Nitartha Digital Library
Tibetan
རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་གསུང་འབུམ།


   
   
   
  expand section
  expand section
  expand section
  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་གསོལ་བ་འདེབས་པ་ཐུགས་རྗེའི་འདྲེན་པའི་ལྕགས་ཀྱུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section


 
previousའཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་གསོལ་བ་འདེབས་པ་ཐུགས་རྗེའི་འདྲེན་པའི་ལྕགས་ཀྱུ།next

འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་གསོལ་བ་འདེབས་པ་ཐུགས་རྗེའི་འདྲེན་པའི་ལྕགས་ཀྱུ།

༄། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་གསོལ་བ་འདེབས་པ་ཐུགས་རྗེའི་འདྲེན་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས། །སྐྱབས་རྒྱལ་ཀུན་གསུང་གི་རྡོ་རྗེ་འཛིན། །དཔལ་འཆི་མེད་མགོན་པོའི་རྣམ་རོལ་མཆོག །གནས་པོ་ཊ་ལར་བཞུགས་པད་དཀར་འཆང་། །ཀྱེ་གངས་རིའི་མགོན་པོ་ཁྱེད་ལ་འདུད། །བདག་གདོང་དམར་བོད་ཀྱི་སེམས་ཅན་རྣམས། །ལྷ་ཁྱེད་ཀྱི་ཐུགས་རྗེས་གདུལ་ཞིང་དུ། །མགོན་ཐུབ་པའི་དབང་པོས་ལུང་བསྟན་པ། །ད་དུས་ལ་བབ་པོ་སྤྱན་རས་གཟིགས། །རྒྱུ་ཀུན་འབྱུང་ལས་དང་ཉོན་མོངས་ཀྱིས། །སྲིད་འཁོར་བའི་དུཿཁར་བཅིང་བ་བདག །དེ་རྗེ་བཙུན་ཐུགས་རྗེས་མ་སྐྱབས་ན། །སྐྱབས་གཞན་ན་མེད་པའི་ཁོ་ཐག་ཆོད། །ཁྱེད་སྐལ་མང་གོང་ནས་སངས་རྒྱས་ཀྱང་། །གནས་ཁམས་གསུམ་འཁོར་བ་མ་སྟོང་བར། །མ་འགྲོ་བའི་དོན་ཆེན་བསྒྲུབ་མཛད་པའི། །ཐུགས་དམ་བཅའི་རི་མོ་གསལ་མཛོད་ཅིག །དུས་སྙིགས་མ་ལྔ་ཡི་མཐར་སྐྱེས་པའི། །མགོན་ཁྱེད་ཀྱི་གདུལ་བྱའི་སེམས་ཅན་རྣམས། །དགྲ་ཉོན་མོངས་དྲག་པོས་བཅོམ་པ་ལ། །ད་ར་མདའ་མཛོད་ཅིག་སྤྱན་རས་གཟིགས། །ཡུལ་ཡིད་དུ་འོང་བའི་རྣམ་པ་ལ། །སེམས་ཆགས་པའི་ཆུ་ཀླུང་གཡོ་བ་ན། །ཐབས་མི་སྡུག་སྒོམ་པའི་ཉིན་བྱེད་ཀྱིས། །ད་སྐེམ་པར་མཛོད་ཅིག་སྤྱན་རས་གཟིགས། །ཡུལ་ཡིད་མི་འོང་བའི་རྣམ་པ་ལ། །སེམས་སྡང་བའི་མེ་ཆེན་འབར་བ་ན། །ཐབས་ཚད་མེད་