Nitartha Digital Library
Tibetan
རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་གསུང་འབུམ།


   
   
   
  expand section
  expand section
  expand section
  expand section
  expand section
  collapse section
   
   
   
   
   
   
   
   
   
ཀར་གླིང་ཞི་ཁྲོའི་གནས་འདྲེན་ཀྱི་མཚམས་སྦྱོར་སྙིང་པོར་དྲིལ་བ།
   
   
   
   
   
   
   
   
   
   


 
previousཀར་གླིང་ཞི་ཁྲོའི་གནས་འདྲེན་ཀྱི་མཚམས་སྦྱོར་སྙིང་པོར་དྲིལ་བ།next

ཀར་གླིང་ཞི་ཁྲོའི་གནས་འདྲེན་ཀྱི་མཚམས་སྦྱོར་སྙིང་པོར་དྲིལ་བ།

༄། །ཀར་གླིང་ཞི་ཁྲོའི་གནས་འདྲེན་ཀྱི་མཚམས་སྦྱོར་སྙིང་པོར་དྲིལ་བ་ཞེས་བྱ་བ་བཞུགས་སོ། །འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟུང་འཇུག་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཁྱབ་བདག་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོའི་གོ་འཕང་རིན་པོ་ཆེ་ཚེ་འདི་ཉིད་ལ་ཅི་ནས་ཀྱང་མངོན་དུ་བསྒྲུབ་པར་བྱ། དེའི་ཆེད་དུ་འདིར་ཞི་ཁྲོའི་དཀྱིལ་འཁོར་ཆེན་པོ་ཞུགས་ནས་མངོན་པར་དབང་བསྐུར་བའི་ཚུལ་རྣམས་རིམ་པ་བཞིན་དུ་ནོད་པར་བགྱིའོ། །སྙམ་དུ་སེམས་བསྐྱེད་པ་དང་། ཆོས་ཉན་པའི་ཀུན་ཏུ་སྤྱོད་པ་རྣམས་ཀྱང་བླང་དོར་མ་འཛོལ་བར་བགྱིས་ཏེ་ལེགས་པར་གསན་འཚལ། དེ་ལ་འདིར་གང་ཞིག་གསན་པར་བྱ་བའི་ཆོས་ཀྱི་རིམ་པ་ལ། སྤྱིར་བདག་ཅག་གི་སྟོན་པ་ཐབས་ལ་མཁས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་གདུལ་བྱའི་སེམས་ཅན་རྣམས་ཀྱི་ཁམས་དང་དབང་པོ་དང་བསམ་པའི་རྗེས་སུ་འགྲོ་བའི་ཆོས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་ཞིག་སྐོར་བར་མཛད་པ་མཐའ་དག་ཀྱང་ལེགས་པར་བསྡུ་ན་རྒྱུ་འབྲས་ཀྱི་ཐེག་པ་གཉིས་སུ་འདུ་བ་ཡང་། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། འབྲས་བུ་རྡོ་རྗེའི་