའི་འཕྲང་རོང་རྩུབ་རེ་ཆེ། །བདུད་བཞིའི་འཇིགས་སྐྱོབས་སྐྱེལ་མ་གང་དུ་གཤེགས། །དུག་ལྔའི་གཡུལ་གྱིས་བཅོམ་མོ་ཀྱེ་མ་ཧོ། །ཀྱེ་མ་ཀྱེ་ཧུད་བླ་མ་རིན་པོ་ཆེ། སྙིགས་དུས་སེམས་ཅན་དམུ་རྒོད་ཁྲོ་རེ་གཏུམ། །བྱམས་བརྩེའི་རྒྱུན་བརླན་བླ་མ་གང་དུ་གཤེགས། །སྐྱབས་མགོན་རེ་ས་བྲལ་ལོ་ཀྱེ་མ་ཧོ། །ཀྱེ་མ་ཀྱེ་ཧུད་བླ་མ་རིན་པོ་ཆེ། གཉེན་བཤེས་འཁོར་བའི་བྱ་སྤྱོད་བསླུ་རེ་མཁས། །བསླུ་མེད་སྐྱབས་མགོན་ཡབ་གཅིག་གང་དུ་གཤེགས། །དྭ་ཕྲུག་ས་མཐར་འཁྱམ་མོ་ཀྱེ་མ་ཧོ། །ཀྱེ་མ་ཀྱེ་ཧུད་བླ་མ་རིན་པོ་ཆེ། །མ་རིག་མུན་སེལ་ཉི་མ་ནུབ་ཏུ་གཤེགས། །མདོ་སྔགས་སྦྲང་རྩིས་གཏམས་པའི་མེ་ཏོག་ཡལ། །ཉོན་མོངས་ནད་ཀུན་འཇོམ་པའི་སྨན་དེ་སྐམས། །ཐོས་བསམ་དབུལ་བ་སེལ་བའི་ནོར་བུ་བོར། །ཀྱེ་མ་ཚུལ་ཁྲིམས་ལྗོན་ཤིང་རྒྱས་བྱེད་བདུད་རྩི་ཆད། །བཟོད་པའི་གོ་ཁྲབ་བརྩན་པོའི་རྒྱུན་ཐག་འཐོར། །ཤེས་རབ་རལ་གྲི་འཕྱར་འདོད་ལག་པ་བཀུམ། །བརྩོན་འགྲུས་རྟ་ལ་ཞོན་འདོད་རྐང་བ་ཆག །བསམ་གཏན་མཁར་རྫོང་འཛིན་འདོད་མཁར་རྨང་འགྱེལ། །ཀྱེ་མ་སྦྱིན་པའི་ཆུ་རྒྱུན་འབབ་འདོད་ལྟག་ཆུ་ཆད། །སྐལ་ལྡན་སྨིན་བྱེད་དབང་གི་བུམ་པ་ཆག །མཐར་ལྟའི་གཡུལ་ལས་རྒྱལ་བྱེད་མཚོན་ཆ་སྟོར། །ཀྱེ་མ་ཀྱེ་ཧུད་བླ་མ་རིན་པོ་ཆེ། །བདག་སོགས་རྗེ་ཡི་རྗེས་བཟུང་སློབ་འབངས་རྣམས། །འཇིགས་པའི་ཐང་ལ་སྐྱེལ་མས་བོར་བ་བཞིན། །མངོན་སུམ་ཤུལ་དུ་བཞག་འདི་ཅང་བདེན་ནམ། །ཀྱེ་མ་བསམ་ཞིང་བསམ་ཞིང་སྐྱབས་གནས་བླ་མ་དྲན། །དྲན་པའི་མོད་ལ་གདུང་བས་མཆི་མ་འཁྲུགས། །འཁྲུགས་པ་ཙམ་ཀྱིས་སྙིང་རྩ་དབང་མེད་འདར། །འདར་བས་མ་བཟོད་གསོལ་འདེབས་འདི་གསན་ནམ། །ཀྱེ་ཧུད་བུ་ཆུང་མ་ཡིས་ཐང་ལ་དོར་བ་བཞིན། །རྗེ་བཙུན་ཐུགས་ཀྱིས་མངོན་སུམ་འདོར་ཕོད་དམ། །སྐྱབས་གནས་བླ་མས་བུ་ལ་གཟིགས་པ་ཡོལ། རེ་ལྟོས་ཡུལ་དང་བྲལ་འདི་ཅང་བདེན་ནམ། །ཀྱེ་མ། བདེ་ཆེན་དག་པའི་ཞིང་ལ་ཡབ་གཅིག་གཤེགས། །སྡུག་བསྔལ་འཁོར་བའི་འདམ་དུ་བུ་རྣམས་སྐྱུར། །དགེ་སྡིག་བླང་དོར་ཙམ་ཡང་མི་ཤེས་པར། །མ་རིག་སྨག་ལ་མགོ་འཁོར་དུས་ཀྱང་བྱུང་། །ཀྱེ་མ་བདག་འདྲའི་ལས་ངན་ཨ་ཙ་མ། །སྐྱོ་བའི་སེམས་ཀྱིས་སྲོག་ཟུང་མི་འདོར་བར། །རྗེ་དེའི་ཤུལ་དུ་ད་དུང་འཇིག་རྟེན་གྱི། །ལྟོ་གོས་བྱ་བས་བྲེལ་འདི་ཞེ་རེ་བླུན། །ཀྱེ་ཧོ་རྗེ་ཉིད་གང་དུ་གཤེགས་ཀྱང་རུང་། །བདག་སོགས་མཁའ་མཉམ་འགྲོ་དྲུག་སེམས་ཅན་ཀུན། །སྐུ་གསུམ་ངོ་བོ་ཉིད་དང་དབྱེར་མེད་པས། །དོན་གཉིས་ལྷུན་གྱིས་གྲུབ་པའི་སྨོན་ལམ་ཞུ། །ཞེས་པ་འདི་རྗེ་བཙུན་གང་དེ་དག་པའི་ཞིང་དུ་གཟིགས་ཚེ་བླ་མའི་ཡོན་ཏན་ལ་རྗེས་སུ་དྲན་པའི་ཤུགས་ཀྱིས་མིག་མཆི་མ་དང་ལུས་བ་སྤུ་གཟིང་བ་ལྟ་བུ་ཞིག་བྱུང་ཚེ་གདུངས་པའི་ཡིད་ཀྱིས་གང་དེའི་འབངས་ཀྱི་ཐ་ཤལ་གཞན་ཕན་མཐའ་ཡས་ཀྱིས་གསོལ་བ་བཏབ་པའོ།། །།

སྐུ་ཞབས་རྡོ་རྗེ་ཕག་མོའི་འཁྲུངས་རབས་གསོལ་འདེབས་བྱིན་རླབས་ཆར་རྒྱུན།

༄། །སྐུ་ཞབས་རྡོ་རྗེ་ཕག་མོའི་འཁྲུངས་རབས་གསོལ་འདེབས་བྱིན་རླབས་ཆར་རྒྱུན་ཞེས་བྱ་བ་བཞུགས་སོ། །བདེ་ཆེན་ཡེ་ཤེས་མཆོག་གི་དཔའ་བོ་དང་། །མཉམ་སྦྱོར་རྒྱལ་ཀུན་སྐྱེད་པའི་ཡུམ་ཆེན་མོ། །ཞི་དབྱིངས་རྡོ་རྗེའི་དགའ་མ་ཝཱ་ར་ཧི། །མཁའ་འགྲོ་འབར་བའི་དབང་ཕྱུག་དེ་ལ་འདུད། །གང་གི་སྒྱུ་འཕྲུལ་སྤྲུལ་པའི་འཁོར་ལོ་ཀུན། །འཛིན་པའི་དྲྭ་བར་རིམ་བཞིན་མཆེད་པ་ལས། །ཤཱཀ་རིགས་མྱུ་གུར་ཐུབ་ཆེན་ཐ་མའི་སྲིད། །སྐྱེད་པའི་དབང་མོར་གྱུར་ལ་གསོལ་བ་འདེབས། །རྒྱལ་བ་ཞི་བའི་བདུད་རྩིས་ངོམས་པ་ལ། །མཆོག་གི་ཡོན་ཆབ་ཕུལ་བས་མཉེས་མཛད་དེ། །ཟག་མེད་བདེན་དོན་གཟིགས་པའི་མིག་ཡངས་མ། །སྲིང་མོ་གངྒཱའི་ལྷ་མོར་གསོལ་བ་འདེབས། །འཕུར་འགྲོའི་ཡུལ་གྱི་རྒྱལ་རིགས་གྲགས་ཆེན་གྱི། །སྲིད་པར་དལ་རྟེན་ལང་ཚོ་སྐྱེད་བསྲིངས་ཀྱང་། །སྲིད་བདེར་མེ་འོབས་ལྟར་གཟིགས་དགེ་སློང་མ། །གྲུབ་པའི་དཔལ་མོར་གྱུར་ལ་གསོལ་བ་འདེབས། །ས་ཧོར་འཛིན་མའི་ཁྱོན་ལ་བསོད་ནམས་ཀྱིས། །དབང་བསྒྱུར་གཙུག་ལག་འཛིན་པའི་མི་རྗེ་ཡི། །རིགས་ལས་གྲུབ་པའི་སར་གཤེགས་ལྷ་ཡི་ལྕམ། །རྒྱལ་ཡུམ་མནྡྷ་ར་བར་གསོལ་བ་འདེབས། །མཁར་ཆེན་བཙད་པོའི་རྒྱུད་དུ་མཁའ་འགྲོའི་གཙོ། །གངས་ཅན་སྐྱེ་དགུའི་ལེགས་སྤྱད་ཀྱིས་བཀུག་པ། །ཟག་བྲལ་ཡེ་ཤེས་མཆོག་བརྙེས་མཚོ་རྒྱལ་མ། །ཐུགས་རྗེའི་གཏེར་ཆེན་དེ་ལ་གསོལ་བ་འདེབས། །ལྔ་རིག་སྨྲ་བའི་དབང་པོ་སྨོན་ལམ་འགྲུབ། །སྐྱེ་མེད་དབྱིངས་ཀྱི་རྣལ་འབྱོར་མར་ཐིམ་པ། །ཡང་ཅིག་ཆུ་ཟླའི་གར་ཀྱིས་ལབ་ལུང་དུ། །མུན་སེལ་སྒྲོན་མེར་སྤྲུལ་ལ་གསོལ་བ་འདེབས། །འགྲོ་བའི་མགོན་པོ་རྡོ་རྗེ་རྒྱལ་པོ་ཡིས། །རྗེས་བཟུང་སྔོན་བསགས་བསོད་ནམས་སྟོབས་གྱུར་པས། །གསང་ཆེན་ལམ་ལ་རིགས་སད་རྣལ་འབྱོར་མ། །སྐྱེ་དགུའི་འདྲེན་པ་མཆོག་དེར་གསོལ་བ་འདེབས། །འདམ་ཤོད་རིགས་གཙང་ལས་འཁྲུངས་སྦས་སྤྱོད་ཀྱི། །ངང་ནས་རྟ་མཆོག་རོལ་པའི་རྣམ་སྤྲུལ་གྱི། །དཔའ་བོ་དང་འགྲོགས་བསོད་ནམས་དཔལ་འདྲེན་ཞེས། །གྲུབ་པའི་མཚན་མ་བརྙེས་དེར་གསོལ་བ་འདེབས། །གུང་ཐང་རྒྱལ་པོའི་རིགས་སུ་པད་འབྱུང་གི །ལུང་དོན་མངོན་གྱུར་ཆོས་ཀྱི་སྒྲོན་མེ་ཞེས། །འཇིགས་བྲལ་ཞབས་དང་གྲུབ་ཆེན་ཐང་རྒྱལ་བས། །རྗེས་བཟུང་གྲུབ་མཆོག་བརྙེས་ལ་གསོལ་བ་འདེབས། །མདོ་ཁམས་ཕྱོགས་སུ་གྲུབ་རིགས་ལས་འཁྲུངས་ཤིང་། །སྔོན་གནས་རྗེས་དྲན་རྡོ་རྗེ་ཕག་མོ་དངོས། །མངའ་རིས་དབུས་གཙང་ཀུན་ཏུ་ཕྲིན་ལས་ཀྱིས། །ཁྱབ་མཛད་ཀུན་དགའ་བཟང་མོར་གསོལ་བ་འདེབས། །སྔགས་སྤྱོད་གྲུབ་པའི་རིགས་ཀྱི་མྱུ་གུ་བཟུངས། །མང་ཐོས་རིགས་གནས་ཀུན་ལ་མཁས་པར་སྦྱངས། །འཆད་རྩོད་རྩོམ་པས་ཐུབ་བསྟན་རྒྱས་མཛད་པའི། །རྗེ་བཙུན་སྙན་གྲགས་བཟང་མོར་གསོལ་བ་འདེབས། །ཨོ་རྒྱན་མཁའ་འགྲོའི་གཙོ་མོ་ཞིང་འདི་ཡི། །གདུལ་བྱའི་བློ་མཚོར་ཤར་བའི་འདབ་ལྡན་གང་། །གྲོལ་པའི་དེ་མ་ཐག་ཏུ་རྣམ་འཕྲུལ་གྱི། །ཡ་མཚན་གཟིགས་མོར་ངོམས་ལ་གསོལ་བ་འདེབས། །མཁའ་སྤྱོད་ཞིང་གི་ཡེ་ཤེས་ཌཱཀྐིའི་གཙོ། །གུ་རུའི་ལུང་བཞིན་གངས་ལྗོངས་ལུས་ཕྲའི་རྫུར། །ཞུགས་ནས་ཆེ་དགུའི་ཕྲག་པ་རབ་མནན་ཏེ། །བསྟན་འཛིན་དབང་མོར་གྱུར་ལ་གསོལ་བ་འདེབས། །བདེ་ཆེན་དབྱིངས་ལས་རྒྱལ་བའི་ཕྲིན་ལས་གང་། །སྤེལ་བའི་མཚོ་མོར་འབྲི་སྒང་སའི་ཐིག་ལེར། །འཁྱིལ་བའི་ངོ་མཚར་དཔལ་གྱིས་སྐྱེ་དགུའི་ཡིད། །ལྷན་ཅིག་ཚིམ་པར་མཛད་ལ་གསོལ་བ་འདེབས། །གངས་ཅན་མིག་གཅིག་ཐུ་མི་སཾ་བྷོ་ཊའི། །རིགས་འཁྲུངས་ངམ་པས་ལུང་བསྟན་དམ་པ་བསྟེན། །ལྔ་རིག་མཐར་སོན་ལས་སྐལ་བཟང་ངན་བཏུལ། །འཛམ་གླིང་ཆོས་སྒྲོན་དབང་མོར་གསོལ་བ་འདེབས། །བསྐལ་བཟང་རྣམ་འདྲེན་བཞི་བའི་བསྟན་པ་ལ། །ཐོས་བསམ་བསྒོམ་པའི་རྣམ་ཐར་མཆོག་ཐོས་ནས། །དྲེགས་ལྡན་ཙི་ནའི་དབང་པོའི་གཙུག་གིས་ཀྱང་། །བཏུད་གྱུར་བདེ་ཆེན་དབང་མོར་གསོལ་བ་འདེབས། །རྗེ་བཙུན་མ་དང་སྣ་ཚོགས་གཟུགས་ཅན་སོགས། །ཆོས་དབྱིངས་ཞི་ལས་སྤྲུལ་བའི་མཁའ་འགྲོའི་གར། །ཀུན་སྒྱུར་སྤྲོ་བསྡུའི་བྱེད་པོ་བདེ་ཆེན་གྱི། །ཐུགས་རྗེའི་མཚོ་མོ་དེ་ལ་གསོལ་བ་འདེབས། །རྒྱལ་ཀུན་བསྐྱེད་ཡུམ་གང་གི་རྣམ་ཐར་ལ། །གཅིག་ཏུ་གུས་པའི་ཡིད་ཀྱི་རབ་བཏུད་ནས། །ཞིང་ཁམས་རྒྱ་མཚོའི་རྡུལ་ཕྲན་དང་མཉམ་པའི། །ལུས་སྤྲུལ་པས་ནི་དང་བས་ཕྱག་འཚལ་ལོ། །དངོས་འབྱོར་ཉེ་བར་བཞེས་པའི་ལོངས་སྤྱོད་དང་། །ཡིད་སྤྲུལ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་བཞིན། །ཏིང་འཛིན་སྒྱུ་མས་རྣམ་པར་འཕྲུལ་བའི་གར། །བླ་ན་ཡང་མེད་མཆོད་ཚོགས་རྒྱ་མཚོས་མཆོད། །བདག་ཅག་རྨོངས་དང་འཁྲུལ་བའི་གཞན་དབང་གིས། །ཐོག་མེད་ནས་བསགས་སྒྲིབ་པའི་ཕུང་བོ་ཀུན། །གནོང་འགྱོད་དྲག་པོས་མཐོལ་བཤགས་སྡམ་བགྱིད་ན། །དག་ཚངས་ཆེན་པོས་དངོས་གྲུབ་སྩལ་དུ་གསོལ། །རྗེ་བཙུན་ཁྱེད་ཀྱི་མཁྱེན་པའི་ཡེ་ཤེས་དང་། །བརྩེ་ཆེན་ཐུགས་རྗེས་འགྲོ་ཀུན་སྲས་བཞིན་དུ། །སྐྱོང་བར་མཛད་པའི་ཕྲིན་ལས་ཟླ་མེད་དེར། །བདག་ཅག་སྙིང་ནས་རྗེས་སུ་ཡི་རང་ངོ་། །གང་ཐུགས་ཆོས་དབྱིངས་མཁའ་ལ་བདེ་ཆེན་གྱི། །ཆུ་འཛིན་འཁྲིགས་ལས་ཟབ་རྒྱས་ཆོས་ཀྱི་ཆར། །གདུལ་བྱའི་ཞིང་སར་སྐུ་གསུམ་འབྲས་བུ་མཆོག །མ་སྨིན་དེ་སྲིད་བར་དུ་འབེབས་པར་གསོལ། །མགོན་ཁྱེད་གཟོད་ནས་རྒྱལ་བ་རྒྱ་མཚོ་ཡི། །ཡུམ་གྱུར་ཀུན་ཏུ་བཟང་མོའི་རང་བཞིན་ལ། །མཚན་མའི་སྐྱེ་འགག་མེད་ཀྱང་གཟུགས་སྐུའི་ཉི། །གདུལ་འགྲོའི་མཁའ་ལ་བསྐལ་བརྒྱར་བཞུགས་གསོལ་འདེབས། །འདིས་མཚོན་བདག་གཞན་རྣམ་དཀར་དགེ་བའི་ཚོགས། །བྱས་དང་བྱེད་འགྱུར་མ་ལུས་ཡོངས་བསྡུས་པ། །ཐུབ་བསྟན་རིན་ཆེན་ཕྱོགས་བརྒྱར་འབར་བ་དང་། །འགྲོ་ཀུན་ཀུན་མཁྱེན་གོ་འཕངས་ཐོབ་ཕྱིར་བསྔོ། །བདག་ཀྱང་འདི་ནས་ཚེ་རབས་ཐམས་ཅད་དུ། །རྗེ་བཙུན་བླ་མ་མཆོག་དང་མི་འབྲལ་ཞིང་། །མཉེས་པ་གསུམ་གྱིས་ལེགས་པར་བསྟེན་པ་དང་། །ཟབ་རྒྱས་གདམས་པའི་མཛོད་ཀུན་འཛིན་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །ཞེས་སོགས་བརྗོད་པར་བྱའོ། །ཞེས་པའང་རྗེ་བཙུན་མ་གང་གི་ཐུགས་སྲས་སྨན་སྒོམ་སྦས་པའི་རྣལ་འབྱོར་པ་ཆོས་དབྱིངས་དཔལ་ལྡན་ནས་དོན་གཉེར་ཆེན་པོས་རྟེན་བཅས་ལེགས་པར་བསྐུལ་བའི་བཞེད་སྐོང་དུ་མདོ་ཁམས་ཀྱི་བཙུན་པ་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་སུ་འབོད་པས་ཡེར་བ་ལྷ་རི་སྙིང་པོའི་མགུལ་གྱི་མཚམས་མལ་ནས་བྲིས་ཏེ་ཕུལ་བ་དགེ། །།

རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་འོད་ཟེར་གྱི་སྐྱེ་འཕྲེང་གསོལ་འདེབས་ཐར་བའི་འཁྲི་ཤིང་།