བཞི་ཡི་ཆར་རྒྱུན་གྱིས། །ད་ཞི་བར་མཛོད་ཅིག་སྤྱན་རས་གཟིགས། །ཡུལ་བར་མར་སྣང་བའི་རྣམ་པ་ལ། །སེམས་རྨོངས་པའི་མུན་པ་འཐིབ་པ་ན། །ཐབས་རྟེན་འབྲེལ་རྟོགས་པའི་སྒྲོན་མེ་ཡིས། །ད་སངས་པར་མཛོད་ཅིག་སྤྱན་རས་གཟིགས། །ཡུལ་མཉམ་དང་དམན་མཆོག་ཇི་རིགས་ལུས། །སེམས་ཁེངས་པའི་ང་རྒྱལ་རི་མཐོ་ན། །ཐབས་ཁམས་ཚོགས་རྟོགས་པའི་མེ་ཆར་གྱིས། །དེ་གཞོབ་པར་མཛོད་ཅིག་སྤྱན་རས་གཟིགས། །ཡང་དབང་ཡུལ་དྲུག་གི་ཆོམ་རྐུན་གྱིས། །སེམས་རྣམ་རྟོག་ལམ་དུ་བསྒྱུར་གྱུར་ན། །ཐབས་སྟོབས་ལྡན་རླུང་གི་འགྲོ་འོང་གིས། །ད་འཛིན་པར་མཛོད་ཅིག་སྤྱན་རས་གཟིགས། །དུས་འདི་ནས་ཚེ་རབས་ཐམས་ཅད་དུ། །རྐྱེན་ངན་པའི་བར་ཆད་ཅི་བྱུང་ཡང་། །དེ་སྡིག་སྒྲིབ་འཁྲུད་པའི་ཐབས་བཟང་པོར། །ཡོངས་ལམ་དུ་སློང་བར་བྱིན་གྱིས་བརློབས། །ཡང་བཟང་རྐྱེན་འདོད་ཡོན་ལོངས་སྤྱོད་སོགས། །འབྱོར་ཆེས་པའི་ཕྱི་བཞིན་སེམས་གཡེང་ན། །དེ་མཐའ་དག་སྒྱུ་མར་རྟོགས་པའི་བློས། །བདུད་རྣམ་བཞི་ཆོམ་པར་བྱིན་གྱིས་བརློབས། །སྐབས་རེ་འགའ་འདི་ཕྱི་བདེ་བའི་རྐྱེན། །གང་ཇི་སྙེད་ཕུན་སུམ་ཚོགས་ན་ཡང་། །དེ་ཀུན་ཀྱང་ལྷ་དང་བླ་མ་ཡི། །ཡོངས་ཐུགས་རྗེས་ཤེས་པར་བྱིན་གྱིས་བརློབས། །མདོར་འདི་ལྟར་སྣང་བའི་ཆོས་རྣམས་ཀུན། །ལྷ་འཕགས་མཆོག་ཉིད་ལས་གཞན་མིན་པར། །ཚུལ་ཇི་བཞིན་རྟོགས་མཐུས་རྐྱེན་དབང་ཀུན། །གྲོགས་བྱང་ཆུབ་ལམ་དུ་འགྱུར་བར་ཤོག །ལམ་བཟང་ངན་མཐུའམ་སྨོན་ལམ་གྱིས། །སྲིད་མཐོ་དམན་འཁོར་བ་གར་སྐྱེས་ཀྱང་། །རྗེ་འཕགས་མཆོག་ཉིད་ཀྱིས་བཤེས་མཛད་ནས། །མ་འགྲོ་ཁམས་དོང་ནས་སྤྲུག་གྱུར་ཅིག །ཅེས་པའང་རང་སློབ་རྒྱལ་སྲས་ཡེ་ཤེས་བཟང་པོའི་བཞེད་སྐོང་དུ་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་འོད་ཟེར་དུ་འབོད་པས། རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་ཡང་དབེན་གངས་ཁྲོད་བདེ་བ་ཆེན་པོའི་ཕོ་བྲང་དུ་འཕགས་མཆོག་ཉིད་ཀྱི་ཡོན་ཏན་རྗེས་སུ་དྲན་བཞིན་གསོལ་བ་བཏབ་པའོ།། །།


previousའཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་གསོལ་བ་འདེབས་པ་ཐུགས་རྗེའི་འདྲེན་པའི་ལྕགས་ཀྱུ།next