ཐེག་པའོ། །ཞེས་གསུངས་པ་ལྟར་ལས་འདིར་སྐབས་སུ་བབས་པ་ནི། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ནའང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་པ་ལྟར་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལས་ཁྱད་ཆོས་བཞིའམ་བཅོ་ལྔའི་སྒོ་ནས་ཁྱད་པར་དུ་འཕགས་པ་འབྲས་བུ་རྡོ་རྗེའི་ཐེག་པ་ཉིད་ཡིན་ཏེ། དེ་ལ་ཡང་ཕྱི་ནང་གི་རྒྱུད་སྡེ་གཉིས་སུ་ཡོད་པ་ལས་འདིར་ནང་རྒྱུད་ཡོ་གའམ། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དེ། དེར་ཡང་བསྒྲུབ་བྱ་ལྷ་ཡི་སྡེ་དང་། སྒྲུབ་བྱེད་ཐབས་ཀྱི་རྒྱུད་གཉིས་ལས། བསྒྲུབ་བྱ་ལྷ་ཡི་སྡེའི་དབང་དུ་བྱས་ཏེ། ཞི་ཁྲོ་དམ་པ་རིགས་བརྒྱའི་དཀྱིལ་འཁོར་ཆེན་པོ་སྒྲུབ་པའི་ལམ་གྱི་རིམ་པ་དང་རྗེས་སུ་འབྲེལ་བ་ཉིད་ཡིན་ཞིང་། དེ་ལ་ཡང་རྒྱུད་དང་མན་ངག་སོ་སོའི་དགོངས་པ་ལ་སློབ་དཔོན་རྣམས་ཀྱི་བཞེད་པའི་དབང་གིས་བཞི་སྟེ། འདི་ལྟར་གླང་བོ་ཆེ་རབ་འབོག་གི་རྒྱུད་ཀྱི་རྟོག་པ་གཅིག་ཁོལ་དུ་ཕྱུངས་བ་ཀལྤ་དུམ་བུའི་རྒྱུད་དམ་བཤགས་པའི་རྒྱུད་ཀྱི་ལེའུ་གསུམ་པ་གུ་རུས་མཛད་པའི་གདམ་ངག་གི་ལེའུ་ཐོ་སོགས་ཀྱིས་བཀྲལ་བ་ཞི་ཁྲོ་ཁྲོམ་དཀྲུགས་སུ་གྲགས་པ་དང་། གུ་རུ་རིན་པོ་ཆེས་མཛད་པའི་སྒྲུབ་ཐབས་རྒྱ་ཞང་ཁྲོམ་གྱི་གཏེར་མའི་རྗེས་སུ་འབྲངས་ཏེ་བཤགས་རྒྱུད་དུ་ཞི་ཁྲོའི་ལེའུ་གསུངས་ཚུལ་གྱི་གོ་རིམ་བཞིན་དུ་སྒྲུབ་པ་ཞི་ཁྲོ་གནས་བསྒྱུར་དང་། ཡི་གེ་བརྒྱ་བ་དབང་མཆོག་རྒྱལ་པོའི་རྒྱུད་ལ་བརྟེན་པ་ཞི་ཁྲོ་རིགས་བསྡུས་སམ་པདྨ་བརྒྱ་ལྡན་དང་། སྒྱུ་འཕྲུལ་ཞི་ཁྲོ་སོགས་རང་གཞུང་ལ་བཀོལ་རྒྱུད་ཀྱིས་ཁ་བསྐང་བ་ཞི་ཁྲོ་རབ་འབྱམས་སུ་གྲགས་པ་རྣམས་ལས་འདི་ཕྱི་མ་ཡིན་ཞིང་། དེ་ཡང་བཀོལ་རྒྱུད་ཀྱི་རྗེས་སུ་འབྲང་ནས། འགྱོད་ཚངས་ཀྱི་རྒྱལ་པོ་འདི་ཉིད་ཇི་ལྟར་བྱུང་བའི་ཁུངས་དང་གླེང་གཞིའི་དབང་དུ་བགྱིས་ན། སྔོན་འདོད་ཁམས་ཀྱི་གནས་འདིར་བྲམ་ཟེ་དུང་གི་ཕྲེང་བ་ཅན་ཞེས་བྱ་བ་རིག་པའི་གནས་ལྔ་ལ་བྱང་བ་ཞིག་ལ་སློབ་མ་རྒྱལ་བུ་དགེ་མཐོང་ཟེར་བ་ཞིག་ཡོད་པ་དེས་སློབ་སྦྱོང་རྣམས་མཐར་ཕྱིན་པ་ན། ད་ནི་ངའི་གོང་ན་རིག་པར་སྨྲ་བ་སློབ་དཔོན་འདི་ཙམ་དུ་ཟད་པའང་། འདི་ཉིད་གོང་དུ་མི་གཏང་ངོ་སྙམ་དུ་བསམ་ནས་སློབ་དཔོན་ལ་མི་འཚམས་པའི་ལས་རྔམ་པོ་ཆེས་ཐོ་བརྩམས་ཤིང་། སློབ་དཔོན་གྱིས་ཀྱང་རང་གི་སློབ་མ་རྒྱལ་པོའི་ཕྲུ་གུ་དེས་ཕྲག་དོག་གི་བསམ་པས་གནོད་པའི་སྦྱོར་བ་བྱས་པར་ཤེས་ཏེ་ཞེ་སྡང་གིས་དམོད་བོར་བའི་ལས་དེས་དཔོན་སློབ་གཉིས་ཀ་ངན་སོང་དུ་ལྷུང་ནས་སྡུག་བསྔལ་དྲག་པོས་ཉམ་ཐག་པར་གྱུར་ཏོ། །དེའི་ཚེ་རྒྱལ་བ་རྣམས་ཀྱིས་ལས་ངན་པའི་སེམས་ཅན་དེ་དག་འདུལ་བའི་དུས་ལ་བབ་པར་དགོངས་ཏེ། བཅོལ་ལྡན་འདས་ཀུན་ཏུ་བཟང་པོའི་བྱིན་རླབས་ལས་དཔལ་རྡོ་རྗེ་སེམས་དཔར་སྤྲུལ་ནས་དེ་ལ་འགྱོད་ཚངས་ཀྱི་བཤགས་པ་དང་ཡི་གེ་བརྒྱ་བའི་སྔགས་བསྟན་པས་སྔོན་གྱི་བག་ཆགས་དང་རྣམ་སྨིན་དྲན་ཏེ་འགྱོད་པ་དྲག་པོ་སྐྱེས་པ་ལ། སླར་ཡང་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་བཅོམ་ལྡན་འདས་གསང་བའི་བདག་པོར་མངོན་པར་སྤྲུལ་ནས་ཕྱི་ནང་གསང་བའི་དབང་རྣམས་བསྐུར་བས། བྲམ་ཟེ་དང་རྒྱལ་བུ་དེའི་བྱང་ཆུབ་ཀྱི་མྱུ་གུ་སྔོ་སྐམས་སུ་གྱུར་པ་སླར་ཡང་གསོས་ནས་ཀུན་གཞི་བྱང་ཆུབ་ཀྱི་སེམས་དང་ཕྲད་དེ་འབད་པས་རིག་འཛིན་གྱི་ས་ལ་རིམ་གྱིས་གནས་པར་གྱུར་ཏོ། །དེ་ལྟ་བུའི་སྔོན་གྱི་གླེང་གཞི་ཕུན་སུམ་ཚོགས་པ་དང་རྗེས་སུ་འབྲེལ་བའི་གདམས་པ་ཟབ་མོ་འདི་ཉིད་ཀྱིས་མཚོན་རྣལ་འབྱོར་ཆེན་པོའི་རྒྱུད་སྡེ་རྣམས་མིའི་ཡུལ་དུ་ཇི་ལྟར་དར་བའི་ཚུལ་ཡང་། ཐུབ་པའི་དབང་པོ་ཉིད་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ན་གསང་བདག་གིས་རི་མ་ལ་ཡའི་རྩེར་དམ་པའི་རིགས་ཅན་དྲ་མ་ལྔ་ལ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་འཁོར་བསྐོར་བའི་བྱིན་རླབས་ཀྱིས་ས་ཧོ་རའི་རྒྱལ་པོ་ཛ་ལ་རྨི་