༄། །རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་འོད་ཟེར་གྱི་སྐྱེ་འཕྲེང་གསོལ་འདེབས་ཐར་བའི་འཁྲི་ཤིང་ཞེས་བྱ་བ་བཞུགས། །སྤྲོས་ཀུན་ཉེ་བར་ཞི་བའི་དེ་བཞིན་ཉིད། །རྣམ་པ་ཀུན་གྱི་མཆོག་ལྡན་ཆོས་ཀྱི་སྐུ། །ཡོངས་གྲུབ་ལྷན་སྐྱེས་སེམས་ཀྱི་རྡོ་རྗེ་དེར། །གནས་ལུགས་རང་ཞལ་མཇལ་བས་ཕྱག་བགྱིའོ། །གང་ཞིག་སྒྲིབ་བྲལ་དབྱིངས་ལས་གཟུགས་སྐུ་ཡི། །རྣམ་རོལ་མཐའ་ཡས་འགྲོ་བའི་སྣང་ངོ་རུ། །ཡོངས་ཤར་རྒྱལ་དང་དེ་སྲས་འཕགས་པའི་ཚོགས། །ཀུན་ལ་རབ་དྭངས་ཡིད་ཀྱིས་གསོལ་བ་འདེབས། །ཁྱད་པར་རིགས་གསུམ་སེམས་དཔའི་སྒྱུ་འཕྲལ་གར། །ཅིར་ཡང་བསྒྱུར་བའི་བྱེ་བྲག་འཕགས་ཡུལ་གྱི། །གསང་ཆེན་བཀའ་བབས་རྒྱལ་པོ་ཛ་ཞེས་པ། །ཨིནྡྲབྷུ་ཏི་ཆེན་པོར་གསོལ་བ་འདེབས། །མགོན་ཁྱོད་སྐུ་གསུམ་སྟོན་པའི་གསུང་རབ་ཀུན། །སྡུད་མཛད་སོ་སོའི་རྣམ་པར་སྣང་བ་ལས། །ཞིང་འདིར་ཐུབ་དབང་དྲུང་དུ་ཀུན་དགའ་བོ། །བསྟན་ཀྱང་ཐ་མི་དད་པར་གསོལ་བ་འདེབས། །གང་ལས་མཁའ་ཟླ་ཆུ་མཚོར་ཤར་བ་བཞིན། །འགྲོ་ངོར་སྣང་བ་འཇམ་དཔལ་བཤེས་གཉེན་དང་། །མདོ་ལུང་འགྲེལ་མཛད་དུར་ཁྲོད་བདེ་བ་གསལ། །ཀུ་ཀུ་རྭ་ཛ་རྣམས་ལ་གསོལ་བ་འདེབས། །དེ་བཞིན་སློབ་དཔོན་དཔའ་བོ་བི་ན་ས། །ཐུ་མི་སམྦྷོ་ཊ་དང་རྣམ་སྣང་མཛད། དྷརྨ་བྷ་ཏྲ་ཟུར་ཆེན་ཤག་འབྱུང་དང་། །གླང་ལུང་པར་གྲགས་རྣམས་ལ་གསོལ་བ་འདེབས། གཞན་ཡང་དབུ་ཕྱག་སྲོལ་འཛིན་ཇི་སྙེད་དང་། །རྡོ་རྗེ་གླིང་སོགས་ཟབ་གཏེར་སྒོ་འབྱེད་བ། །དུ་མའི་གྲངས་མཐར་གཏེར་བདག་གླིང་པ་ཞེས། ཡོངས་གྲགས་མཆོག་གཟིགས་རྣམས་ལ་གསོལ་བ་འདེབས། །དེ་ལྟའི་སྤྲུལ་པའི་རྣམ་རོལ་ཇི་སྙེད་ཀུན། །བརྟུལ་ནས་མཆོག་གྲུབ་རྣམ་པར་རྒྱལ་བའི་སྡེར། །བསྟན་ལས་སླར་ཡང་གདུལ་བྱའི་འགྲོ་གཞན་ལ། །ཕན་བདེ་མཆོག་གི་སྣང་བ་སྦྱིན་སླད་དུ། །རྗེ་བཙུན་ཕ་མཐའ་ཡས་པའི་མཁྱེན་རབ་དང་། །བརྩེ་ཆེན་ཐུགས་རྗེ་ལྷན་གཅིག་གྲུབ་པའི་གཟུགས། །གང་དུ་ཟློས་བསྒྱུར་རྒྱལ་བའི་སྲས་དེ་ལ། འཁྲུལ་མེད་ལམ་བཟང་བརྙེས་པར་གསོལ་བ་འདེབས། མདོར་ན་དམ་པ་རྣམས་ཀྱིས་ལུང་བསྟན་པའི། །གོ་རིམ་སྐྱེ་ཕྲེང་བཅུ་ཕྲག་གསུམ་ལྷག་ལས། །ཆ་ཤས་ཙམ་ཞིག་ཡིད་ལ་དྲན་བྱས་ཏེ། །གསོལ་བཏབ་ཐུགས་རྗེས་དོན་གཉིས་མཐར་ཕྱིན་ཤོག། ཅེས་པ་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེའི་རྒྱན་གྱི་ཏོག་ཏུ་མངོན་པར་མཛེས་པ་རྡོ་རྗེ་བྲག་ཞབས་དྲུང་རིག་འཛིན་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་དང་། །ལྕགས་ལ་རྒྱལ་སྲས་རིན་པོ་ཆེ་གཉིས་ནས་ཁྱོད་ཀྱི་སྐྱེ་ཕྲེང་གསོལ་འདེབས་ཤིག་ཅི་ནས་ཀྱང་དགོས་ཞེས་བཀའ་སྩལ་གཙུག་ཏུ་ཕེབ་ནའང་བདག་ལྟ་བུ་ལུང་དང་རྟོགས་པའི་ཡོན་ཏན་གྱིས་དབེན་པའི་མུ་ཏོ་བ་ཞིག་ལ་ཁུངས་མེད་ཀྱི་སྐྱེ་ཕྲེང་དུ་མ་བགྲང་བར་ག་ལ་འོས། འོན་ཀྱང་སྐྱབས་མགོན་གྲུབ་དབང་རིན་པོ་ཆེ་དང་། ཡོངས་འཛིན་དམ་པ་གཞོན་ནུ་འཇིགས་མེད་ཆོས་ཀྱི་བློ་གྲོས་སོགས་རྗེ་བཙུན་བླ་མ་རྣམས་ཀྱི་བུང་བ་གསེར་གཟིགས་ཀྱི་ལུང་བསྟན་ཇི་ལྟར་གནང་བ་རྣམས་ལ་གཞི་བྱས། །རང་ཉམས་ལའང་དམ་པ་དེ་དག་གིས་བྱིན་གྱིས་བརླབ་པའི་བག་ཆགས་ར་རི་མཆིས་པ་རྣམས་གཙོ་བོར་བགྱིས་ཏེ་བརྗོད་པ་པོ་རྨོངས་རྟུལ་མདོ་ཁམས་པ་རང་ཉིད་དོ།། །།

སྐྱེ་ཕྲེང་གསོལ་འདེབས་བརྡའ་གྲོལ་མ།

༄། །སྐྱེ་ཕྲེང་གསོལ་འདེབས་བརྡའ་གྲོལ་མ་བཞུགས། །ཀུན་བཟང་སྟོན་པ་སྣང་མཛད་རྡོ་རྗེ་འཆང་། །རིགས་གསུམ་སེམས་དཔའི་སྒྱུ་འཕྲུལ་ཐེག་གསུམ་བདག །འཕགས་བོད་པན་གྲུབ་ཆོས་ཀྱི་སྤྱན་བར་བཅས། །གར་མཛད་གར་གྱི་དབང་པོར་གསོལ་བ་འདེབས། །སམ་བྷོ་ཊ་རུ་རྣམ་པར་སྣང་བའི་མཛོད། །དམ་ཆོས་བཟང་པོའི་གསལ་བྱེད་རྡོ་རྗེར་གྲགས། །ཤཱཀྱའི་བསྟན་པའི་འབྱུང་གནས་ཡུམ་དོན་གྲུབ། །ཀུན་དགའི་རྒྱལ་མཚན་འཛིན་ལ་གསོལ་བ་འདེབས། །སྐད་གཉིས་ཡང་ཡང་སྨྲ་ཞིང་ཟབ་གཏེར་འདོན། །བློ་ལྡན་ཀུན་སྐྱོང་རྡོ་རྗེ་ཐེག་པའི་གླིང་། །འཛིན་མཛད་མེ་ལོང་བདག་པོ་ཤེས་རབ་འོད། །འགྱུར་མེད་སྤྱོད་འཆང་རྡོ་རྗེར་གསོལ་བ་འདེབས། །མཆོག་གཟིགས་གྲུབ་བརྙེས་དུ་མས་རྗེས་བཟུང་བཞིན། །རྒྱལ་སྲས་སྤྱོད་པས་གཞན་ལ་ཕན་མཛད་པ། །མཐའ་ཡས་འགྲོ་བའི་དེད་དཔོན་རིན་པོ་ཆེ། །རང་བྱུང་རིག་པའི་རྡོ་རྗེར་གསོལ་བ་འདེབས། །ཕྱི་ནང་གསང་བའི་འདུལ་བ་རྒྱ་མཚོ་ཀུན། །ཕྱི་ནང་གསང་བའི་སྡེ་སྣོད་ལས་བཤད་བཞིན། །ཕྱི་ནང་གསང་བར་འགལ་མེད་འཛིན་མཛད་པའི། །ཕྱི་ནང་གསང་སྤྱོད་དག་ལ་གསོལ་བ་འདེབས། །ཐུན་མིན་ཁྱད་པར་ལམ་གྱི་སྒོམ་རིམ་ཀུན། །རིམ་བཞིན་དགེ་ལེགས་བྱེ་བའི་གཞིར་རིག་ནས། །ཞི་ལྷག་བྱང་སེམས་རིམ་པར་གཉིས་གཉིས་པའི། །ཐབས་ཤེས་ལམ་བཟང་དག་ལ་གསོལ་བ་འདེབས། །ཐོས་བསམ་རིགས་པའི་ལམ་གྱིས་བདག་མེད་རིག །སྒོམ་བྱུང་ལྟ་བ་ལྷན་སྐྱེས་རང་ངོ་འཕྲོད། །རྒྱུ་འབྲས་ལྟ་ལ་འདོར་ལེན་མི་དགོས་པའི། །གནད་རིག་ཤེས་རབ་དག་ལ་གསོལ་བ་འདེབས། །ཕུང་སོགས་ལས་གཞན་ཆོས་མེད་ཆོས་ལས་གཞན། །ཆོས་ཉིད་ཡོད་མིན་བདེན་པ་རྫུན་པ་ལ། །ལྟོས་གཞི་མེད་པའི་ལྟོས་ཆོས་རྫུན་མེད་པའི། །དམིགས་མེད་བསམ་བརྗོད་འདས་དེར་གསོལ་བ་འདེབས། །དམ་པའི་དོན་དུ་སྤྲོས་ཀུན་ཉེར་ཞིའི་དབྱིངས། །ཐོག་མཐའ་མེད་པའི་ཡེ་ཤེས་སྒྱུ་མ་རུ། །སྐྱེ་འགག་བྲལ་བའི་ལམ་གྱིས་མངོན་རྟོགས་ཕྱིར། །མཐར་ལྟའི་གོལ་ས་ཆོད་ལ་གསོལ་བ་འདེབས། །དཔལ་ལྡན་བླ་མས་ལུས་ལ་བྱིན་གྱིས་རློབས། །ལུས་རྩ་སྤྲུལ་སྐུར་འགྲུབ་པར་བྱིན་གྱིས་རློབས། །དཔལ་ལྡན་བླ་མས་ངག་ལ་བྱིན་གྱིས་རློབས། །རྩ་ཡིག་ལོངས་སྐུར་འགྲུབ་པར་བྱིན་གྱིས་རློབས། །དཔལ་ལྡན་བླ་མས་ཡིད་ལ་བྱིན་གྱིས་རློབས། །བདུད་རྩི་ཆོས་སྐུར་འགྲུབ་པར་བྱིན་གྱིས་རློབས། །དཔལ་ལྡན་བླ་མས་སྒོ་གསུམ་བྱིན་གྱིས་རློབས། །རླུང་ཁམས་ངོ་བོ་ཉིད་སྐུར་འགྲུབ་བྱིན་རློབས། །ཞེས་དང་། བླ་མའི་གནས་བཞི་ལས་འཕྲོས་འོད་ཟེར་གྱིས། །དབང་བཞི་ཐོབ་ནས་སྐུ་བཞིའི་ས་བོན་ཐེབས། །སླར་ཡང་གང་གི་ཐུགས་དང་བདག་གི་ཡིད། །དབྱེར་མེད་ཆོས་ཀྱི་དབྱིངས་སུ་འདྲེས་པར་གྱུར། །ཨཱཿ མ་བཅོས་དེ་བཞིན་ཉིད་ལྔས་ཡེ་ཤེས་ཀྱི། །རྣམ་རོལ་སྐུ་ལྔ་རྒྱལ་བའི་འཁོར་ལོར་རྫོགས། །སྣང་གྲགས་རིག་པ་ལྷ་སྔགས་ཆོས་སྐུའི་ངང་། །བསོད་ནམས་ཡེ་ཤེས་ཚོགས་ཆེན་ཡོངས་རྫོགས་ཤོག །ཅེས་པའི་མཆོག་གཟིགས་སྤྲུལ་པའི་སྐུ་རིན་པོ་ཆེ་ཐུབ་བསྟན་རྒྱལ་མཚན་དཔལ་བཟང་པོ་ནས་ཕྲན་གྱི་སྐྱེ་ཕྲེང་དུ་སྒྲོ་བཏགས་པ་རྣམས་ཞལ་ཐང་དུ་འགོད་པར་མཛད་བསྟུན། སྐྱེ་ཕྲེང་གསོལ་འདེབས་ཤིག་དགོས་ཞེས་ལྷ་རྫས་དང་བཅས་བཀའ་ཕེབས་གནང་བ་ལྡོག་མ་ནུས་པར་བཙུན་པ་གཞན་ཕན་མཐའ་ཡས་པས་ཤར་མར་སྤེལ་བ་དགེ། །།

གསོལ་འདེབས།

༄། །རྒྱལ་སྲས་ཀུན་གྱི་བགྲོད་པ་གཅིག་པུའི་ལམ། །གཞན་ཕན་བྱང་ཆུབ་སེམས་སུ་ངེས་པའི་ཚུལ། །ཇི་བཞིན་རྟོགས་ནས་མཐའ་ཡས་འགྲོ་བ་ལ། །སྟོན་མཛད་དྲིན་ཅན་བླ་མར་གསོལ་བ་འདེབས། ཞེས་པའང་མདོ་ཁམས་པ་རང་ཉིད་ཀྱིས་སོ། །སརྦ་མངྒ་ལམ། །དགེའོ།། །།

གསོལ་འདེབས་ཚིགས་བཅད།

༄། །གསོལ་འདེབས་ཚིགས་བཅད། །སྣ་ཚོགས་སྤྲོས་པའི་ཆོས་ཀུན་རང་བཞིན་ཀྱིས། །སྟོང་བའི་བདེན་པ་མཆོག་དེ་གཟིགས་པའི་མོད། །ཀུན་འབྱུང་འཁོར་བའི་ས་བོན་ཡེ་ཤེས་སུ། །ཡོངས་གྲོལ་དྲིན་ཅན་བླ་མར་གསོལ་བ་འདེབས། །བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག །མགོན་ཁྱོད་བྱང་ཆུབ་བརྙེས་པའི་ཞིང་དེ་རུ། །དྲི་བྲལ་པངྨའི་སྙིང་པོར་ལེགས་འཁྲུངས་ནས། །བླ་མེད་མཆོག་གི་གྲུབ་པ་མངོན་བྱེད་ཤོག། ཅེས་པའང་རྡོ་རྗེ་འཛིན་པ་ཨོ་རྒྱན་ཕྲིན་ལས་ནས་ཇི་ལྟར་བསྐུལ་བའི་བཞེད་སྐོང་ཕྱིར་རྒྱལ་སྲས་གཞན་ཕན་མཐའ་ཡས་སུ་འབོད་པས་སྦེལ་བ་མངྒ་ལཾ། །

གསོལ་འདེབས་ཚིགས་བཅད་ཞལ་གསུངས་མ།

༄། །གསོལ་འདེབས་ཚིགས་བཅད་ཞལ་གསུངས་མ་བཞུགས། །རྒྱལ་སྲས་ཀུན་གྱི་བགྲོད་པ་གཅིག་པུའི་ལམ། །གཞན་ཕན་བྱང་ཆུབ་སེམས་སུ་ངེས་པའི་ཚུལ། །ཇི་བཞིན་རྟོགས་ནས་མཐའ་ཡས་འགྲོ་བ་ལ། །སྟོན་མཛད་དྲིན་ཅན་བླ་མར་གསོལ་བ་འདེབས། །མགོན་ཁྱོད་འོག་མིན་ཞིང་དུ་བཅོམ་ལྡན་འདས། །རྣམ་སྣང་ཆེན་པོའི་ངོ་བོར་བཞུགས་པ་དང་། །བདག་སོགས་འགྲོ་ཀུན་དབྱེར་མེད་མ་གྱུར་པ། །དེ་སྲིད་སྨིན་གྲོལ་ལམ་གྱིས་རྗེས་བཟུང་ཤོག། ཅེས་པའང་དད་ལྡན་ནོར་སྒྲོན་གྱིས་བསྐུལ་ངོར་བཙུན་པ་གཞན་ཕན་པས་ཤར་མར་སྤེལ་བ་དགེ། །།

གསོལ་འདེབས་ཞལ་གསུངས་མ།

༄། །གསོལ་འདེབས་ཞལ་གསུངས་མ། །ཨོཾ་སྭ་སྟི། རྒྱལ་ཀུན་གསང་བ་བསམ་མི་ཁྱབ་པའི་མཛོད། །འཛིན་མཛད་རྡོ་རྗེ་ཆོས་དེ་མངོན་རྙེད་ཀྱང་། །སྙིང་རྗེའི་གཞན་དབང་ཁོ་ནས་ཕན་བདེའི་དཔྱིད། །མཐའ་ཡས་འགྲོ་ལ་སྩོལ་མཛད་སྤྲུལ་པའི་སྐུར། །ཡོངས་བཞེངས་རྒྱལ་བའི་སྲས་པོར་གསོལ་བ་འདེབས། །ཅེས་པ་འདི་ཡང་དད་ལྡན་འགའ་ཞིག་གི་ངོར་རང་ཉིད་ཀྱིས་སྨྲས་སོ། །

གསོལ་འདེབས་ཞལ་གསུངས་མ།

༄། །གསོལ་འདེབས་ཞལ་གསུངས་མ་བཞུགས། །རྒྱལ་སྲས་ཀུན་གྱི་བགྲོད་པ་གཅིག་པུའི་ལམ། །གཞན་ཕན་བྱང་ཆུབ་སེམས་སུ་ངེས་པའི་ཚུལ། །ཇི་བཞིན་རྟོགས་ནས་མཐའ་ཡས་འགྲོ་བ་ལ། །སྟོན་མཛད་དྲིན་ཅན་བླ་མར་གསོལ་བ་འདེབས། །ཞེས་གཞན་གསལ་ལྟར་གྱི་གསོལ་འདེབས་ཤོ་ལོ་ཀའི་མཇུག་ཏུ། །མནོག་ཆུང་ཚེ་འདིའི་བདེ་ལ་མི་ཞེན་ཞིང་། །སྲིད་པའི་ཕུན་ཚོགས་དུག་ལྡན་ཟས་བཞིན་དུ། །མཐོང་ནས་དབེན་པར་རྒྱལ་བའི་སྲས་ཀྱི་ལམ། །སྒྲུབ་ལ་བར་ཆད་མེད་པར་བྱིན་གྱིས་རློབས། །ཞེས་པའང་བསམ་ཡས་རབ་བྱུང་དབུ་མཛད་དགེ་སློང་དགེ་འདུན་འཕེལ་རྒྱས་ཀྱི་བཞེད་སྐོང་དུ་བཙུན་པ་རང་ཉིད་ཀྱིས་བྲིས་པ་དགེ། །།

བླ་མ་རྒྱངས་འབོད་ལམ་གནད་ཀུན་ཚང་།

༄། །བླ་མ་རྒྱངས་འབོད་ལམ་གནད་ཀུན་ཚང་ཞེས་བྱ་བ་བཞུགས། །ན་མོ་གུ་རུ། གཞི་གཉུག་མའི་རང་ཞལ་རྗེན་པ་རུ་སྟོན་པའི། །ཕ་སངས་རྒྱས་ཀུན་འདུས་དྲིན་ཅན་གྱི་བླ་མ། །མགོན་རྡོ་རྗེ་འཆང་དེར་སྙིང་ཁོང་ནས་འབོད་ན། །བུ་ལས་ཉོན་དགྲ་ལས་སྐྱོབ་པ་ཞིག་ཁྱེད་མཁྱེན། །གནས་ཁམས་གསུམ་འཁོར་བའི་རྒྱ་མཚོ་ཡི་ཀློང་འདིར། །རྟེན་དལ་འབྱོར་གྲུ་ཆེན་སྔོན་བསགས་ཀྱིས་ཐོབ་ཀྱང་། །སེམས་མི་མཐུན་རླུང་གིས་གཏད་མེད་དུ་ཁྱེར་བའི། །བུ་དྲེད་པོ་བདག་ལ་ཐུགས་རྗེ་ཡིས་གཟིགས་དང་། །ལས་བྱས་ཀྱང་ཟིན་མེད་འཇིག་རྟེན་གྱི་ཕྱི་ཚིས། །འདི་འགྲུབ་མིན་རེ་དོགས་ཆགས་སྡང་གི་ངང་ལ། །དགྲ་འཆི་བདག་སྲིན་མོས་གློ་བུར་དུ་བཅོམ་ན། །བུའི་སྐྱབས་གནས་མཛོད་དང་དྲིན་ཆེན་གྱི་བླ་མ། །དུས་ཐོག་མེད་ཅིག་ནས་འཁོར་བ་འདིར་འཁྱམས་ཀྱང་། །ལས་མི་དགེའི་ངན་སྤྱོད་སྤང་ཐབས་ལ་རྨོངས་ཏེ། །མཐར་ཐར་བའི་རྟེན་འབྲེལ་འགྲིགས་མེད་དུ་སོང་བའི། །བུ་རྟག་འཛིན་ཅན་ལ་ཐུགས་རྗེ་ཡིས་གཟིགས་དང་། །ཕྱོགས་གང་ནས་བསམ་ཀྱང་སྡུག་བསྔལ་གྱི་རྦ་ཀློང་། །སྐབས་རྒྱུན་ཆད་མེད་པར་ཤུགས་དྲག་ཏུ་གཡོ་བའི། །གནས་འཇིགས་རུང་འདི་འདྲར་བག་མེད་དུ་སྤྱོད་ན། །བུའི་ལམ་སྣ་དྲོངས་དང་དྲིན་ཆེན་གྱི་བླ་མ། །བློ་ཆགས་སྡང་རྨོངས་པའི་ལྕགས་མཁར་དུ་འཛུད་པའི། །ཡུལ་ཡིད་དུ་འོང་མིན་གནོད་སྦྱིན་གྱི་བུ་མོ། །འདི་སྔོན་ཆད་ཕན་པའི་ཟླ་གྲོགས་སུ་རློམས་པའི། །བུ་བློ་ཉེས་བདག་ལ་ཐུགས་རྗེ་ཡིས་གཟིགས་དང་། །རྐྱེན་བྱིང་རྒོད་རླབས་ཀྱིས་དབང་མེད་དུ་བསྐྱོད་ནས། །ཡིད་ཞི་གནས་བཟང་པོའི་གསེར་གླིང་དང་བྲལ་ཡང་། །སྔར་གོ་ཡུལ་ལྐོག་པོའི་སྟོང་གསོབ་ལ་ཞེན་ན། །བུའི་གོལ་ས་ཆོད་དང་དྲིན་ཆེན་གྱི་བླ་མ། །གཞི་ཕུང་སོགས་སྟེང་དུ་རིག་ཤེས་ཀྱིས་གཞལ་བའི། །དོན་བདག་མེད་རྟོགས་པའི་ལྟ་བ་དང་བྲལ་ཡང་། །སེམས་སྟོང་ཉམས་ཙམ་ལ་གཅེས་ནོར་དུ་འཛིན་པའི། །བུ་ཀུན་རྨོངས་བདག་ལ་ཐུགས་རྗེ་ཡིས་གཟིགས་དང་། །བློས་དཔྱད་ངོར་སྟོང་བའི་མེད་དགག་གི་སྦྱོར་ཚུལ། །འདི་རང་གིར་བགྱིས་ཀྱང་ལྷན་སྐྱེས་ཀྱི་འོད་གསལ། །དེ་མཇལ་བའི་སྐལ་བ་རྒྱངས་རིང་དུ་གྱུར་ན། །བུའི་གཉིས་འཛིན་སོལ་དང་དྲིན་ཆེན་གྱི་བླ་མ། །ཆོས་ཟབ་མོ་རྡོ་རྗེའི་ཐེག་པ་དང་མཇལ་ཡང་། །དེའི་འཇུག་སྒོ་དབང་གཞིའི་བསྟན་དོན་གྱི་ཉམས་ལེན། །ཐབས་རིམ་གཉིས་སྒོམ་པའི་གནད་འགག་ལ་རྨོངས་པའི། །བུ་ལམ་ནོར་བདག་ལ་ཐུགས་རྗེ་ཡིས་གཟིགས་དང་། །མགོན་ཐུབ་པའི་དབང་པོའི་གསུངས་རབ་ཀྱི་སྙིང་པོ། །མཆོག་བྱང་ཆུབ་སེམས་གཉིས་སྒོམ་ཚུལ་གྱི་རིམ་པ། །དེ་བསླབ་གསུམ་ནོར་བུའི་བང་མཛོད་ཀྱིས་བསྡུས་ན། །བུའི་ཕ་ཕོག་སྩོལ་དང་དྲིན་ཅན་གྱི་བླ་མ། །རྟེན་རྣམ་དག་ཁྲིམས་ཀྱི་ཞིང་ས་ལ་ཐེབས་པའི། །རྒྱུ་ཐོས་བསམ་ལས་བྱུང་ཤེས་རབ་ཀྱི་ས་བོན། །དེ་སྒོམ་པའི་རླན་གྱིས་རིམ་བཞིན་དུ་བསྐྱེད་པའི། །བུ་མཆོག་འདོད་བདག་ལ་ཐུགས་རྗེ་ཡིས་གཟིགས་དང་། །རྒྱུད་ཉོན་མོངས་ཐ་རྒོད་ཇི་བདེ་རུ་ཐུལ་ཞིང་། །ཉམས་རྟོགས་པའི་མྱུ་གུ་གོང་འཕེལ་དུ་གྱུར་འབྲས། །སེམས་འོད་གསལ་ཆོས་སྐུ་བླ་མ་ཡི་ངོ་བོར། །བུ་ད་ལྟ་གྲོལ་པར་བྱིན་གྱིས་རང་རློབས་ཤིག །ཅེས་པའང་ཟབ་མོའི་ལམ་གྱི་རྣལ་འབྱོར་ལ་གཅིག་ཏུ་བརྩོན་པའི་དགེ་སློང་རྡོ་རྗེ་འཛིན་པ་པདྨ་ཚེ་བརྟན་ནས་ཇི་ལྟར་བསྐུལ་དོན་ལྟར་བཙུན་པ་གཞན་ཕན་མཐའ་ཡས་པས་ཤར་མར་སྤེལ་བ་དགེ། །།

ཁྲི་ཆེན་རིག་འཛིན་སངས་རྒྱས་ཀུན་དགའི་ཞབས་བརྟན་གསོལ་འདེབས་ལྷ་ཡི་རྔ་སྒྲ།

༄། །ཁྲི་ཆེན་རིག་འཛིན་སངས་རྒྱས་ཀུན་དགའི་ཞབས་བརྟན་གསོལ་འདེབས་ལྷ་ཡི་རྔ་སྒྲ་བཞུགས་སོ། །ཨོཾ་སྭ་སྟི། ཀུན་ཁྱབ་ཐིག་ལེ་ནམ་མཁའི་གཟུགས་ཅན་དང་། །རོ་གཅིག་གྱུར་པ་སེམས་ཀྱི་དེ་བཞིན་ཉིད། །རྣམ་ཀུན་མཆོག་དང་ལྡན་པའི་བདེན་པ་དེས། །རྗེ་བཙུན་བླ་མ་ཞབས་པད་བརྟན་གྱུར་ཅིག །འགྱུར་མེད་ཆོས་ཉིད་རིག་པའི་གཤིས་གང་ལ། །མཚན་འཛིན་རྟོག་པའི་སྤྲོས་པ་ཉེར་ཞི་བའི། །དབྱིངས་གཅིག་སངས་རྒྱས་ཀུན་གྱི་བཞུགས་གནས་དེར། །འགྲོ་ཀུན་དགའ་བའི་གཉེན་ཁྱོད་ཞབས་བརྟན་ཤོག །མཚན་པའི་ལུས་སྣང་སྒྱུ་མའི་ལྷ་སྐུས་སྦྱངས། །གྲགས་པའི་སྒྲ་ཀུན་སྐྱེ་མེད་ཡི་གེར་དག །སེམས་ཀྱི་རྟོག་ཚོགས་མི་ཤིག་ནཱ་དའི་སྒྲར། །རྫོགས་པའི་གསང་གསུམ་རྡོ་རྗེའི་ངོ་བོར་ཤོག །མགོན་ཁྱོད་ཞབས་པད་བསྐལ་བརྒྱར་བརྟན་པ་དང་། །འགྲོ་ལ་ཟབ་རྒྱས་ཆོས་ཀྱི་ཆར་འབེབ་པའི། །གསོལ་བཏབས་རེ་བའི་སྨོན་པ་འདི་དག་ཀུན། །མཆོག་གསུམ་བདེན་པས་གེགས་མེད་འགྲུབ་གྱུར་ཅིག །ཅེས་པའང་རྒྱལ་བའི་སྲས་པོའི་མིང་གི་ཅོད་པཎ་འཆང་བ་གཞན་ཕན་མཐའ་ཡས་འོད་ཟེར་དུ་འབོད་པས་མོས་གུས་དྲག་པོས་གསོལ་བ་བཏབ་པའོ། །

གླིང་སྤྲུལ་རིན་པོ་ཆེ་མཁན་ཁྲིར་ཕེབས་སྐབས་ཞབས་བརྟན་དུ་ཕུལ་བ།

༄། །གླིང་སྤྲུལ་རིན་པོ་ཆེ་མཁན་ཁྲིར་ཕེབས་སྐབས་ཞབས་བརྟན་དུ་ཕུལ་བ་བཞུགས། །ཨོཾ་བདེ་ལེགས་སུ་གྱུར་ཅིག ས་གསུམ་འགྲོ་བའི་གཙུག་གི་རྒྱན་གཅིག་པུ། །ཐུབ་བསྟན་ཡིད་བཞིན་དབང་གི་རྒྱལ་པོ་ཉིད། །བཤད་སྒྲུབ་རྒྱལ་མཚན་མཐོན་པོར་རྩེར་འཛིན་པའི། །མཉམ་མེད་དཔལ་ལྡན་བཟང་པོ་རྒྱལ་གྱུར་ཅིག །ཐུབ་པའི་བསྟན་ལ་ཐུབ་པའི་དབང་པོ་བཞིན། །བདུད་སྡེའི་གཡུལ་ལས་རྒྱལ་བའི་དགེ་མཚན་གྱི། །དཔལ་བཟང་སྲིད་ཞིའི་བླ་ན་མངོན་མཐོ་བའི། །བསྟན་འགྲོའི་མགོན་པོར་ཡུན་རིང་འབར་གྱུར་ཅིག །བཀའ་ཐུབ་མི་ཤིག་འདུལ་བསྟན་རྩ་བ་བརླིངས། །ལུང་དང་རིགས་པའི་རྒྱལ་མཚན་རྩེ་མཐོ་བའི། །གཡོ་མེད་ཏིང་འཛིན་ལྗོན་པ་དཔལ་ཡོན་གྱི། །ཡལ་འདབ་བཟང་པོ་ཕྱོགས་བརྒྱར་གྲོལ་གྱུར་ཅིག །བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན། །བསྟན་འཛིན་སྐྱེས་བུས་ས་སྟེང་ཡོངས་ལ་ཁྱབ། བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་བ་རྒྱས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ལུང་དང་རྟོགས་པའི་དབང་ཕྱུག་གླིང་སྤྲུལ་པའི་སྐུ་རིན་པོ་ཆེ་ཐུབ་བསྟན་རྒྱལ་མཚན་དཔལ་བཟང་པོ་ཉིད། བདག་ཅག་གི་སྟོན་པས་ཆོ་འཕྲུལ་ཆེན་པོ་བསྟན་པའི་སྒོ་ནས་བདུད་རིགས་ཕམ་པར་མཛད་པའི་དུས་སྟོན་གྱི་སྐབས་སུ། གངས་རིའི་ལྗོངས་འདིར་བསྟན་པ་རྒྱ་མཚོའི་སྙིང་པོ་བཤད་སྒྲུབ་གཉིས་ལྡན་གྱི་སྒོ་ནས་འཛིན་པ་ཆོས་གྲྭ་ཆེན་པོ་མདོ་ཁམས་རྫོགས་ཆེན་དགོན་ཞེས་ཡོངས་སུ་གྲགས་པ་རུ་དམ་བསམ་གཏན་ཆོས་གླིང་གི་མཁན་ཁྲིར་གསར་དུ་ཕེབས་པའི་ཚེ་ཆོས་སྨྲ་བའི་བཙུན་པ་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་འོད་ཟེར་དུ་འབོད་པས་ཤིས་བརྗོད་ཀྱི་ཚིགས་སུ་བཅད་པ་སྟེ་ཇི་ལྟར་སྨོན་པའི་དོན་རྣམས་ཡོངས་སུ་འགྲུབ་པར་ཤོག། དགེའོ། །