ལྟས་ངོ་མཚར་བ་བདུན་སྔོན་དུ་སྣང་བ་དང་། དངོས་སུ་པོ་སྟི་གླེགས་བམ་གྱི་ཆར་བབས་སོ། །དེ་ཉིད་ལ་ནང་གསེས་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་དུ་ཕྱེ་བ་ལས་ཁྱད་པར་དུ་གྱུར་པ་འདི་ནི་སྤྱི་རྒྱུད་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ཏེ། དེ་ལྟར་ན། སྒྱུ་འཕྲུལ་རྒྱ་མཚོ་ལས། རྒྱལ་བ་སེམས་དཔའ་རྣལ་འབྱོར་བ། དགོངས་པ་རིག་པ་རྣ་བར་བརྒྱུད། །གང་ལ་ཐུག་གི་བར་དུའོ། །ཞེས་གསུངས་པ་ལྟར། རྒྱལ་བ་དགོངས་བརྡའི་བརྒྱུད་པ། རིག་འཛིན་རིག་པའི་བརྒྱུད་པ། གང་ཟག་རྣ་བར་བརྒྱུད་པ་སྟེ། བརྒྱུད་ཚུལ་གསུམ་གྱི་རིམ་པས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་ཆོས་བཀའ་འདི་བབས་ཤིང་། གུ་རུ་རིན་པོ་ཆེ་དེ་ཉིད་ཀྱིས་སྙིགས་མའི་གདུལ་བྱ་སྐལ་བ་དང་ལྡན་པ་རྣམས་ཀྱི་ཆེད་དུ། རྒྱུད་སྒྲུབ་ཐབས་དང་འབྲེལ་བ། སྒྲུབ་ཐབས་མན་ངག་དང་འབྲེལ་བ། མན་ངག་ཆོག་ཁྲིག་དང་འབྲེལ་བ། ཆོག་ཁྲིག་ཕྱག་བཞེས་དང་འབྲེལ་བ་སྟེ། འབྲེལ་བ་བཞི་ལྡན་གྱི་སྒོ་ནས་ལེགས་པར་གཏན་ལ་ཕབས་ཏེ་སྨོན་ལམ་གཏད་རྒྱ་དང་བཅས་ནས། དཔལ་དྭགས་ལྷ་སྒོམ་པོའི་བྲག་རི་ལྷ་བྲན་གར་སྟབས་བྱེད་པ་འདྲ་བར་གཏེར་དུ་སྦས་པ་ཉིད། ཕྱིས་སུ་དུས་རྟགས་རྟེན་འབྲེལ་མངོན་དུ་གྱུར་པ་ན། སྤྲུལ་པའི་གཏེར་སྟོན་ཆེན་པོ་རིག་འཛིན་ཀརྨ་གླིང་བས་གཏེར་གནས་དེ་ཉིད་ནས་སྤྱན་དྲངས་ཏེ་རང་གི་སྲས་ཉི་ཟླ་ཆོས་རྗེ་ལ་གནང་། དེས་གུ་རུ་ཉི་ཟླ་འོད་ཟེར་ལ་བསྩལ་བ་སྟེ། བརྒྱུད་པ་གསུམ་གྱི་བར་དུ་ཆིག་བརྒྱུད་དུ་མཛད་ནས། སླར་ཡང་རྒྱ་ར་བ་ནམ་མཁའ་ཆོས་ཀྱི་རྒྱ་མཚོ་ལ་སོགས་པ་ནས་བདག་ཅག་གི་བླ་མ་དམ་པའི་བར་དུ་བྱིན་རླབས་ཀྱི་སྤྲིན་ཕུང་མ་ཡལ་དངོས་གྲུབ་ཀྱི་ཆར་རྒྱུན་མ་ཆད། དམ་ཉམས་དང་འདྲེས་ཁྱེར་གྱི་སླད་མ་ཞུགས་པར་ཞལ་ནས་སྙན་དུ་རིམ་བཞིན་བརྒྱུད་པའི་གདམས་པ་ཟབ་མོ་འདི་ལ་སྨིན་གྲོལ་གྱི་རིམ་པ་གཉིས་ལས། །འདིར་སྨིན་བྱེད་ཀྱི་དབང་བསྐུར་བ་དེ་སྐབས་སུ་བབས་པ་ཡིན། དེ་ལ་ཡང་སྦྱོར་བ་སྔོན་གྱི་གླེང་གཞི་ཕུན་སུམ་ཚོགས་པ་དང་རྗེས་སུ་མཐུན་པར་རིགས་དྲུག་གནས་འདྲེན་གྱི་དབང་དང་དངོས་གཞི་དཀྱིལ་འཁོར་ཆེན་པོར་བཅུག་ནས་དབང་བཞི་རྫོགས་པར་སྐུར་བ་དག་རིམ་བཞིན་སྒྲུབ་པར་བྱེད་པ་ལས། རིགས་དྲུག་སོ་སོའི་གནས་ནས་འདྲེན་མཛད་ཐུབ་པ་དྲུག་གི་རྣམ་པར་སྣང་པ་རྣམས་དང་རིགས་ཀུན་འདུས་པའི་ཁྱབ་བདག་བླ་མ་དང་དབྱེར་མ་མཆིས་པ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཉིད་ལ་སོགས་པ་འདེབས་པ་དང་སྐྱབས་སུ་འགྲོ་བ་ལ་སོགས་པའི་ཚིག་གི་རིམ་པ་རྣམས་ངེད་ཀྱི་རྗེས་སུ་ཟློ་བའི་མོས་པ་གྱིས་ཤིག །ཅེས་མཚམས་སྦྱར་བར་བྱའོ། །འདིར་རང་གཞུང་ལས། ལྔ་བ་རྒྱུད་ལྔའི་ལྷ་ལ་སྐྱབས་འགྲོ་ཞིང༔ ཚེ་འདས་རིགས་དྲུག་གནས་ནས་དྲངས་པ་ནི༔ ཚེ་འདས་ཉེ་འབྲེལ་གཅིག་གིས་མཚན་བྱང་བཟུང་༔ ཚེ་འདས་ཉིད་ཀྱིས་གསོལ་བ་གདབ་པར་བསམ༔ ཞེས་གསུངས་པས་དངོས་སུ་རྗེས་ཟློས་བྱེད་པ་ནི་མི་དགོས་པར་མངོན་ལ། ཡང་ཁ་ཅིག་ཀྱེ་མ་མགོན་པོས་གསོལ་གདབ་ཀྱི་སྔོན་དུ་མཚམས་སྦྱོར་གྱི་ལོ་རྒྱུས་བཤད་པ་ཡང་གཞུང་དང་ཅུང་ཟད་འགལ་ཏེ། གསོལ་གདབ་ཀྱི་རྗེས་སུ། དེ་སྐད་གསོལ་བ་བཏབ་རྗེས་སློབ་དཔོན་གྱིསཿ འགྱོད་ཚངས་བྱུང་ཁུང་བྲམ་ཟེ་དུང་ཕྲེང་ཅནཿ རྒྱལ་བུ་དགེ་མཐོང་ན་རཀ་ནསཿ རིམ་གྱིས་རིགས་དྲུག་གནས་ནས་དྲངས་ཚུལ་དངཿ བརྒྱུད་པའི་ལོ་རྒྱུས་ཆོས་བཤད་བཏང་བའི་རྗེསཿ ཞེས་གསུངས་པའི་ཕྱིར་དང་། མཚམས་སྦྱོར་གཞན་ཡང་འཆད་དགོས་པར་གཞུང་ཉིད་ལས་མ་བཤད་པས་ན་འདི་ཙམ་གྱི་ཆོག་ཤེས་པར་བྱའོ། །འདི་ལས་ཀྱང་ཉུང་བར་འདོད་ན་བློ་བཅོས་པའི་རྗེས་སུ་འགྱོད་ཚང་བྱུང་ཁུང་དང་བརྒྱུད་པའི་ལོ་རྒྱུས་ཙམ་ཞིག་བཤད་པས་ཀྱང་འཐུས་སོ། །ཞེས་པའང་བཙུན་པ་གཞན་ཕན་མཐའ་ཡས་པས་རང་དང་ན་མཉམ་གྱི་གྲོང་ཆོག་མཁན་པོ་རྣམས་ལ་ཕན་སེམས་ཀྱིས་བྲིས་པ་དགེ། མངྒ་ལཾ། །


previousཀར་གླིང་ཞི་ཁྲོའི་གནས་འདྲེན་ཀྱི་མཚམས་སྦྱོར་སྙིང་པོར་དྲིལ་བ།next