གླིང་སྤྲུལ་ཞབས་བརྟན་སྨོན་ཚིག

༄། །གླིང་སྤྲུལ་ཞབས་བརྟན་སྨོན་ཚིག་བཞུགས། །སྨྲ་བར་ཟླ་མེད་ཐུབ་པའི་དབང་པོ་ཡི། །བསྟན་པའི་རྒྱལ་མཚན་འཛིན་པའི་དཔལ་བཟང་པོ། །བསྟན་པ་རིན་ཆེན་འཛིན་པའི་རྒྱན་གཅིག་པུར། །གཡོ་མེད་རྡོ་རྗེའི་ཁྲི་ལ་བརྟན་བཞུགས་གསོལ། །ཞེས་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་ཐུབ་བསྟན་རྒྱལ་མཚན་དཔལ་བཟང་པོ་ཉིད་མདོ་ཁམས་རྫོགས་ཆེན་དགོན་གྱི་འདུས་སྡེའི་མཁན་པོར་མངའ་གསོལ་བའི་སྐབས་སུ་བཙུན་པ་གཞན་ཕན་མཐའ་ཡས་པས་ཞབས་བརྟན་སྨོན་ཚིག་ཏུ་སྦྱར་བ་འདིས་ཀྱང་ནག་ཕྱོགས་བདུད་སྡེའི་དཔུང་ཚོགས་མ་ལུས་པ་ཅིག་ཅར་ཉིད་དུ་འཇོམས་ནུས་གྱུར་ཅིག།

༄། །ཐུབ་བསྟན་བཤད་དང་སྒྲུབ་པས་འཛིན་པ་ལ། །ཕྱོགས་ལས་རྣམ་པར་རྒྱལ་བའི་དགེ་མཚན་ཅན། །དཔལ་ལྡན་མཁས་བཙུན་བཟང་པོའི་བླ་མ་ལ། །ཟོལ་མེད་སྒོ་གསུམ་གུས་པས་གསོལ་བ་འདེབས། །ཞེས་པའང་དད་ལྡན་བསོད་ནམས་ཚེ་བརྟན་གྱི་མོས་ངོར་བཙུན་པ་གཞན་ཕན་པས་བྲིས་པ་དགེ། །།

ཞལ་བརྟན་གསོལ་འདེབས་ཞལ་གསུམ་མ།

༄། །ཞལ་བརྟན་གསོལ་འདེབས་ཞལ་གསུམ་མ་བཞུགས། །ཨོཾ་སྭ་སྟི། སྣང་བཏགས་ཆོས་ཀུན་བདེན་པས་སྟོང་བ་དང་། །མཉམ་སྦྱོར་འོད་གསལ་མཆོག་གི་རྡོ་རྗེ་སེམས། །ཀུན་བཟང་བླ་མའི་ངོ་བོ་རང་རིག་པས། །རྒྱལ་བའི་སྲས་ཁྱོད་ཞབས་པད་བརྟན་གྱུར་ཅིག །མ་དག་རླུང་སེམས་ངྷཱུ་ཏིའི་གཞན་དབང་དུ། །གྱུར་པས་ནང་གི་ཉི་མར་ཕན་བདེའི་དཔྱིད། །སྦྱིན་མཛད་ཟླ་བའི་བཏུང་བ་རྒྱུན་མཐའ་རུ། །འཛག་མེད་བགྲངས་ཡས་འཁོར་ལོར་རྟག་བརྟན་ཤོག །དོན་དམ་ཀ་ནས་དག་པའི་སྤྲོས་བྲལ་དང་། །རྟེན་ཅིང་འབྲེལ་བར་ལྷུན་གྱིས་གྲུབ་པའི་ཆོས། །གང་ཞིག་གཉིས་སུ་འཛིན་པའི་མཐའ་སྤངས་པའི། །རང་བཞིན་རྫོགས་པ་ཆེན་པོར་བཞུགས་གྱུར་ཅིག། ཅེས་པའང་མཆོག་གི་རྡོ་རྗེ་སློབ་དཔོན་པད་སྤྲུལ་རིན་པོ་ཆེ་པདྨ་དབང་རྒྱལ་རྡོ་རྗེས་བཀྲ་ཤིས་པའི་ལྷ་རྫས་དང་རིན་ཆེན་གཉིས་པའི་འཁོར་ལོའི་གནང་སྐྱེས་བཅས་བཀའ་སྩལ་གཙུག་ཏུ་ཕེབ་པའི་བཞེད་པ་སྐོང་ཕྱིར་འཁོས་ཆུང་མདོ་ཁམས་པ་རང་ཉིད་ཀྱིས་སྨྲས་པའོ། །

རྗེ་བཙུན་མ་རྡོ་རྗེ་ཕག་མོའི་ཞབས་བརྟན་གསོལ་འདེབས།

༄། །རྗེ་བཙུན་མ་རྡོ་རྗེ་ཕག་མོའི་ཞབས་བརྟན་གསོལ་འདེབས་བཞུགས། །ན་མོ་གུ་རུ་ཛྙཱ་ན་ཌཱཀྐི་ནི་ཡེ། །ཟག་བྲལ་ཡེ་ཤེས་མཆོག་གི་སྐུ་སྐྱེད་པའི། །ཤེས་རབ་ཕ་རོལ་ཕྱིན་ཡུམ་ཀུན་བཟང་མོའི། །རྣམ་རོལ་འཁོར་ལོའི་ཁྱབ་བདག་ཝཱ་ར་ཧི། །སྣ་ཚོགས་སྒྱུ་མའི་གར་མཁན་དེ་ལ་འདུད། །རྗེ་བཙུན་མ་ཁྱོད་བློ་བཟང་གདུལ་བྱའི་དོར། །ཐུགས་མཆོག་ཆོས་དབྱིངས་ཞི་ལས་མ་གཡོས་བཞིན། །བདེ་སྟོང་ལྷན་སྐྱེས་དགའ་བ་ཆེན་པོའི་མཚོར། །རོལ་པའི་གཙོ་མོར་སྣང་ལ་གསོལ་བ་འདེབས། །ཁྱད་པར་རྒྱལ་རིགས་ལཀྵིཾ་ཀ་ར་ནས། །མནྡ་ར་དང་མཁར་ཆེན་མཚོ་རྒྱལ་སོགས། གནས་ཡུལ་སྐྱོང་བའི་འཕུར་འགྲོའི་དབང་མོ་ཀུན། །སྤྲོ་བསྡུའི་བྱེད་པོར་གྱུར་ལ་གསོལ་བ་འདེབས། །ཆེར་སྙིགས་འགྲོ་ལ་ལྷག་པར་རྗེས་བརྩེའི་ཐུགས། །ཡལ་གམ་བརྟན་པོས་བཀུག་པའི་རི་དྭགས་འཛིན། །རྙོགས་བྲལ་དད་པའི་ཆུ་མཚོར་གསལ་བ་འདིར། །བསམ་ཤིང་བསམ་ནས་གུས་ཕྱག་རླབས་ཕྲེང་སྤེལ། །དེ་ཕྱིར་གངས་ལྡན་འཛིན་མའི་ཁུ་ཚུར་དུ། །ཡིད་ཅན་བསོད་ནམས་མགྲོན་པོས་ལེགས་བྱིན་པའི། །མཚན་དཔེའི་འདབ་སྟོང་གྲོལ་བའི་ཆུ་སྐྱེས་གང་། །སྲིད་མཐའི་བར་དུ་ཉམས་མེད་གསལ་གྱུར་ཅིག །གང་གི་རྣམ་ཐར་དྲན་པའི་གཞན་དབང་དུ། །སོང་བའི་བློ་གྲོས་ལུས་མེད་དང་འཁོན་བ། །དད་བརྒྱའི་བ་དན་སློང་བ་ལ་བརྩོན་ནས། ཐུགས་རྗེའི་ཕྱག་བཟང་སྐྱོངས་ཤིག་རྣལ་འབྱོར་མ། །བློ་སྦྱོང་གཤོལ་གྱིས་བཏུལ་བའི་ཀུན་གཞིའི་ཞིང་། །ཉམས་རྟོགས་ས་བོན་གྲུབ་པའི་མངལ་འཛིན་མར། །གྲུབ་གཉིས་འབྲས་བཟང་གཡུལ་དུ་ཟ་བ་ཡི། །བྱིན་རླབས་བདུད་རྩིའི་ཆར་རྒྱུན་འབེབས་མཛོད་ཅིག །རྩ་ཐིག་རླུང་གི་འཇུག་པ་རྒྱུན་ཕྱོགས་ལས། །ལྡོག་པའི་ཐབས་ལམ་ཟབ་མོའི་ལྕགས་ཀྱུ་ཡིས། །འཁོར་བ་ཀ་ནས་དག་པའི་གཞི་དབྱིངས་ཆེར། །དེ་རིང་ཉིད་ནས་འདྲེན་པར་མཛད་དུ་གསོལ། །བདག་ནི་སྲིད་པའི་དཔལ་ལ་མི་ཆགས་ཤིང་། །ཞི་བའི་བདེ་བའང་དོན་དུ་གཉེར་མིན་པས། །གཉིས་མཐར་མི་གནས་ཟུང་འཇུག་རྡོ་རྗེ་འཆང་། །ཚེ་འདིར་མངོན་དུ་ཐོབ་པར་བྱིན་གྱིས་རློབས། །དེ་ལྟར་ཐོབ་ནས་སྣ་ཚོགས་སྡུག་བསྔལ་གྱིས། །དུབ་པའི་འགྲོ་ཀུན་སྲིད་ཞིའི་འཇིགས་པ་ལས། །སྒྲོལ་པའི་ཕྲིན་ལས་བཟང་པོ་རྒྱལ་རྣམས་དང་། ཐ་མི་དད་པར་ལྷུན་གྱིས་འགྲུབ་པར་ཤོག །ཅེས་པའང་རྗེ་བཙུན་མ་ཉིད་ཀྱི་ཞལ་སློབ་ཡར་འབྲོག་པ་སྒྲུབ་བརྩོན་རིག་འཛིན་ཆོས་དབང་ནས་ལྷ་རྫས་རིན་གཉིས་པའི་འཁོར་ལོ་དང་བཅས་བསྐུལ་བའི་བཞེད་སྐོང་དུ་མདོ་ཁམས་ཀྱི་བཙུན་པ་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་འོད་ཟེར་དུ་འབོད་པས་གསོལ་བ་བཏབ་པ་དགེ། དགེའོ།། །།

རྡོ་རྗེ་འཛིན་པ་བྱང་ཆུབ་བརྩོན་འགྲུས་ཀྱི་ཞབས་བརྟན་སྨོན་ཚིག།

༄། །རྡོ་རྗེ་འཛིན་པ་བྱང་ཆུབ་བརྩོན་འགྲུས་ཀྱི་ཞབས་བརྟན་སྨོན་ཚིག་བཞུགས། །ཨོཾ་སིདྡྷེ་རེསྟུ། བདེ་ཆེན་ཡེ་ཤེས་མཆོག་གི་སྒྱུ་དྲྭའི་གར། །རྣམ་བྱང་ཆེན་པོའི་ངོ་བོར་ཡོངས་བསྒྱུར་པས། །སྲིད་ཞིའི་ཆོས་ཀུན་གདོད་མར་འུབ་ཆུབ་པ། །ཆོས་རྗེ་བླ་མའི་ཞབས་ལ་གསོལ་བ་འདེབས། །མགོན་ཁྱོད་བསྐལ་མང་གོང་ནས་མཁྱེན་པ་གཉིས། །བསྒྲུབ་པའི་བརྩོན་འགྲུས་ཆེན་པོའི་མཐར་གཤེགས་ཀྱང་། །འགྲོ་ཀུན་སྲིད་ལས་སྒྲོལ་པའི་ཐུགས་བསྐྱེད་ཀྱི། །ཡལ་གམ་དུས་ལས་མ་ཡོལ་བླ་མ་རྗེ། །རྡོ་རྗེའི་སྐུ་ལ་སྐྱེ་འཇིགས་མི་དམིགས་ཀྱང་། །གདུལ་བྱའི་བློ་མཚོར་ཤར་བ་གཟུགས་སྐུའི་ཟླ། །ཉེས་ཕྱོགས་དྲི་ཡི་བཞོན་པས་མི་བསྐྱོད་པར། །སྲིད་མཐའི་བར་དུ་ཉམས་མེད་གསལ་གྱུར་ཅིག །ཅེས་པའང་ཨ་མདོའི་བླ་མ་པདྨ་བདུད་འདུལ་དབང་ཕྱུག་གིས་དོན་གཉེར་ཆེན་པོས་བསྐུལ་ངོར་མདོ་ཁམས་ཀྱི་བཙུན་པ་རྒྱལ་སྲས་གཞན་ཕན་མཐའ་ཡས་སུ་འབོད་པས་གསོལ་བ་བཏབ་པ་དགེ། །།

རྒྱལ་སྲས་བཟང་པོའི་ཞབས་བརྟན།

༄། །རྒྱལ་སྲས་བཟང་པོའི་ཞབས་བརྟན་བཞུགས། ཀུན་བཟང་ཆོས་སྐུའི་རྣམ་རོལ་གདུལ་བྱའི་ངོར། །དཔག་ཡས་ཞིང་གི་སྟོན་པར་སྣང་བ་ལས། །སླར་ཡང་སྣ་ཚོགས་སྤྲུལ་པའི་གར་མཛད་པ། །རྒྱལ་སྲས་བཟང་པོའི་ཞབས་ལ་གསོལ་བ་འདེབས། །མགོན་ཁྱོད་བསྐལ་མང་གོང་ནས་གཞན་ཕན་གྱིས། །ཐུགས་བསྐྱེད་ཕ་མཐའ་ཡས་པ་ལྷུར་བཞེས་ནས། །བདག་སོགས་འགྲོ་ལ་སྨིན་གྲོལ་ལམ་སྟོན་ཅིང་། །བསྐལ་བ་རྒྱ་མཚོར་ཞབས་པད་བརྟན་བཞུགས་གསོལ། །ཅེས་པའི་སྨོན་ཚིག་འདི་ཡང་ལྷོ་བྲག་གསུང་སྤྲུལ་རིན་པོ་ཆེ་ངག་དབང་ཆོས་ཀྱི་བློ་གྲོས་ཀྱི་ཞལ་སྔ་ནས། ལྷ་རྫས་དང་བཅས་བཀའ་སྩལ་གཙུག་ཏུ་ཕེབས་པའི་བཞེད་པ་བསྐོང་ཕྱིར་རྨོངས་རྟུལ་མདོ་ཁམས་པ་རང་ཉིད་ཀྱིས་སྤེལ་བ་མངྒ་ལམ།། །།

ས་སྐྱོང་སྡེ་དགེའི་ཆོས་རྒྱལ་ཞབས་བརྟན་ངག་འདོན།

༄། །ས་སྐྱོང་སྡེ་དགེའི་ཆོས་རྒྱལ་ཞབས་བརྟན་ངག་འདོན་བཞུགས། །ཨོཾ་སྭ་སྟི། མཚན་མའི་སྤྲོས་པ་ཉེ་བར་ཞི་བའི་དབྱིངས། །ལྷན་སྐྱེས་ཡེ་ཤེས་མཆོག་གི་གཏེར་གྱུར་པ། །ཁྱབ་བདག་གདོད་མའི་མགོན་པོ་རང་རིག་དང་། །དབྱེར་མེད་རྟོགས་པས་ལེགས་སྨོན་འགྲུབ་གྱུར་ཅིག །མཐར་ལྟའི་འཇིགས་པ་བརྗོད་བྲལ་ལྟ་བ་ཡིས། །བསལ་ཚེ་འཁོར་འདས་ཆོས་རྣམས་རང་དབང་དུ། །གྱུར་ནས་རྒྱུ་རིགས་གཟུང་འཛིན་ལས་གྲོལ་པའི། །མཆོག་གཟིགས་རྡོ་རྗེ་འཛིན་པ་ཞབས་བརྟན་ཤོག །མ་དག་སྣང་ཞེན་ལྟར་སྣང་སྒྱུ་མར་སྦྱངས། །སྒྲ་ཚིག་ཡི་གེ་གྲགས་སྟོང་སྔགས་སུ་དེངས། །སེམས་དང་སེམས་བྱུང་འཇུག་པ་ཆོས་ཉིད་ངང་། །ཞི་བའི་གསང་གསུམ་རྡོ་རྗེའི་ངོ་བོར་ཤོག །ལུས་སྣང་ཞེན་པ་རང་དག་ཡུམ་ལྔའི་མཁར། །རང་བྱུང་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུའི། །རྟེན་གྱུར་རྩ་རླུང་ཐིག་ལེའི་བྱེད་པ་ཀུན། །སྒྲ་གཅན་དབྱིངས་སུ་ཅིག་ཆར་ཉལ་གྱུར་ཅིག །གང་ཚེ་མུན་ཅན་ལས་འབར་ཙཎྜ་ལིས། །ནང་གི་ཟླ་བ་ཟ་བའི་རྣམ་འགྱུར་གྱིས། །དགའ་བཞི་མཆོག་གི་ཡེ་ཤེས་ལྔས་ཕྱེ་བས། །རྣམ་པ་ཉི་ཤུའི་བྱང་ཆུབ་མངོན་བྱེད་ཤོག །དེ་ལྟར་འཁོར་ལོ་བཞི་ལ་གནད་བསྣུན་པས། །རིམ་བཞིན་འཁོར་ལོའི་འཆིང་བྱེད་ཀུན་གྲོལ་ཏེ། །བདེ་ཆེན་འཁོར་ལོར་རྡོ་རྗེ་འཆང་བརྙེས་པ། །གང་དེར་འཁོར་ལོའི་མགོན་པོར་རྟག་བཞུགས་ཤོག །ཕྱི་རོལ་གཉིས་སྣང་གཟུང་འཛིན་ཀུན་སྤང་ནས། །ནང་དུ་འོད་གསལ་གཞོན་ནུ་བུམ་པའི་སྐུར། །བཞུགས་པ་ནའང་འབྲས་བུའི་ལྷུན་གྲུབ་ལས། །རླབས་ཆེན་ཕྲིན་ལས་འགྲོ་བའི་དཔལ་དུ་ཤོག །བསླུ་མེད་མགོན་པོ་རིན་ཆེན་རྣམ་གསུམ་དང་། །ལྷ་དང་དྲང་སྲོང་སྨོན་ལམ་གྲུབ་པའི་མཐུས། །བདག་གིས་ལྷག་བསམ་དག་པའི་གསོལ་བཏབས་ཀུན། །འབད་པ་མེད་པར་དེང་འདིར་ལྷུན་གྲུབ་ཤོག །ཅེས་པའང་སྐྱབས་མགོན་རྫོགས་ཆེན་མཆོག་སྤྲུལ་རིན་པོ་ཆེའི་རབ་དཀར་ལྷ་རྫས་དང་བཅས་ས་སྐྱོང་སྡེ་དགེ་ཆོས་རྒྱལ་རིན་པོ་ཆེའི་ཞབས་བརྟན་ངག་འདོན་འོས་པ་ཞིག་རྩོམ་དགོས་ཞེས་བཀའ་ཕེབས་ཇི་ལྟར་གནང་བཞིན། རྗེ་གང་གི་བཀའ་དྲིན་གྱིས་འཚོ་བའི་ཤཱཀྱའི་བཙུན་པ་གཞན་ཕན་པས་བཀྲ་ཤིས་པའི་འགྲུབ་སྦྱོར་བཟང་པོ་དང་བསྟུན་ནས་ཤར་མར་སྤེལ་བ་མངྒ་ལམ།། །།

ཞབས་བརྟན་མི་འགྱུར་མཆོག་གི་བདེ་ཆེན།

༄། །ཞབས་བརྟན་མི་འགྱུར་མཆོག་གི་བདེ་ཆེན། །ཨོཾ་སྭ་སྟི། མི་འགྱུར་མཆོག་གི་བདེ་ཆེན་ལ་རོལ་པ། །གྲངས་མེད་རབ་འབྱམས་ཞིང་གི་རྒྱལ་ཀུན་གྱིས། །ཐེག་མཆོག་བསྟན་པ་འཛིན་མཛད་དགེ་བའི་བཤེས། །བསྐལ་བརྒྱར་ཞབས་པད་བརྟན་པའི་ཤིས་པ་སྩོལ། །འཇམ་མགོན་བློ་མཚོའི་དཔལ་ལས་ལེགས་བསྐྲུན་ཅིང་། །བསམ་ཡས་འགྲོ་ལ་གཏན་བདེའི་མིག་སྦྱིན་པའི། །རྗེ་བཙུན་སྣང་བ་རྒྱ་མཚོའི་མཛོད་འཛིན་གང་། །སྲིད་འདིའི་འགྲོ་བའི་ཉེར་འཚོར་ཞབས་བརྟན་གསོལ། །བསླུ་མེད་མཆོག་གསུམ་བདེན་པའི་བྱིན་རླབས་དང་། །སྟོང་དང་རྟེན་འབྱུང་འགལ་མེད་བདེན་མཐུ་ཡིས། །རིག་འཛིན་བླ་མའི་སྐུ་ཚེ་ཡུན་བརྟན་པའི། །སྨོན་གནས་འདི་ཀུན་གེགས་མེད་འགྲུབ་གྱུར་ཅིག། ཅེས་པའང་དད་ལྡན་ཚེ་རིང་རྒྱལ་ནས་ཇི་ལྟར་བསྐུལ་བཞིན་ཆོས་སྨྲ་བའི་བཙུན་པ་རྒྱལ་སྲས་གཞན་ཕན་མཐའ་ཡས་སུ་འབོད་པས་གསོལ་བ་བཏབ་པ་དགེ།

གླིང་རྗེ་དྲུང་རིན་པོ་ཆེའི་ཡང་སྲིད་མྱུར་འབྱོན་གྱི་གསོལ་འདེབས་དྲང་སྲོང་བདེན་ཚིག

༄། །གླིང་རྗེ་དྲུང་རིན་པོ་ཆེའི་ཡང་སྲིད་མྱུར་འབྱོན་གྱི་གསོལ་འདེབས་དྲང་སྲོང་བདེན་ཚིག་ཅེས་བྱ་བ། །ཨོཾ་སྭ་སྟི། བདེ་འབྱུང་གཙུག་ཕུད་ནོར་བུས་གང་ཞབས་ལ། །བཏུད་གྱུར་སྨོན་གནས་གྲུབ་པའི་དྲང་སྲོང་ཆེ། །འཆི་མེད་དབང་པོར་བཅས་དང་རིག་པ་འཛིན། །བདེན་ཚིག་གྲུབ་པ་རྣམས་ཀྱིས་མཐུན་འགྱུར་མཛོད། །དུས་གསུམ་རྒྱལ་ཀུན་འདུས་ཞལ་པདྨ་འབྱུང་། །མཐའ་ཡས་འགྲོ་ངོར་གང་འདུལ་ཐུགས་རྗེའི་རྩལ། །འགོག་མེད་ཆུ་ཟླའི་གར་གྱིས་རྣམ་རོལ་པ། །ཆོས་རྗེ་རིན་པོ་ཆེ་ལ་གསོལ་བ་འདེབས། །མགོན་ཁྱོད་བསྐལ་མང་གོང་ནས་གདུལ་འགྲོའི་རྒྱུད། །རླབས་ཆེན་ཕྲིན་ལས་བཟང་པོས་འདུལ་བའི་ཁུར། །རང་གིར་བཞེས་པའི་ཐུགས་བསྐྱེད་གཡེལ་མེད་པར། །སྙིགས་མའི་འགྲོ་ལ་ལྷག་པར་བརྩེར་དགོངས་ཤིག །སྒྲིབ་བྲལ་ཆོས་དབྱིངས་མཁའ་ལས་གཟུགས་སྐུའི་ཉི། །མོས་བློ་དག་པའི་པད་ཚལ་ལ་འཆར་བའི། །སྒྱུ་འཕྲུལ་རྡོ་རྗེའི་རོལ་མོ་མཐའ་ཡས་པ། །ཉེ་བར་བསྐུལ་ལོ་མཉམ་མེད་གུ་རུ་རྗེ། །གང་སྔོན་མཛད་པ་རྒྱ་མཚོའི་མཐར་སོན་ཀྱང་། །སྤྲུལ་པའི་རྣལ་རོལ་སྲིད་མཐའ་གཟིགས་ཀྱི་བར། །དལ་འགྲོའི་རྒྱུན་བཞིན་འཇུག་པ་བདག་སོགས་འགྲོའི། །འདྲེན་བྱེད་དགེ་བའི་ཞིང་སར་མྱུར་འབབ་ཤོག །སྐྱེ་འགགས་བྲལ་བ་གདོད་མའི་དབྱིངས་ཆེན་པོར། །མངོན་པར་བྱང་ཆུབ་ཡེ་ཤེས་མཆོག་གི་སྐུའི། །སྣང་བརྙན་གསར་བའི་རེ་ཁ་རྣམ་བཀྲ་བ། །སྲིད་གསུམ་འབྱུང་པོའི་ཚོགས་ལས་རྒྱལ་གྱུར་ཅིག །ཅེས་པའང་དྲུང་རིན་པོ་ཆེ་ཀུན་དགའ་ཕྲིན་ལས་རྒྱ་མཚོའི་བཞེད་སྐོང་དུ། བཙུན་པ་གཞན་ཕན་མཐའ་ཡས་པས་སྤེལ་བ་ཉིད་རེ་འབྲས་དོན་ལྡན་དུ་གྱུར་ཅིག། བཀྲ་ཤིས། །དགེའོ།། །།

གཡག་ཟེ་མཆོག་སྤྲུལ་མྱུར་འབྱོན་གསོལ་འདེབས།

༄། །གཡག་ཟེ་མཆོག་སྤྲུལ་མྱུར་འབྱོན་གསོལ་འདེབས་བཞུགས་སོ། །ཨོཾ་སྭ་སྟི། །གང་གི་ཞབས་སེན་ཟླ་ཕྲེང་གིས། །རྣམ་སད་དབང་པོའི་གཙུག་ནོན་པའི། །ཟླ་བྲལ་སྟོན་པ་དྲང་སྲོང་ཆེ། །བདེན་ཚིག་མཐུན་འགྱུར་མཛད་ལ་དགོངས། །པད་མའི་མཚོ་ལ་ཉིན་བྱེད་བཞིན། །ཐུབ་བསྟན་དར་ཞིང་རྒྱས་མཛད་པའི། །དགེ་བའི་བཤེས་ཀྱི་སྒྱུ་འཕྲུལ་གར། །གདུལ་བྱའི་མོས་ངོར་མྱུར་འབྱོན་གསོལ། །གཉིས་སྣང་མུན་པ་ཀུན་ཟ་བའི། །འོད་གསལ་རྟ་ལྗང་དབང་པོའི་གཟིས། །འགྲོ་བློའི་འདབ་ལྡན་སྲིད་མཐའི་བར། །སྐྱོང་བའི་ཞལ་བཞེས་གཡེལ་མེད་གསོལ། །བདག་ལྟའི་རྩ་བ་ལ་སྡང་བའི། །ཕུལ་བྱུང་མཁྱེན་རབ་མྱང་འདས་ཀྱི། །ཟླ་བོར་སོང་ཡང་ཐུགས་རྗེའི་རྒྱུན། །ཞི་བའི་མཐའ་ལ་ཁྲོ་བར་མཛོད། །སྙིང་ནས་གསོལ་བ་བཏབ་པའི་འབྲས། །དད་པའི་ཆུ་མཚོ་ལ་ཤར་བ། །ཡང་སྲིད་འོད་དཀར་གསར་བའི་བཞིན། །ཕྱོགས་ལས་རྣམ་པར་རྒྱལ་གྱུར་ཅིག །ཅེས་པའང་གཡག་ཟེ་དགོན་བླ་གྲྭ་རྣམས་ཀྱི་བཞེད་སྐོང་དུ་བཙུན་པ་གཞན་ཕན་མཐའ་ཡས་པས་སྤེལ་བ་རེ་འབྲས་དོན་ལྡན་དུ་གྱུར་ཅིག། བཀྲ་ཤིས། །དགེའོ། །

ཡང་སྲིད་མྱུར་འབྱོན་གསོལ་འདེབས།

༄། །ཡང་སྲིད་མྱུར་འབྱོན་གསོལ་འདེབས་བཞུགས། །ཨོཾ་ནིརྨ་ཀཱ་ཡ་སིདྡྷི་ཀུ་རུ་ཧོ། །གང་གི་ཞབས་སེན་འོད་དཀར་ཕྲེང་བའི་དཔལ། །སྐབས་གསུམ་དབང་པོའི་གཙུག་ན་མཛེས་གྱུར་པ། །ཀུན་མཁྱེན་འགྲོ་བའི་ལྷ་གཅིག་སྲས་དང་བཅས། །ལེགས་སྨོན་འགྲུབ་པའི་མཐུན་འགྱུར་མཛད་ལ་དགོངས། །གདུལ་བྱའི་སྐལ་བ་ཇི་བཞིན་བཟང་པོའི་ལམ། །སྟོན་མཛད་འཁོར་ལོའི་མགོན་པོ་ཆོས་ཀྱི་རྗེ། །ཟག་བྲལ་ཆོས་ཀྱི་དབྱིངས་སུ་གཟིམས་པ་ལས། །འགོག་མེད་སྤྲུལ་པའི་སྤྲིན་ཚོགས་གཡོ་བར་གསོལ། །བགྲངས་ཡས་བསྐལ་བར་ཐུགས་བསྐྱེད་ནོར་བུའི་ཁམས། །གཅིག་ཏུ་བརླིང་བར་གྲུབ་པ་བསྐུལ་བའི་ངག །རྟེན་འབྱུང་བསླུ་མེད་བདེན་པའི་གསོལ་ལགས་ན། །མོས་བློར་འཚམས་པའི་འདོད་འབྲས་ཆར་དུ་སྙིལ། །དེ་བཞིན་ཉིད་དབྱིངས་སྤྲོས་པ་ཀུན་བྲལ་ལས། །ཡེ་ཤེས་སྒྱུ་མའི་རོལ་མོ་མཐའ་ཡས་པ། །གདུལ་འགྲོའི་སྐལ་བ་ཇི་བཞིན་འཁྲོལ་བ་ལ། །ཉེས་ཕྱོགས་བདུད་དགྲས་བརྫི་བར་མ་གྱུར་ཅིག །ཅེས་པའང་མཆོག་གཟིགས་སྤྲུལ་པའི་སྐུ་རིན་པོ་ཆེ་ཐུབ་བསྟན་སྣང་མཛད་འོད་ཟེར་གྱི་དགོངས་བཞེད་ལྟར་བཙུན་པ་གཞན་ཕན་མཐའ་ཡས་པས་ཤར་མར་སྤེལ་བ་དགེ།


previousགསོལ་འདེབས་ཞབས་བརྟན་གྱི་སྐོར་ཚོ།next